Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

NBA སིལ་སྤོལ་མཐུན་ཚོགས་ཀྱི་གཙོ་འཛིན་མཆོག་ནས་རྒྱ་ནག་གི་དགོས་འདུན་ལ་ངོས་བཞེས་གནང་མིན་འདུག

ཟླ་བ་འདིའི་ཕྱི་ཚེས་༤ ཉིན་ NBA ཞེས་པའི་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་Houston Rockets རུ་ཁག་གི་འགན་འཛིན་སྐུ་ཞབས་ Daryl Morey ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་རང་དབང་འཐབ་རྩོད་གནང་དགོས།  ཧོང་ཀོང་མཉམ་དུ་ཡོད་ཞེས་ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་ཚིག་བརྗོད་ཞིག་བརྒྱུད་སྤེལ་གནང་རྗེས་རྒྱ་ནག་གི་གཞུང་འབྲེལ་གྱི་ CCTV བརྙན་འཕྲིན་ལས་ཁང་དང་ tencent sports ཞེས་རྩེད་འགྲན་ཐད་གཏོང་བྱེད་མཁན་ཚོང་ལས་སྡེ་ཚན་སོགས་ཀྱིས་ NBA སིལ་སྤོལ་རྩེད་འགྲན་རྣམས་རྒྱ་ནག་ནང་རྒྱང་བསྲིང་བྱེད་རྒྱུ་ཕྱིར་འཐེན་བྱས་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་ NBA སིལ་སྤོལ་མཐུན་ཚོགས་ལ་གནོན་ཤུགས་སྤྲད་དེ་སྐུ་ཞབས་ Morey ལགས་ལས་གནས་ནས་ཕྱིར་ཕུད་གཏོང་ཐབས་བྱས་ཡོད་པ་རེད་འདུག   དེའང་ཁ་སང་ NBA སིལ་སྤོལ་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Adam Silver ལགས་ཀྱིས་ Time གསར་ཁང་གི་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་ད་བར་རྒྱ་ནག་གཞུང་དང་ཚོང་གི་སྡེ་ཚན་ཁག་ནས་NBA རྩེད་འགྲན་ཐོག་དམ་དྲག་བྱས་པ་དེས་དཔལ་འབྱོར་གྱི་ཡོང་འབབ་ཐོག་གྱོང་གུད་ཆེན་པོ་ཐེབས་པ་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་དང་རྒྱ་ནག་གི་ཚོང་གི་སྡེ་ཚན་ཁག་ནས་ཧོང་ཀོང་གི་གནད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Daryl Morey ལགས་ Houston Rockets རུ་ཁག་གི་འགན་འཛིན་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་དགོས་འདུན་དེ་ནི་འགྲུབ་ཐབས་མེད་པ་ཞིག་ཡིན་པ་མ་ཟད། ང་ཚོ་NBA སིལ་སྤོལ་མཐུན་ཚོགས་ནས་སྐུ་ཞབས་ Daryl Morey ལགས་གཙོས་པའི་མི་སྒེར་རེ་རེའི་ཐོག་ལ་སྟངས་འཛིན་བྱེད་ཐབས་མེད་པའི་ལན་འདེབས་གནང་འདུག མ་ཟད་སྐུ་ཞབས་ Adam Silver ལགས་ནས་དེ་སྔ་གནད་དོན་དེ་ཐོག་མར་བྱུང་སྐབས། ངས་སྐུ་ཞབས་ Daryl Morey ལགས་ཀྱི་ཧོང་ཀོང་དང་འབྲེལ་བའི་ཚིག་བརྗོད་དེར་བློ་འགྱོད་ཡོད་སྐོར་བརྗོད་པ་དེ་ནི་རྒྱ་ནག་གཞུང་ལ་དགོངས་སེལ་ཞུས་པ་ཞིག་མིན་པ་དང་། དེ་ནི་གཙོ་བོ་NBA སིལ་སྤོལ་ལ་དགའ་ཞེན་ཆེ་བའི་རྒྱ་རིགས་མི་སེར་ཚོའི་སེམས་ཁམས་ལ་ཕོག་ཐུག་བྱུང་བར་བློ་འགྱོད་ཡོད་ཅེས་ཞུས་པ་ཡིན་ཞེས་གསལ་བཤད་གནང་བ་དང་ཆབས་ཅིག NBA སིལ་སྤོལ་མཐུན་ཚོགས་ཀྱི་ངོས་ནས་དེ་སྔ་གསལ་བཤད་བྱས་པ་ལྟར། སྐུ་ཞབས་ Daryl Morey ལགས་གཙོས་པའི་དེ་གའི་ཚོགས་མི་རྣམ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གུས་བརྩི་དང་། ལྷག་པར་དུ་སྨྲ་བརྗོད་ཀྱི་རང་དབང་དེ་ནི་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིན་ཐང་ཞིག་ཡིན་སྟབས། དེ་ལ་ང་ཚོས་བརྩི་སྲུང་མུ་མཐུད་བྱེད་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་ Houston Rockets རུ་ཁག་གི་འགན་འཛིན་སྐུ་ཞབས་ Daryl Morey ལགས་ཀྱི་ཧོང་ཀོང་དང་འབྲེལ་བའི་ཚིག་བརྗོད་དེ་སྤེལ་བ་ནས་བཟུང་རྒྱ་ནག་དང་ NBA ཞེས་པའི་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་པ་མ་ཟད། ད་ལྟའི་ཆར་ NBA སིལ་སྤོལ་རྩེད་འགྲན་རྣམས་རྒྱ་ནག་ནང་རྒྱང་བསྲིང་བྱེད་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། ཉིན་ཤས་གོང་ཨ་རིའི་ནང་ཚོགས་པའི་རྩེད་འགྲེན་ཁག་ཅིག་གི་ཐོག་ལ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཧོང་ཀོང་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་སོགས་ནས་བོད་རང་བཙན་དང་། བོད་དང་ཧོང་ཀོང་ལ་རང་དབང་དགོས་སོགས་འཁོད་པའི་ཤོག་བྱང་དང་བོད་ཀྱི་རྒྱལ་དར་སོགས་འཕྱར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ནས་རྒྱ་ནག་འོག་མགོ་བོ་སྒུར་རྒྱུ་མེད་པ་སོགས་ཀྱི་དགོས་འདུན་བཏོན་པའི་གནས་སྟངས་སོགས་ཀྱང་བྱུང་ཡོད། ད་རེས་ NBA སིལ་སྤོལ་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Adam Silver ལགས་ཀྱིས་རྒྱ་ནག་གི་དགོས་འདུན་ལ་ངོས་བཞེས་གནང་མེད་སྟབས། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ben Sasse ལགས་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གི་དུས་རྟག་ཏུ་ཨ་མི་རི་ཀའི་མི་སེར་ཞིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱབ་སྐྱོར་བྱས་ན་མི་དེ་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་དགོས་འདུན་བཏོན་པ་དང་། དེ་བཞིན་རྒྱ་ནག་གི་མི་སེར་ཞིག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱས་ཚེ། དེ་མ་ཐག་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་འགྲོ་བཞིན་པར་འགྲེལ་བརྗོད་དང་སྦྲགས། ད་རེས་སྐུ་ཞབས་ Adam Silver ལགས་ཀྱི་རྒྱ་ནག་གི་དགོས་འདུན་ཁག་ངོས་བཞེས་མ་གནང་བའི་ཐག་གཅོད་དེར་བསྔགས་བརྗོད་གནང་འདུག

