Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

Rochester སློབ་གཉེར་ཁང་དུ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་གསར་པ་ཆེད་འཛུགས་གནང་རྒྱུའི་ཐག་གཅོད།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ Rochester མཐོ་རིམ་སློབ་གཉེར་ཁང་གི་སྤྱི་མཐུན་སློབ་ཕྲུག་ཚོགས་པས་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་རྣམ་གཉིས་བོད་དོན་གྲོས་མོལ། བཙན་བྱོལ་ནང་མ་འོངས་བོད་ཀྱི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སླད་གདན་ཞུ་གནང་བ་དང་འབྲེལ་ཏེ་བོད་རྒྱ་སློབ་ཕྲུག་མཛའ་འབྲེལ་མཐུན་ཚོགས་གསར་པ་ཆེད་འཛུགས་གནང་རྒྱུའི་ཐག་གཅོད་གནང་འདུག ཟླ་ ༩ ཚེས་ ༢༡ ཉིན་མཐོ་རིམ་སློབ་གཉེར་ཁང་དུ་མཐོ་སློབ་ཀྱི་གཙོ་འཛིན་མཆོག་དང་། སློབ་དཔོན་རྣམ་པ། དེ་བཞིན་བོད་རིགས་དང་རྒྱ་རིགས་སློབ་ཕྲུག་གཙོས་སློབ་ཕྲུག་གཞན་རྣམས་སོགས་ཚང་འཛོམས་གནང་སྟེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༡༩༥༩ སྔ་རོལ་གྱི་བོད་དང་བོད་ལ་དུས་འགྱུར་བྱུང་རྗེས་ཀྱི་བརྒྱུད་རིམ། མང་གཙོའི་ལམ་ལུགས་འཕེལ་རིམ། དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་བཅས་གནང་བ་དང་ཆབས་ཅིག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་། དཀའ་ངལ་དུ་མར་གདོང་ལེན་གྱིས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ངོ་བོ་དང་། ཆོས་དང་རིག་གཞུང་།  དེ་བཞིན་སྐད་ཡིག་སོགས་འཛིན་སྐྱོང་གནང་ཐུབ་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག དེ་བཞིན་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རང་ཉིད་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་བའི་མྱོང་བ་དང་། ༸གོང་ས་མཆོག་གི་ལམ་སྟོན་འོག་བོད་མི་རྣམས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་བ། སྒོས་སྲིད་བྱུས་དེའི་རྐྱེན་གྱིས་བོད་རྒྱ་གཉིས་དབར་གྲོས་མོལ་བྱུང་སྐོར། དེ་བཞིན་རྒྱ་རིགས་འབྲེལ་མཐུད་པའི་ལས་དོན་གྱི་རྒྱབ་ལྗོངས་དང་ལས་དོན་གཉེར་སྐབས་གདོང་ལེན་གནང་དགོས་པའི་གནད་དོན་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་འདུག གསུང་བཤད་གྲུབ་མཚམས་སུ་དྲི་བ་དྲིས་ལན་སྐབས་སུ་རྒྱ་རིགས་སློབ་ཕྲུག་ཁག་གཅིག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་སྐབས་བོད་མི་ཁག་གཅིག་ནས་དྲག་སྤྱོད་ཀྱི་བྱ་བ་སྤེལ་བར་སྐྱོན་འཛུགས་བྱས་པ་ལྟར། གསུང་བཤད་གནང་མཁན་རྣམ་གཉིས་ནས་དེའི་ཐོག་ལན་འདེབས་གསལ་བཤད་གནང་བ་དང་རྒྱ་གཞུང་གི་དྲག་གནོན་དང་མནར་གཅོད་འོག་རང་ལུས་མེར་བསྲེགས་གནང་བའི་གནད་དོན་གཙོས་པའི་བོད་ནང་ཆོས་དད་རང་དབང་མེད་པ་མ་ཟད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་རྒྱ་གཞུང་གིས་ཐེ་བྱུས་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག སྐབས་དེར་རྒྱ་རིགས་སློབ་ཕྲུག་ལ་ལས་རྒྱ་ནག་གཞུང་གི་འགོ་ཁྲིད་འོག་བོད་ནང་ཡར་རྒྱས་ཧ་ཅང་ཆེན་པོ་བཏང་ཡོད་སྐོར་གྱི་གནས་ཚུལ་ཁག་གཅིག་ལུང་འདྲེན་གྱིས་དགག་པ་བྱས་འདུག་པ་དང་། ཡང་ཁག་གཅིག་གིས་བོད་དོན་ཐད་དངོས་ཡོད་གནད་དོན་མང་པོ་ཞིག་ད་ཆ་མཁྱེན་རྟོགས་བྱུང་བར་གསུང་བཤད་གནང་མཁན་གཉིས་ལ་བསྔགས་བརྗོད་ཞུས་འདུག བོད་རྒྱ་སློབ་ཕྲུག་མཛའ་འབྲེལ་མཐུན་ཚོགས་ཆེད་འཛུགས་གནང་རྒྱུར་ཐག་གཅོད་བྱུང་བ་དང་ཆབས་ཅིག ད་རེས་ཀྱི་ལས་རིམ་གཙོ་སྐྱོང་གནང་མཁན་ཀོ་རི་ཡ་ཨ་རིའི་མི་སེར་ཡིན་པ་  Se Hoon Kim ལགས་ཀྱིས་མཐུན་ཚོགས་དེར་འབྲེལ་མཐུད་ཀྱི་ཕྱག་རོགས་གནང་རྒྱུར་ཞལ་བཞེས་གནང་བ་མ་ཟད་ཕྱོགས་གཉིས་ཕན་ཚུན་ངོ་ཤེས་ཡོང་སླད་ཡང་ཡང་ཐུག་འཕྲད་བརྒྱུད་དགོངས་ཚུལ་བརྗེ་ལེན་སོགས་གནང་རྒྱུ་རེད་འདུག

