Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

Buckley སློབ་ཕྲུག་ཞིག་༸གོང་ས་མཆོག་དང་མཇལ་འཕྲད་སླད་འདེམས་སྒྲུག

ཨ་རི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་ White River High School ཞེས་པའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་སྐྲུན་སླད་ཐད་ལ་ཐུགས་སྣང་ཡོད་པ་བོུ་ན་ཆུང་ Natalie Gomez ལགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་མཇལ་འཕྲད་ཞུ་སླད་འདེམས་སྒྲུག་བྱུང་འདུག ཁ་སང་ཨ་རིའི་ The Courier Herald ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་ Natalie Gomez ལགས་ཝ་ཤིང་ཊོན་གྱི་སློབ་ཕྲུག་བཞི་དང་ལྷན་ཕྱི་ལོ་ ༢༠༢༠ ལོའི་བྱམས་བརྩེ་སྐུ་ཚབ་ཞེས་སྤྱི་ཚོགས་ནང་བྱམས་བརྩེའི་བརྒྱུད་མ་འོངས་འགོ་ཁྲིད་སྐྱེད་སྲིང་གནང་ཐབས་ལ་དམིགས་པའི་མངའ་སྡེའི་ལས་རིམ་ཁོངས་སུ་འདེམས་སྒྲུག་བྱུང་འདུག་པ་དང་། ཁོང་གིས་ད་རེས་༸གོང་ས་མཆོག་དང་ལྷན་མི་རབས་རྗེས་མ་ཚོར་བྱམས་བརྩེའི་སྐོར་སློབ་ཁྲིད་གནང་རྒྱུའི་ཐོག་ལམ་སྟོན་ཞུ་རྒྱུ་ཡིན་པས་གོ་སྐབས་འདི་ལྟར་བྱུང་བ་ནི་ཆེས་དགའ་ཚོར་ཡོད་པ་དང་སྒོས་ད་རེས་༸གོང་ས་མཆོག་གི་མཇལ་འཕྲད་བརྒྱུད་གཞན་ལ་བྱམས་བརྩེ་གོང་འཕེལ་སླད་རོགས་འདེགས་ཞུ་བློ་ཡོད་པ་དང་ལྷག་པར་དུ་རང་ངོས་ནས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཀྱི་རི་རབ་ཡང་འགུལ་བསྐྱོད་གཏང་ཐུབ་ངེས་ཡིན་པར་ཡིད་ཆེས་གནང་གི་ཡོད་པ་གསུངས་འདུག དེ་བཞིན་ཁོང་གིས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་སྐབས་སེམས་འགུལ་ཐེབས་འདོད་མེད་པའི་གང་ཟག་དག་ལ་སེམས་འགུལ་ཇི་ལྟར་གཏང་དགོས་པའི་ཐད་བཀའ་འདྲི་ཞུ་འདོད་ཡོད་པ་དང་། རང་ཉིད་སློབ་གྲྭ་འགྲོ་སའི་སློབ་ཕྲུག་མཚོན་པ་ཡིན་ན་ཕལ་མོ་ཆེ་བྱམས་བརྩེ་དང་། གཞན་ལ་སེམས་འགུལ་གནང་རྒྱུའི་ཐད་ལ་དོ་སྣང་ཞན་པ་དེ་ལྟར་ཡང་། སློབ་ཕྲུག་ཚོའི་དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་ཁོང་ཚོའི་བྱམས་བརྩེ་ལག་བསྟར་གནང་རྒྱུ་དང་། བྱམས་བརྩེ་བརྒྱུད་ནས་སྤྱི་ཚོགས་ནང་སེམས་འགུལ་ཐེབས་པའི་ལས་དོན་གནང་ཕྱོགས་ལ་འཚེར་སྣང་གནང་གི་ཡོད་པ་དགོངས་ཀྱི་ཡོད་པ་གསུངས་འདུག Natalie ལགས་རང་ཉིད་སླད་མར་ཕྱི་མི་གཞིས་སྤོས་ཀྱི་ཁྲིམས་རྩོད་པ་དང་སྲིད་དོན་པ་བརྒྱུད་མུ་མཐུད་གཞན་གྱི་རྒྱུད་ལ་བྱམས་བརྩེ་གོང་འཕེལ་སླད་སེམས་འགུལ་གནང་རྒྱུ་ཡིན་པ་བརྗོད་འདུག་པ་དང་ཁོང་གིས་དུས་རྒྱུན་རང་ཉིད་སློབ་གྲྭ་ཡོད་པའི་སྐབས་བརྒྱ་ཆ་ཡག་པོ་ཐོབ་ཐབས་དང་། མདུན་ལམ་ཡག་པོ་ཞིག་བཟོ་ཐབས་སོགས་ལ་དམིགས་ཀྱི་ཡོད་ཀྱང་། མི་ཚེ་ནང་མང་ཚོགས་ཀྱིས་ཁྱེད་རང་ལ་སློབ་ཡོན་འདི་དང་ཕ་གི་ཐོབ་ཡོད་པ་སོགས་དྲན་རྒྱུ་མིན་པ་དང་སྒོས་ཁྱེད་ཀྱིས་མི་གཞན་གྱི་མི་ཚེར་སེམས་འགུལ་ཇི་ལྟར་གཏང་ཡོད་པ་དྲན་དགོས་གལ་ཡིན་པ་གསུངས་འདུག སྤྱིར་ Natalie ལྟ་བུར་མཚོན་ན་སྤུན་སྲིང་ལྔ་ཡོད་པའི་ཁོངས་ནས་ཁོ་མོ་ཆེ་ཤོས་ཆགས་ཀྱི་འདུག་པ་དང་ཁོང་གིས་རང་ཉིད་སྤུན་སྲིང་ལྔ་ལས་ཆེ་ཤོས་ཤིག་ཡིན་རྐྱེན་བྱམས་བརྩེ་དེ་སོ་སོ་ངོས་ནས་ལག་བསྟར་ཐུབ་ཐབས་ཡོང་གི་མེད་སྟབས། དེ་འབྲེལ་ལག་བསྟར་སླད་དེའི་ཐབས་ལམ་སོགས་ངེས་པར་དུ་ཤེས་དགོས་པ་དང་སྦྱང་དགོས་པ་གསུངས་འདུག གཞི་རྩའི་བྱམས་བརྩེའི་སྐུ་ཚབ་རྣམ་པ་ཟླ་བ་ ༡༡ ཚེས་ ༦ ནས་ ༡༢ བར་༸གོང་ས་མཆོག་མཇལ་འཕྲད་དང་།  བོད་ཕྲུག་ཁྱིམ་སྡེ། སྒྲོལ་མ་གླིང་བཙུན་དགོན། སྙིང་སྟོབས་གླིང་། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། སྨན་རྩིས་ཁང་སོགས་སུ་སྐོར་བསྐྱོད་གནང་རྒྱུ་ཡིན་པ་དང་། Natalie ལགས་ཀྱིས་རང་ཉིད་ནས་སྐོར་བསྐྱོད་དེ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ལུགས་འགྲོ་སྟངས་སོགས་ལ་ཤེས་འདོད་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པར་བྱམས་བརྩེ་གཙོ་བཟུང་གིས་ལས་དོན་ཇི་ལྟར་གནང་གི་ཡོད་མེད་ཐད་ལ་བཀའ་འདྲི་ཞུ་འདོད་ཡོད་པ་གསུངས་འདུག རྩ་བའི་ད་རེས་༸གོང་ས་མཆོག་དང་བྱམས་བརྩེ་སྐུ་ཚབ་དབར་མཇལ་འཕྲད་དེ་ཁུལ་དེའི་མངའ་སྡེ་སྲིད་སྐྱོང་གཞོན་པའི་ལས་ཁུངས་དང་། Association of Washington Generals ཞེས་པའོ་ཚོགས་པ་ནས་གོ་སྒྲིག་ཞུས་པ་དང་། ༸གོང་ས་མཆོག་གི་མཇལ་འཕྲད་རྗེས་སྐུ་ཚབ་རྣམ་པ་ཕྱིར་རང་ཡུལ་དུ་ཕེབས་རྗེས་ Association of Washington Generals ཚོགས་པ་ནས་སྐུ་ཚབ་རྣམ་པར་སོ་སོའི་སྤྱི་ཚོགས་ནང་བྱམས་བརྩེ་དང་འབྲེལ་ལས་འཆར་གོ་སྒྲིག་ཞུ་རྒྱུ་ཐད་ལ་རོགས་རམ་གནང་རྒྱུ་ཡིན་པ་རེད་འདུག

