Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་ནག་གཞུང་གིས་ཚད་མཐོའི་འཕྲུལ་རིགས་ལམ་ནས་དམ་དྲག་བྱེད་རྒྱུ་འཕྲལ་མར་མཚམས་འཇོག་དགོས།

༢༠༡༩ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཇི་ནི་ཝའི་གླེང་སྟེགས་མཇུག་སྒྲིལ་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་ཁུལ་དེའི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་མང་ཚོགས་ཐོག་ཚད་མཐོའི་འཕྲུལ་རིགས་ཀྱི་ལམ་ནས་དམ་དྲག་དང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེ་འཕྲལ་མར་མཚམས་འཇོག་དགོས་པའི་ཡོངས་ཁྱབ་སྤྱིར་བསྒྲགས་ཤིག་གནང་སོང་། དེ་ཡང། ཟླ་བ་འདིའི་ཕྱི་ཚེས་༡༤་དང་༡༥བཅས་ཉིིན་གཉིས་རིང་འདི་ག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག རྒྱ་ནག་གི་ཚད་མཐོའི་འཕྲུལ་རིགས་ལམ་ནས་དམ་དྲག་དང་མང་ཚོགས་ཀྱི་ཆོས་དད་རང་དབང་ཞེས་པའི་བརྗོད་གཞིའི་ཐོག་༢༠༡༩ལོའི་ཇི་ནི་ཝའི་གླེང་སྟེགས་སྐོང་ཚོགས་བྱས་ཡོད་པ་རེད། ཕྱི་ཚེས་༡༥ཉིན་ཕྱི་དྲོ་ལྷན་ཚོགས་མཇུག་སྒྲིལ་དང་འབྲེལ། ཐེངས་དེའི་ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་དང་ཚོགས་བཅར་བ་བཅས་ཀྱིས་བསམ་ཚུལ་བསྡུ་ལེན་བྱས་པའི་ཐོག ད་ལྟའི་ཆར་རྒྱ་གཞུང་གི་ཚད་མཐོ་བའི་འཕྲུལ་རིགས་ཀྱི་ལམ་ནས་མང་ཚོགས་ལ་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ལ་སེམས་འཚབ་དང། དེ་བཞིན་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་གཞུང་འབྲེལ་ཚོགས་ཁག་ལ་འབོད་སྐུལ་བཅས་དོན་ཚན་ཁག་གཉིས་ཀྱི་ཐོག་ནས་སྤྱི་མོས་མཚན་རྟགས་འཁོད་པའི་ཡོངས་ཁྱབ་ཀྱི་སྤྱིར་བསྒྲགས་ཤིག་སྤེལ་སོང་། སྤྱིར་བསྒྲགས་དེའི་ནང་འཁོད་པར་གཞིགས་ན། རྒྱ་ནག་གཞུང་གི་ངོས་ནས་བོད་ཚུད་པའི་ནང་སོག་དང་། ཡུ་གུར། ཧོང་ཀོང་སོགས་ཀྱི་མང་ཚོགས་ཐོག་ ཚད་མཐོའི་འཕྲུལ་རིགས་ལམ་ནས་དམ་དྲག་དང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐང་དང་། ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་དགོས་པ་དང་། དེ་བཞིན་དེའི་འདྲའི་འཕྲུལ་རིགས་ཁག་རྒྱལ་ཁབ་གཞན་གྱི་ནང་དུ་ཕྱིར་བཙོང་བྱེད་བཞིན་པ་མཚམས་འཇོག་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོོབ་ཐང་ཡོངས་ཁྱབ་སྤྱིར་བསྒྲགས་ནང་འཁོད་པའི་འབྲུ་དོན་གཞིར་བཟུང། མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང། ས་གནས་མང་ཚོགས་ཀྱི་ཆོས་དད་རང་དབང། རང་ཉིད་ཀྱི་ཆོས་ལུགས་དབུ་ཁྲིད་འདེམས་པར་རང་དབང་བཅས་ལ་གུས་བརྩི་དང་། ཕྱི་གསལ་ནང་གསལ། དེ་བཞིན་མང་ཚོགས་ཀྱི་ཐོབ་ཐང་དང་རང་དབང་ལ་འགན་ལེན་བྱ་དགོས་ཅེས་བརྗོད་འདུག   དེ་ག་ནང་བཞིན་ཐེངས་འདིའི་གླེང་སྟེགས་དེ་བརྒྱུད་ནས། རྒྱལ་ཚོགས་དང་། རྒྱལ་སྤྱིའི་གཞུང། ཡོ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་རྒྱལ་སྤྱིའི་ཚོང་ལས་སྡེ་ཁག་བཅས་ལ། རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱེད་པའི་སྐབས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་ལག་བསྟར་དོན་འཁྱོལ་དང་། མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པ། རྒྱ་ནག་གཞུང་གིས་མང་ཚོགས་ཐོག་དམ་དྲག་བྱ་རྒྱུའི་ཚད་མཐོའི་འཕྲུལ་རིགས་ཁག་ཕྱི་བཙོངགི་བྱ་སྤྱོད་ལ་སྟངས་འཛིན་དང། བཀག་འགོག དེ་བཞིན་མང་ཚོགས་ཀྱི་རང་དབང་ཐོབ་ཐང་སྲུང་སྐྱོབ་འགན་ལེན་དགོས་ཞེས་གསལ་འདུག སྐབས་དེའི་ཇི་ནི་ཝའི་གླེང་སྟེགས་ཐོག་ཕེབས་མཁན་གཏམ་བཤད་གནང་མཁན་རྣམས་ཀྱི་ངོས་ནས་སྤྱིར་བསྒྲགས་དེའི་ཐོག་སེམས་འཚབ་ཡོད་པ་བསྟན་གནང་པའི་དོན་ཚན་གྱི་ཁོངས་སུ། རྒྱ་ནག་གཞུང་གིས་ད་སྐབས་ཁུལ་དེའི་མངའ་འོག་ཏུ་ཡོད་པའི་བོད་གཙོས་པའི་ས་ཁུལ་ཧོང་ཀོང་། ནང་སོག དེ་བཞིན་ཡུ་གུར་བཅས་ས་ཁུལ་ནང་དུ་ཚད་མཐོའི་འཕྲུལ་རིགས་བེད་སྤྱད་དེ་མང་ཚོགས་ཀྱི་ཆོས་དད་རང་དབང་། འདུ་འཛོམས་རང་དབང་། སྨྲ་བརྗོད་རང་དབང་། དེ་བཞིན་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཐོག་དམ་དྲག་ཇེ་ཆེར་གཏོང་བཞིན་པའི་གནས་སྟངས་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་གཙོས་ས་ཁུལ་དེ་དག་ནང་གི་རང་སོ་སོའི་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་། རིག་གཞུང་བཅས་རྩ་མེད་གཏོང་བཞིན་པར་ཆེས་སེམས་འཚབ་ཡོད་པར་བརྗོད་འདུག ལྷག་པར་དུ་ད་སྐབས་རྒྱ་གཞུང་གིས་དབང་ཆ་གཅིག་བསྡུས་རིང་ལུགས་གིས་བཟོ་སྐྲུན་བྱས་པའི་མང་ཚོགས་ཐོག་དམ་དྲག་བྱ་རྒྱུའི་ཚད་མཐོའི་འཕྲུལ་རིགས་ཁག་རྒྱལ་ཁབ་གཞན་ནང་དུ་ཕྱི་བཙོང་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་དྲ་ལམ་ཁག་སྟངས་འཛིན་གྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་མང་གཙོར་ཉམས་རྒུད་གཏོང་བཞིན་པ་དང་། དབང་ཆ་གཅིག་བསྡུས་རིང་ལུགས་ཀྱིས་དབང་ཚད་གོ་ལ་ཁྱོན་ཡོངས་སུ་དར་སྤེལ་བྱེད་བཞིན་པའི་བྱ་སྤྱོད་ལ་ཧ་ཅང་སེམས་འཚབ་བྱེད་ཡུལ་ཞིག་ཆགས་ཡོད་པ་ཡང་འགྲེལ་བརྗོད་བྱས་འདུག