༸གོང་ས་མཆོག་བཅོམ་བརླག་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་གྱི་ཞོགས་པ་ཚོུད་ ༦༌༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Sri Udasin Karshni Ashram གི་ཧིན་དུའི་བླ་ཆེན་གཙོས་གཞན་བླ་ཆེན་ཁག་གཅིག་དང་ལྷན་དུ་ཕྱག་ཚོད་ཕྱེད་ཀ་ཙམ་གྱི་རིང་ལ་སྒོམ་སྒྲུབ་མཛད་འདུག་པ་དང་། དེ་ནས་ Ashram ཉེ་འཁྲིས་སུ་ཆགས་པའི་ཡ་མུ་ན་གཙང་པོའི་ཉེ་འདབས་སུ་ལ་མེའི་མཆོད་པ་དང་། དེ་རྗེས་ཕྱིར་བཞུགས་གནས་ལ་ཆིབས་བསྒྱུར་བསྐྱངས་ནས་ཤི་བ་ལིངྒ་ལ་འཁྲུས་ལ་ཀྱི་མཆོད་འབུལ་སོགས་མཛད་དེ་ཁུལ་དེའི་ཚོགས་ཁང་ཞིག་གི་ནང་གསར་འགོད་པ་དང་། མང་ཚོགས་ལ་བཀའ་སློབ་ལམ་སྟོན་བསྩལ་མཛད་འདུག་པ་མ་ཟད། ཉིནརྒྱབ་ཏུ་ཧིན་དུའི་བླ་ཆེན་ཁག་གཅིག་དང་ལྷན་དུ་མཇལ་མོལ་གྱིས་རྒྱ་གར་ Uttar Pradesh ནང་གི་མ་ཐུ་ར་འམ་བཅོམ་བརླག་ཁུལ་དུ་ཉིན་གཉིས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་བསྟུན་ཕྱིར་རྒྱལ་ས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་སྟེ་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣ ཙམ་ལ་རྒྱལ་ས་ལྡི་ལིའི་བཞུགས་གནས་གསོལ་མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་གསར་འགོད་པ་དང་མང་ཚོགས་ལ་བཀའ་སློབ་བསྩལ་སྐབས་རྒྱ་གར་འདི་ཆོས་ལུགས་སྣ་འཛོམས་དང་། གནའ་བོའི་རིག་གནས་ཕྱུག་པོ་ཡོད་སྐོར་བཀའ་བསྩལ་དང་འབྲེལ། དེང་གི་འཛམ་བུ་གླིང་འདིའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་ནང་སེམས་ཀྱི་བདེ་སྐྱིད་དེ་ཡོང་གི་མེད་སྟབས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་དེ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་ཁོངས་སུ་ཡོད་པ་ཞིག་ཡིན་པས་རྒྱ་གར་བ་ཚོས་འཛམ་བུ་གླིང་སྤྱི་ལ་ཞབས་འདེགས་ཞུ་རྒྱུའི་ནུས་པ་ཡོད་པ་བཀའ་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་གསར་འགོད་པ་ཞིག་གི་བཀའ་འདྲིར་ང་ཚོ་འགྲོ་བ་མི་ཚང་མ་ཕྱིའི་གཟུགས་པོ་དང་ནང་སེམས་ཚོར་བཅས་ཚང་མ་གཅིག་མཚུངས་ཤིག་ཡིན་པ་མཟད། དང་པོ་བཙའ་བའི་གནས་སྐབས་དང་མཐར་འཆི་བའི་གནས་སྐབས་སུའང་ལམ་བུ་གཅིག་མཚུངས་ཤིག་ཡིན་སྟབས་འགྲོ་བ་མིའི་རང་ཆས་སུ་ཡོད་པའི་བྱམས་པ་དང་འཚེ་མེད་ཞི་བའི་ཐོག་ལ་བློ་སྒྲིམ་དགོས་པ་བཀའ་ན་མཛད་འདུག རྩ་བའི་མགོན་པོ་མཆོག་ཁ་སང་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་ཧིན་དུ་བླ་ཆེན་ Swami Karshni Gurusharanandaji Maharaj མཆོག་གིས་གཙོས་གནད་ཡོད་མི་སྣས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ Krishna ལྷ་ཁང་ལ་གནས་གཟིགས་མཛད་པ་དང་སྦྲགས། ཧིན་དུའི་རྗེས་འབྲང་པ་ཚོས་རིག་བྱེད་ཀྱི་ཆོ་ག་འདོན་བཞིན་རྒྱ་གར་གནའ་བོ་ལམ་སྲོལ་གྱི་ཐོག་ནས་གསོལ་ཞོ་དང་ཆབ་ཞོ། གསོལ་མར་དང་གུར་ཀུམ་སོགས་ཀྱིས་ཞབས་བསིལ་ནས་རྒྱ་གར་ཧིན་དུའི་དགེ་སློང་དག་ལ་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་དེ་འཛམ་གླིང་རྒྱལ་སྤྱིའི་གནའ་བོའི་རིག་གནས་ཀྱི་ཁོངས་སུ་མདུན་དུ་སྐྱོད་མཁན་གྱི་ངོ་མཚར་ཅན་གྱི་གནའ་བོའི་རིག་གནས་ཤིག་ཡིན་པ་བཀའ་བསྩལ་བ་དང་འབྲེལ། ལེགས་སྦྱར་གྱི་བརྒྱུད་ནས་རྒྱ་གར་གནའ་བོའི་རིག་གནས་ཀྱི་བརྡ་ལན་གཙོ་བོ་ནི་འཚེ་མེད་ཞི་བ་དང་སྙིང་རྗེ་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ལོ་ངོ་སྟོང་ཕྲག་སོང་བའི་རྒྱ་གར་གྱི་གནའ་བོའི་རིག་གནས་ཏེ་འཚེ་མེད་ཞི་བ་དང་སྙིང་རྗེ་གཞིར་བཞག་པའི་ལྟ་གྲུབ་དེ་དག་བདག་གཅེས་གནང་དགོས་པ་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག ཐེངས་འདིའི་༸གོང་ས་མཆོག་གྱི་མཛད་འཆར་དང་ལྷན་དུ་ཆིབས་ཞབས་སུ་ཡོད་པའི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བཅོམ་བརླག་ཁུལ་གྱི་མཛད་འཆར་རྣམས་ལེགས་གྲུབ་བྱུང་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ལ་སླར་ཁུལ་དེར་ཡང་ཡང་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་སྐོར་སོགས་གསུངས་། མཛད་འཆ་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནངས་ཕྱི་ཚེས་ ༢༥ ཉིན་སླར་ལྡི་ལི་རྙིང་པའི་ཁུལ་དུ་ཆགས་པའི་ Harijan Sevak Sangh, Gandhi Ashram ཞེས་པ་དེར་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོའི་ཐོག་དབུ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་ཕྱིར་བཞུགས་སྒར་དུ་ཆིབས་༸ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།

ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཅིག་དེ་བཞིན་དབུས་འོས་བསྡུ་ལས་ཁུངས་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ལ་བདམས་ཐོན།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་ ༣ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཁྲིམས་ཞིབ་པ་གཞན། དེ་བཞིན་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དབུས་འོས་བསྡུ་ལས་ཁུངས་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ཀྱི་གནས་རིམ་ཐོག་བདམས་ཐོན་གནང་སོང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་བསྡོམས་གྲོས་ཚོགས་དེ་བཞིན་ཟླ་ ༩ ཕྱི་ཚེས་ ༢༠ ནས་དབུ་འཛུགས་གནང་ཡོད་པ་ལྟར་དེ་རིང་ལས་རིམ་གསུམ་པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་དགོངས་དོན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་གཏོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག སྲིད་སྐྱོང་མཆོག་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་སླད་ཆེད་འཛུགས་གནང་བའི་འདེམས་སྒྲུག་ཚོགས་ཆུང་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་འོས་གཞིར་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཞུངས་ཞབས་ཟུར་པ་དངོས་གྲུབ་རྡོ་རྗེ་ལགས་གཉིས་ཀྱི་མཚན་འཆར་ཕུལ་གནང་བ་ལྟར་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་སུ་འོས་མི་གཉིས་པོའི་མཚན་དང་ལོ་རྒྱུས་ཡོངས་བསྒྲགས་གནང་རྗེས་ཚོགས་གཞོན་དབུས་པའི་ཕྱི་འཐུས་ ༤༢ ནས་གསང་བའི་འོས་ཤོག་འཕངས་ཏེ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་འོས་གྲངས་ ༣༠ དང་བཅས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་སོང་། དེ་བཞིན་ཆེད་འཛུགས་ཚོགས་ཆུང་ནས་ཁྲིམས་ཞིབ་པ་གཞན་གཅིག་གིས་འོས་གཞིར་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་དང་རྩིས་ཞིབ་དྲུང་འཕར་ཚེ་དབང་དངོས་གྲུབ་གཉིས་ཀྱི་མཚན་འཆར་ཕུལ་བར་འོས་ཤོག་འཕངས་རྗེས་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ལ་འོས་གྲངས་ ༢༨ ཐོབ་པ་དང་འབྲེལ་ཁྲིམས་པ་གཞན་ལ་བདམས་ཐོན་བྱུང་སོང་། རྩ་བའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཅིག་གི་འོས་མི་འདེམས་སྒྲུག་ཁོ་ནའི་སླད་ཆེད་འཛུགས་གནང་བའི་འདེམས་གྲུག་ཚོགས་ཆུང་གི་ཁོངས་སུ་དེ་སྔའི་ཁྲིམས་ཞིབ་པ་ཆེ་བ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་བཅས་ཡོད་པ་རེད། དེ་རིང་གི་གྲོས་ཚོགས་ཐོག་བཅའ་ཁྲིམས་ལེའུ་བརྒྱད་པའི་དོན་ཚན་ ༩༧ དང་ ༡༠༡ གཞིར་བཟུང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་མཆོག་ནས་སྐབས་དེའི་འོས་མི་འདེམས་གྲུབ་ཁོ་ནའི་ཆེད་འདེམས་སྒྲུག་གནང་བའི་ཚོགས་ཆུང་ནས་དབུས་འོས་བསྡུ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ཀྱི་འོས་གཞིར་ནང་སྲིད་དྲུང་ཆེ་སྐབས་བཞི་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་སྤྱི་ཁྱབ་ཁྲིམས་དྲུང་ཤར་འབྲོང་བཀྲིས་རྒྱ་མཚོ་ལགས་གཉིས་ཀྱི་མཚན་འཆར་ཕུལ་གནང་ཡོད་ཐོག་ཚོགས་གཞོན་གཙོས་པའི་སྤྱི་འཐུས་ཞལ་གྲངས་ ༤༢ ནས་འོས་ཤོག་འཕངས་ཏེ་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་འོས་གྲངས་ ༢༣ ཐོབ་པ་དང་འབྲེལ་དབུས་འོས་བསྡུ་ལས་ཁུངས་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ལ་བདམས་ཐོན་བྱུང་ཡོད་པ་རེད། དབུས་འོས་བསྡུ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ཀྱི་འོས་གཞི་འདེམས་གྲུག་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་འཕར་རྡོ་རྗེ་ལགས་བཅས་ཡོད་པ་རེད། དེ་རིང་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་པའི་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནི་ཕྱི་ལོ་ ༡༩༥༦ ལོར་བོད་དབུས་དྭགས་པོ་པུ་རབས་རྣམས་རྒྱལ་རྫོང་ཁོངས་རྩེ་ལའི་ལ་ཁར་ཤ་ཁྱིམ་དུ་སྐྱེད་ཞིང། ༡༩༦༢ ལོར་བཙན་བྱོལ་དུ་འབྱོར་བ་དང་། ལྡི་ལི་བཙུག་ལག་སློབ་གཉེར་ཁང་དང་། ཨ་རིའི་ Harvard གཙུག་ལག་སློབ་གཉེར་ཁང་བཅས་ནས་གཙུག་ལག་རབ་བྱམས་པ་མཐོན་ཏེ། ༡༩༨༨ ནས་བཟུང་བོད་མིའི་སྒྲིགས་འཛུགས་ཁོངས་སུ་བཞུགས་ཏེ་ཐེགས་པ་རིམ་འཛེགས་ཀྱིས་ ༢༠༠༤ ལོར་ཕྱི་དྲིལ་དྲུང་ཆེར་གནས་སྤར་བསྐོ་གཞག་གནང་ཡོད་པ་རེད། ཁོང་གི་ལས་ཡུན་ཁྲོད་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དང་ལྷོ་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་ཞུས་མྱོང་བ་མ་ཟད། ཕྱི་ལོ་ ༢༠༠༢ ནས་ ༢༠༠༨ བར་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མིའི་ཁོངས་བོད་དང་རྒྱ་ནག་ཏུ་ཕེབས་མྱོང་ཡོད་པ་རེད། དེ་བཞིན་ཁྲིམས་ཞིབ་པ་གཞན་དུ་བདམས་ཐོན་བྱུང་བའི་བསྟན་འཛིན་ལུང་རྟོགས་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མོན་གྷོ་འདོད་གུ་གླིང་གཞིས་ཆགས་སུ་འཁྲུངས་བ་དང་། ༡༩༩༣ ལོར་ Chandigarh མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་བྱམས་པ་ཐོན། ༡༩༩༥ ལོར་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་ཞབས་ཁོངས་སུ་ཞུགས་ཏེ་བདེ་སྲུང་ལས་ཁུངས་དང་ཤེས་རིག་ལས་ཁུངས་བཅས་སུ་ཐེགས་པ་རིམ་འཛེགས་ཀྱིས་ད་ལྟའི་ཆར་ཆོས་རིག་དྲུང་ཆེའི་འགན་ཁུར་བཞེས་མུས་ཡིན་པ་རེད། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་ཀྱི་གནས་རིམ་ཐོག་བདམས་ཐོན་བྱུང་བའི་དཔེ་ཟུར་དབང་དུས་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༥༩ ལོར་འབྲས་ལྗོངས་སྒང་ཏོག་ཏུ་འཁྲུངས་བ་དང་། ཝ་རཱ་ཎ་སཱི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ཆོས་དང་རིག་གཞུང་ཁག་ལ་སློབ་གཉེར་ཞུས། ཕྱི་ལོ་ ༡༩༨༣ ལོར་གཞོན་དྲུང་གནས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་རྗེས་ཐེགས་པ་རིམ་འཛེགས་ཀྱིས་འབུམ་ལ་དང་བསྟན་སྒང་དང་། ཧུན་སུར་རབ་རྒྱས་གླིང། མན་སྤར་དང་ཀོ་ལི་གྷལ་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གནང་མྱོང་ཡོད་པ་མ་ཟད།ད་ལྟའི་ཆར་ནང་སྲིད་དྲུང་ཆེའི་འགན་ཁུར་བཞེས་མུས་ཁྲོད་ད་བར་ལོ་ངོ་ ༤༡ རིང་སྲིད་ཞུ་ཕྱག་ལས་གནང་དང་གནང་མུས་རེད།