བོད་མཐོ་སྒང་གི་ཆུ་ཚན་གྱི་སྦྲུལ་སྟོང་ཉེན་དུ་གྱུར་བའི་མཚམས་ལ་སླེབས་པ།

ལོ་ངོ་ས་ཡ་མང་པོ་ནས་འཚོ་གནས་བྱས་པའི་བོད་མཐོ་སྒང་གི་ཆུ་ཚན་གྱི་སྦྲུལ་ Thermophis baileyi ཞེས་པ་དེ་ད་ཆ་ཚོང་ལས་དང་འཛུགས་སྐྲུན་གསར་རྒྱག་སོགས་ཀྱི་ལས་གཞིའི་འོག་བཀོལ་སྤྱོད་བྱས་པས་ཡུལ་ལུང་བྱེ་བྲག་གི་སྲོག་ཆགས་སྦྲུལ་དེ་སྟོང་ཉེན་དུ་གྱུར་བའི་མཚམས་ལ་སླེོབས་ཡོད་པ་རེད་འདུག དེ་ཡང་ཉེ་ལམ་ཨ་མི་རི་ཀའི་ཚན་རིག་གོང་འཕེལ་ཚོགས་པ་ American Association For The Advancement of  Science ཞེས་པའི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན།  བོད་མཐོ་སྒང་གི་ཆུ་ཚན་ནང་དུ་སྡོད་བཞིན་པའི་སྦྲུལ་ Thermophis baileyi ཞེས་པ་དེ་ས་ངོས་ཀྱི་ཚ་དྲོད་ལ་བརྟེན་ནས་སྡོད་མཁན་གྱི་སྲོག་ཆགས་ཤིག་ཡིན་པ་དང་།    ཉེ་བའི་ལོ་རབས་ནང་སྦྲུལ་འཚོ་སྡོད་བྱེད་སའི་ཆུ་ཚན་མང་དག་ཅིག་ཚོང་དང་།  རྒྱ་ལམ་གསར་རྒྱག  དེ་བཞིན་གློག་འདོན་ས་ཚུགས་སོགས་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་སྣ་མང་གི་འོག་བཀོལ་སྤྱོད་བྱས་སྟབས།  སྦྲུལ་དེ་དག་གི་གྲངས་འབོར་ཉུང་དུ་ཕྱིན་ནས་སྟོང་ཉེན་དུ་འགྱུར་བའི་མཚམས་ལ་སླེབས་ཀྱི་ཡོད་པ་འཁོད་འདུག གཞི་རྩའི་སྦྲུལ་དེ་བོད་བྱང་ཐང་ཁུལ་དུ་ཁོ་ན་མཐོང་རྒྱུ་ཡོད་པའི་སྲོག་ཆགས་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཉ་དང་སྦལ་པ།  དེ་བཞིན་ལྕོང་མོ་སོགས་འཚོ་རྟེན་དུ་བརྟེན་གྱི་ཡོད་པ་རེད། རྩ་བའི་བོད་ནང་ཆུ་ཚན་ ༡༠༠༠ ལྷག་ཡོད་པ་དང་བོད་མི་ནས་ཆུ་ཚན་གྱིས་ནད་ན་ཚ་མང་དག་ཞིག་ལ་ཕན་གྱི་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་ལྟར།  ད་ཆ་རྒྱ་ནག་གཞུང་གིས་ཆུ་ཚན་དེ་དག་ཚོང་གི་ངོ་བོར་བསྒྱུར་བ་མ་ཟད།  དེ་གའི་རང་བྱུང་གི་སྲོག་ཆགས་ཀྱི་འཚོ་གཞི་ལ་བར་ཆད་ཆེན་པོ་གཏོང་བཞིན་པ་མ་ཟད།   རྒྱ་གཞུང་གིས་བོད་ནང་གི་ས་དྲོད་ཀྱི་ནུས་ཤུགས་བཀོལ་སྤྱོད་སླད་རྒྱ་མིའི་སྒོར་མོ་ཐེར་འབུམ་ ༡༥ ཙམ་གྱི་འགྲོ་གྲོན་གཏོང་རྒྱུའི་ལས་འཆར་འོག་ཆུ་ཚན་གྱི་སྦྲུལ་དེ་ཚོ་རྩ་སྟོང་དུ་འགྱུར་རྒྱུར་ཉེན་ཁ་ཆེན་པོ་ཆགས་ཡོད་པ་རེད། མ་ཟད་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་ས་དྲོད་ཀྱི་ནུས་པའི་འབྱུང་ཁུངས་གཙོས་པའི་ཤིང་ནགས་གཅོད་འབྲེག་དང་རང་བྱུང་གཏེར་ཁ་སྔོག་འདོན།  དེ་བཞིན་ཆུ་མཛོད་གསར་རྒྱག་སོགས་ཀྱི་ཐད་འགྲོ་གྲོན་ཧ་ཅང་མང་པོ་བཏང་ཡོད་པར་བརྟེན་བོད་ཀྱི་ཁོར་ཡུག་སྤྱི་ཡོངས་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་པ་དང་།  ཡང་སྒོས་ཉེ་བའི་ལོ་རབས་ནང་བོད་ཀྱི་འཁྱགས་རོམ་མྱུར་པོར་ཞུ་བཞིན་པའི་གནས་སྟངས་དང་། དེ་བཞིན་ས་ཉིལ་དང་ཆུ་ལོག   གཞན་ཡང་ས་འགུལ་སོགས་ཀྱི་དོན་རྐྱེན་མང་དག་ཅིག་བྱུང་གི་ཡོད་པས་རྒྱལ་སྤྱིའི་ཚན་རིག་པ་དང་ཁོར་ཡུག་དོན་གཉེར་བ་རྣམས་ཀྱིས་བོད་ཀྱི་ཆེས་ཛ་དྲག་གི་ཁོར་ཡུག་གི་གནས་སྟངས་ལ་ཐུགས་ཁུར་གནང་བཞིན་ཡོད་པ་རེད། ཨ་མི་རི་ཀའི་ཚན་རིག་གོང་འཕེལ་ཚོགས་པས་བོད་ཀྱི་ཆུ་ཚན་གྱི་སྦྲུལ་དེའི་རིགས་རྩ་སྟོང་དུ་མི་འགྱུར་བའི་སླད་ཆུ་ཚན་སྲུང་སྐྱོབ་དང་།  དེ་བཞིན་སྦྲུལ་དེ་འཚོ་གནས་བྱེད་སའི་བྲག་ཕུག་སོགས་གསར་རྒྱག་དགོས་པ་དང་།  དེ་དག་གི་གྲངས་འབོར་འཕེལ་རིམ་སོགས་ལ་དོ་སྣང་གནང་དགོས་པ་བརྗོད་འདུག    