རྩ་བའི་ཐེངས་འདིའི་རྒྱ་ནག་ཚད་མཐོའི་འཕྲུལ་རིགས་ཀྱི་ལམ་ནས་དམ་དྲག་དང་ཆོས་དད་རང་དབང་ཞེས་པའི་༢༠༡༩ཇི་ནི་ཝའི་གླེང་སྟེགས་འདིའི་ཐོག ཧོང་ཀོང་དང་ཐེ་ཝན། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཡུ་གུར། ནང་སོག རྒྱ་རིགས། བོད་མི། དེ་བཞིན་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཉམས་ཞིབ་གནང་མཁན་དང་། དེང་དུས་འཕྲུལ་རིགས་དམ་དྲག་ཐོག་ཆེད་ལས་ཉམས་ཞིབ་པ་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། ཆབ་སྲིད་མི་སྣ་དང་། དེ་བཞིན་གྲོས་ཚོགས་འཐུས་མི། ཆབ་སྲིད་བཙོན་ཟུར་བཅས་ཡོ་རོབ་དང་ཨེ་ཤ་ཡ། བྱང་ཨ་མི་རི་བཅས་ཁྱོན་རྒྱལ་ཁབ་མི་འདྲ་བ་༧ལྷག་ནས། གཏམ་བཤད་གནང་མཁན་མི་སྣ་༡༦དང་། འདི་ག་ཇི་ནི་ཝའི་གཞུང་ཚབ་ཁག་གི་འབྲེལ་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འདི་ག་སུད་སི་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་ཚོགས་མི་བཅས་ཁྱོན་ཚོགས་བཅར་༡༣༠ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

སུད་སི་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཇི་ནི་ཝའི་གླེང་སྟེགས་ཚོགས་པ།

རྒྱལ་ཚོགས་ཀྱི་ཆེས་མཐོོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་ཡོ་རོབ་རྒྱལ་ཁབ་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་རྒྱ་ནག་གཞུང་གིས་དེང་དུས་ཀྱི་འཕྲུལ་རིགས་ལམ་ནས་མང་ཚོགས་ཐོག་དམ་དྲག་སྤྱི་དང་ལྷག་པར་དུ་ཆོས་ལུགས་རང་དབང་ཐོག་དམ་དྲག་ཇི་ལྷར་བྱེད་བཞིན་པའི་སྐོར་གླེང་བའི་༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཇི་ནི་ཝའི་གླེང་སྟེགས་ཞེས་པ་ཞིག་ཚོགས་གནང་སོང་། ཐེངས་འདིའི་ཇི་ནི་ཝའི་གླེང་སྟེགས་ཐོག་ལ་ཧོ་ཀོང་དང་ཐེ་ཝན། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཡུ་གུར། ནང་སོག རྒྱ་རིགས། བོད་མི། རྒྱ་ནག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཉམས་ཞིབ་གནང་མཁན། དེང་དུས་འཕྲུལ་རིག་དམ་དྲག་ཐོག་ཆེད་ལས་ཉམས་ཞིབ་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། ཆབ་སྲིད་མི་སྣ། གྲོས་ཚོགས་འཐུས་མི། ཆབ་སྲིད་བཙོན་ཟུར་བཅས་ཡོ་རོབ་དང་ཨེ་ཤ་ཡ། བྱང་ཨ་མི་རི་ཀ་བཅས་ཁྱོན་རྒྱལ་ཁབ་མི་འདྲ་བ་ ༧ ལྷག་ནས་གཏམ་བཤད་གནང་མཁན་མི་སྣ་ ༡༦ དང་།  དེ་བཞིན་འདི་ག་ཇི་ནི་ཝའི་གཞུང་ཚབ་ཁག་གི་འབྲེལ་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ། སུད་སི་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་ཚོགས་མི་བཅས་ཁྱོན་ཚོགས་བཅར་ ༡༣༠ ལྷག་འདུ་འཛོམས་བྱུང་འདུག ༢༠༡༩ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འབྱེད་མཛད་སྒོ་དེ་རང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་དུ་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Carlo Sommaruga མཆོག་གཉིས་གཙོ་བཞུགས་ཐོག CICGZ ཞེས་པའི་ཇི་ནི་ཝའི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་ཁང་དུ་ཚོགས་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་སུད་སི་སྐུ་ཚབ་དོན་གཅོད་འཆི་མེ་རིག་འཛིན་ལགས་ནས་ད་རེས་ཀྱི་གླེང་སྟེགས་དབུ་འབྱེད་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་དམིགས་བསལ་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པ་རེད། གསུང་འཕྲིན་ནང་དུ་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་དེ་བཞིན་གལ་འགངས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ནའང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་སུ་རྒྱ་གཞུང་གིས་གཞི་རིམ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་མཚོན་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་མི་མཐུན་པའི་བྱ་སྤྱོད་རྣམས་ལ་ཐེ་འཚོམ་མེད་པར་སྐྱོན་བརྗོད་དང་། རྒྱ་ནག་དེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ཐོག་རྩིས་འཇོག་བྱ་རྒྱུ་མཛུབ་སྟོན་བྱེད་དགོས་པར་བསྩལ་འདུག་པ་མ་ཟད་ལྷག་པར་དུ་ལྷན་ཚོགས་འདི་བརྒྱུད་ནས་རྒྱ་ནག་ནང་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་མང་ཚོགས་ཚོའི་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་པའི་གནད་དོན་ཁག་གསལ་སྟོན་ཡོང་བའི་ཐུགས་རེ་ཡོད་པ་བསྩལ་འདུག  ༸གོང་ས་མཆོག་གིས་ད་ལྟ་འགྱུར་བ་འགྲོ་བཞིན་པའི་རྒྱ་ནག་གཞུང་གིས་འཛམ་གླིང་ཐོག་ཕྱི་གསལ་ནང་གསལ་དང་རང་དབང་ཁ་ཕྱོགས་ཀྱི་རྗེས་སུ་འབྲང་རྒྱུའི་ཐུགས་རེ་ཡོད་པ་མ་ཟད། མ་འོངས་པར་རྒྱ་གཞུང་དེ་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་ལ་རྩིས་འཇོག་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་དོན་འཁྱོལ་ལག་བསྟར། དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་རྒྱལ་ཁབ་ཅིག་འགྱུར་རྒྱུར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་དང་ཤུགས་གནོན་གནང་དགོས་པའི་བཀའ་བསྩལ་འདུག་པ་དང་ཆབས་ཅིག་ཏུ་འདི་ནི་མ་འོངས་པའི་རྒྱ་ནག་རྒྱལ་ཁབ་ཀྱི་མདུན་ལམ་ལ་ཕན་ཐོགས་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་སྐབས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཕྱི་འབྲེལ་མི་སྣ་དང་མཁས་དབང་། ཤེས་ཡོན་སྡེ་ཁག་སོགས་བརྒྱུད་ནས་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་དམར་ཤོགས་ཚོགས་པ་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་བརྒྱུད་བསྒྲགས་བྱེད་འགོ་བཙུགས་ཡོད་པ་ནི་ད་ལྟའི་འཆར་གདོང་ལེན་བྱེད་དགོས་པའི་གནད་དོན་ཆེས་གྲས་ཤིག་ཡིན་པ་དང། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཆེས་ཞན་པོ་ཡོད་པའི་གནས་བབ་གསལ་སྟོན་གནང་བ་དང་འབྲེལ། གླེང་སྟེགས་དེ་བརྒྱུད་ནས་རྒྱ་ནག་དམར་ཤོགས་ཚོགས་པར་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་སྤྱི་དང་སྒོས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་ཐོབ་ཐང་ནི་རྒྱ་གཞུང་ལ་རྩ་བ་ནས་མེད་ཅེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ལྷན་ཚོགས་འདི་ལྟ་བུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཚོགས་དགོས་ཀྱི་ཡོད་ཀྱང་། ཉེ་ཆར་རྒྱ་ནག་དེ་བཞིན་རྒྱལ་ཚོགས་ནང་དུ་ཤུགས་རྐྱེན་ཤུགས་ཆེ་རུ་ཕྱིན་ནས་གླེང་སྟེགས་འདི་ལྟ་བུ་འཚོགས་རྒྱུར་འགོག་རྐྱེན་འཕྲད་བཞིན་ཡོད་པ་དང། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་གི་སྒྲོམ་གཞི་ཁྱོན་ཡོངས་སུ་འགྱུར་བ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་རེད། གལ་ཏེ་རྒྱལ་ཚོགས་ཀྱི་སྒྲོམ་གཞི་དེ་རྒྱ་ནག་དམར་ཤོགས་ཚོགས་པའི་རང་ཉིད་ཀྱི་ལངས་ཕྱོགས་དང་མཐུན་པ་ཞིག་ལ་འགྱུར་བ་ཡིན་ན་བོད་དང་རྒྱ་ནག་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་གནས་བབ་ལ་དོ་ཕོག་འགྲོ་ངེས་རེད་ཅེས་གསུངས་པ་རེད།   སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཇི་ནི་ཝའི་གླེང་སྟེགས་ཞེས་པའི་འདི་ནི་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆེད་ལས་མི་སྣ་དང། ལས་འགུལ་བ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། མཁས་དབང། གཞུང་འབྲེལ་མི་སྣ། དེ་བཞིན་རྒྱ་གཞུང་གི་བཙན་གནོན་མྱངས་ཡོད་པ་སོགས་ཤེས་ཡོན་དང་ལས་རིགས། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་རྣམས་འདུ་སྐོང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་ཆེས་ཞན་པའི་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་བོད་དང་ཡུ་གུར། ནང་སོག དེ་བཞིན་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་སྟོན་དང་གླེང་སློང་ཡོང་རྒྱུར་དམིགས་ཏེ་སྔ་ལོ་ཕྱི་ལོ་ ༢༠༡༨ ལོ་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་ཁང་དོན་གཅོད་ཁང་གཉིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཇི་ནི་ཝའི་གླེང་སྟེགས་ཞེས་པ་ཞིག་བསྐོང་ཚོགས་གནང་བ་ཞིག་ཆགས་ཀྱི་རེད། ཐེངས་འདིའི་ཇི་ནི་ཝའི་གླེང་སྟེགས་འདི་ནི་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། རླུང་འཕྲིན་ཁང་གི་གསར་འགོད་པས་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས་སུ་ད་ལན་ཇི་ནི་ཝའི་གླེང་སྟེགས་དང་འབྲེལ་བཅར་འདྲི་ཞུས་པར་ཐེངས་འདིའི་གླེང་སྟེགས་འདི་ནི་གཙོ་བོ་ཟླ་བ་འདིའི་ཕྱི་ཚེས་ ༢༥ ནས་ ༢༧ བར་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གོ་སྒྲིག་འོག་འཚོགས་རྒྱུའི་ཚོང་དང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚོགས་འདུ་ཚོགས་པ་ཞིག་ཡིན་པ་གསུངས་སོང་། སྤྱིར་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་ཀྱི་རིང་འཚོགས་རྒྱུའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཇི་ནི་ཝའི་གླེང་སྟེགས་ཐོག་འཕྲུལ་རིགས་མ་འོངས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང། དེང་དུས་འཕྲུལ་རིགས་ལམ་ནས་རྒྱ་ནག་གི་མངའ་འོག་ཡོད་པའི་མང་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམ་དྲག དེ་བཞིན་རྒྱ་ནག་གཞུང་གིས་མང་ཚོགས་ལ་དམ་དྲག་དང་འབྲེལ་འཕྲུལ་རིགས་ཚོང་འགྲེམས་ཕྱིར་ཚོང་བཅས་བརྗོད་གཞི་ཁག་གསུམ་གྱི་ཐོག་ཆེད་ལས་མི་སྣའི་གཏམ་བཤད་དང་བགྲོ་གླེང་གནང་གི་འདུག་པ་མ་ཟད། བོད་མི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ནས་རང་ཉིད་རྒྱ་ནག་གི་བཙོན་ཁང་དུ་མྱངས་པའི་དཀའ་སྡུག་ཁག་འགྲེལ་བརྗོད་གནང་རྒྱུ་བཅས་ལས་རིམ་ཡོད་པ་རེད།