རྒྱ་ནག་གིས་ལོ་ངོ་ ༧༠ ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་རྩ་བ་ནས་བཏང་མེད།

རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་གི་སྲིད་གཞུང་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་སྟོན་སླེབས་ལ་ཉེ་བའི་སྐབས་ཐོག་འདིར་རྒྱ་ནག་གཞུང་གིས་འདས་པའི་མི་ལོ་བདུན་ཅུའི་ནང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་དང་། མི་མང་ལ་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་འོག་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་ཕྱིན་ཡོད་སྐོར་གྱི་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་བྱས་འདུག དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་སྡེ་ཚན་གྱིས་གཞུང་འབྲེལ་གྱི་ཡིག་ཆ་དཀར་པོ་ཞིག་འདོན་སྤེལ་གྱིས་འདས་པའི་མི་ལོ་བདུན་ཅུའི་རིང་ལ་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་ཕྱིན་ཡོད་པ་མ་ཟད་རྒྱ་ནག་མི་མང་གིས་མང་གཙོར་ཡོངས་སུ་ལོངས་སྤྱོད་བྱེད་བཞིན་པར་བརྗོད་ཡོད་པར་ཕྱི་ཕྱོགས་ཀྱི་གསར་ཁང་མང་པོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟེ་གནས་ཁང་རྣམས་སྐྱོན་བརྗོད་བྱས་ཏེ་རྒྱ་ནག་གིས་རྒྱལ་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་བབ་དང་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་བཏང་འཛིན་བྱེད་སྟངས་དང་། རྒྱ་ནག་གི་ཉེན་རྟོག་པས་ཧོང་ཀོང་གི་མི་མང་གི་ངོ་རྒོལ་ལ་རྡུང་རྡེག་བཏང་བ་སོགས་ཀྱི་གནས་ཚུལ་ལ་སྐྱོན་བརྗོད་གནང་འདུག རྒྱ་ནག་གི་འགྲོ་བ་ཐོབ་ཐང་གི་ཡིག་ཆ་དཀར་པོ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་པར་རྒྱ་ནག་གིས་དུས་རྒྱུན་ནས་དྲིལ་བསྒྲགས་རང་གི་ཆེད་དུ་ཡིག་ཆ་འདོན་སྤེལ་བྱེད་བཞིན་པ་ཞིག་ལས་རྒྱ་ནག་སྲིད་གཞུང་གིས་རིག་གནས་གསར་བརྗེ་དང་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་སོགས་ཀྱི་ཁྲོད་ནས་མི་ས་ཡ་ ༤༠ ཙམ་དམར་གསོད་བཏང་ཡོད་པར་རྒྱལ་སྤྱིའི་ཐོག་གསལ་པོ་ཆགས་ཡོད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་ལ་བརྡབ་བཤིག་བཏང་ཡོད་པ་མ་གཏོགས་རྩ་བ་ཉིད་ནས་ཡར་རྒྱས་ཕྱིན་མེད་སྐོར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་གིས་རྒྱ་ནག་གིས་ངག་ནས་བརྗོད་པ་དང་ཡིག་ཐོག་ལ་ཇི་ལྟར་བྲིས་ནའང་རྩ་བའི་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་རྩ་བ་ཉིད་ནས་ཡར་རྒྱས་ཕྱིན་མེད་པ་མ་ཟད། བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་སྤེལ་བཞིན་པ་བཅས་ཕྱོགས་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་བརྗོད་གནང་བ་དང་འབྲེལ། དེ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༢ པ་ཐོག་རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གནས་བབ་དེ་སྲིད་གཞུང་ཁག་ལ་ཞུ་སྐུལ་བྱས་ཡོད་པ་གསུངས་སོང་། རྩ་བའི་སུད་སིའི་གྲོང་ཁྱེར་ Geneva ནང་ཟླ་འདིའི་ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ཐེངས་ ༤༢ པའི་ཁྲོད་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་། འདུ་འཛོམས་རང་དབང་། དེ་བཞིན་སྐད་ཡིག་རང་དབང་། སྤྱི་འབངས་ཐོབ་ཐང་བཅས་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་པ་དང་། འཛུགས་སྐྲུན་དང་དཔལ་འབྱོར།  ཁོར་ཡུག་དང་མང་ཚོགས་བཅས་ལ་དོ་ཕོག་ཆེན་པོ་དང་གཏོར་སྐྱོན་གཏོང་བཞིན་ཡོད་པ་ཐེར་འདོན་གྱིས་རྒྱ་གཞུང་གིས་བོད་དང་ཡུ་གུར་ནང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དག་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་གསུངས་འདུག