ཐེའི་པའི་གྲོང་སྡེའི་སྤྱི་ཁྱབ་པས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་བཀའ་མོལ་ལ་ས་གནས་བོད་མིས་སྐྱོན་བརྗོད།

ཐེ་ཝན་མི་མང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་ཐེའི་པའི་གྲོང་སྡེའི་སྤྱི་ཁྱབ་པ་ Ko Wen-je ཡིས་ཉེ་ལམ་སྤྱི་ཚོགས་ནང་རང་ཤི་རྒྱག་མཁན་མང་དུ་འགྲོ་བཞིན་པའི་གནད་དོན་དང་འབྲེལ། རང་སྲོག་བཅད་མཁན་ཚོར་ཁྱད་གསོད་ལྟ་བུའི་བཀའ་མོལ་གནང་སྟངས་ཤིག་གི་འགྲོས་ལ་འབྲེལ་ཡོད་ཚོགས་སྡེ་ཁག་གཅིག་ནས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་པ་མ་ཟད་ཁོང་གིས་སྐབས་དེར་ད་དུང་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནད་དོན་འབྱུང་བཞིན་པའི་ཐོག་བཀའ་མོལ་གནང་སྟངས་ཤིག་ལ་ས་གནས་བོད་མི་རྣམས་ནས་ཀྱང་སྐྱོན་བརྗོད་ཤུགས་ཆེ་གནང་འདུག སྐུ་ཞབས་ཀོ་ལགས་ཀྱིས་དེ་རིང་རང་ཉིད་ཀྱི་རྒྱབ་སྐྱོར་བ་ཁག་གཅིག་དང་ཐུགས་འཕྲད་སྐབས་སུ་ཐེའི་པའི་གྲོང་སྡེའི་ནང་ལོ་ཤས་གོང་ནས་རང་ལུས་མེར་བསྲེགས་གནང་བའི་རྐྱེན་གྱིས་ཁང་པར་མེར་འཚིག་པའི་གནས་ཚུལ་མང་དག་ཅིག་འཐོན་བཞིན་སྐོར་གསུངས་པ་དང་སྦྲགས། གལ་ཏེ་གང་ཟག་སུ་ཞིག་རང་བསྲེག་གནང་འདོད་ཡོད་ཚེ་རྒྱུག་ཆུའི་ཟུར་གྱི་གླིང་ཁ་ལྟ་བུ་མི་མེད་གནས་དབེན་པར་གནང་བ་ལས་འདུ་ཚོགས་ཆེ་སར་མ་གནང་རོགས་ཞེས་གསུངས་པ་མ་ཟད། ཁང་པའི་ནང་རང་ལུས་མེར་བསྲེག་གཏང་བ་ལས་གཉིད་སྨན་སྤྱོད་ནས་རང་སྲོག་བཅད་ན་ལེགས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། མ་ཟད་ཁོང་གིས་སྐབས་དེར་གཏམ་བཤད་ཀྱི་ཞོར་ལ་བོད་ནང་གི་རང་ལུས་མེར་བསྲེགས་གནང་བའི་གནད་དོན་ལུང་འདྲེན་དང་འབྲེལ་ཏེ་བོད་ནང་ལ་དགེ་འདུན་པ་མང་དག་ཅིག་གིས་བོད་དོན་ཆེད་དུ་རང་བསྲེགས་གནང་སྟེ་རང་ཤི་རྒྱག་གི་ཡོད་པ་དེ་རིམ་བཞིིན་དར་སྲོལ་ལྟ་བུར་གྱུར་ཡོད་ཅེས་གསུངས་ཏེ་ད་ལྟའི་ཆར་བོད་མི་བརྒྱ་ལྷག་གིས་རང་བསྲེགས་གནང་ཡོད་པ་དེས་རྒྱ་ནག་གཞུང་ལ་དཀའ་རྙོག་ཧ་ཅང་ཆེན་པོ་བཟོས་ཡོད་པ་དང་། རང་སྲེག་ནི་རང་ཤི་རྒྱག་རྒྱུའི་ཐབས་ལམ་ཡག་ཤོས་དེ་མ་རེད་ཅེས་གསུངས་འདུག སྐུ་ཞབས་ཀོ་ལགས་ཀྱིས་བཀའ་མོལ་དེ་ལྟར་གནང་མ་ཐག་ཏུ་ཐེ་ཝན་གྱི་ Society of Suicidology དང་ Society of Psychiatry དེ་བཞིན་ཐེ་ཝན་སེམས་ངལ་འགོག་པའི་ཚོགས་པ་གསུམ་གྱིས་ཁོང་ནས་བཀའ་མོལ་གནང་ཕྱོགས་དེར་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། ཆབ་སྲིད་པ་དང་མི་མང་ཚོས་རང་ཤི་རྒྱག་མཁན་ཚོར་སྐྱོན་བརྗོད་དང་ཁོ་ཚོར་ཁྱད་གསོད་རིགས་མ་གནང་བར་དེའི་ཚབ་ཏུ་བྱམས་བརྩེའི་ཐོག་ནས་རང་ཤི་རྒྱག་རྒྱུའི་ལས་དོན་འགོག་ཐབས་གནང་དགོས་པའི་ནན་སྐུལ་གནང་འདུག ཚོགས་པ་དེ་དག་གིས་ད་དུང་ཐེ་ཝན་ནང་ The Suicide Prevention Act ཞེས་པ་རང་ཤི་རྒྱག་རྒྱུར་སྔོན་འགོག་གི་ཁྲིམས་གཞི་དེ་ལག་བསྟར་བྱས་ནས་ལོ་ངོ་ ༡༤ ཕྱིན་ཡོད་སྐོར་གསུངས་ཏེ་རང་ཤི་རྒྱག་རྒྱུའི་གནད་དོན་དེ་འཛམ་གླིང་སྤྱིའི་གནས་དོན་ཞིག་ཡིན་པ་དང་། དེས་ན་དབུས་གཞུང་དང་འཛིན་སྐྱོང་། སྤྱི་ཚོགས་བདེ་འཇགས། འཕྲོད་བསྟེན་གྱི་སྡེ་ཁག དེ་བཞིན་མང་ཚོགས་སོགས་ཁྱོན་ཡོངས་ཀྱིས་ཐུགས་འཁུར་ཆེ་བཞེས་ཀྱིས་གནད་དོན་དེ་རིགས་སྔོན་འགོག་གནང་དགོས་གལ་ཡིན་པ་གསུངས་མ་ཟད། སྐབས་རེ་རང་ཤི་རྒྱག་པའི་གནད་དོན་བྱུང་སྐབས་མང་ཚོགས་ཀྱི་བདེ་འཇགས་ལ་བརྡབས་སིག་འགྲོ་ཡོད་ཀྱང་གཞུང་དང་མང་ཚོགས་ནས་དེ་འབྲེལ་ཐོག་བྱམས་སྐྱོང་གི་རྣམ་པ་མང་བ་ཆེད་འདོན་གནང་སྟེ་ཁོ་ཚོར་རྒྱབ་སྐྱོར་དང་ལས་དོན་དེ་རིགས་སྔོན་ཚུད་ནས་འགོག་ཐབས་གནང་བ་ལས་སྐྱོན་བརྗོད་རིགས་གནང་རྒྱུ་མེད་པའི་གཞེན་སྐུལ་གནང་འདུག དེ་བཞིན Human Rights Network for Tibet and Taiwan ཞེས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ངོས་ནས་ཀྱང་ཐེའི་པའི་གྲོང་སྡེའི་སྤྱི་ཁྱབ་པ་ Ko Wen-je ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ཆབས་ཅིག བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མི་དག་ལ་དྲག་གནོན་བཟོད་པར་དཀའ་བ་བྱས་དང་བྱེད་པའི་གནས་སྟངས་དེ་དག་ལ་མི་འདོད་པའི་རྣམ་པ་མངོན་གསལ་གནང་ཆེད་དུ་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་བཏང་གིས་རང་སྲེག་གི་ཐབས་ལམ་སྤྱོད་པ་ལས་དེ་དར་སྲོལ་ལམ་དཔེ་གསར་གྱི་གནད་དོན་གང་ཡང་མིན་པའི་འགྲེལ་བརྗོད་གནང་འདུག གང་ལྟར་ཐེའི་པའི་ས་གནས་གཞུང་གི་མགྲིན་ཚབ་པ་གཞོན་པ་ Tai Yu-wen ཡིས་ད་རེས་ཚོགས་པ་ཁག་གིས་སྐུ་ཞབས་ Ko Wen-je  ནི་སྨན་པ་ཞིག་ཡིན་པས་རྣམ་ཀུན་ནས་གྲངས་ཉུང་མི་རིགས་དག་གི་གནས་བབས་ལ་ཐུགས་སྣང་གནང་མཁན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ། ཁོང་གི་ངོས་ནས་ཚོགས་པ་དེ་དག་གི་ལམ་སྟོན་ལ་དགོངས་བཞེས་དང་ལྷག་པར་དུ་སྤྱི་ཚོགས་ཁྲོད་གནད་དོན་དེ་འབྲེལ་ངལ་བ་སེལ་བར་ས་གནས་ཀྱི་འབྲེལ་ཡོད་ཚོགས་པ་ཁག་དང་འབྲེལ་བ་འཛུགས་ཐབས་ངེས་པར་དུ་གནང་གི་རེད་ཅེས་གསུངས་འདུག གཞི་རྩའི་སྐུ་ཞབས་ཀོ་ལགས་ཀྱིས་ཐེའི་པའི་ནང་ཕྱི་ལོ་ ༢༠༡༧ ལོར་འགྲིམ་འགྲུལ་གྱི་དོན་རྐྱེན་ཁྲོད་གྲོངས་པའི་བརྒྱ་ཆ་དེ་ཧ་ཅང་ཉུང་ཉུང་ཆགས་ཡོད་པ་དེ་ལྟར་ཡང་། ལོ་སྔོན་མ་དང་འདི་ལོར་གྲངས་འབོར་དེ་ཧ་ཅང་འཕར་བ་དང་། དེའང་སྤྱི་ཚོགས་ཁྲོད་ནས་མཐའ་ཟུར་གནས་པའི་གང་ཟག་དང་མྱོས་རྫས་ངན་གོམས་སྤྱོད་མཁན་འབའ་ཞིག་གི་རྐྱེན་པས་ཡིན་སྐོར་བཤད་པ་དང་ཆབས་ཅིག་ཏུ་ཁོང་གིས་རང་སྲེག་གི་གནད་དོན་སྐོར་གྱི་བཀའ་མོལ་དེ་ནི་གཙོ་བོ་རང་ཤི་རྒྱག་སྟངས་ཀྱི་ཐབས་ལམ་དེས་གཞན་ལ་དོ་ཕོག་ཚབས་ཆེན་བཏང་གི་ཡོད་རྐྱེན་གསུངས་ཡོད་པ་ཞིག་ཡིན་སྐོར་དག་སེལ་གནང་འདུག  