༸གོང་ས་མཆོག་གི་ཕྱི་ལོ་ ༢༠༢༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་བསྩལ་རྒྱུ་ཐུགས་གཏན་འཁེལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་གཉིས་པའི་མགོར་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་གནད་ཆེ་ཁག་གཅིག་བསྩལ་གཏན་འཁེལ་འདུག དེའང་མཛད་འཆར་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༢ ཉིན་རྒྱལ་སྲས་ཆེན་པོ་ཐོགས་མེད་བཟང་པོས་མཛད་པའི་བྱང་ཆུབ་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༣ ཉིན་མགོན་པོ་༸གང་ཉིད་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཟླ་བ་དེའི་ཕྱི་ཚེས་ ༤ དང་ ༥ བཅས་ཉིན་གཉིས་ཀྱི་རིང་ལ་རྒྱལ་པོ་ཁབ་ཏུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད། ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་མ་ཧཱ་ར་ཤི་ཊཱར་ཨོ་རན་གྷ་བྷ་ཌིར་རྟེན་གཞི་བྱས་པའི་ Lokuttara International Bhikkhu Training Center ཞེས་ལོ་ཀུ་ཏ་ར་དགེ་སློང་གི་སྡོམ་པའི་སྦྱོང་བརྡར་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཁུལ་དེའི་ལུས་སྦྱོང་མཐོ་རིམ་སློབ་གྲྭའི་རྩེད་ཐང་དུ་ནང་ཆོས་སྤྱི་བཤད་ཀྱི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། དེ་རྗེས་སུ་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་དུ་དེང་རབས་ཀྱི་དུས་ཚོད་འདིར་དཔལ་ནཱ་ལེནྡཱའི་རིག་གནས་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་ཀྱི་བཀའ་སློབ་བསྩལ་རྒྱུ། དེ་བཞིན་ཚེས་ ༡༥ ནས་ ༡༧ བར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ པའི་ནང་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་འཇམ་དབྱངས་ཆོས་སྐོར་གྱི་འཕྲོ་སྐྱོང་མཛད་གཏན་འཁེལ་ཡོད་པ་མ་ཟད། ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དུ་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ། ཚེས་ ༢༠ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་ནས་ལོ་ངོ་ ༦༠༠ འཁོར་བའི་༸རྗེ་ཙོང་ཁ་པའི་རྗེས་དྲན་དུ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་མཛད་རྒྱུ་དང་། དེ་རྗེས་ཚེས་ ༢༡ ཉིན་སྔ་དྲོ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་༸སྐུ་ཞི་བར་གཤེགས་ནས་མི་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་མ་ཟད་ཕྱི་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད། གཞན་ཡང་མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༣ ཚེས་ ༩ སྟེ་ལོ་གསར་གྱི་ཚེས་པ་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་དྷརྨ་ཤཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་པ་རེད།

ཁ་མཆུ་ཨང་༢༠ པའི་བཅད་ཁྲའི་འབྲུ་དོན་གཞིར་བཟུང་ཚུལ་མཐུན་ཉམས་ལེན་བྱུང་མི་འདུག་གསུང་གི་འདུག

བཙན་བྱོལ་བོད་མིའི་བཀའ་ཤག་ངོས་ནས་ཁ་སང་དེ་གའི་དྲ་གནས་ཐོག་ཁ་མཆུ་ཨང་ ༢༠ པ་དང་འབྲེལ་བའི་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་། དེ་སྔ་ཟླ་བ་འདིའི་ཚེས་ ༡ ཉིན་སྤེལ་བའི་གསལ་བསྒྲགས་ཀྱི་ནང་དོན་བསྐྱར་སྤེལ་དང་འབྲེལ། ཁྲིམས་ཞིབ་ཁང་གི་བཅད་ཁྲར་བརྩི་འཇོག་ཞུ་རྒྱུ་ཡིན་མ་གཏོགས བཅད་ཁྲ་ནང་གསལ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་སུ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་དགོངས་སེལ་ཞུ་ཡིག་ཇི་མ་ཇི་བཞིན་བཀོད་མེད་སྟབས། ཞུ་སྦྱོར་བའི་ཁྲིམས་རྩོད་པའི་ངོས་ནས་བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་འབྲུ་དོན་གཞིར་བཟུང་ཚུལ་མཐུན་ཉམས་ལེན་བྱུང་མི་འདུག་ཅེས་གསུངས་སོང་། དེའང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོགས་གནང་བའི་ཁ་མཆུ་ཨང་ ༢༠ ཐོག་མཐའ་མའི་བཅད་ཁྲ་ཁྱབ་བསྒྲགས་གནང་བའི་ནང་། བཀའ་ཤག་ནས་ཉིན་གྲངས་སུམ་ཅུ་ནང་ཚུད་སྤེན་པ་ཚེ་རིང་ལགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་ཅིག་དབྱིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་འདོན་སྤེལ་གསལ་བསྒྲགས་གནང་དགོས་པ་དང་། ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་སྤྲོད་དམིགས་ཧིན་སྒོར་ ༩༨༠༠༠ གནང་དགོས་པ་བཀོད་ཡོད་ཀྱང་། བོད་མིའི་སྒྲིགས་འཛུགས་བཀའ་ཤག་ནས་ཁ་ས་དེ་གའི་ Tibet.net དང་ bodasia བཅས་པའི་དྲྭ་རྒྱའི་ཐོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་བརྩི་འཇོག་ཞུ་རྒྱུ་ཡིན་ཞེས་ཟླ་བ་འདིའི་ཚེས་ ༡ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེ་བསྐྱར་སྤེལ་གནང་བ་མ་གཏོགས་བཅད་ཁྲའི་ནང་གསལ་ལྟར་ཞུ་སྦྱོར་བར་དངོས་སུ་དགོངས་སེལ་ཞུས་མེད་པ་རེད། བཀའ་ཤག་ངོས་ནས་དེ་སྔོན་བོད་ཡིག་ནང་སྤེལ་བའི་གསལ་སྒྲགས་དེའི་ནང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེབ་འགོད་ཨང་ ༢༠ པའི་བཅད་ཁྲ་གསལ་བསྒྲགས་གནང་བ་དེ་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་གི་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་གལ་གནད་ཆེ་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་བརྩི་འཇོག་ཞུ་རྒྱུ་ཡིན་པ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་སྐུལ་བཅས་གནང་ཡོད་པ་རེད། ཁ་སང་བཀའ་ཤག་གི་ངོས་ནས་གསལ་བསྒྲགས་དེ་དབྱིན་བསྒྱུར་གྱིས་དེ་གའི་དྲ་གནས་སུ་བཀོད་པ་དང་། དེ་བཞིན་དེ་སྔོན་བོད་ཡིག་ཏུ་བཀོད་པའི་གསལ་བསྒྲགས་དེའི་གཤམ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་མཉམ་སྦྱར་གནང་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་ལྟའི་ཆར་ཡུ་རོབ་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར།་འདི་ག་རླུང་འཕྲིན་ཁང་ནས་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་ལ་བཅར་དྲི་ཞུ་རྒྱུའི་ཐབས་ཤེས་ཞུས་ཀྱང། སྲིད་ཚབ་མཆོག་གིས་གནད་དོན་དེའི་སྐོར་གང་ཡང་འགྲེལ་བརྗོད་གནང་མ་སོང་། དེའི་བར་ན་འདི་ག་རླུང་འཕྲིན་ཁང་གིས་ཞུ་སྦྱོར་བ་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་སུ་འབྲེལ་བ་ཞུས་སྐབས། ཁོང་གིས་ཁ་མཆུ་ཨང་༢༠ པའི་བཅད་ཁྲའི་ནང་གསལ་ལྟར་བྱས་ན་། བཀའ་ཤག་གི་ངོས་ནས་Tibet.netདང་ bodasia, tibetonline སོགས་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་འབྲེལ་བརྒྱུད་ལམ་ཐོག་དབྱིན་བོད་སྐད་ཡིག་གཉིས་ཀའི་ནང་ཞུ་སྦྱོར་བར་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་དགོངས་སེལ་ཞུ་ཡིག་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ་དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་ཀྱི་ཡོད་ཀྱང། ད་ལྟའི་ཆར་ཁྲིམས་རྩོད་པས་ངོས་ནས་གཟིགས་པའི་གཞུང་འབྲེལ་གསལ་བསྒྲགས་ནང་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་ཇི་མ་ཇི་བཞིན་བཀོད་པ་གཟིགས་མེད་སྟབས། དེ་ནི་སྤྱི་དམངས་གཏུགས་བཤེར་གྱི་དོན་ཚན་ ༥༡ གཞིར་བཟུང་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་འབྲུ་དོན་ལ་ཉམས་ལེན་ཚུལ་མཐུན་གནང་མེད་པ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་གསུངས་སོང། ཁོང་གིས་ད་དུང་བཀའ་ཤག་ངོས་ནས་ཁོང་ལ་གླ་ཡོན་སྤྲོད་དམིགས་སླད་དངུལ་འཛིན་ཆེད་མིང་དང་དངུལ་ཁང་གི་ཨང་གྲངས་སོགས་བཀའ་འདྲི་གནང་བ་མ་གཏོགས་ད་ལྟའི་ཆར་ཁོང་ལ་དངུལ་འཛིན་དེ་ལག་སོན་བྱུང་མེད་པ་དང་། སྤྱིར་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་བཀའ་ཤག་གི་ངོས་ནས་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་ཀྱི་ཡོད་སྟབས། ཁྲིམས་ཞིབ་ཁང་ནས་ཡིག་ཆ་མཁོ་སྤྲོད་གནང་བའི་རྗེས་གཞི་ནས་ག་རེ་གནང་རྒྱུ་ཡིན་མིན་གཟིགས་རྒྱུ་ཡིན་པ་གསུངས་སོང་། གཞི་རྩའི་བཙན་བྱོལ་བོད་མིའི་ཆེས་མཐོ་ཁྲིམས་ཞིབ་ཁང་གི་སྤྱི་དམངས་དོན་ཚན་༥༡ པའི་ནང་གསལ་བཅད་ཁྲའི་ཉམས་ལེན་ཞེས་པའི་འོག བཅད་ཁྲའི་འབྲུ་དོན་ལག་བསྟར་བྱེད་དགོས་པའི་གཏན་འབེབས་དུས་ཚེས་ནང་བཀའ་དཔྱད་སྒྲུབ་དགོས་མཁན་གྱོད་ཡ་སུ་རུང་ནས་ཉམས་ལེན་མ་བྱས་ན་ཉམས་ལེན་མི་བྱེད་མཁན་དེའི་ཁ་གཏད་གྱོད་ཡས་གཏན་འབེབས་དུས་ཚེས་རྫོགས་ནས་ཉིན་གྲངས་སུམ་ཅུ་ནང་ཚུད་དུ་ཁྲིམས་ཞིབ་ཁང་ལ་དེའི་སྐོར་ཡིག་ཐོག་གི་སྙན་ཞུ་འབུལ་ཆོག་པ་ཡིན་པ་དང་། བཅད་ཁྲའི་དགོངས་དོན་ཉམས་ལེན་དུས་ཐོག་ལག་བསྟར་མི་བྱེད་མཁན་བྱུང་ན། དེར་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་རྒྱུའི་ལས་འགན་ལེན་དགོས། ལག་ལེན་དོན་འཁེལ་བྱུང་སླད་འབྲེལ་ཆགས་བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ལ་དེའི་ཐོག་ལག་བསྟར་འཇུག་གནོན་བྱེད་དགོས་པའི་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་གཏོང་ཆོག་པ་ཡིན། དེ་བཞིན་བཅད་ཁྲ་ཉམས་ལེན་ལག་བསྟར་དོན་འཁེལ་བྱུང་སླད་ད་དུང་དགོས་གལ་བྱུང་ན་བཀའ་ཤག་གི་འབྲེལ་ཆགས་གྱོད་ཡར་ས་གནས་སྤྱི་མང་ཁྲིམས་ཁང་ནས་རོགས་སྐྱོར་ལེན་ན་ཆོག་པའི་བཀོད་ཁྱབ་གཏོང་འཐུས་ཞེས་འཁོད་ཡོད་པ་རེད། གསར་དུ་ཤེས་རྟོགས་བྱུང་བར་གཞིགས་ན། བཀའ་ཤག་གིས་དེ་རིང་ཕྱི་དྲོ་ཞུ་སྦྱོར་བའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་སུ་ཁྲིམས་རྩོད་པའི་གླ་ཡོན་གནང་ཡོད་པ་རེད་འདུག

༸དཔལ་ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།