བོད་རིགས་སློབ་མ་དག་ལས་ཀར་ཞུགས་སྐབས་༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པའི་ཆ་རྐྱེན་ཆེད་བཏོན།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་བསླབ་མཐར་སོན་པ་པའི་མཐོ་རིམ་སློབ་མ་རྣམས་ས་གནས་སྒྲིག་འཛུགས་ཁག་གི་ནང་དུ་ལས་ཀའི་གོ་སྐབས་ནང་མཉམ་ཞུགས་གནང་བར་༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ་མ་ཟད་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་རྩ་འཛིན་དང་འབྲེལ་བའི་ལྟ་སྤྱོད་གསལ་པོ་དང་བརྟན་པོ་དགོས་པའི་ཆ་རྐྱེན་ཆེད་བཏོན་བྱས་འདུག ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ནས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་བསླབ་མཐར་སོན་པའི་མཐོ་རིམ་སློབ་མ་རྣམས་ཀྱི་ཆེད་དུ་སྤྱི་ཚོགས་སྒྲིག་འཛུགས་ཁག་གི་ནང་དུ་ལས་ཀའི་ས་མིག་༡༠༠༠ གསལ་བསྒྲགས་བྱས་ཡོད་པ་དང་། བོད་རིགས་སློབ་མ་ཚོས་ལས་ཀའི་ཚུད་རྒྱུགས་ཀྱི་ནང་དུ་མཉམ་ཞུགས་མ་གནང་གོང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་ཁ་གསལ་དང་འགོ་ཁྲིད་ཚོར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད་ཁ་བྲལ་བར་ངོ་རྒོལ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱོན་བརྗོད་ཀྱིས་མཚན་སྨད་ཞུ་པ་སོགས་ཀྱི་ཆ་རྐྱེན་ཆེད་བཏོན་བྱས་ཡོད་པ་བཀོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལས་ཀའི་མ་སིག་གསལ་བསྒྲགས་ནང་གསལ་ཆ་རྐྱེན་ཁག་ནི་རྒྱ་ནག་སྤྱིའི་ལས་ཀའི་ས་མིག་གི་ཆ་རྐྱེན་ལས་ཆེས་དམ་དྲག་ཆེ་བ་ཡོད་པ་དང་དེ་ནི་དཔུང་ཤུགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་དགའ་ཞེན་ཡོད་ཚུལ་གྱི་རྣམ་པ་བསྟན་དུ་བཅུག་པའི་མི་རིགས་དབྱེ་འབྱེད་དང་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཞིག་ཡིན་པར་སྐྱོན་བརྗོད་གནང་འདུག བོད་རང་སྐྱོང་ལྗོངས་ནང་གི་ལས་ཀའི་ས་མིག་དང་འབྲེལ་བའི་གསལ་བསྒྲགས་དེའི་ནང་གསལ་བར་བོད་རིགས་ཚོ་ལས་ཀའི་ནང་མཉམ་ཞུགས་མ་གནང་གོང་ཆབ་སྲིད་དང་འབྲེལ་བའི་ཞིབ་གཅོད་དང་ཤེས་ཚད་ཞིབ་གཅོད། དེ་བཞིན་ས་གནས་ཉེན་རྟོག་པས་ཞིབ་གཅོད་སོགས་ལ་ཆས་དགོས་ཀྱི་ཡོད་པ་མ་ཟད། People’s Social Welfare Department ཞེས་མི་མང་བདེ་འཇགས་ཚན་པས་ཞིབ་གཅོད་ཟིན་པའི་འགེང་ཤོག་གི་སྟེང་དུ་ཐམ་ཀ་བཀོད་པ་དགོས་ཀྱི་ཡོད་པ་དང་རྒྱ་གཞུང་གི་ལྟ་སྤྱོད་ལ་གུས་བརྩི་མེད་པ་དང་སྤྱི་ཚོགས་དྲྭ་ལམ་བརྒྱུད་འཆལ་གཏམ་རིགས་ཁྱབ་སྤེལ་བྱས་པ་སོགས་མངོན་གསལ་བྱུང་ཚེ་ལས་ཀའི་གོ་སྐབས་རག་ཐབས་མེད་སྐོར་ཁ་གསལ་ཀོད་ཡོད་པ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་ཟེར་བ་དང་ལས་ཀའི་ཆེད་དུ་ཞིབ་གཅོད་སྣ་ཚོགས་བྱེད་དགོས་པ་ནི་རྒྱ་གཞུང་གིས་གཞིས་བཞུགས་བོད་མི་རྣམས་ལ་དབྱེ་འབྱེད་དང་། མཐོང་ཆུང་། དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། བསམ་སྤྱོད་ཀྱི་རང་དབང་དང་ཆོས་དད་ཀྱི་རང་དབང་སོགས་དང་ཡོངས་སུ་འགལ་བ་ཞིག་ཡིན་པར་སྐྱོན་བརྗོད་གནང་བ་དང་འབྲེལ་ཏེ་བོད་མིའི་ངོས་ནས་རྒྱ་ནག་ལ་འགོག་རྒོལ་གྱི་རྣམ་པ་མཁྲེགས་ཏུ་གཏང་ངེས་ཡིན་པ་གསུངས་འདུག རྩ་བའི་ཐེངས་འདིའི་བོད་རང་སྐྱོང་ལྗོངས་ཟེར་བའི་ལས་ཀའི་ས་མིག་གི་གསལ་བསྒྲགས་སྤེལ་བའི་ནང་ཁྱོན་ས་མིག་ ༡༠༠༠ ཡོད་པ་དང་། དེའི་ནང་ནས་ཤེས་ཡོན་དང་འབྲེལ་བའི་ས་མིག་ ༦༠༠ ས་གནས་རིམ་པའི་ཚན་པ་ཁག་གི་ནང་ས་མིག་ ༢༥༠ དེ་བཞིན་རྫོང་རིམ་པའི་ཚན་པ་དང་འབྲེལ་བའི་ས་མིག་ ༡༥༠ བཅས་གསལ་བསྒྲགས་བྱས་ཡོད་པ་རེད།

སཾ་བྷོ་ཊ་བོད་སློབ་ཚོགས་པ་དབུ་ཚུགས་ནས་མི་ལོ་ ༢༠ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ཐོག་ཤེས་རབ་དགའ་ཚལ་སློབ་གླིང་གི་ཚོགས་ཁང་ཆེན་མོའི་ནང་དུ་སཾ་བྷོ་ཊ་བོད་སློབ་དབུ་ཚུགས་ནས་མི་ལོ་ ༢༠ འཁོར་བར་དུས་དྲན་སྲུང་བརྩི་ཞུས་སོང་། སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་དམིགས་བསལ་གྱི་སྐུ་མགྲོན་སཾ་བྷོ་ཊའི་སྤྱི་ཁྱབ་ཀྱི་འགན་འཛིན་ཟུར་པ་ཀརྨ་ཆུང་བདག་ལགས་གཉིས་ཀྱིས་གཙོས་པའི་ཤེས་རིག་གི་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། གཞན་ཡང་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་བརྒྱད་ཅུ་ལྷག་ཅིག་མཉམ་འཛོམས་བྱུང་འདུག ཤེས་རིག་བཀའ་བློན་མཆོག་གིས་སྐབས་དེར་དེང་སྐབས་བཙན་བྱོལ་གྱི་ནང་དུ་སློབ་མའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་སྟབས་སློབ་གྲྭ་ཁག་གིས་ཤེས་ཡོན་སློབ་གསོའི་སྤུས་ཚད་གོང་མཐོང་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། དེ་བཞིན་རྣམ་ཀུན་ནས་མགོན་པོ་༸གང་ཉིད་མཆོག་གིས་བཀའ་བསྩལ་ལམ་སྟོན་ཕེབས་པ་ལྟར་ཤེས་ཡོན་ཡོད་པ་གཅིག་པོའི་མི་འགྲིག་པར་སློབ་སྦྱོང་གི་དམིགས་ཚད་དེ་ཡ་རབས་ཀུན་སྤྱོད་ལྡན་པའི་བོད་མི་ཞིག་སྐྱེད་སྲིང་གནང་རྒྱུ་དེ་གཞན་ལས་ཁྱད་དུ་འཕགས་པའི་བོད་མི་རིགས་ཀྱི་ཁྱད་ཆས་ཤིག་ཡིན་པར་གསུངས་སོང་། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་སཾ་བྷོ་ཊ་བོད་སློབ་ཀྱི་རྒྱབ་ལྗོངས་དང་འབྲེལ་ཕྱི་ལོ་ ༡༩༩༩ ལོར་ཤེས་རིག་གི་ལས་ཁུངས་ཀྱི་ཐད་འཛིན་སློབ་གྲྭ་དམིགས་བསལ་བ་ཞིག་བཙུགས་ཡོད་པ་དང་། སྐབས་དེར་རྒྱ་གར་དུ་སློབ་གྲྭ་བཅོ་ལྔ་དང་འབྲུག་ཡུལ་དུ་སློབ་གྲྭ་བཞི་བཅས་གསར་འཛུགས་གནང་བ་ཞིག་ཡིན་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། སྐབས་དེར་བོད་སློབ་ཚོགས་པ་དེ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་པ་གང་ཞིག་ལ་སྡེ་ཚན་མ་འདྲ་ཞིག་གསར་འཛུགས་གནང་ཡོད་པར་རྒྱུ་མཚན་གསུམ་ཡོད་སྐོར་གསུངས་སོང་། དེ་རིང་གི་མཛད་སྒོའི་ཐོག་ཤེས་རིགས་ལས་ཁུངས་དང་སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་ཁོངས་སུ་ཞབས་ལོ་ ༢༠ འཁོར་བའི་དགེ་ལས་ ༨༠ ཙམ་ལ་ཞབས་འདེགས་ཞུས་པར་ཐུགས་རྗེ་ལེགས་གསོལ་གྱི་རྟགས་མ་རེ་རེ་ཕུལ་ཡོད་པ་དང་། སང་ཉིན་སྔ་དྲོར་ཞབས་ལོ་ཉི་ཤུ་འཁོར་བའི་དགེ་ལས་ཡོངས་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཞུ་རྒྱུ་རེད་འདུག   ཉིན་རྒྱབ་ཏུ་སཾ་བྷོ་ཊ་སློབ་ཚོགས་དང་ཁྱབ་ཁོངས་སློབ་ཁག་རྣམས་མཉམ་འཛོམ་གྱི་ཐོག་ནས་ཚོགས་འདུ་ཞིག་ཡོད་པ་དང་། སྐབས་དེར་འདས་པའི་མི་ལོ་ཉི་ཤུའི་རིང་གི་སློབ་གསོའི་དགེ་སྐྱོན་གླེང་སློང་གནང་སྟེ་མདུན་སྐྱོད་གསར་པའི་ལམ་ཁ་ཞིག་འཚོལ་རྒྱུ་དང་། དེ་བཞིན་བགྲས་ཡོལ་དུ་ཕེབས་ཟིན་པ་རྣམས་ཀྱི་བགྲས་ཕོགས་དང་འབྲེལ་བའི་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད་འདུག རྩ་བའི་ཕྱི་ལོ་ ༡༩༩༩ ལོར་སཾ་བྷོ་ཊ་སློབ་ཚོགས་ཏེ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དབུ་བརྙེས་ནས་རྒྱ་གར་གྱིས་གཙོས་པའི་འབྲུག་ཡུལ་སོགས་སུ་སློབ་གྲྭ་ཁག་ ༡༩ ཙམ་ཆེད་འཛུགས་གནང་ཡོད་པ་དང་།  ཉེ་བའི་ལོ་ཤོས་ནས་བཟུང་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་བོད་རིགས་གྲྭ་ཁག་ཀྱང་ཚུར་རྩིས་བཞེས་པ་བརྒྱུད་ནས་ད་ཆ་ཤེས་རབ་དགའ་ཚལ་སློབ་གླིང་དང་དཔེ་སྟོན་སློབ་གྲྭ་སོགས་སྤྱི་ཡོངས་ཀྱི་ཆ་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ཁག་ ༧༡ ཡོད་པ་རེད།