འཛམ་གླིང་གི་ཐོག་འཕྲད་བཞིན་པའི་དཀའ་ངལ་རྣམས་ཤེས་ཡོན་གྱི་ཐོག་ནས་སེལ་ཐབས་གནང་དགོས།

༸གོང་ས་མཆོག་དབུ་བཞུགས་ཐོག་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་ཁུར་བ་ཁག་གིས་དམིགས་བསལ་མཇལ་མོལ་ལྷན་ཚོགས་ཐེངས་བཞི་པ་དབུ་འཛུགས་གནང་སོང་། དེ་རིང་ཟླ་ ༡༠ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཚོུད་ ༩ སྟེང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་ཁུར་བ་ཁག་ཅིག་དང་ལྷན་དུ་དམིགས་བསལ་མཇལ་མོལ་གྱི་ལྷན་ཚོགས་ཐེངས་བཞི་པ་དབུ་འཛུགས་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་གི་ཐོག་འཕྲད་བཞིན་པའི་དཀའ་ངལ་རྣམས་ཤེས་ཡོན་གྱི་ཐོག་ནས་སེལ་ཐབས་གནང་དགོས་པའི་ལམ་སྟོན་བཀའ་དྲིན་སྩལ་སོང་། དེ་ཡང་ཨ་རིའི་ནང་རྟེན་གཞི་བྱས་པའི་ United States Institute of Peace ཞེས་པའི་ཞི་བདེའི་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༦ ལོ་ནས་དེང་སྐབས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཆེས་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པའི་ཡུལ་གྲུ་ཁག་ཅིག་གི་གཞོན་སྐྱེས་འགོ་ཁྲིད་མི་ཉུང་བ་ཞིག་བསྡུ་སྐོང་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ Afghanistan དང་ Tunisia དེ་བཞིན་འབར་མ། སོ་མཱ་ལི་ཡ། སིརྱ། Vanezuela དང་ Nigeria Libya Iraq Colombia ལྷོ་སུ་དཱན་སོགས་རྒྱལ་ཁབ་མི་འདྲ་བ་ ༡༢ ལྷག་གི་གཞོན་སྐྱེས་གྲངས་ ༢༦ ལྷན་ཞུགས་གནང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ཚོགས་བཅར་བ་དང་འབྲེལ་ཡོད་ཡོངས་ལ་འཚམས་འདྲི་དང་འབྲེལ། འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་རྣམས་གཅིག་ལ་གཅིག་རྟེན་ཐོག་འཚོ་སྡོད་བྱེད་བཞིན་པའི་སྤྱི་ཚོགས་གཅིག་གི་མི་ཡིན་པ་གཅིག་མཚུངས་ཡིན་ཡང་། མི་རྣམས་རིམ་པའི་འཚར་ལོང་བྱུང་སྐབས་ང་དང་ཁོ། ངའི་རྒྱལ་ཁབ་དང་ཁོའི་རྒྱལ་ཁབ་སོགས་དབྱེ་འབྱེད་ཀྱི་བསམ་བློ་ཆེ་རུ་ཕྱིན་ཏེ་འཛམ་བུ་འདིའི་ཐོག་ལ་དཀའ་ངལ་འདྲ་མིན་བཟོ་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། དཀའ་ངལ་དེ་དག་གཙོ་བོ་ང་ཚོར་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་ཆུང་དྲགས་་པའི་དབང་གིས་ཡོང་གི་ཡོང་གི་ཡོད་པ་བཀའ་སྩལ་སོང་། ལྷག་པར་དུ་མགོན་པོ་གང་ཉིད་མཆོག་ནས། དཀའ་ངལ་དེ་དག་སེལ་ཐབས་ཀྱི་ཐབས་ལམ་བཟང་ཤོས་དེ་ནི་དེང་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་ལ་བསྒྱུར་བཅོས་ཤིག་བཏང་སྟེ། འཚར་ལོང་བྱུང་བཞིན་པའི་མི་རབས་ཚོར་འགྲོ་བ་མིའི་གཅིག་གྱུར་གྱི་བསམ་བློ་དང་། མིའི་ཐུན་མོང་མ་ཡིན་པའི་རིན་ཐང་ཐོག་སློབ་ཁྲིད་ཤུགས་ཆེར་གནང་དགོས་པའི་ལམ་སྟོན་གནང་ཡོད། དེ་བཞིན་སྐབས་དེར་གཞོན་སྐྱེས་ཚོགས་བཅར་ཁག་ཅིག་ནས་སོ་སོའི་རྒྱལ་ཁབ་ནང་བྱུང་པའི་དམག་འཁྲུག་ཁྲོད་ཕ་མ་སྤུན་མཆེད་བསད་ པའི་གནས་སྟངས་དང་། མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་སོགས་ལས་འཕྲོས་ཏེ་༸གོང་ས་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་སོང་བ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་ནས། སོ་སོའི་ཕ་མ་སྤུན་མཆེད་བཤད་མཁན་ཞིག་ཡིན་ཡང་། དེ་ལ་དྲགས་པོའི་ཐོག་ནས་དགྲ་ལན་སློག་པ་ཡིན་ན་དཀའ་ངལ་སེལ་ཐབས་མེད་པ་མ་ཟད་རིམ་པའི་དགྲ་བོ་མང་དུ་འགྲོ་རྒྱུའི་རྒྱུ་ཞིག་ཡིན་སྟབས། དུས་རྟག་ཏུ་སོ་སོའི་དགྲ་བོ་ལ་སྙིང་རྗེ་དང་བཟོད་པ་སྒོམ་པའི་ཐོག་འཚེ་བ་མེད་པའི་གྲོས་མོལ་གྱི་ལམ་ནས་དཀའ་ངལ་ཞི་སྒྲིག་ཡོང་ཐབས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་གནང་ཚེ་དེ་རིང་གི་དགྲ་བོ་དེ་རིམ་བཞིན་རང་ཉིད་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཏུ་འགྱུར་ཐུབ་པའི་དགེ་མཚན་ཡང་ཡོད་ཅེས་བཀའ་འགྲེལ་གནང་སོང་། མ་ཟད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་འདྲ་མིན་ཁག་ལ་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་གཞི་རྩའི་བསླབ་བྱ་གཙོ་བོ་དེ་ནི་བྱམས་རྩེ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་སྟབས་ཆོས་ལུགས་མི་འདྲ་བའི་དབར་ཕན་ཚུན་དབྱེ་འབྱེད་གནང་རྒྱུ་མེད་པ་དང་། ཕྱི་དངོས་པོ་ཡར་རྒྱས་ཚད་མཐོན་པོར་འགྲོ་བཞིན་པའི་སྐབས་འདིར་མིའི་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་མིས་བཟོས་པ་ཞིག་ཡིན་སྟབས། དཀོན་མཆོག་དང་ལྷ་སོགས་ལ་དཀའ་ངལ་སེལ་རོགས་ཞེས་སྨོན་ལམ་ཁོ་ན་བཏབས་ཏེ་བཞུགས་ན་གྲུབ་འབྲས་སོན་རྒྱུ་མེད་པས། ང་ཚོ་མིས་བཟོས་པའི་དཀའ་ངལ་དེ་དག་ང་ཚོ་མི་རྣམས་ཀྱིས་སེལ་ཐབས་གནང་དགོས་པ་དང་། དེ་ཡང་གཞོན་སྐྱེས་ཚོས་ཤེས་ཡོན་དང་བསམ་བློ་གུ་ཡངས་ཀྱི་ཐོག་ནས་མིས་བཟོས་པའི་དཀའ་ངལ་དེ་ཚོའི་ཐོག་དོ་སྣང་ཆེ་ཙམ་གནང་ཐུབ་ན། ལོ་ངོ་ཉི་ཤུ་དང་སུམ་ཅུའི་མཚམས་སུ་འཛམ་བུ་གླིང་འདི་མི་འདྲ་བ་ཞིག་བཟོ་ཐུབ་ངེས་རེད་སོགས་ཀྱི་བཀའ་སློབ་ལམ་སྟོན་རྒྱ་ཆེར་གནང་ཡོད། གཞི་རྩའི་ཐེངས་འདིའི་ལྷན་ཚོགས་ཐོག་ཕེབས་པའི་གཞོན་སྐྱེས་རྣམས་ཀྱི་ལུང་པའི་ནང་དམག་འཁྲུག་དང་རྩོད་རྙོག་འདྲ་མིན་བྱུང་ཡོད་སྟབས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཁྲུག་རྩོད་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་སུ་གཞོན་སྐྱེས་རྣམས་སེམས་ཤུགས་མ་ཆགས་པར་གནད་དོན་གང་འདྲ་ཞིག་ཡིན་ཡང་དྲང་པོ་དང་ལྷག་བསམ་ལྡན་པའི་གདོང་ལེན་གནང་ན་ཉིན་ཞིག་རྒྱལ་ཁ་ཐོབ་ངེས་ཡིན་པའི་ལམ་སྟོན་སོགས་ཀྱང་གནང་སོང་། གཞི་རྩའི་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་ཁུར་བ་ཁག་ཅིག་དང་ལྷན་དུ་གནང་བཞིན་པའི་དམིགས་བསལ་མཇལ་མོལ་གྱི་ལྷན་ཚོགས་ཐེངས་བཞི་པ་འདི་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་འཚོགས་ཀྱི་ཡོད་པ་རེད།