དེ་རིང་རྒྱ་གར་བྱང་ཕྱོགས་ Uttarakhand མངའ་སྡེའི་སྡེ་ར་ལྡུན་༸དཔལ་ས་སྐྱ་བཙུན་མའི་མཐོ་སློབ་ཏུ་ཚོགས་མགོན་གྱི་གཙོ་བོ་༸དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཐོ་སློབ་དེའི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་དང་རྒྱལ་ཡོངས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོ་ཚོགས་འདུག ༸དཔལ་ས་སྐྱ་བཙུན་མའི་མཐོ་སློབ་ནས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་དེ་རིང་སྔ་དྲོ་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་སྐབས་དང་པོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་པ་གཙོས་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་རྣམ་པ་དང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་སློབ་དཔོན་རྣམ་པ་དང་དགོན་ཁག་གི་དབུ་འཛིན་སྐུ་ཚབ་རྣམ་པ། དེ་བཞིན་སློབ་དཔོན་མ་དང་དགེ་བཤེས་མ། བོད་ཀྱི་བཙུན་མའི་ལས་འཆར་གྱི་ཐོག་མའི་དབུ་འཛིན་དང་ད་ལྟའི་དབུ་འཛིན་ལས་ཐོག མཐོ་སློབ་དེའི་ངེས་སྟོན་པ་དང་སློབ་སྤྱི་གཙོས་དགེ་ལས་སློབ་གཉེར་བ་བཅས་ལྷན་འཛོམས་ཀྱིས་༸དཔལ་ས་སྐྱ་ཁྲི་འཛིན་ར་ཏྣ་བཛྲ་རིན་པོ་ཆེ་མཆོག་གིས་བསླབ་པ་མཐར་སོན་གྱི་བཙུན་མ་བདུན་ལ་བཀའ་བཅུ་པའི་ཕྱག་འཁྱེར་གསོལ་བསྩལ་མཛད་འདུག ༸སྐྱབས་མགོན་༸གོང་ས་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐབས་དེར་བསླབ་པ་མཐར་སོན་གྱི་བཙུན་མ་རྣམ་པར་དགའ་བསུའི་འཚམས་འདྲི་མཛད་པ་དང་འབྲེལ་ཏེ་ཕྱག་འཁྱེར་གསོལ་བསྩལ་གནང་རྗེས་བཙུན་མའི་མཐོ་སློབ་དེའི་ངོས་ནས་མཐོ་སློབ་ཀྱི་ངེས་སྟོན་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གི་བཀའ་དགོངས་བཞིན་སློབ་གཉེར་གནང་རྒྱུར་དམིགས་བསལ་གྱིས་འབད་བརྩོན་གནང་དགོས་པ་མ་ཟད་ལྷག་དོན་ནང་པའི་གཞུང་ལུགས་དག་ལ་སློབ་གཉེར་གནང་སྐབས་གཙོ་བོ་སེམས་རྒྱུད་འདུལ་ཐབས་གནང་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་བསྩལ་འདུག དེ་རིང་སྔ་དྲོ་ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་གྲུབ་བསྟུན་མཐོ་སློབ་དེའི་ནང་ཚད་མ་རྣམ་འགྲེལ་ལེའུ་དང་པོའི་ཐོག་ཉིན་གསུམ་གྱི་རིང་རྒྱལ་ཡོངས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བགྲོ་གླེང་ཆེན་མོ་ཞིག་ཀྱང་དབུ་འཛུགས་གནང་འདུག རྩ་བའི་༸དཔལ་ས་སྐྱ་བཙུན་མའི་མཐོ་སློབ་དེ་ནི་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༩ ཚེས་ ༢༦ ཉིན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་དེའི་ནང་ས་སྐྱ་མཐོ་སློབ་ཀྱི་སློབ་ཚན་གཞིར་བཟུང་ནང་དོན་རིག་པ་གཙོ་གྱུར་བོད་ཡིག་དང་དབྱིན་ཡིག་བཅས་ཀྱི་སློབ་ཁྲིད་གནང་མུས་ཡིན་པ་མ་ཟད་ད་ལྟའི་ཆར་མཐོ་སློབ་དེའི་ནང་ཁྱོན་བཙུན་མ་དྲུག་ཅུ་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་མོལ་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རུ་ཁག་ནས་ཨོ་སི་ཊོ་ལི་ཡ་ནང་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་གཏུག་གནང་བཞིན་འདུག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱི་སྣེ་ཁྲིད་པའི་འོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཟླ་ ༡༡ ཚེས་ ༨ ཉིན་ཨོ་སི་ཊོ་ལི་ཡ་ནང་གི་ Brisbane གྲོང་ཁྱེར་ནས་དབུ་འཛུགས་ཀྱིས་ཡུལ་དེའི་གྲོང་ཁྱེར་ཆེ་གྲས་ ༤ ཙམ་གྱི་ནང་དུ་བོད་དོན་ཞུ་གཏུག་གི་སྐོར་སྐྱོད་གནང་བཞིན་པའི་ཁྲོད་ཚེས་ ༨ ཉིན་ Brisbane གྲོང་ཁྱེར་ནང་དུ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་དང་ལྗང་ཁུ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Senator Larissa Waters  མཆོག་དང་ Brisbane གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་  Jonathan Sri ལགས། ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Malcolm Roberts ལགས་ཀྱི་སློབ་སྟོན་པ་བགྲེས་པ་ H. Carter ལགས་བཅས་དང་མཇལ་འཕྲད་གནང་སྟེ་ད་ལྟའི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འོག བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་ཇི་ལྟར་རྩ་མེད་གཏོང་བཞིན་པ། བོད་ནང་ཡོད་པའི་བོད་མི་རྣམས་ལ་འགྲོ་འདུག་དང་སྨྲ་བརྗོད་རང་དབང་མེད་པ། ཁོར་ཡུག་གཏོར་བཤིག འབྲོག་པ་གནས་སྤོས་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་སོགས་བོད་དོན་ཞུ་སྐུལ་གནང་འདུག སྐབས་དེར་ལྕམ་སྐུ་ Larrisa Waters ལགས་ཀྱི་མ་འོངས་པར་ཨོ་གླིང་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་བ་དང་དེ་བཞིན་ Jonathan Sri ལགས་དང་ Carter ལགས་གཉིས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་མཁྱེན་རྟོགས་ཡོད་པ་མ་ཟད་མ་འོངས་པར་བོད་དོན་དང་འབྲེལ་བའི་ལས་དོན་ཐོག་ནུས་པ་གང་ཡོད་འབད་སྤུངས་གནང་རྒྱུའི་ཞལ་བཞེས་གནང་འདུག དེ་རྗེས་ཕྱི་ཚེས་ ༡༠ ཉིན་ Melbourne གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་ཀྱི་གཡག་གསོལ་མགྲོན་ཁང་དུ་ཝིག་ཊོར་རི་ཡའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག Australia བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ Hal Young