བོད་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་ཞིག་ལ་ཕྱི་ལོ་ ༢༠༡༩ ལོའི་འདྲ་པར་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ།

རྒྱ་གཞུང་གིས་དབྱེ་བའི་བོད་མདོ་སྨད་མཚོ་སྔོན་ནས་ཡིན་པ་པར་ལེན་པ་ Yongqing Bao ལགས་ཀྱིས་མཚོ་སྔོན་དང་ཀན་སུའི་ས་མཚམས་སུ་ཆགས་པའི་མདོ་ལ་རིང་མོ་རི་བརྒྱུད་ནས་ལེན་པའི་ཝ་མོས་སྡེར་ཤད་ཀྱིས་འཕྱི་བ་ཁ་གདངས་མིག་བགྲད་བྱས་པའི་སྐད་ཅིག་ཞེས་པའི་འདྲ་པར་ལ་ཕྱི་ལོ་ ༢༠༡༩ ལོའི་རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Natural History Museum ཞེས་འགྲེམས་སྟོན་ཁང་གིས་གོ་སྒྲིག་ཞུས་པའི་འདི་ལོའི་རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་འགྲན་བསྡུར་ཐེངས་ ༥༥ ཐོག་རྒྱལ་ཁབ་ ༡༠༠ ལྷག་ཙམ་ནས་འཛུལ་ཞུགས་པ་ ༤༨༠༠༠ ལྷག་བྱུང་བའི་ཁོངས་སུ་འདི་ལོའི་རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་རྩེ་ཕུད་དེ་མཚོ་སྔོན་ནས་ཡིན་པ་པར་ལེན་པ་ Yongqing Bao ལགས་ཀྱིས་ལེན་པའི་ཝ་མོས་སྡེར་ཤད་ཀྱིས་འཕྱི་བ་ཁ་གདངས་མིག་བགྲད་བྱས་པའི་ཆེས་མཐོང་དཀའ་བའི་རྣམ་པ་མཚོན་པའི་འདྲ་པར་ལ་བྱ་དགའ་ཐོབ་ཡོད་པ་རེད། འདྲ་པར་དེའི་ཐོག་འགྲེམས་སྟོན་ཁང་གི་ངེས་སྟོན་པ་ Michael Dixon ལགས་ཀྱིས་འདྲ་པར་དེས་འཚོ་བའི་ཆེད་གདོང་ལེན་གྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་ཞིག་བསྟན་པ་དང་འདྲ་པར་ལེན་ས་བོད་ས་ཁུལ་མཚོན་པ་ཡིན་ན་འཛམ་བུ་གླིང་གི་ལྷོ་སྣེ་གསུམ་པར་འབོད་ཀྱི་ཡོད་པ་དང་ཕྱོགས་མཚུངས་ད་ཆ་གོ་ལའི་ཚ་དྲོད་རྐྱེན་གྱིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཆེས་ཉེན་ཁར་ལྷུང་ཡོད་སྟབས་དེར་ཡོད་པའི་སྲོག་ཆགས་དག་ལའང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་འདྲ་པར་དེ་བརྒྱུད་ནས་ང་ཚོས་སྲུང་སྐྱོབ་དགོས་པའི་གནད་དོན་ཁག་གཅིག་དྲན་སྐུལ་བྱེད་ཀྱི་ཡོད་པ་གསུངས་འདུག དེ་བཞིན་ཐེངས་འདིའི་འདྲ་པར་རྩེ་ཕུད་གདམས་མཁན་ཚོགས་ཆུང་གི་ཚོགས་གཙོ་ཡིན་པའི་སྐུ་ཞབས་ Roz Kidman Cox ལགས་ཀྱིས་འདྲ་པར་དེ་ནི་ཧ་ཅང་ཡིད་འཕྲོག་པ་ཞིག་དང་སྤྱིར་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱིས་གཙོས་པའི་ཁོར་ཡུག་སོགས་ཀྱི་འདྲ་པར་ནི་མཐོང་རྒྱུ་ཧ་ཅང་དཀོན་པ་ཞིག་ཡིན་པ་དང་སྒོས་དེའི་ཁོངས་མཐོ་སྒང་གི་སྣོད་བཅུད་ཁོར་ཡུག་ལ་ཆེས་གལ་གནད་གྱུར་བའི་སྲོག་ཆགས་གཉིས་ཀྱི་མཐོང་དཀོན་པའི་བྱ་སྤྱོད་ཀྱི་འདྲ་པར་ལེན་ཐུབ་པ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་གསུངས་འདུག སྤྱིར་དུས་རྒྱུན་ཝ་མོས་རི་བོང་དང་འདྲ་བའི་སེམས་ཅན་ Pika ཞེས་པར་བརྟེན་གྱི་ཡོད་པ་མ་གཏོགས་འཕྱི་བ་བཟའ་ཡི་མེད་པ་རེད། བོད་ཀྱི་ཝ་མོ་དེ་བོད་མཐོ་སྒང་གཙོས་ལ་དྭགས་དང་བལ་ཡུལ། འབྲུག་ཁུལ་དུ་ཡོད་པ་དེ་ལྟར་ཡང་མཐོང་དཀའ་བའི་སྲོག་ཆགས་ཆགས་ཀྱི་ཡོད་སྟབས། དེ་དག་སྐོར་ཚན་རིག་དང་འབྲེལ་ཤེས་རྟོགས་བྱ་དགོས་པ་རྟོགས་རྒྱུ་ཞན་པ་དང་ལྷག་པར་དུ་ཝ་མོའི་འཚོ་རྟེན་ Pika ཞེས་པ་དེ་སྟོང་ཉེའི་རི་དྭགས་ཞིག་ཡིན་པ་དང་།  Pika སྟོང་ཉེའི་མཚམས་སུ་ཝ་མོ་ཡང་སྟོང་རྒྱུའི་ཉེན་ཁའི་མཚམས་ལ་བསླེབ་རྒྱུ་ཡིན་པ་གསུང་མཁན་ཡོད་པ་རེད། གཞི་རྩའི་ད་རེས་རྩེ་ཕུད་ཀྱི་བྱ་དགའ་དེ་ཆུའི་འོག་གི་སྲོག་ཆགས་དང་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་སོགས་རང་བྱུང་ཁམས་དང་རི་སྐྱེས་སྲོག་ཆགས་ཀྱི་རིམ་པ་འདྲ་མིན་མཚོན་པའི་སྡེ་ཚན་ ༡༩ ནས་བདམས་ཐོན་བྱུང་བ་ཞིག་དང་། Yongqing Bao ལགས་ཀྱིས་ལེན་པའི་འདྲ་པར་དེ་འགྲེམས་སྟོན་ཁང་ནང་རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་ ༩༨ ལྷག་དང་མཉམ་དུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག རྩ་བའི་ Yongqing Bao ལགས་མཚོ་སྔོན་དུ་སྐྱེས་པ་དང་དུས་རྒྱུན་དུ་རང་ཉིད་སྐྱེས་སའི་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་དང་། ཁོང་ད་ཆ་མཚོ་སྔོན་དང་ཀན་སུའི་ས་མཚམས་སུ་ཆགས་པའི་མདོ་ལ་རིང་མོའི་རི་རྒྱུད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ངེས་སྟོན་པ་ཞིག་ཡིན་པ་མ་ཟད། མཚོ་སྔོན་རི་སྐྱེས་སྲོག་ཆགས་པར་ལེན་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཀྱང་རེད་འདུག ཁོང་གི་པར་ལེན་གྱི་ལས་དོན་མང་དག་ཅིག་ཚགས་ཤོག་དང་བརྙན་དེབ་སོགས་ནང་ཐོན་ཡོད་པ་དང་ལྷག་པར་དུ་རྒྱལ་སྤྱིའི་འགྲན་བསྡུར་ཁོངས་སུ་ཡང་གཟེངས་རྟགས་དང་བྱ་དགའ་ཐོབ་མྱོང་ཡོད་པ་རེད། ཁོང་གིས་རང་ཉིད་ནས་ལོ་མང་རིང་རི་སྐྱེས་སྲོག་ཆགས་སོགས་ཀྱི་པར་ལེན་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཐད་ད་དུང་ལས་དོན་གནང་རྒྱུ་མང་པོ་ཞིག་ལྷག་ཡོད་པ་ཚོར་བ་མ་ཟད་སྒོས་རང་ཉིད་པར་པ་ཞིག་ཡིན་པའི་ཆ་ནས་པར་བརྒྱུད་མང་ཚོགས་ལ་བདག་མེད་སེམས་ཅན་དང་མི་ནི་མེད་ཐབས་མེད་པའི་གྲོགས་པོ་ཞིག་ཡིན་པ་བསྟན་རྒྱུའི་ལས་འགན་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་གསུངས་འདུག

༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་པན་ཇབ་མངའ་སྡེ་ཅན་རྡི་གར་གྲོང་ཁྱེར་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཚོུད་ ༩ པ་ཡོལ་ཙམ་ལ་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་སོང་། མགོན་པོ་༸གང་ཉིད་མཆོག་གི་ཐེངས་འདིའི་པན་ཇབ་མངའ་སྡེ་ནང་གི་མཛད་འཕྲིན་ཁྲོད་ཁ་ཉིན་ཕྱི་ཚེས་ ༡༤ ཉིན་ཅིཏ་ཀ་རཱ་གཙུག་ལག་སློབ་གཉེར་ཁང་གི་གོ་ལའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་དབུ་འབྱེད་མཛད་ཡོད་པ་མ་ཟད་གཙུག་ལག་སློབ་ཁང་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས་ཏེ་སློབ་དཔོན་གྱི་མཚན་གནས་ཕུལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་ང་ཚོའི་ཤེས་ཡོན་གྱི་ལམ་ལུགས་དེ་ནུབ་ཕྱོགས་ནས་དར་ཁྱབ་བྱུང་བའི་ཕྱིའི་དངོས་པོ་གལ་ཆེར་རྩིས་པའི་ལམ་ལུགས་ཤིག་ཆགས་ཡོད་སྟབས་ད་ཆ་ང་ཚོར་བསམ་བློའི་འདུ་ཤེས་ཀྱི་སློབ་གསོའི་ལམ་ལུགས་ཤིག་ངེས་པར་དུ་དགོས་པ་ཞིག་ཆགས་ཡོད་པ་དང་རྒྱ་གར་ལ་ཕ་མེས་ནས་ཡོད་པའི་འཚེ་མེད་ཞི་བ་དང་སྙིང་རྗེ་གཞི་ལ་བཞག་པའི་རིག་གཞུང་བཟང་པོ་ཞིག་ཡོད་པ་དེ་རྒྱ་གར་གྱི་ངོས་ནས་ནུས་པ་ཆེད་འདོན་གནང་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་ནས་ཀྱང་རྒྱ་གར་གྱི་རིག་གཞུང་བཟང་པོ་དེ་དག་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད་པ་བཀའ་བསྩལ་ཡོད། དེ་བཞིན་ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་གར་གྱི་སིག་ཆོས་བརྒྱུད་ཀྱི་སྲོལ་གཏོད་པ་པོ་གུ་རུ་ནཱ་ནཀ་མཆོག་སྐུ་བལྟམས་ཏེ་ལོ་ངོ་ ༥༥༠ འཁོར་བའི་དུས་དྲན་ཐོག་པན་ཇབ་མངའ་སྡེའི་ཅན་རྡི་གར་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་ནང་བཟང་སྤྱོད་ཀྱི་སློབ་གསོ་དགོས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད། གཙུག་ལག་སློབ་གཉེར་ཁང་དེས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་འགྲོ་བ་གཅིག་འགྱུར་གྱི་རླབས་ཆེན་མཛད་པ་བསྐྱངས་དང་སྐྱོང་བཞིན་པའི་དགོངས་གཞིར་ཡི་རངས་ཆེ་བསྟོད་ཞུས་ཏེ་གོ་ལའི་ཆོས་ཕྱོགས་དབུ་ཁྲིད་ཀྱི་བྱ་དགའ་ཞིག་ཀྱང་ཕུལ་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཀྱི་དགོངས་གཞི་བཞི་པོ་ངོ་སྤྲོད་བཀྲིན་མཛད་དེ་བསམ་བློའི་འདུ་ཤེས་ཀྱི་ཐོག་ནས་ང་ཚོ་ཚང་མར་ཆུང་དུས་མའི་བྱམས་སྐྱོང་ལས་ཚར་བའི་བྱམས་པ་དང་སྙིང་རྗེ། གཅིག་ཕན་གཅིག་གྲོགས་ཀྱི་གཞི་རྩ་དེ་ལྡན་ཡོད་པར་མ་ཟད་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དགོས་པ་གཅིག་མཚུངས་ཡིན་པ་དང་། ལྷག་པར་དུ་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་དེ་བྱམས་པ་དང་སྙིང་རྗེ་གཞན་ཕན་བཅས་གོང་འཕེལ་ཡོང་ཐབས་ཀྱི་དམིགས་ཡུལ་གཅིག་པ་ཡིན་པ་སོགས་ཀྱི་ལམ་སྟོན་བསྩལ་བ་དང་སྦྲགས། ད་ཆ་ང་ཚོ་ཚང་མས་གཞི་རྩའི་འགྲོ་བ་མིའི་རིན་ཐང་ཐོག་དགོངས་བཞེད་གནང་གལ་ཡིན་པ་བཀའ་བསྩལ་ཡོད། དེ་བཞིན་རྒྱ་གར་ནི་སྟོན་པ་བཅོམ་ལྡན་འདས་དང་སིག་གི་ཆོས་ལུགས་སྲོལ་གཏོད་པ་པོ་གུ་རུ་ནཱ་ནཀ་ལྟ་བུའི་ཆོས་བརྒྱུད་ཀྱི་རླབས་ཆེན་དབུ་ཁྲིད་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པ་མ་ཟད་ལྷག་པར་དུ་སིག་ཆོས་ལུགས་ཀྱི་སྲོལ་གཏོད་པ་གུ་རུ་ནཱ་ནཀ་ལྟ་བུར་ཆ་མཚོན་ན་ཁོང་རང་ཉིད་ཆུང་དུས་སུ་ཧིན་དུའི་ཆོས་བརྒྱུད་པ་ཞིག་ནས་ Mecca ཁ་ཆེའི་གནས་སར་གནས་མཇལ་ལ་ཕེབས་པ་སོགས་ནི་ཆོས་ལུགས་མཐུན་འབྲེལ་ཐོག་རླབས་ཆེན་གྱི་དགོངས་གཞི་ཡོད་པ་ཞིག་ཡིན་པར་བཀའ་བསྩལ་མཛད་དེ་སིག་ཆོས་ལུགས་འཛིན་མཁན་གྱི་པན་ཇབ་ཀྱི་མི་རྣམས་རྒྱུན་དུ་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན་པར་བསྔགས་བརྗོད་དང་སྦྲགས། གུ་རུ་ནཱ་ནཀ་རྗེས་དྲན་ཞུས་པ་ཙམ་མིན་པར་བཀའ་ཇི་བཞིན་བསྒྲུབ་ཐབས་ཐད་ལ་འབད་བརྩོན་གནང་དགོས་པའི་ལམ་སྟོན་བསྩལ་ཡོད། ཅན་རྡི་གར་གྲོང་ཁྱེར་ནང་གི་ཉིན་གཉིས་ཀྱི་མཛད་འཆར་ཁག་ལེགས་གྲུབ་གནང་བའི་རྗེས་སུ་མགོན་པོ་མཆོག་ཁ་སང་གྲོང་ཁྱེར་དེ་ནས་ཆིབས་ཁ་བསྒྱུར་ནས་པན་ཇབ་མངའ་སྡེའི་ནངྒྷལ་དུ་མཚན་གཅིག་རིང་༸སྐུ་བཞུགས་མཛད་ཡོད་པ་དང་། དེ་རིང་་སྔ་དྲོ་ཚོུད་ ༩ པ་ཡོལ་ཙམ་ལ་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུ་ཐོག་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