ས་ཁང་སྒྲིག་གཞི་ལག་བསྟར་དགོས་པའི་དགོངས་ཚུལ་ཤུགས་ཆེ་ཕེབས་པ།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་ཐོག་ནང་སྲིད་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༡༨ ནས་༡༩ ལོའི་ལོ་འཁོར་ལས་བསྡོམས་ཐོག་མུ་མཐུད་ཞིབ་གཤེར་དང་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་གཅིག་ནས་ལ་དྭགས་གཙོས་པའི་བོད་མིའི་གཞིས་ཆགས་ཁག་ཏུ་ས་ཞིང་ཚོང་འགྲེམས་དང་བོགས་མ་བཏང་བ། དེ་བཞིན་ས་ཆའི་བདག་དབང་དང་འབྲེལ་བའི་ཡིག་ཆ་ཁག་བརྟན་པོ་མེད་པ་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ནས་ས་ཁང་སྒྲིག་གཞི་ཚུལ་དང་མཐུན་པའི་ཐོག་ལག་བསྟར་ཐུབ་དགོས་པའི་སྐུལ་མ་གནང་སོང་བ་དང་། ནང་སྲིད་བཀའ་བློན་མཆོག་ནས་ས་ཁང་སྒྲིག་གཞི་དེ་བཀའ་ཤག་འདིའི་ཐོག་ནས་ལག་བསྟར་གནང་འགོ་བཙུགས་ཡོད་པ་དང་སྒྲིག་འཛུགས་ནས་ལག་བསྟར་གནང་སྐབས་སྤྱི་འཐུས་རྣམ་པས་དེའི་རྒྱབ་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་། གཞིས་ཆགས་ཁག་ཏུ་ཡོད་པའི་ས་ཆའི་བདག་དབང་སོགས་ལས་ཁྲོད་དུ་གཞིས་ཆགས་ཁག་ནས་ཕྱི་རྒྱལ་ལ་ཕེབས་ཏེ་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་བཞེས་མཁན་ཚོར་གཞིས་ཆགས་ཀྱི་ཐོབ་ཐང་ཐོབ་ཀྱི་ཡོད་མེད་ཀྱི་བཀའ་འདྲི་ཁག་གཅིག་ཕེབས་ཡོད་པ་ལྟར། ནང་སྲིད་བཀའ་བློན་མཆོག་ནས་རྒྱ་གར་ནང་ནང་བཞུགས་པའི་བོད་མི་ཞིག་གིས་རྒྱ་གར་གྱི་མི་སེར་བཞེས་ཚེ་བསྐྱབ་བཅོལ་བོད་མིའི་ཐོབ་ཐང་ཁག་ཐོབ་ཀྱི་མེད་པ་ལྟར་ཕྱིའི་རྒྱལ་ཁབ་ཁག་གི་མེ་སེར་བཞེས་མཁན་གྱི་བོད་མི་ཚོས་ཀྱང་བསྐྱབ་བཅོལ་བའི་གནས་བབས་དོར་དགོས་པ་གསུངས་སོང་། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ནང་སྲེས་མ་འོངས་བྱེད་འཆར་ཁོངས་སུ་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་ཀྱི་ཞིང་ས་སྟོང་པ་ཨེ་ཀར་ ༢༠༠ ཙམ་གྱི་སྟེང་ལ་སྣུམ་ཤིང་འདེབས་ལས་གནང་རྒྱུ་ཡིན་སྐོར་བསལ་བ་དང་འབྲེལ། ལས་གཞི་དེའི་མ་འོངས་ཐོན་ཁུངས་དང་ཁྲོམས་རའི་གནས་བབས་སོགས་ཀྱི་ཐོག་དཔྱད་ཞིབ་གནང་རྒྱུ་གལ་ཆེན་པོ་ཡིན་སོགས་གསུངས་ཡོད།   ད་དུང་སྤྱི་འཐུས་ཁག་ཁག་ཅིག་ནས་ནང་སྲིད་ལས་ཁུངས་ནས་འདས་ལོའི་ནང་བོད་ནས་གསར་དུ་ཕེབས་པའི་བོད་མི་ཚོར་སྡོད་ཁང་གསར་རྒྱག་དང་། གཞིས་ཆགས་ཁག་ཏུ་སོ་ནམ་འདེབས་ལས་ཀྱི་ལས་གཞི་རྒྱུན་གནས་ཐུབ་ཐབས་སུ་ལེགས་གསོའི་གཟེངས་བསྟོད་ཀྱི་ལས་གཞི་གསར་པ་སྤེལ་བ་སོགས་ཀྱི་ཐད་ལ་བསྔགས་བརྗོད་དང་སྦྲགས། མ་འོངས་པར་ལས་གཞི་དེ་དག་མུ་མཐུད་རྒྱུན་སྐྱོང་གནང་དགོས་པ་དང་། ལྷག་པར་དུ་བོད་ནས་གསར་དུ་ཕེབས་པའི་བོད་མི་ཚོར་སྡོད་ཁང་གསར་རྒྱག་གནང་སྟེ་མ་འོངས་པར་སྟོང་པ་མ་ལྷག་པ་གནང་རྒྱུའི་ཐོག་དགོངས་བཞེས་གནང་དགོས་པ་སོགས་གསུངས་ཡོད། གཞན་ཡང་དེ་སྔ་རྒྱ་གར་གཞུང་གིས་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་ལག་བསྟར་ག་ཚོད་ཐུབ་མིན་དང་འབྲེལ་བཀའ་དྲི་ཁག་ཅིག་ཕེབས་ཡོད་པ་ལྟར། བཀའ་བློན་མཆོག་ནས་སྲིད་བྱུས་དེ་ལག་བསྟར་ཐུབ་སའི་གཞིས་ཆགས་ཁག་ཏུ་ཕན་ཐོག་ཆེན་པོ་བྱུང་བཞིན་ཡོད་པ་དང་། རིང་མིན་བཞུགས་སྒར་དུ་ཚོགས་གཏན་འཁེལ་བའི་ས་གནས་ཞིང་འགོའི་ཚོགས་འདུའི་སྐབས་སུ་སྲིད་བྱུས་ལག་བསྟར་ཚགས་ཚུད་ཡོང་ཐབས་དང་འབྲེལ་བའི་ལམ་བསྟོན་སོགས་གནང་རྒྱུ་ཡིན་པ་གསུངས་སོང་། འདས་པའི་ལོ་ཤས་ནས་བོད་པའི་གཞིས་ཆགས་ཁག་ལ་འབྱུང་བའི་གོད་ཆག་དང་། ལྷག་པར་དུ་དགུན་ཚོང་གནང་མཁན་ཚོར་མེ་སྐྱོན་སོགས་ཀྱི་དཀའ་ངལ་རིམ་པས་འཕྲད་བཞིན་ཡོད་སྟབས། མ་འོངས་པར་དཀའ་ངལ་དེ་རིགས་ལ་གདོང་ལེན་ཐུབ་ཐབས་སུ་ཟབ་སྦྱོང་དང་ལྷག་པར་དུ་དགུན་ཚོང་དེ་དག་ཁྲིམས་མཐུན་ཐོག་ནས་ངན་སྲུང་གི་མཐུན་རྐྱེན་སྦྱོར་ཐབས་གནང་དགོས་པའི་སྐུལ་མ་གནང་སོང་། གཞི་རྩའི་དེ་རིང་ཉིན་འཁྱོསང་རིང་ལ་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་སྤྱི་འཐུས་ཁག་ ༢༢ ལྷག་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་དེ་སྔ་ས་གནས་ཁག་ཏུ་འཚམས་གཟིགས་སུ་ཕེབས་སྐབས་གཟིགས་ཚུལ་བྱུང་བའི་གནས་སྟངས་དང་། གཞིས་ཆགས་ཁག་གི་ཞིང་སའི་གནས་སྟངས། དེ་བཞིན་གཞིས་ཆགས་ཁག་ཏུ་ཡོད་པའི་གཞོན་སྐྱེར་ཚོར་ལས་རིགས་སྦྱོང་བརྡར་སྔར་ལྷག་གནང་དགོས་པ་སོགས་གནད་དོན་མང་པོའི་ཐོག་བཀའ་བསྡུར་གཟབ་རྒྱས་གནང་ཡོད།

ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྒྱ་གར་རྒྱབ་སྐྱོར་ལ་བརྟེན་ནས་བོད་ལ་རང་དབང་གི་ཉི་མ་ཞིག་འཆར་ངེས་རེད།