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༩ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་ཟླ་ ༡༠ ཚེས་ ༢༣ ཉིན་བཞུགས་སྒར་རྡ་སྟེང་བོད་ཁྱིམ་དུ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༩ འཁོར་བའི་དུས་དྲན་སྲུང་བརྩི་དང་སྦྲགས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་སོང་། དེ་ཡང་དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་ཚིགས་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཛད་གཙོ་རྣམས་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། དགེ་ལས་སློབ་ཕྲུག་རྣམས་པ། བོད་ཕྲུག་ཁྱིམ་སྡེར་མི་ལོ་ཉི་ཤུ་ལྷག་ལ་ཞབས་ཞུ་བསྒྲུབས་པའི་དགེ་རྒན་ ༢༠ ལྷག་དང་བོད་ཕྲུག་ཁྱིམ་སྡེ་སློབ་ཕྲུག་ལས་ཟུར་དང་མི་མང་སོགས་མཉམ་འཛོམས་གནང་སོང་། སྐབས་དེར་སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གིས། ༸གོང་ས་མཆོག་གི་ཐུགས་རྗེ་བླ་ན་མེད་པའི་འོག་བཙན་བྱོལ་དུ་མ་འོངས་བོད་ཀྱི་མདུན་ལམ་ཆེད་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པ་དང་། བོད་ཕྲུག་ཁྱིམ་སྡེ་ཐོག་མ་ནས་བཟུང་སྟེ་སྐུ་ལས་ཚད་མེད་བསྐྱོན་མཁན་༸སྐུའི་གཅེན་མོ་ཞིང་གཤེགས་དམ་པ་ཚེ་རིང་སྒྲོལ་མ་ལགས་དང་༸སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་གཙོ་བོར་བྱས་པའི་དགེ་ལས་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། སློབ་ཕྲུག་དང་དགེ་རྒན་རྣམས་ཀྱིས་བོད་མི་རིགས་ཀྱི་བསྟན་པ་དང་ཆབ་སྲིད་འཛིན་སྐྱོང་དགོས་པ་དང་། ལྷག་པར་དུ་དེའི་ཁྲོད་དགེ་རྒན་ནི་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་དང་ཆབས་ཅིག་ཏུ། སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་ཞིག་དགོས་སྐོར་བཅས་དགེ་རྒན་དང་སློབ་ཕྲུག་དབར་གྱི་འབྲེལ་བ་དང་། དེའི་གལ་གནད་སྐོར་བཀའ་སློབ་གནང་སོང་། དེ་བཞིན་རིན་པོ་ཆེ་མཆོག་གིས། བཙན་བྱོལ་ནང་བོད་མི་འབུམ་ལྷག་ཡོད་པ་རྣམས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུ་དང་། སོ་སོ་རང་ངོས་ནས་མི་སྤྱི་དང་མཐུན་ལམ་གནང་བའི་ཐོག་ནང་ཁུལ་མཐུན་སྒྲིལ་དང་། སྤྱི་ཚོགས་ནང་གོང་དུ་ཕྱག་ལས་གནང་མཁན་ཚོར་བརྩི་བཀུར་དང་ཆེ་མཐོང་གནང་དགོས་པ་མ་ཟད། ལྷག་པར་དུ་སློབ་ཕྲུག་རྣམས་ཀྱིས་རང་ལ་འཁྲི་བའི་ལས་འགན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་གནང་བར་ཐུགས་སྣང་གནང་དགོས་སྐོར་གྱི་བཀའ་སློབ་གནང་སོང་། མ་ཟད། སྲིད་སྐྱོང་མཆོག་གིས་སྐབས་དེར། བོད་མི་སྐྱབས་བཅོལ་བ་རྣམས་༸གོང་ས་མཆོག་དང་བཙན་འབྱོལ་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས། བོད་ཕྲུག་ཚོར་སློབ་གྲྭའི་མཐུན་རྐྱེན་སྦྱོར་ཐུབ་པ་བྱུང་ཡོད་པ་དང་། ད་ཆ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་ལ་མཚོན་ན་སྐྱབས་བཅོལ་བ་ས་ཡ་ ༡༩ ལྷག་ཡོད་པ་དེའི་ཁྲོད་ས་ཡ་ ༧ ལྷག་སློབ་གྲྭར་འགྲོ་ཐུབ་པའི་ཕྲུ་གུ་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། ས་ཡ་ ༤ ལྷག་ད་ཆ་ཡང་སློབ་གྲྭར་གཏོང་ཐུབ་ཀྱི་མེད་སྟབས། ང་ཚོ་བོད་མིའི་སྐྱབས་བཅོལ་བ་ནི་འཛམ་གླིང་གཞན་གྱི་སྐྱབས་བཅོལ་བ་དང་བསྡུར་ན་སློབ་གྲྭའི་མཐུན་རྐྱེན་དང་ཤེས་ཡོན་གྱི་གནས་ཚད་སོགས་སྐྱབས་བཅོལ་གཞན་ལས་ལྷག་པ་ཡོད་སྐོར་གསུངས་པ་དང་། ཤེས་ཡོན་གྱི་མཐུན་རྐྱེན་ལེགས་པོ་དེའི་འོག་བོད་ཕྲུག་རྣམས་ཀྱིས་སྔར་ལྷག་ཧུར་བརྩོན་གནང་བའི་ཐོག་སྤྱི་ཚོགས་ཞབས་ཞུ་དང་འཛམ་གླིང་སྤྱི་ཡོངས་ལ་ཕན་པའི་ལས་དོན་བསྒྲུབ་དགོས་པ་གསུངས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྤྱི་འཐུས་ཀྱི་གསུང་བཤད་སྩལ་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་ལྟར་སླད་མར་བོད་ཁྱིམ་འབྲེལ་ཡོད་རྣམས་པས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་དེ་ཉིད་ཁྱབ་ཁོངས་སློབ་གྲྭ་ཁག་ནང་ཕྱག་བསྟར་མཐིལ་ཕྱིན་པ་དམིགས་དཔེར་འོས་པ་གནང་རྒྱུ་གསལ་འདེབས་ནན་པོ་ཞུས་པ་མ་ཟད། དགེ་ལས་ཕ་མ་ཡོངས་ནས་སློབ་ཕྲུག་རྣམས་ཀྱི་ལུས་སེམས་འཚར་ལོངས་བདེ་སྐྱིད་དང་བཅས་ལ་ཐུགས་སྣང་གནང་དགོས་པའི་སྐུལ་མ་ཞུས་སོང་།

རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་ཏུ་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་འཚོགས་མི་ཆོག་པའི་ཞུ་སྐུལ།

དེ་རིང་གསར་ལམ་ཁག་ཏུ་གསར་འགྱུར་ཐོན་པ་ལྟར་ན།   FIFA  ཞེས་པའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ཆེ་ཤོས་ཀྱི་འཛིན་སྐྱོང་སྡེ་ཚན་གྱིས་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་སྤྱི་ལོ་  ༢༠༢༡ ལོར།  FIFA club world cup ཞེས་པའི་གླིང་ཕྲན་སོ་སོའི་རྐང་སྤོལ་རུ་ཁག་རྩེ་ཕུད་ཀྱི་འགྲན་ཚོགས་དེ་རྒྱ་ནག་ཏུ་འཚོགས་རྒྱུ་ཡིན་སྐོར་གསལ་བསྒྲགས་བསྐྱངས་བ་ལྟར།   ཁ་སང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ངོས་ནས་རྒྱ་ནག་དུ་རྐང་སྤོལ་འགྲན་བསྡུར་དེ་འཚོགས་ན་འོས་བབ་མེད་པར་བརྟེན་ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་བའི་ཞུ་སྐུལ་གནང་འདུག རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་དབྱིན་ཡུལ་གྱི་སྲིད་བྱུས་དང་འཛིན་སྐྱོང་གི་འགན་འཛིན།  སྐུ་ཞབས་ Allan Hogarth ལགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཡ་ང་བའི་གནས་སྟངས་ཀྱི་འོག་ཏུ་ཡོད་པར་བརྟེན།  སྤྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ཏེ་རྒྱ་ནག་ཏུ་འཚོགས་གཏན་འཁེལ་ཚེ། རྒྱ་ནག་གིས་གོ་སྐབས་དེ་འཇུས་བའི་ཐོག་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གཟིགས་ཕྱོགས་ཡག་པོ་མེད་པ་དེར་འགྱུར་བ་གཏོང་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་ཏེ།  རྒྱ་ནག་ལ་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་གོ་སྒྲིག་ཞུ་རྒྱུའི་ཆ་རྐྱེན་ཚང་མེད་སྐོར་ཡོངས་གྲགས་གནང་འདུག ཁོང་གིས་ད་དུང་།  རྩ་བའི་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་ནི་མུན་ནག་རང་བཞིན་ཀྱི་བཀག་སྡོམ་དང་། སྲིད་གཞུང་གི་ལྟ་བ་དང་མི་མཐུན་པ་རྣམས་འཛིན་བཟུང་།  དེ་བཞིན་ཡུ་གུར་བ་སྟོང་ཕྲག་མང་པོ་བཀག་སྐྱིལ་བྱས་ཡོད་ནའང་། ཐེངས་འདིའི་རྐང་སྤོལ་རྩེད་འགྲན་གྱི་གོ་སྐབས་དེ་བརྒྱུད་ནས་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་རྒྱ་ནག་གི་རྒྱལ་ཁབ་ནི་བཟོད་བསྲན་དང་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ཡིན་པའི་རྣམ་པ་ཕྱིར་སྟོན་རྒྱུ་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་ཏེ།   རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ནི་ཡ་ང་བའི་གནས་བབ་ཀྱི་འོག་ཏུ་ཡོད་པར་བརྟེན།  FIFA རྐང་སྤོལ་རྩེད་འགྲན་གྱི་འཛིན་སྐྱོང་གིས་ངེས་བར་དུ་རྒྱ་ནག་ལ་གནོད་ཤུགས་སྤྲད་པའི་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་བར་བརྗོད་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི།   སྐུ་ཞབས་ Rick Scott  ལགས་ཀྱིས་ཀྱང་ཐེངས་འདིའི་རྐང་སྤོལ་འགྲན་ཚོགས་རྒྱ་ནག་ཏུ་སྐོང་རྒྱུ་ཡིན་པའི་གནས་ཚུལ་དང་འབྲེལ་ནས། FIFA ཚོགས་པ་ལ་སྐྱོན་བརྗོད་བྱས་པ་མ་ཟད།  རྒྱལ་སྤྱའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ཏུའང་ཞུ་ཡིག་ཅིག་ཕུལ་ཏེ།   རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཉམ་ང་བའི་གནས་བབ་ཅིག་ཏུ་ཡོད་པ་མ་ཟད།  རྒྱ་ནག་གིས་ཉེ་སྔོན་ NBA ཞེས་པའི་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་Houston Rockets རུ་ཁག་གི་འགན་འཛིན་སྐུ་ཞབས་ Daryl Morey ལགས་ཀྱི་ཚིག་བརྗོད་དང་འབྲེལ་བའི་རྙོག་གླེང་བསླངས་ཡོད་པར་བསྒྲགས་ཏེ།  རྒྱ་ནག་གིས་ཁྲིམས་མཐུན་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ཆ་རྐྱེན་མ་ཚང་བར་དུ།  སྤྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ཏུ་འཚོགས་པར་འོས་བབ་མེད་སྐོར་འགྲེལ་བརྗོད་གནང་འདུག གསར་ཁང་གི་ངོས་ནས་ཀྱང་། རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་དེ་རྒྱ་ནག་ཏུ་སྐོང་འཚོགས་བྱེད་རྒྱུའི་ཁྱབ་བསྒྲགས་དང་ལྷན་དུ།  རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་། སྒོས་སུ་རྒྱ་ནག་གིས་ཡུ་གུར་བ་བཀག་སྡོམ་དང་ཧོང་ཀོང་གི་མང་གཙོའི་ལས་འགུལ་བར་དམ་དྲག་སོགས་ཀྱི་ཐད་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པར་འཁོད་འདུག རྩ་བའི་སྤྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ཏུ་རུ་ཁག་ ༢༤ ཞུགས་རྩིས་ཡོད་པ་དང་།  དེ་དག་ལས་རུ་ཁག་བརྒྱད་ནི་སྔོན་ཆད་རྐང་སྤོལ་འགྲན་བསྡུར་ལས་རྣམ་པར་རྒྱལ་བའི་རུ་ཁག་རྐྱང་ཡིན་པ་མ་ཟད།   ཡོ་རོབ་ནང་གི་རྐང་སྤོལ་རུ་ཁག་གྲགས་ཅན། Liverpool དང་Chelsea གཉིས་ཀྱང་ཐེངས་འདིའི་རྒྱལ་སྤྱིའི་རྐང་རྩེད་འགྲན་བསྡུར་ལ་ཞུགས་རྩིས་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་ཁེ་ན་ཌའི་སྲིད་བློན་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ Justin Trudeau མཆོག་གི་ Liberal Party འམ་གུ་ཡངས་ཆབ་སྲིད་ཚོགས་པར་སླར་ཡང་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུག དེ་རིང་༸གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་ཁེ་ན་ཌ་གཞུང་ནས་འཛམ་གླིང་ཁྲོད་དཀའ་ངལ་འཕྲད་པའི་མི་འབོར་མང་དག་ཅིག་ལ་བྱམས་བརྩེའི་ཀུན་ནས་བསླངས་པའི་འདུ་ཤེས་ཐོག་ནས་སྐྱབས་བཅོལ་བའི་གནས་བབ་སྤྲོད་བཞིན་པར་ཡི་རངས་བསྔགས་བརྗོད་མཛད་པ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་ཁེ་ན་ཌའི་མི་སེར་ཞིག་ཡིན་པའི་ཆ་ནས་ཁེ་ན་ཌའི་གཞུང་ནས་འགྲོ་བ་མིའི་འདུ་ཤེས་ཀྱིས་སྐྱབས་བཅོལ་བར་བློ་རྒྱ་ཡངས་པོའི་ཐད་ནས་ཕྱག་རོགས་གནང་བར་ཐུགས་སྤོབས་ཆེན་པོ་ཡོད་སྐོར་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་ཁེ་ན་ཌའི་ནང་ལོ་མང་རིང་ཆིབས་བསྒྱུར་བསྐྱངས་པའི་ཁྲོད་རྒྱལ་ཁབ་དེའི་མི་མང་ནས་མཛའ་བརྩེའི་འདུན་པ་ཤུགས་ཆེ་བསྟན་པ་དེས་མགོན་པོ་མཆོག་གི་ཐུགས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པར་བཀའ་བསྩལ་བ་མ་ཟད། ཁེ་ན་ཌ་གཞུང་མང་གཉིས་ཀྱི་ངོས་ནས་ཕྱི་ལོ་ ༡༩༧༠  འགོ་སྟོད་ནས་བཟུང་ཁུལ་དེར་བོད་མི་སྐྱབས་བཅོལ་བ་ཚོར་གཞིས་ཆགས་རྒྱུར་རོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ཁེ་ན་ཌ་ནང་ཡོད་པའི་བོད་མི་རྣམས་ནས་མི་རིགས་དང་རིགས་གནས་སྣ་མང་འདུས་པའི་ཁེ་ན་ཌའི་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ལེགས་སྐྱེས་རྒྱ་མི་ཆུང་བ་ཞིག་བསྒྲུབས་དང་སྒྲུབ་བཞིན་པར་ཐུགས་དགྱེས་ཚོར་བྱུང་ཡོད་པ་བཀའ་བསྩལ་མཛད་འདུག ད་རེས་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་རྒྱལ་ཁབ་འདི་བརྒྱུད་ནས་སྲིད་བློན་མཆོག་གི་ཕྱག་ལས་མཐའ་དག་ལམ་ལྷོངས་དང་མི་མང་གི་མངོན་འདོད་རྣམས་འགེགས་མེད་ལྷུན་འགྲུབ་ཡོང་བའི་ཐུགས་སྨོན་རྒྱ་ཆེ་མཛད་འདུག གཞི་རྩའི་སྲིད་བློན་ Trudeau མཆོག་གི་ཆབ་སྲིད་ཚོགས་པའི་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། ད་རེས་འོས་བསྡུའི་ཁྲོད་གུ་ཡངས་ཚོགས་པར་དེ་རིང་སྔ་དྲོ་བར་ཁེ་ན་ཌའི་གྲོས་ཚོགས་ནང་འཐུས་མི་ཞབས་སྟེགས་ ༣༠༤ ཡོད་པའི་ཁོངས་ནས་ཁྱོན་ཞབས་སྟེགས་ ༡༥༧ ཐོབ་པ་བཅས་སྐུ་ཞབས་ Trudeau མཆོག་ནས་དབུ་ཁྲིད་པའི་གུ་ཡངས་ཚོགས་པ་ཡུལ་དེའི་ཆབ་སྲིད་ཚོགས་པ་ཆུང་གྲས་ཁག་གཅིག་དང་མཉམ་འབྲེལ་གྱིས་གཞུང་བསྐྱང་རྒྱུ་ཡིན་པ་རེད།

རྒྱ་གཞུང་ནས་ཨ་རིའི་ཕྱི་འབྲེལ་མི་སྣར་དམ་དྲག་བྱེད་བཞིན་པ་དག་ལྷོད་དུ་གཏང་རྒྱུར་རེ་བ་ཡོད།

བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་གཞུང་གི་ངོས་ནས་ཨ་རི་ནང་ཡོད་པའི་རྒྱ་ནག་གཞུང་གི་གཞུང་འབྲེལ་སྐུ་ཚབ་གཙོས་པའི་ཕྱི་འབྲེལ་མི་སྣ་རྣམས་ནས་ཨ་རིའི་དབུས་དང་ས་གནས་། དེ་བཞིན་མངའ་སྡེ་བཅས་ཀྱི་གཞུང་འབྲེལ་མི་དང་ཨ་རིའི་ས་ཐོག་ཏུ་ཡོད་པའི་ཤེས་ཡོན་དང་ཉམས་ཞིབ་ལྟེ་གནས་ཁག་གི་ལས་བྱེད་སོགས་དང་འབྲེལ་བ་རིགས་མ་གནང་བའི་གོང་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་སྙན་སེང་ཞུ་དགོས་པའི་སྒྲིག་ཁྲིམས་གསར་པ་ཞིག་ཡོངས་ཁྱབ་གནང་ཡོད་པ་རེད།  ཨ་རི་སྲིད་གཞུང་གི་སྒྲིག་གཞི་གསར་པ་དེ་ཡོངས་ཁྱབ་གནང་མཚམས་སུ་ཨ་རིའི་རྒྱལ་ས་ Washington DC ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ Cui Tiankai ཡིས་ཨ་རིའི་སྒྲིག་གཞི་དེ་ནི་ཝྭི་ཡ་ནའི་རྒྱལ་སྤྱིའི་ཆིངས་ཡིག་གི་དགོངས་དོན་དང་འགལ་ཟླ་ཆགས་ཀྱི་ཡོད་པ་སོགས་སྐྱོན་བརྗོད་རིམ་པ་བྱས་ཡོད་ཀྱང་ཁ་སང་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad ལགས་ཀྱིས་ཨ་རིས་རྒྱ་ནག་གི་ཕྱི་འབྲེལ་མི་སྣའི་ཐོག་བཟོས་པའི་སྒྲིག་ཁྲིམས་གསར་པ་དེ་ནི་ཚུལ་དང་མཐུན་པ་ཞིག་ཡིན་པ་དང་། སྒྲིག་ཁྲིམས་དེ་ནི་གཙོ་བོ་རྒྱ་ནག་གཞུང་གི་དམ་དྲག་ལམ་ལུགས་འོག་ཕྱག་ལས་གནང་བཞིན་པའི་ཨ་རིའི་གཞུང་ཚབ་པ་དང་ཕྱི་འབྲེལ་མི་སྣ་ཚོར་ཅུང་གུ་ཡུངས་ཐོབ་རྒྱུར་དམིགས་པ་ཞིག་ཡིན་སྟབས་རྒྱ་གཞུང་ནས་ཨ་རིའི་ཕྱི་འབྲེལ་མི་སྣར་དམ་དྲག་བྱེད་བཞིན་པ་དག་ལྷོད་དུ་གཏང་རྒྱུར་རེ་བ་ཡོད་ཅེས་གསུངས་འདུག སྐུ་ཞབས་ Terry Branstad ལགས་ཀྱིས་ད་དུང་དེ་སྔ་རྒྱ་ནག་གཞུང་ནས་ཁོང་བོད་ནང་བསྐྱོད་རྒྱུར་ཆོག་མཆན་མ་སྤྲད་པའི་གནས་སྟངས་ཐེངས་གཉིས་བྱུང་ཡོད་པ་དང་ཕྱི་ལོ་ ༢༠༡༨ ལོར་བོད་ནང་བསྐྱོད་རྒྱུའི་ཆོག་མཆན་སྤྲད་ཡོད་ཀྱང་བོད་མཚོ་སྔོན་དུ་འབྱོར་སྐབས་རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ས་གནས་ཀྱི་ཇ་ཁང་དང་མི་མང་རྣམས་ལ་སྔོན་ཚུད་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གླེང་སློང་བྱ་མི་ཆོག་པའི་དམ་དྲག་བྱས་ཡོད་པ་དང་། ཉེ་ཆར་ཁོང་རྒྱ་ནག་ནང་ཡོད་པའི་ཨ་རིའི་ཤེས་ཡོན་དང་ཉམས་ཞིག་ལྟེ་ཁང་དུ་བསྐྱོད་རྒྱུའི་ཆོག་མཆན་ཡང་སྤྲོད་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་གཞུང་ཚབ་དང་ཕྱི་འབྲེལ་མི་སྣ་རྣམས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་སྙན་སེང་ཙམ་ཡང་ཞུ་དགོས་ཀྱི་མེད་ཀྱང་ཨ་རིའི་ཕྱི་འབྲེལ་མི་སྣ་ཚོ་རྒྱ་ནག་གཞུང་འབྲེལ་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་མ་ཟད་ལས་དོན་ཐོག་ཞུགས་ཆོག་པའི་ཆོག་མཆན་ཀྱང་ཞུ་དགོས་ཀྱི་ཡོད་སྟབས། ཨ་རི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་དང་ཕྱི་འབྲེལ་མི་སྣ་ཚོ་ལས་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་དང་ཕྱི་འབྲེལ་མི་སྣ་ཚོར་དམ་དྲག་ཆེ་བ་ཡོད་པ་མངོན་གསལ་གྱིས་གསུངས་འདུག ལྷག་པར་དུ་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad ལགས་ནས་ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་ཚ་བ་ Cui Tiankai ཡིས་ Tweeter དྲྭ་གནས་ཐོག་ཨ་རིའི་ཁྲིམས་སྒྲིག་གསར་པར་སྐྱོན་བརྗོད་བྱས་པ་དེ་ནི་ཆེས་མི་འོས་པའི་བྱེད་སྟངས་ཤིག་ཡིན་པ་དང་ཁོང་ཨ་རི་རང་དབང་ལུང་པའི་ནང་ཡོད་སྟབས་ Tweeter སྤྱོད་ཐུབ་པ་ལས་རྒྱ་ནག་ནང་གཞུང་གིས་དམ་དྲམ་རྐྱེན་པས་ Tweeter གཙོས་པའི་ངོ་དེབ་དང་ Youtube སོགས་བཀག་བསྡོམ་བྱེད་བཞིན་ཡོད་པ་གསུངས་འདུག གཞི་རྩའི་ཉེ་དུས་སུ་ཨ་རི་གཞུང་གིས་རྒྱ་ནག་གི་ཕྱི་འབྲེལ་མི་སྣའི་ཐོག་བཟོས་པའི་སྒྲིག་ཁྲིམས་གསར་པ་དེ་ནི་འདས་པའི་ལོ་དུས་མང་པོའི་རིང་ལ་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་དང་ཕྱི་འབྲེལ་མི་སྣའི་ལས་དོན་ཐོག་དམ་དྲག་བྱེད་བཞིན་པར་ཡར་ལན་ཞིག་ཆགས་ཀྱི་ཡོད་པ་དང་། ཁ་སང་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad ལགས་ཀྱི་འགྲེལ་བརྗོད་གནང་བར་ཨ་རི་གཞུང་ནས་རྒྱ་ནག་གི་ཕྱི་འབྲེལ་མི་སྣའི་ཐོག་བཟོས་པའི་སྒྲིག་ཁྲིམས་འདི་ཙམ་མ་ཟད་ད་ལྟའི་ཆར་ཨ་རི་ནང་ལ་རྒྱ་ནག་གཞུང་གི་བདག་དབང་འོག་ཡོད་པའི་ལྟེ་གནས་ཁག་དང་། ཚོང་ལས་སྡེ་ཚན། དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་བཅས་པ་སྲིད་གཞུང་གི་གསང་བའི་ལས་དོན་མི་སྣའི་ཁོངས་སུ་བཅུག་རྒྱུའི་ཁྲིམས་སྒྲིག་གསར་པ་ཞིག་ཀྱང་གཏན་འབེབས་གནང་འཆར་ཡོད་པ་རེད་འདུག རྩ་བའི་ཨ་རི་ཙམ་མ་ཟད་སྔར་ལོའི་ཕྱི་ཟླ་ ༡༢ ནང་ལ་ Australia སྲིད་གཞུང་ནས་རྒྱ་ནག་གཞུང་གི་གསང་བའི་ལས་གཞི་རྣམས་ཡུལ་དེར་དར་ཁྱབ་མི་ཡོང་བའི་སླད་དུ་ Australia ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་དང་ཚོང་གི་ལྟེ་གནས་ཁག་ཐོ་འགོད་དང་དེབ་སྐྱེལ་བྱེད་དགོས་པའི་སྒྲིག་ཁྲིམས་གསར་བཟོ་གནང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་སུ་ཆུ་ལོག་གི་གོད་ཆག་བྱུང་བར་བོད་གཞུང་མང་གཉིས་ཀྱིས་ཞལ་འདེབས་ཕུལ་འདུག