 པྲག་གྲོས་ཚོགས་གོང་མས་སྲིད་སྐྱོང་མཆོག་ལ་གཞུང་འབྲེལ་སྣེ་ལེན་གཟབ་རྒྱས་ཞུས་འདུག 

ཁ་སང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiří Oberfalzer མཆོག་གིས་གྲོས་ཚོགས་གོང་མའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གཞུང་འབྲེལ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས་ཏེ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་གཞུང་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་ཐོག་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་རེ་སྐུལ་ཆེད་བཏོན་གནང་འདུག གཞུང་འབྲེལ་སྣེ་ལེན་མཛད་སྒོའི་ཐོག་གྲོས་ཚོགས་གོང་མའི་ཕྱི་སྲིད་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་ Pavel Fischer མཆོག་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ Přemysl Rabas སོགས་ཡོད་པ་དང་།  སྐབས་དེར་སྲིད་སྐྱོང་མཆོག་དང་གྲོས་ཚོགས་འཐུས་མི་རྣམ་པའི་དབར་བོད་མི་ནས་ཡུན་རིང་ངང་རྩོད་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དང་བོད་རྒྱ་གཉིས་དབར་ཞི་འགྲིག་ཡོང་སླད་གྲོས་མོལ་གནང་རྒྱུ་སོགས་ཀྱི་བརྗོད་གཞི་མང་དག་ཐོག་བཀའ་བསྡུར་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་ཆེས་རྫ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དགོན་སྡེ་སོགས་གཏོར་བཤིག་དང་གྲྭ་བཙུན་དགོན་པ་ནས་ཕྱིར་འབུད་བཏང་བ། དེ་བཞིན་སྐད་ཡིག་སོགས་ལ་དམ་དྲག་བྱེད་བཞིན་པ་བརྒྱུད་ནས་བོད་མིའི་རིག་གཞུང་རྩ་མེད་གཏོང་ཐབས་དང་། ལྷག་པར་དུ་གཏེར་ཁ་སྔོག་འདོན་དང་འཛུག་སྐྲུན་གསར་རྒྱག་སོགས་ཀྱི་ལས་གཞིའི་འོག་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེ་གཏོང་བཞིན་པའི་གནས་སྟངས་སོགས་འགྲེལ་བརྗོད་གནང་འདུག དེ་བཞིན་སྐུ་ཞབས་ Jiří Oberfalzer མཆོག་ནས་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤར་བསྐྱོད་གནང་བཞིན་པ་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་པའི་རེ་འདུན་དེ་ང་ཚོས་འཚམ་པོ་དང་།  ཁྲིམས་དང་མཐུན་པ། དེ་བཞིན་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མཐུན་པ་ཞིག་ཏུ་ངོས་འཛིན་གྱིས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་གསུངས་པ་དང་ཆབས་ཅིག་ཏུ་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་རེ་སྐུལ་ཤུགས་ཆེ་བཏོན་འདུག རྩ་བའི་ཐེངས་འདིར་སྲིད་སྐྱོང་མཆོག་གི་ཅེཀ་ནང་གི་འཚམས་གཟིགས་དེའི་ཁྲོད་ཁ་སྔོན་ཕྱི་དྲོར་པྲག་ནང་རྟེན་གཞི་བྱས་པའི་ Zofin Palace ནང་དུ་ཕྱི་ལོ་ ༢༠༠༠ ཐམ་པའི་གླེང་སྟེངས་ Forum 2000 ཐེངས་ ༢༣ པའི་ཐོག་ Responsibility as the Ultimate Measure of Human Action ཞེས་བརྗོད་གཞིའི་ཐོག་ཀོརོ་ཤ་ཡའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ Vesna Pusic མཆོག་དང་།  Protection of Rights without Borders ཞེས་རྒྱལ་མཚམས་མེད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་ Haykuhi Harutyunyan ལགས། དེ་བཞིན་པོ་ལེནཊ་གྱི་གསར་ཁང་ Gazeta Wyborcza ཞེས་པའི་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་  Adam Michnik ལགས་བཅས་དང་ལྷན་བཞུགས་མོལ་བཀའ་བསྡུར་ནང་ལྷན་ཞུགས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་དེང་རབས་སྲིད་དོན་པ་འགས་རང་ཉིད་ཀྱི་ཆབ་སྲིད་ཚོགས་པའི་དམིགས་ཡུལ་དང་དགོས་མཁོ་སོགས་ལ་གལ་ཆེར་འཛིན་པ་དང་། རང་ཉིད་ལ་ཡོད་པའི་འོས་འགན་ཐོག་དེ་ཙམ་ཐུགས་སྣང་གནང་གི་མེད་པ་སོགས་སྲིད་དོན་པའི་འོས་འགན་དང་། སྒེར་གྱི་ལས་འགན་སྐོར་གསུངས་འདུག སྲིད་སྐྱོང་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་དེང་རབས་འཛམ་བུ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་དག་ལ་གདོང་ལེན་སླད་བཟང་སྤྱོད་ཀྱི་སློབ་གསོ་དགོས་སྐོར་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ SEE Learning ཞེས་སཱི་ཤེས་ཡོན་གྱི་བསླབ་གཞི་སྐོར་ངོ་སྤྲོད་གནང་འདུག ཡང་ཁ་སང་སྲིད་སྐྱོང་མཆོག་ Charles གཙུག་ལག་སློབ་གཉེར་ཁང་ནང་  Human Rights in the 21st Century Digital Surveillance State ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐོག་ཏུའང་ལྷན་ཞུགས་གནང་ཡོད་པ་དང་བགྲོ་གླེང་དེའི་ཐོག་ཡེ་ཤུའི་ཆོས་དཔོན་ Cardinal joseph མཆོག་དང་།  རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་གཙོ་འཛིན་ Dolkun Isa སོགས་ནས་ལྷན་ཞུགས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོར་མོའི་དོན་རྐྱེན་བྱུང་སྐབས་རྒྱ་གཞུང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་དམ་བསྒྲགས་བྱས་ཡོད་ཀྱང་དོན་རྐྱེན་དེའི་སྔོན་ལ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ནས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེ་གནང་སྐབས་རྒྱ་གཞུང་གིས་དེ་འབྲེལ་དམ་བསྒྲགས་ཤུགས་ཆེ་བྱས་སྐོར་དང་། ཕྱོགས་མཚུངས་ཤིན་ཅང་ནང་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དང་ད་ཆ་རྒྱ་ནག་སྤྱི་ཡོངས་ནང་གསང་ཞིབ་མྱུལ་ལྟའི་འཕྲུལ་རིག་སོགས་ལག་བསྟར་བྱེད་བཞིན་པ་དེ་དག་བོད་ནང་ཐོག་མ་བྱས་ཡོད་སྐོར། དེ་བཞིན་རྒྱ་གཞུང་གིས་བརྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་བརྒྱུད་བོད་ཧམ་བཟུང་བྱས་པ་སོགས་དེ་སྔ་བོད་ནང་གང་བྱུང་བ་དེ་རྒྱ་ནག་དང་འཛམ་བུ་གླིང་སྤྱི་ཡོངས་ལ་བྱུང་རྒྱུའི་ཉེན་བརྡ་དང་ང་ཚོ་མཉམ་རུབ་ཀྱིས་ཕྱག་ལས་གནང་སྟེ་དེར་གདོང་ལེན་གནང་དགོས་ཞེས་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་ཅེཀ་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་ཞུས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Vaclav Havel མཆོག་ནས་༸གོང་ས་མཆོག་ཁུལ་དེར་ཕྱི་ལོ་ ༡༩༩༠ ལོར་ཐོག་མར་གདན་འདྲེན་ཞུས་པའི་དྲན་གསོ་དང་དེའི་བྱུང་འབྲས་སྐོར་བགྲོ་གླེང་ནང་ལྷན་ཞུགས་གནང་ཡོད་པ་དང་།  སྲིད་སྐྱོང་མཆོག་གིས་སྐུ་ཞབས་ Vaclav Havel མཆོག་གི་ཐུགས་འགན་དང་དྲང་བདེན་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་དགོངས་འཆར་རླབས་ཆེན་ཡོད་པར་ཡི་རངས་དང་། ལྷག་པར་དུ་སྐུ་ཞབས་ཁོང་ནས་རྒྱ་གཞུང་གི་གནོན་ཤུགས་ལ་ལྟོས་མེད་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་སྐོར་དྲན་གསོ་དང་སྦྲགས། ད་ཆ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་དེ་འབྲེལ་རྒྱབ་སྐྱོར་མུ་མཐུད་ནས་གནང་བཞིན་པ་དེར་ཐུགས་རྗེ་ཆེ་ཞེས་ཞུས་འདུག དེ་བཞིན་༸གོང་ས་མཆོག་གི་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་དགོངས་གཞི་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྣམས་བོད་དོན་ཁོ་ནར་རྒྱབ་སྐྱོར་གནང་བ་མིན་པ་དེ་དག་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཡིན་པར་བཀའ་སློབ་ཡང་ཡང་བསྩལ་བ་དག་ལུང་འདྲེན་གྱིས་གསུང་བཤད་གནང་མཁན་གཞན་ནས་༸གོང་ས་མཆོག་དང་སྐུ་ཞབས་ Vaclev མཆོག་གི་དགོངས་གཞི་ཐོག་བཀའ་བསྡུར་གནང་འདུག གཞི་རྩིའི་འདི་ལོར་སྲིད་སྐྱོང་མཆོག་ཟླ་ ༣ པའི་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་སྐབས་པྲག་གི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Zdeněk Hřib ལགས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་མཚོན་ཕྱིར་ Prague གྲོང་ཁྱེར་གྱི་ལྡེ་མིག་ཞིག་ཀྱང་གནང་ཡོད་པ་རེད།