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Indira Gandhi National Centre for the Arts ཞེས་ཨིནྡི་ར་གཱན་དྷི་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ RSS ཚོགས་གཙོ་སྐུ་ཞབས་ Indresh Kumar མཆོག  རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ལྡི་ལི་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་མ་ Manoj Tiwari མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོའི་ལས་ཚབ་སྐུ་ཞབས་ Harijit Singh Grewal ལགས།  རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ The Core Group for Tibetan Cause ཚོགས་གཙོ་སྐུ་ཞབས་ R K Khrimey ལགས། རྒྱ་གར་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་ཁག་གི་ཚོགས་གཙོ་དང་ཚོགས་གཞོན་སོགས་དང་། དེ་བཞིན་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག  འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་ལས་བྱེད་རྣམ་པ།  ལྡི་ལི་བསམ་ཡས་གླིང་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ཁྱོན་མི་མང་གྲངས་ ༥༠༠ ལྷག་ཙམ་ཞིག་ཆེད་ཕེབས་གནང་འདུག སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཧིན་སྐད་ཐོག་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཕྱི་ལོ་ ༡༩༩༩ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ RSS ཚོགས་གཙོ་སྐུ་ཞབས་ Indresh Kumar མཆོག་གིས་རྐང་འགན་བཞེས་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པ་ཐོག་མ་གསར་འཛུགས་གནང་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ཚོགས་པ་གསར་འཛུགས་གནང་རྒྱུ་ཁག་པོ་ཡིན་ཀྱང་དེ་ལས་རྒྱུན་སྐྱོང་གནང་རྒྱུ་དེ་དཀའ་བ་ཆགས་ཡོད་སྟབས། ཧིན་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བར་དགའ་བསུའི་འཚམས་འདྲི་ཞུས་འདུག སྲིད་སྐྱོང་མཆོག་གིས་ད་དུང་བོད་འདི་དུས་ད་ལྟའང་རྒྱ་ནག་གི་བཙན་དབང་འོག་གནས་ཡོད་པས་བོད་མི་ས་ཡ་དྲུག་གིས་རྒྱ་གཞུང་གི་དྲག་གནོན་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་དང་། དེ་རིང་གི་དུས་ཚོད་འདིས་རྒྱ་གར་གྱི་དབུ་ཁྲིད་ཚོའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་དུས་ཚོད་ཅིག་ཆགས་སྐོར་གསུངས་ཏེ་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༧ ཉིན་རྒྱ་གར་གྱི་སྲིད་བློན་གཞོན་པ་དང་ནང་སྲིད་བློན་ཆེན་སྐུ་ཞབས་ Vallabhbhai Patel མཆོག་གིས་སྲིད་བློན་ནེཧ་རུ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་བཞིན་ཡོད་སྟབས་རྒྱ་གར་གྱིས་བོད་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། གལ་ཏེ་རྒྱ་གར་གྱིས་བོད་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ཚེ་རྒྱ་ནག་གིས་བོད་བཙན་འཛུལ་བྱས་རྗེས་རྒྱ་གར་གྱི་ས་མཚམས་སུ་རྒྱ་མི་བསླེབ་ངེས་ཡིན་པའི་ཉེན་བརྡ་གནང་བ་ལྟར་ད་ཆ་རྒྱ་གར་གྱི་ས་མཚམས་བར་རྒྱ་མི་བསླེབས་ཟིན་པར་བརྟེན་རྒྱ་གར་གཞུང་གིས་བདེ་སྲུང་ཆེད་འགྲོ་གྲོན་ས་ཡ་མང་པོ་གཏོང་དགོས་པའི་གནས་སྟངས་ཆགས་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་མེད་ན་རྒྱ་གར་གཞུང་གིས་འཕགས་བོད་ཀྱི་ས་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་འགྲོ་གྲོན་ཕོན་ཆེན་པོ་གཏོང་དགོས་པ་ཆགས་ཀྱི་མ་རེད་ཅེས་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་རང་དབང་ཁང་པས་ Freedom House སྙན་ཐོ་བཏོན་པའི་ནང་འཛམ་གླིང་ནང་རང་དབང་ཆེས་ཉུང་ཤོས་ནི་སི་རི་ཡ་ Syria དང་པོ་དང་ཨང་གཉིས་པ་བོད་ཡིན་པ་སྙན་ཐོའི་ནང་ལོ་བསྟུད་མར་ཆེད་བཏོན་གནང་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ཡ་ཆེན་སྒར་དང་གསེར་རྟ་བླ་རུང་སྒར་སོགས་གཏོར་བཤིག་ཚབས་ཆེ་བཏང་དང་གཏོང་བཞིན་པ་དང་དགོན་པའི་གྲྭ་བཙུན་མང་པོ་ཕྱིར་འབུད་བཏང་དང་གཏོང་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་རྣམས་ངོ་སྤྲོད་གནང་སྟེ་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཁག་དང་ལྷག་དོན་རྒྱ་གར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དེ་ངེས་པར་དུ་དགོས་གལ་ཡིན་པའི་རེ་སྐུལ་གནང་འདུག འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་བོད་དུ་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ནས་རྒྱ་གར་ནས་ནང་ཆོས་ཐོག་མར་བསྒྱུར་བ་ནས་བཟུང་སྟེ་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པ་སོགས་གསུངས་འདུག་པ་དང་། མཇུག་ཏུ་སྲིད་སྐྱོང་མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྒྱ་གར་རྒྱབ་སྐྱོར་ལ་བརྟེན་ནས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་རང་དབང་བདེ་སྐྱིད་ཀྱི་དཔལ་ལ་རོལ་རྒྱུའི་ཉིན་མོ་ཞིག་འཆར་ངེས་ཡིན་པ་གསུངས་འདུག འབྲེལ་ཡོད་པར་རྣམས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས།

ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་བསྩལ་བ།

དེ་རིང་ཕྱི་ཟླ་  ༩ ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཏཱཇ་མན་སིངྒ་གསོལ་མགྲོན་ཁང་དུ་གསོལ་མགྲོན་ཁང་གིས་གོ་སྒྲིག་འོག་ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣ་དང་། བརྒྱུད་ལམ་ཁག་གི་ལས་བྱེད། མཁས་དབང་།  ཤེས་ལྡན་མི་སྣ། དེ་བཞིན་ཚོང་པ་སྙན་གྲགས་ཅན་སོགས་ཁྱོན་མི་གྲངས་ ༡༥༠ ཙམ་ཞིག་ལ་མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་ལམ་སྟོན་བསྩལ་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད་མི་སྒེར་རེ་རེ་བཞིན་སྤྱི་ཚོགས་ལ་བརྟེན་ནས་ཡོད་སྟབས་འགྲོ་བ་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་དགོས་པ་དང་། དེ་བཞིན་ཚོས་ལུགས་མཐུན་སྒྲིལ་དང་འབྲེལ་ནས་རང་ཉིད་ཀྱི་ངོས་ནས་ཆོས་གང་བྱེད་དང་མི་བྱེད་ནི་མི་སྒེར་གྱི་གནད་དོན་ཞིག་ཡིན་པ་ལས་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་ནི་བྱམས་པ་དང་སྙིང་རྗེ་ཡིན་སྟབས། རྒྱ་གར་ལྟ་བུ་མི་རིགས་སྣ་མང་དང་། སྐད་ཡིག་སྣ་མང་། དེ་བཞིན་ཆོས་ལུགས་སྣ་མང་འཛོམས་པའི་རྒྱ་ཁབ་ཅིག་ཡིན་པ་མ་ཟད་ཆོས་ལུགས་མཐུན་འབྲེལ་གྱི་ཐོག་ནས་རྒྱ་གར་འདི་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་མིག་ལྟོས་འོས་པ་ཞིག་ཡིན་པར་བཀའ་བསྩལ་ཡོད་སྐོར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གསུངས་སོང་། ད་དུང་མགོན་པོ་མཆོག་ནས་ཕྱི་ལོ་ ༢༠༡༡ ནས་བཟུང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་ཟིན་སྐོར་བཀའ་བསྩལ་བ་དང་འབྲེལ། བོད་ཀྱི་ཁོར་ཡུག་གི་གནད་དོན་སོགས་ལ་ཐུགས་སྣང་མཛད་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་རིག་གནས་རྙིང་པ་དང་གལ་ཆེན་པོ་ཞིག་ཡིན་པར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་དེང་རབས་ཀྱི་ཤེས་ཡོན་དེ་ཚད་མཐོ་པོ་ཡོད་ཀྱང་དེ་ནི་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་པ་མ་གཏོགས་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་སྟོང་ཆ་ཆགས་ཡོད་སྟབས། རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱིས་སྟོང་ཆ་ཡོད་པ་དེ་ཁ་སྐོང་གནང་ཐུབ་རྒྱུ་མ་ཟད་དུས་རབས་ཉེར་གཅིག་པའི་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དགོས་མཁོ་ཆེན་པོ་ཆགས་ཡོད་པ་བཀའ་བསྩལ་འདུག མཛད་འཆར་ལྟར་ན་མགོན་པོ་མཆོག་ནས་སང་ཕྱི་ཚེས་ ༢༢ དང་ ༢༣ ཉིན་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་རྒྱ་གར་ Uttar Pradesh ནང་གི་མ་ཐུ་རར་མཛད་འཆར་ཁག་གཅིག་བསྐྱང་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་སླར་ཡང་ལྡི་ལི་རྙིང་པའི་ཁུལ་དུ་ཆགས་པའི་ Harijan Sevak Sangh, Gandhi Ashram ཞེས་པའི་སྤྱི་ཚོགས་ཞབས་ཞུ་ཁང་དུ་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོར་དབུ་བཞུགས་མཛད་ཀྱི་ཡོད་པ་རེད། ༸སྐུ་པར་རྣམས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས།