ཉེ་དུས་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་རྫོང་ཁག་ ༡༡ ནང་ཆར་ཆུ་ཆེན་པོ་བབས་ཏེ་ཆུ་ལོག་གི་གོད་ཆག་ཚབས་ཆེན་བྱུང་བའི་ཁྲོད་ཡུལ་མི་མང་པོ་ཞིག་ཤི་རྨས་ཐེབས་པ་དང་དུད་ཁྱིམ་མང་པོ་གནས་སྤོར་བྱེད་དགོས་བའི་དཀའ་མང་དག་ཅིག་འཕྲད་བཞིན་པར་བརྟེན་ཀ་ན་ཊ་ཀའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མི་རྣམས་ཀྱིས་ཁུལ་དེའི་གནོད་ཐེབས་ཀྱི་ཡུལ་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དུ་རང་ཉིད་ཀྱི་ཉིན་གཅིག་གི་ཕོགས་བསྡུ་རུབ་ཀྱིས་ཞལ་འདེབས་གནང་བ་མ་ཟད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཀྱང་ཧིན་སྒོར་འབུམ་ལྔ་ཞལ་འདེབས་གནང་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཁག་ལྔའི་ནང་གི་བོད་རིགས་སྲི་ཞུ་བ་དང་མཉམ་འབྲེལ་སྡེ་ཚན་རྣམས། སློབ་གྲྭ་དང་སྨན་ཁང་ཁག་གི་ལས་བྱེད་རྣམས་ཀྱིས་རང་ཉིད་ཀྱི་ཉིན་གཅིག་གི་གསོལ་ཕོགས་ཡོད་ཚད་བསྡུ་རུབ་གནང་སྟེ་ཁྱོན་བསྡོམས་ཧིན་སྒོར་ ༥༢༦༢༡༥་༦༥ བཅས་བྱུང་ཡོད་པ་ལྟར་ལྷོ་སྤྱི་ཆོས་འཕེལ་ཐུབ་སྟན་ལགས་ཀྱིས་ཁ་སང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ B.S. Yediyurappa མཆོག་མཇལ་འཕྲད་དང་འབྲེལ་ནས་ཁོང་གི་ཕྱག་ལ་བཀའ་ཤག་ནས་བྱུང་བའི་ཧིན་སྒོར་འབུམ་ལྔ་དང་དེ་བཞིན་བོད་མི་མང་ཚོགས་ཀྱི་བསྡུ་རུབ་གནང་བའི་དངུལ་འབོར་དེའི་བརྒྱ་ཆ་ ༥༠ ཕུལ་བ་དང་མཉམ་དུ་ཀ་ན་ཊ་ཀ་མངའ་སྡེ་དེ་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཞུས་འདུག ལྷོ་ཕྱགས་ཀྱི་སྲིད་ཞུ་ལས་བྱེད་དང་མཉམ་འབྲེལ་སོགས་ཀྱི་མཚོན་པའི་ཉིན་གཅིག་གི་གསོལ་ཕོགས་ཀྱི་བརྒྱ་ཆ་ལྔ་བཅུ་ལྷག་འཕྲོ་དེ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གནས་པའི་བོད་མིའི་གནོད་ཐེབས་ཁྱིམ་ཚང་རྣམས་ལ་བགོ་འགྲེམས་གནང་རྒྱུ་རེད་འདུག རྩ་བའི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་དེ་བྱུང་སྐབས་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རྣམས་ཀྱིས་ཀྱང་ས་གནས་མངའ་སྡེ་གཞུང་གི་རྫོང་དཔོན་རྣམས་བརྒྱུད་དེ་ཆུ་ལོག་གི་གོད་ཆག་ཕོག་མཁན་རྣམས་ལ་གྲོང་སྡེ་ངལ་སེལ་བརྒྱུད་ནས་རོགས་རམ་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།

དྲྭ་ཐོག་གི་རྩེད་འགྲན་ནང་ཡུ་གུར་ཞེས་པའི་ཐ་སྙད་བཀག་བསྡོམ།

League of Legends ཞེས་དྲྭ་ཐོག་གི་རྩེད་འགྲན་ཞིག་གི་ནང་རྩེད་འགྲན་པ་ཚོས་གླེང་མོལ་བྱེད་སྐབས་ཡུ་གུར་ཞེས་པའི་ཐ་སྙད་ལ་བཀག་བསྡོམ་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག BBC གསར་ཁང་གིས་གནས་ཚུལ་སྤེལ་བར་ League of Legends ཞེས་ཧ་ཅང་གྲགས་ཆེ་བའི་དྲྭ་ཐོག་གི་རྩེད་འགྲན་ནང་ཡུ་གུར་ཞེས་པའི་ཐ་སྙད་བཀག་བསྡོམ་བྱེད་བཞིན་པ་མངོན་གསལ་བྱུང་བ་དང་འབྲེལ། མཉེན་ཆས་བཀོལ་སྤྱོད་གནང་མཁན་ཁག་གཅིག་གིས་དེར་ཞུ་གཏུགས་བྱས་ཀྱང་རྩེད་འགྲན་གྱི་སྒྲིག་གཞི་ནང་དུ་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་གླེང་སློང་བྱ་རྒྱུར་བཀག་བསྡོམ་གནང་ངེས་ཡིན་པ་གསལ་ཡོད་སྟབས་མཉེན་ཆས་དེ་བཟོ་མཁན་ riot games ཚོང་ལས་ཁང་ནས་ཐོག་མའི་འཆར་རྩེད་འགྲན་པ་ཚོའི་ཞུ་གཏུགས་དེ་དག་སྣང་མེད་དུ་འཇོག་ཡོད་པ་མ་ཟད་ཞུ་གཏུག་དེ་དག་མཉེན་ཆས་དེ་ནས་ཕྱིར་འཐེན་བྱས་འདུག འོན་ཀྱང་མཉེན་ཆས་བཀོལ་སྤྱོད་གནང་མཁན་ཚོས་རྗེས་སུ་ Reddit  ཞེས་པའི་དྲྭ་གནས་ཐོག་གནས་ཚུལ་དེའི་སྐོར་ཡང་བསྐྱར་བཀོད་རྗེས་ Riot Games ཚོང་ལས་ཁང་གི་འབྲེལ་ཡོད་ལས་བྱེད་ Ryan Rigney ལགས་ཀྱིས་ twitter བརྒྱུད་གནས་ཚུལ་དེར་ངོས་ལེན་ཞུས་པ་དང་འབྲེལ་ཏེ་དྲྭ་ཐོག་གི་རྩེད་འགྲན་ནང་དུ་མི་རིགས་བྱེ་བྲག་པ་ཞིག་གི་མིང་བཀག་བསྡོམ་བྱས་པ་དེ་ནི་བྱབ་ཆུང་གི་ལས་ཀ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཚོང་ལས་ཁང་གི་ངོས་ནས་གནད་དོན་དེར་ཞིབ་གཅོད་དང་ཁ་སྐོང་ཇི་དགོས་ཞུ་ངེས་ཡིན་པར་བརྗོད་འདུག གཞི་རྩའི་རྒྱ་ནག་ནང་དྲྭ་ཐོག་གྱི་རྩེད་འགྲན་དང་འབྲེལ་བའི་མཉེན་ཆས་བཀོལ་སྤྱོད་བྱེད་སྐབས་བོད་རང་བཙན་དང་ཐེ་ཝན། གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན། ༸གོང་ས་མཆོག་གི་མཚན་སོགས་ཐ་སྙད་མང་དག་ཅིག་ལ་དམ་དྲག་བྱས་དང་བྱེད་བཞིན་པ་དེ་ནི་རྒྱུན་ལྡན་གྱི་བྱེད་སྟངས་ཤིག་ཡིན་ཀྱང་། དེང་སྐབས་ Tencent ལྟ་བུ་དྲྭ་ཐོག་གི་རྩེད་འགྲན་བཟོ་མཁན་རྒྱ་ནག་གི་ཚོང་ལས་ཁང་ཆེ་གྲས་དེའི་ཤུགས་རྐྱེན་ལ་བརྟེན་རྒྱ་ནག་གཞུང་གི་དབང་ཤུགས་དེ་རྒྱ་ནག་རྒྱལ་ནང་ཙམ་མ་ཟད་རང་དབང་ལྡན་པའི་རྒྱལ་ཁབ་གཞན་ནང་ལའང་ཁྱབ་བརྡལ་ཆེན་པོ་འགྲོ་བཞིན་ཡོད་པ་རེད། ཉེ་ལམ་ NBA ཞེས་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྦོལ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ houston rockets  རུ་ཁག་གི་འགན་འཛིན་སྐུ་ཞབས་ Morey ལགས་ཀྱིས་ཧོང་ཀོང་ནང་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་བཀའ་མོལ་གནང་རྗེས་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁང་དང་ Tencent ཚོང་ལས་ཁང་ནས་ NBA སིས་སྦོལ་རྩེད་འགྲན་རྒྱ་ནག་ནང་ཐད་ཀར་རྒྱང་སྲིང་གནང་བར་བཀག་བསྡོམ་བྱས་ཡོད་པ་རེད། བི་བི་སི་བརྙན་འཕྲིན་ལས་ཁང་གིས་ཐེངས་འདིའི་གནད་དོན་དང་འབྲེལ་ཏེ་ Tencent ཚོང་ལས་ཁང་དང་དེ་བཞིན་ཨ་རིའི་ནང་རྟེན་གཞི་བྱས་པའི་ Riot Games ཚོང་ལས་ཁང་གཉིས་ལ་འབྲེལ་བ་ཞུས་ཀྱང་ད་ལྟའི་ཆར་ཚོང་ལས་ཁང་དེ་དག་ནས་འགྲེལ་བརྗོད་གང་ཡང་གནང་མི་འདུག

Latest news