ཞི་ཅིན་ཕིང་དང་མོ་དཱི་གཉིས་ཀྱི་མཇལ་མོལ་གོང་འཛིན་བཟུང་བྱས་པའི་བོད་མི་ལས་འགུལ་བ་ཡོངས་རྫོགས་གློད་བཀྲོལ།

བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དེ་རིང་ Puzhal དབུས་བཙོན་ཁང་ནས་གློད་བཀྲོལ་བཏང་བ་དང་གཟའ་འཁོར་སྔོན་མར་རྒྱ་གར་ལྷོ་ཕྱོགས་ Mamallapuram གྲོང་ཁྱེར་ནང་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་དབར་ཆེས་མཐོའི་ནང་མོལ་ལྷན་འཛོམས་གནང་བའི་སྔ་རོལ་དུ་རྒྱ་གར་ཉེན་རྟོག་པས་བོད་མི་ཁྱོན་ ༤༠ ལྷག་ཙམ་སྔ་རྗེས་སུ་འཛིན་བཟུང་བྱས་པ་ཡོངས་རྫོགས་གློད་བཀྲོལ་ཟིན་འདུག དེའང་ཉེ་ལམ་ཟླ་བ་འདིའི་ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་ཀྱི་རིང་རྒྱ་གར་གྱི་ལྷོ་ཕྱོགས་Tamil Nadu མངའ་སྡེའི་གྲོང་ཁྱེར་ Mamallapuram ནང་རྒྱ་གར་གྱི་སྲིད་བློན་ Narendra Modi དང་རྒྱ་ནག་གི་སྲིད་འཛིན་ Xi Jinping གཉིས་དབར་ Sino-Indo summit ཞེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆེས་མཐོའི་ནང་མོལ་ཚང་འཛོམས་གནང་བའི་ཉིན་ཤས་ཀྱི་སྔ་རོལ་དུ་ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་མངའ་སྡེའི་ཉེན་རྟོག་པས་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རིག་འཛིན་ཆོས་སྒྲོན་ལགས་བཅས་ཀྱིས་གཙོས་པའི་བོད་པའི་སློབ་མ་དང་ལས་འགུལ་བ་ཁྱོན་བོད་མི་ ༤༠ ལྷག་ཙམ་སྔ་རྗེས་སུ་འཛིན་བཟུང་གིས་ཁག་གཅིག་ Chennai གྲོང་ཁྱེར་གྱི་བཙོན་ཁང་དང་ཁ་ཤས་ Puzhal དབུས་བཙོན་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་གར་ཉེན་རྟོག་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གཙོས་པའི་ལས་འགུལ་བ་ ༢༥ རེས་གཟའ་ཉི་མའི་ཉིན་གློད་བཀྲོལ་བཏང་ཡོད་པ་ལྟར། སྦེང་ལོར་དང་ལྡི་ལི་ནས་ཡིན་པའི་ལས་འགུལ་བ་ ༡༦ རང་གནས་སུ་ཕྱིར་ལོག་ཟིན་པ་དང་ཁ་སང་ནས་དེ་རིང་བར་ Puzhal དབུས་བཙོན་ཁང་ནས་བསྟན་འཛིན་བརྩོན་འགྲུས་ལགས་གཙོ་གྱུར་ལས་འགུལ་བ་ ༡༤ ཡོད་པ་ཚང་མ་གློད་བཀྲོལ་ཟིན་པ་དེ་ལྟར་ཡང་། ཁོང་རྣམས་པ་ད་ལྟའི་ཆར་ Chennai ནས་ཉིན་བཅོ་ལྔ་རིང་ཕྱིར་ལོག་གནང་ཆོག་གི་མེད་པ་རེད་འདུག བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་སུ་རྒྱ་དཀར་ནག་གཉིས་དབར་གྱི་དབུ་ཁྲིད་རྣམ་པའི་མཇལ་འཕྲད་མ་གནང་གོང་དུ་ཁོང་ཉེན་རྟོག་པས་འཛིན་བཟུང་བྱས་པ་དེའི་ཐོག་ཚོར་སྣང་ཇི་བྱུང་བཀའ་འདྲི་ཞུས་པར་ ཁོང་གིས་ད་རེས་རྒྱ་གར་གྱིས་བོད་མིའི་ལས་འགུལ་བར་དམ་དྲག་དེ་ལྟར་གནང་བ་དེས་རྒྱ་གར་རྒྱལ་ཁབ་ནས་མང་གཙོའི་ལམ་ལུགས་དང་དེའི་ཐོབ་ཐང་ཁག་ལ་རྩིས་མེད་གནང་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་། རྩ་བའི་རྒྱ་གར་གྱི་ཉེན་རྟོག་པས་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་གཉིས་དབར་མཇལ་འཕྲད་སྐབས་ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་བོད་མི་ལས་འགུལ་བ་དང་སློབ་ཕྲུག་དེ་དག་ཉིན་ཤས་སྔོན་ནས་འཛིན་བཟུང་བཙོན་འཇུག་བྱས་པར་བརྟེན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དཔྱད་ཞིབ་པ་མང་དག་ཅིག་གིས་དེའི་ཐོག་ཐུགས་འཚབ་ཆེན་པོ་ཡོད་པའི་རྣམ་པ་ཆེད་བཏོན་གནང་བ་མ་ཟད་ཕྱི་ཚེས་ ༡༠ ཉིན་མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་གྱི་རྒྱ་གར་སློབ་ཕྲུག་ ༢༠ ཙམ་གྱིས་མཐོ་སློབ་དེའི་ Chepauk Campus དུ་ང་ཚོ་བོད་པའི་སློབ་ཕྲུག་ཚོ་དང་མཉམ་དུ་ཡོད་ཅེས་པའི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ཏེ་རྒྱ་གར་ཉེན་རྟོག་པས་ཁོང་རྣམས་འཛིན་བཀག་བསྐྱིལ་དང་བསུན་བརྩེར་བྱས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད།