གྲོས་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་།

དེ་རིང་གྲོས་ཚོགས་ཀྱི་ཚོགས་དུས་བརྒྱད་པའི་ལས་ཉིན་གཉིས་པའི་ཐོག་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་བསྡུས་པ་དང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བ། དེ་བཞིན་ལས་བསྡོམས་སྙན་སྒྲོན་ཟིན་པར་བགྲོ་གླེང་སོགས་ཡོངས་སུ་མཇུག་སྒྲིལ་གནང་སོང་། ཁ་སང་ཉིན་རྒྱབ་ཀྱི་ཚོགས་དུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་ཡོད་པ་ལྟར། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་ལས་ཡུན་ནང་ལས་དོན་གང་གནང་བ་དང་གྲུབ་འབྲས་ཇི་སོན་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ཤིག་གྲོས་ཚོགས་སུ་སྙན་སྒྲོན་ཞུས་སོང་བ་དང། དེ་རྗེས་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ནས་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་ལྟ་ཞིབ་གནང་བའི་སྙན་ཐོ་སྒྲོག་ལྗངས། དེ་བཞིན་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་བཅས་ཀྱི་ལས་རིམ་ཁག་ཡོངས་རྫོགས་གྲུབ་རྗེས་ལས་བསྡོམས་སྙན་སྒྲོན་ཟིན་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་ཕེབས་པའི་ཁྲོད་ཁ་སང་ནས་དེ་རིང་སྔ་དྲོ་ཚོགས་ཐེངས་གཉིས་པའི་བར་ཁྱོན་སྤྱི་འཐུས་ ༡༧ གྱིས་བགྲོ་གླེང་ཤ་ཆས་བཞེས་པ་དང་ཆོས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་། བགྲོ་གླེང་ཁྲོད་སྤྱི་འཐུས་རྣམས་ནས་ཆོས་རིག་ལས་ཁུངས་ཀྱི་ནང་པའི་ལྟ་གྲུབ་ངོ་སྤྲོད་ཀྱི་ལས་རིམ་དང་འབྲེལ་ཏེ་ནང་ཆོས་ངོ་སྤྲོད་གནང་སྐབས་སུ་ཆོས་བརྒྱུད་གང་གི་ལྟ་གྲུབ་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་ཀྱང་ཆོས་བརྒྱུད་དེའི་ཆོས་འབྱུང་དང་། ལོ་རྒྱུས། རྣམ་ཐར་བཅས་པར་གཞིར་བཞག་ངོ་སྤྲོད་གནང་དགོས་གལ་ཡིན་པ་ལྟར་དེའི་ཐོག་གོ་སྒྲིག་གནང་མཁན་རྣམས་ནས་བཏང་འཛིན་ཡག་པོ་གནང་དགོས་པ། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་འཁྲབ་སྟོན་ཁྲོད་གླིང་སྒྲུང་དེ་ཁྱད་དུ་འཕགས་པ་ཞིག་དང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་ལྟར། དེའི་ཐོག་དོ་སྣང་དང་འཁྲབ་སྟོན་གོ་སྒྲིག་གནང་དགོས་པ། བོད་པའི་ཟློས་གར་འཁྲབ་སྟོན་པ་རྣམས་འདི་ལོ་བཞིན་ཕྱི་རྒྱལ་ ཁག་ལ་འཁྲབ་སྟོན་སླད་ཕེབས་ཐུབ་ཐབས་སུ་ཆོས་རིག་ལས་ཁུངས་དང་འཛིན་སྐྱོང་བཀའ་ཤག་ནས་རྒྱབ་སྐྱོར་གནང་དགོས་པ་སོགས་གསུངས་ཡོད། སྤྱི་འཐུས་ཁག་གཅིག་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་དགོན་སྡེ་ཁག་ནས་ཆོས་ཕྱོགས་ཀྱི་ལས་དོན་ཙམ་མ་ཟད་མི་མང་གི་བདེ་སྡུག་དང་འབྲེལ་བའི་སྤྱི་ཚོགས་ནང་ལས་དོན་རྒྱ་ཆེ་སྒྲུབ་བཞིན་པར་བསྔགས་བརྗོད་དང་སྦྲགས། ཆོས་རིགས་ལས་ཁུངས་ནས་དགོན་སྡེ་དེ་དག་གི་ལས་གཞིའི་ཐོག་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་དང་ལྷག་པར་དུ་མི་སྐྱ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོ་ཀྱི་ལས་གཞི་སྤེལ་སྐབས་གཞོན་སྐྱེས་ཀྱི་བློ་དང་འཚམས་པའི་སྤེལ་གལ་ཡིན་པ་སོགས་གསུངས་ཡོད།  ཆོས་རིགས་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་སྤྱི་འཐུས་ཁག་གཅིག་གིས་དེང་སྐབས་བཞུགས་སྒར་གཙོ་བོར་གྱུར་པའི་ས་གནས་ཁག་ཏུ་དགོན་སྡེ་ཁག་གི་གྲྭ་བཙུན་མི་ཉུང་བ་ཞིག་རྒྱ་སྐད་དང་དབྱིན་སོགས་སྐད་ཡིག་གཞན་ལ་སློབ་གཉེར་གནང་སྟེ་བཞུགས་བཞིན་ཡོད་པ་རྣམས་ལ་མཐུན་འགྱུར་སྦྱོར་དགོས་པ་དང་། ཆོས་རིགས་ལས་ཁུངས་ནས་རྒྱལ་སྤྱི་ཁྱོན་ཡོངས་ལ་ཡོད་པའི་བོད་པའི་ཆོས་ཚོགས་ཁག་དང་འབྲེལ་བ་གནང་དགོས་པ། ལྷག་པར་དུ་ཕྱི་ཟླ་ ༡༡ ནང་འཚོགས་གཏན་ཁེལ་བའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐོག་ཆོས་རིག་བཀའ་བློན་མཆོག་ནས་འདས་པའི་ལོ་ངོ་ ༦༠ ནང་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་དང་འབྲེལ་བའི་སྟོང་བཤིག་གི་ལས་དོན་གང་སྤེལ་བ་རྣམས་ཕྱོགས་བསྡོམས་གནང་སྟེ་གསུང་བཤད་ཅིག་གནང་གནད་ཡིན་པ་སོགས་ཀྱི་དགོངས་འཆར་ཡང་ཕུལ་སོང་།    རྩ་བའི་ཆོས་རིག་ལས་ཁུངས་ནས་རྩིས་ལོའི་ནང་བོད་མིའི་གཞིས་སྒར་ཁག་ ༣༩ ནང་ནང་པའི་ལྟ་གྲུབ་ངོ་སྤྲོད་ཆོགས་ཆུང་ཡོད་པའི་ཁོངས་ནས་ས་གནས་ཚོགས་ཆུང་ཁག་ ༢༩ ནས་ལས་འགུལ་སྤེལ་བ་བཞིན་ཆོས་རིག་ལས་ཁུངས་ནས་འགྲོ་གྲོན་ཕྱིར་གསབ་ཞུས་ཡོད་པ་དང། རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ཏུ་སྒྲིག་ཞུགས་གྲྭ་བཙུན་རང་ལོ་ ༦ ནས་ ༢༥ བར་ལ་བོད་མིའི་སྒྲིག་འཛུགས་ནས་ལོ་ ༡༥ རིང་ཟླ་རེར་སྒོར་ ༣༠༠ རེའི་རོགས་སྣོན་ཞུ་མུས་བཞིན། འདི་ལོ་ཡང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཐད་ཀར་གསོལ་བསྩལ་མཛད་པ་ཕུད་རྩིས་ལོའི་ནང་གྲྭ་བཙུན་གྲངས་ ༣༤༩༠ ལ་སློབ་ཡོན་གནང་འབུལ་ཞུས་འདུག་པ་སོགས་ལས་བསྡོམས་ནང་འཁོད་འདུག དེ་རིང་གྲོས་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་སྒྲིལ་གནང་བ་དང་འབྲེལ། དེ་རིང་སྔ་དྲོའི་ཚོགས་ཐེངས་གཉིས་པ་ནས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།  