ཨ་རིས་ཧོང་ཀོང་ནང་གི་འགྲོ་བ་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་གཏན་འབེབས།

ཁ་སང་ཨ་རིའི་གྲོས་ཚོགས་འོག་ནང་སྤྱི་མོས་ཀྱི་ཐོག་ནས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་དང་། གྲོས་ཚོགས་གོང་མས་ཀྱང་ཁྲིམས་གཞི་དེར་ངོས་བཞེས་གནང་ཐུབ་ཚེ་ཁྲིམས་འཆར་དེ་བརྒྱུད་ནས་ཨ་རིས་ལོ་ལྟར་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་བྱས་ཏེ་རྒྱ་ནག་གིས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་ལ་རྡོག་རོལ་གཏོང་གི་ཡོད་པ་ར་སྤྲོད་བྱུང་ཚེ་ད་ལྟའི་ཆར་ཧོང་ཀོང་དང་ཨ་རི་གཉིས་ཀྱི་བར་དུ་ཡོད་པའི་ཚོང་གི་འབྲེལ་ལམ་དམིགས་བསལ་བ་དེ་མཚམས་འཇོག་བྱེད་རྒྱུ་ཡིན་པ་རེད། གསར་ཁང་ཁག་གིས་ཨ་རིའི་གྲས་ཚོགས་གོང་མས་ཀྱང་ཁྲིམས་གཞི་དེ་གཏན་འབེབས་གནང་བ་ཡིན་ན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་ལོ་རྟག་པར་ཧོང་ཀོང་དེ་རྒྱ་ནག་གི་སྟངས་འཛིན་འོག་ནས་རང་སྐྱོང་ཚད་ལྡན་ཞིག་ཡོང་གི་ཡོད་མེད་ཀྱི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ལ་འབུལ་དགོས་པ་མ་ཟད། རྒྱ་ནག་གིས་ཧོང་ཀོང་ནང་གི་སྤྱི་མང་གི་ཐོབ་ཐང་དང་ཁྲིམས་ཀྱི་སྟངས་འཛིན་རྣམས་ལ་གཏོར་རྒོལ་གཏོང་གི་ཡོད་མེད་སོགས་ཀྱི་ཐད་ནས་དུས་ལྟར་བསྐྱར་ཞིབ་བྱེད་དགོས་ལུགས་འཁོད་འདུག  ཁྲིམས་གཞི་དེ་དང་འབྲེལ་ནས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་ཐེངས་འདིའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་གཞི་དེའི་དམིགས་འདུན་ནི་རྒྱ་ནག་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཀྱི་འོག་ཏུ་ཧོང་ཀོང་མི་མང་སྤྱི་ལ་འགྲོ་བ་མིའི་ཐོབ་ཐང་ཚད་ལྡན་ཞིག་རག་རྒྱུའི་དམིགས་འབེན་ཡིན་པར་འགྲེལ་བརྗོད་གནང་འདུག འོན་ཀྱང་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་ Carrie Lam ཨ་རིའི་ཁྲིམས་གཞི་དེ་ནི་གྲོང་ཁྱེར་གྱི་ནང་ཁུལ་གྱི་བྱ་བཞག་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་ནའང་། ཧོང་ཀོང་གི་མང་གཙོ་དོན་གཉེར་གྱི་ལས་འགུལ་བ་སྐུ་ཞབས་ Joshua Wong ལགས་ཀྱིས་ཧོང་ཀོང་གི་ཡུལ་མི་ས་ཡ་ལྷག་གིས་ཁྲོམ་གཞུང་དུ་རྒྱ་ནག་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེར་ངོ་རྒོལ་བྱས་བ་བརྒྱུད་ནས་མི་མང་གིས་ཨ་རིའི་རྒྱལ་གླུ་བླངས་ཏེ་རྒྱལ་དར་འཕྱར་ཡོད་པ་ངོ་སྤྲོད་བྱས་ཏེ་ཨ་རིའི་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཡི་ཁྲིམས་གཞི་དེས་ཧོང་ཀོང་གི་མང་གཙོ་ལ་སྲུང་སྐྱོབ་ཐུབ་ཐབས་ཀྱི་སྐོར་ནས་ངོ་སྤྲོད་བྱས་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་ཨ་རིའི་ངོས་ནས་རང་གི་ཚོང་དོན་གྱི་ཁེ་དབང་ལ་བལྟས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་སྐོར་ནས་སྐད་ཆ་མ་བཤད་པ་ཡིན། ཨ་རིའི་ངོས་ནས་འཛམ་གླིང་ནང་གི་ས་ཆ་གང་དུ་ཡང་སྐད་ཆ་བཤད་རྒྱུའི་ཀུན་སྤྱོད་ཀྱི་ཁེ་དབང་ཡོངས་སུ་བརླག་པ་ཞིག་རེད་ཅེས་བརྗོད་དེ་ཨ་རིས་ངེས་པར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་སྐོར་ལ་བཀའ་མོལ་གནང་དགོས་པ་གསུངས་འདུག རྩ་བའི་འདི་ལོའི་སྤྱི་ཟླ་དྲུག་པ་ནས་བཟུང་རྒྱ་ནག་གིས་ཧོང་ཀོང་ནང་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཞིག་གཏན་འབེབས་བྱེད་རྩིས་ཀྱིས་མི་མང་ས་ཡ་མང་པོས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ལྟར།   ཐེངས་འདིའི་ཧོང་ཀོང་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་དེ་ནི་འདི་ལོ་སྤྱི་ཟླ་དྲུག་པའི་ནང་དུ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ChrisSmith ལགས་གཉིས་ཀྱིས་ངོ་སྤྲོད་གནང་བ་ཞིག་རེད་འདུག

Latest news