ཚེ་རིང་བཀྲ་ཤིས་ལགས་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག

བོད་ལ་སྟོད་དིང་རི་རྫོང་བྲང་རྩེ་གྲོང་ཚོ་ནས་ཡིན་པའི་བོད་མི་ཚེ་རིང་བཀྲ་ཤིས་ལགས་ཟླ་བ་སྔོན་མའི་ཚེས་༢༠ གཡས་གཡོན་དུ་རྒྱ་ནག་གིས་ཁོང་ལ་བརྡ་ལན་གང་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་འདུག འདི་ག་རླུང་འཕྲིན་ཁང་དེ་རིང་ཚེ་རིང་བཀྲ་ཤེས་ལགས་ཀྱི་ཕ་ཡུལ་གཅིག་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ཚེ་ཚེ་རིང་བཀྲ་ཤིས་ལགས་ཀྱི་པཱ་ལགས་ཀྱི་མཚན་ལ་དབང་འདུས་དང་ཨ་མ་ལགས་ཀྱི་མཚན་ལ་རྣམ་གྲོལ་ཟེར་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཁོང་གིས་རྒྱ་ནག་གི་ཁང་ལས་གསར་རྒྱག་གི་འཛུགས་སྐྲུན་ལས་གཞིར་ལ་དགག་པ་གནང་སྟེ་སྲིད་གཞུང་གིས་ཁང་པ་གསར་པ་རྒྱག་ན་ངེས་པར་དུ་བོད་ལུགས་ཀྱི་སྲོལ་རྒྱུན་གྱི་ཁང་དབྱིབས་ལ་འགྱུར་བ་གཏང་མི་ཆོག་པ་བརྗོད་ཡོད་པར་བརྟེན་དེ་ནས་བཟུང་སྲིད་གཞུང་གིས་ཁོང་མིག་ལ་རན་གྱི་མེད་ཚུལ་བརྗོད་དེ་རྒྱ་ནག་གིས་ཁོང་ཟླ་བ་སྔོན་མའི་ནང་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཡུལ་མི་དང་ནང་མི་རྣམས་ཀྱིས་རྒྱ་ནག་གིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་པ་དང་ས་གནས་གང་དུ་བཙན་ཁྲིད་བྱས་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ད་ལྟའི་ཡུལ་མི་རྣམས་ཀྱིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་ཡོད་པའི་ཐོག་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་ནའང་། མི་མང་གིས་ཚེ་རིང་བཀྲ་ཤིས་ལགས་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ བར་ལ་གཞིས་ཀ་རྩེ་དང་ལྷ་སར་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་ཡོད་པར་དོགས་གཞིའི་འོག་ཐེངས་འདིར་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པར་ཚོད་དཔག་གནང་གི་ཡོད་ཚུལ་གསུངས་སོང་། རྩ་བའི་སྔོན་ཆད་ཀྱང་རྒྱ་ནག་གཞུང་གིས་ཚེ་རིང་བཀྲ་ཤིས་ལགས་ཀྱི་ནང་དུ་སྔོག་བཤེར་བྱེད་སྐབས་༸གོང་ས་མཆོག་གི་༸སྐུ་པར་ཞིག་ལག་སོན་བྱུང་ཡོད་སྟབས། ཁོང་ཁ་བྲལ་རིང་ལུགས་དང་འབྲེལ་བ་ཡོད་པར་བསྙད་དེ་ཕྱི་ལོ་ ༢༠༡༡ བར་ལོ་གཉིས་ཀྱི་རིང་བཙོན་འཇུག་བྱས་ཡོད་པ་མ་ཟད། བཙོན་གྲོལ་ཐོབ་རྗེས་ཁོང་བཟང་བཙོན་འོག་ཏུ་དོ་དམ་གྱིས་ས་ཕྱོགས་གཞན་དུ་འགྲོ་རུ་བཅུག་མེད་པར་ནང་དུ་བཀག་བསྐྱིལ་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་ལ་བུ་ཕྲུག་བཞི་དང་བཟའ་ཟླ། པཱ་ལགས་གཉིས་དང་ཨ་མ་བཅས་ནང་མི་དགུ་ཡོད་པ་རེད་འདུག

Latest news