མཆོག་གིས་གཙོས་པའི་ལོ་མང་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་མི་ཁག་གཅིག་དང་ལྷན་དུ་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་གནས་སྟངས། མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་འདུག ཕྱི་ཚེས་ ༡༡ ཉིན་ Melbourne གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ Sam Hibbins ལགས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྙན་གསེང་དང་ཡིག་ཆ་ཁག་འགོ་འབུལ་ཞུས་པར་ཁོང་གིས་མེལ་བྷོན་གནས་སྡོད་ས་གནས་བོད་རིགས་མི་མང་ལ་དུས་ཆེན་ཁག་བཞི་ལ་ཚོགས་ཁང་རིན་མེད་གཡར་བཞིན་ཡོད་པ་མ་ཟད་རྗེས་སུ་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག དེ་བཞིན་དེ་རིང་སྤྱི་འཐུས་རྣམས་ནས་རྒྱལ་ས་ Canberra ནང་དུ་ཡུལ་དེའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Louise Pratt ལགས་དང་ Kimberly Kitching ལགས་དེ་བཞིན་ཚོགས་པ་དེའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Alicia Payne ལགས། གུ་ཡངས་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ James Paterson ལགས་དང། ལྗང་ཁུ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་Janet Rice ལགས་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གང་ལེགས་གནང་འདུག ད་ལན་སྤྱི་འཐུས་རྣམ་པ་ཨོ་སི་ཊོ་ལི་ཡ་ནང་དུ་ཕེབས་པ་དང་བསྟུན་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་དང་། ཝིག་ཊོར་རི་ཡ་བོད་རྒྱ་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་སྤྱི་འཐུས་རྣམ་པ་བཞི་དང་མེལ་བྷོན་གྲོང་ཁྱེར་དུ་གནས་སྡོད་རྒྱ་རིགས་ཝིག་ཊོར་རི་ཡ་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི། བོད་རྒྱ་དམངས་ཁྲོད་འབྲེལ་ལམ་སྐུལ་སྤེལ་ཚོགས་པ་གཉིས་ཀྱི་ཚོགས་མི། དེ་བཞིན་ཧོང་ཀོང་གི་འཐུས་ཚབ་བཅས་ཚོགས་མི་ ༢༠ ཙམ་གྱི་ལྷན་དུ་བོད་ཀྱི་གནས་སྟངས། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ད་ལྟའི་གནས་བབ། མ་འོངས་པར་དབུ་མའི་ལམ་གྱི་མདུན་ལམ་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཀྱང་གནང་འདུག ལྷག་དོན་ཡུལ་དེའི་ ABC གསར་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་ཡོད་པ་རེད། སྤྱི་འཐུས་རྣམས་ནས་ Brisbane དང་ Melborne བཅས་ཀྱི་ནང་དུ་ས་གནས་བོད་རིག་མང་ཚོགས་དང་མཇལ་འཕྲད་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་ངོ་སྤྲོད་དང་། དབུ་མའི་ལམ་གྱི་སྲིད་བྱུས། ༸གོང་ས་མཆོག་གི་མཛད་འཕྲིན། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ལ་གཏམ་བཤད་དང་མི་མང་གི་དྲི་བ་དང་དགོངས་ཚུལ་ཁག་ལ་ལན་འདེབས་སོགས་གནང་འདུག

གཏོང་ལེན་སློབ་གྲྭས་འཛམ་གླིང་གི་བྱམས་བརྩེ་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་སྔ་དྲོ་ཚོུད་ ༩ ཐོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་གཏོང་ལེན་སློབ་གྲྭའི་གོ་སྒྲིག་འོག་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་སྲུང་བརྩི་ཞུས་ཏེ་དྷ་སའི་གཡས་གཡོན་གྱི་སློབ་གྲྭ་ཁག་ལ་ཆེད་བཅར་གྱིས་བྱམས་བརྩེ་དེ་གལ་ཆེན་པོ་ཡིན་པ་དང་དྷ་ས་འདི་བྱམས་བརྩེའི་གྲོང་ཁྱེར་ཞིག་ཏུ་བསྒྱུར་ཐབས་ལ་འབད་དགོས་པའི་གཏམ་བཤད་གནང་འདུག རྒན་བློ་བཟང་འཇམ་དབྱངས་ལགས་ཀྱིས་གཙོས་པའི་རྒྱ་གར་གྱི་སློབ་གྲྭ་བཅུ་ཙམ་གྱི་འཐུས་ཚབ་ཀྱི་དགེ་ལས་སུམ་བརྒྱ་ཙམ་གྱིས་བྱམས་བརྩེ་ནི་འོན་པས་གོ་ཐུབ་པ་དང་ཞ་རས་མཐོང་ཐུབ་པའི་སྐད་ཡིག་དེ་ཡིན་ཞེས་བྲིས་པའི་སྦྱར་ཡིག་བསྣམས་ཏེ་ང་ཚོ་ཚང་མར་བྱམས་བརྩེ་མཁོ་ཞེས་པའི་འབོད་སྒྲའི་འོག་དྷ་ཤོད་ནས་ཀ་ཆཱ་རི་བར་དུ་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་སོང་། གསར་འགོད་པས་གཏོང་ལེན་སློབ་གྲྭའི་འགན་འཛིན་བློ་བཟང་འཇམ་དབྱངས་ལགས་སུ་མཛད་སྒོ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས་ཕྲུ་གུ་ཆུང་ཆུང་ནས་སེམས་རྒྱུད་ལ་བྱམས་བརྩེ་སྤེལ་དགོས་པ་དེ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཁྲོད་ཀྱི་གཅིག་ཡིན་སྟབས་དེ་རིང་གི་ཉིན་མོ་འདི་བརྒྱུད་ནས་བྱམས་བརྩེའི་གལ་ཆེན་རང་བཞིན་དེ་ཁྱབ་སྤེལ་གཏོང་རྒྱུ་ནི་གནད་ཆེ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་། དེ་བཞིན་སློབ་མ་མཱམ་ཏ་ལགས་སུ་བྱམས་བརྩེའི་ལས་འགུལ་དེར་ཞུགས་དགོས་དོན་གང་ཡིན་དྲིས་པར་ཁོང་གིས་རང་ཉིད་སྔོན་ཆད་དབུལ་ཕོངས་ཀྱི་གྲོང་ཚོ་ཞིག་ནས་ཡིན་པར་བརྟེན་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རག་པར་ལུས་ཡོད་ཀྱང་། རྗེས་སུ་རྒན་བློ་བཟང་འཇམ་དབྱངས་ལག་ཀྱིས་ཁོ་མོར་བདག་སྐྱོང་གནང་སྟེ་གཏོང་ལེན་སློབ་གྲྭར་སློབ་ཞུགས་ཀྱི་གོ་སྐབས་ཐོབ་ཡོད་པར་འབྲེལ་བརྗོད་ཀྱིས་ད་ཆ་འཛིན་རིམ་བཅུ་གཉིས་ཐོན་ལ་ཉེ་བ་ཡིན་པས་སླད་མར་ཁྲིམས་རྩོད་པ་ཞིག་གནང་རྒྱུའི་ཆོད་སེམས་ཡོད་པ་གསུངས་བ་དང་འབྲེལ། བྱམས་བརྩེ་ཟེར་བ་དེ་མི་དང་མིའི་དབར་ཙམ་མིན་པར་རང་བྱུང་ཁམས་ལའང་བྱམས་བརྩེ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་ཡོད། དེ་བཞིན་གཏོང་ལེན་སློབ་གྲྭའི་སློབ་ཟུར་ནཱེ་ཤ་ལགས་ཀྱིས་ཁོང་མོ་ཡང་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པར་བརྟེན་ཆུང་དུས་གྲང་ལྟོག་གི་དཀའ་ངལ་མང་པོ་མྱངས་ཡོད་པར་འགྲེལ་བརྗོད་དང་། གཏོང་ལེན་སློབ་གྲྭའི་བྱམས་བརྩེའི་འོག་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་པ་ལྟར་དེང་ཆར་གསར་འགོད་རིག་པའི་ཐོག་ལ་ཞུགས་རྒྱུའི་སློབ་སྦྱོང་བྱེད་བཞིན་ཡོད་པ་གསུངས་སོང་བ་དང་ཆབས་ཅིག ཁོང་མི་སྒེར་ལ་བྱམས་བརྩེ་དེ་དགོས་གལ་ཡིན་པའི་ཉམས་མྱོང་མང་པོ་ཡོད་སྐོར་གསུངས་ཏེ་ཁོ་མོས་བྱམས་བརྩེ་དེ་གལ་ཆེན་དུ་བརྩི་བཞིན་ཡོད་པ་གསུངས་སོང་། གཞི་རྩའི་གཏོང་ལེན་དགེ་རྩ་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༤ ལོར་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་དྷ་ས་ཁུལ་དུ་ཡོད་པའི་རྒྱ་གར་དབུལ་ཕོངས་ཉམ་ཐག་ཕྲུ་གུ་ཚོར་ལྟ་སྐྱོང་སླད་དུ་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་།  འདས་པའི་ལོ་ངོ་བཅུ་ལྔ་ལྷག་གི་རིང་ཚོགས་པའི་ངོས་ནས་ས་གནས་རྒྱ་གར་དབུལ་ཕོངས་ཉམ་ཐག་གི་ཕྲུ་གུ་ ༣༣༣ ལྷག་དང་མི་སེར་ཚོར་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་སོགས་ཀྱི་ཐོག་རོགས་སྐྱོར་གནང་མུས་ཡིན་པ་རེད།  ཚོགས་པའི་དཔལ་འབྱོར་རྒྱབ་རྟེན་གཙོ་བོ་ནི་༸གོང་ས་མཆོག་གི་ཏཱ་ལའི་བླ་མའི་བདེ་རྩ་ཚོགས་པ་དབུས་པའི་ཨིན་ཡུལ་དང་ཕ་རན་སི་སོགས་ནང་ཡོད་པའི་ཡན་ལག་ཚོགས་པ་དང་རྒྱལ་སྤྱིའི་སྦྱིན་བདག་ཁག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་གཏོང་ལེན་དགེ་རྩ་ཚོགས་པ་ནི་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་སློབ་ཁྲིད་གནང་མཁན་རྒྱ་གར་ནང་གི་སློབ་གྲྭ་ཐོག་མའི་གྲས་ཡིན་པ་རེད།

སྲིད་སྐྱོང་མཆོག་གིས་སུད་སི་དང་བྱང་ཨ་རི་ནང་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱལ་ཁབ་གསུམ་གྱི་ནང་དུ་གཞུང་འབྲེལ་འཚམས་གཟིགས་སླད་དུ་ཕེབས་ཐོན་གནང་འདུག དེའང་བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ། སྲིད་སྐྱོང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་ ༢༠༡༩ ལོའི་ཇི་ནི་ཝ་གླེང་སྟེགས་ཐོག་མཉམ་ཞུགས་གནང་གི་ཡོད་པ་དང་། ཐེངས་འདིའི་བརྗོད་གཞི་ནི་ China’s High-Tech Repression and Freedom of Religion ཞེས་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་ཞེས་པ་དེ་ཆགས་ཀྱི་ཡོད་པ་རེད། སྲིད་སྐྱོང་མཆོག་དེ་རྗེས་ཕྱི་ཚེས་ ༡༦ ཉིན་ཛུ་རིག་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་གྲུབ་བསྟུན། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ Tibet Policy and Support Act ཞེས་པའི་ཁྲིམས་འཆར་གཏན་འབེབས་ཡོང་སླད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིའི་ཁུལ་ལ་ཕེབས་ཐོན་གནང་རྒྱུ་མ་ཟད། དེ་བཞིན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༢ ཉིན་ཁེ་ན་ཌར་ཕེབས་ཐོན་གྱིས་ཁེ་ན་ཌའི་ཧ་ལི་ཧྥག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐེངས་བཅིུག་པ་ 11th Halifax International Security Forum ཐོག་མཉམ་ཞུགས་བཅས་གནང་ཕྱིར་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག སྲིད་སྐྱོང་མཆོག་གཞུང་འབྲེལ་འཚམས་གཟིགས་གྲུབ་རྗེས་ཕྱི་ཚེས་ ༢༦ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་ཀྱི་ཡོད་པ་རེད་འདུག རྩ་བའི་འདི་ལོ་ ༢༠༡༩ ལོའི་ཇི་ནི་ཝ་གླེང་སྟེགས་ཏེ་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས་འཚོགས་རྒྱུ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་གཅིག་ཆེད་བཅར་ཞུས་ཡོད་པ་རེད།  

ཨ་རིའི་སྲིད་འཛིན་ཟུར་པ་མཆོག་གི་སྙུན་གཞི་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཨ་རིའི་སྲིད་འཛིན་ཟུར་པ་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐུ་ཞབས་ Jimmy Carter ལགས་སྙུང་གཞི་བཞེས་རྐྱེན་གྱིས་སྨན་ཁང་དུ་བཞུགས་དགོས་བྱུང་བར་བརྟེན་ཁོང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ་ཁོང་ཉིད་གང་མགྱོགས་དྲག་སྐྱེལ་བྱུང་ནས་རང་ཁྱིམ་དུ་ཕྱིར་ཕེབས་ཐུབ་པའི་ཐུགས་སྨོན་མཛད་འདུག  མགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་བསྩལ་བའི་ནང་དུ་སྐུ་ཉིད་མཆོག་གིས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་ཅེས་བཀའ་བསྩལ་བ་དང་སྦྲགས་ཏེ་སྐུ་ཉིད་མཆོག་ནས་ལོ་མང་རིང་མི་མང་ཉམ་ཐག་ཚོའི་ཆེད་དུ་བློས་བཏང་གིས་རླབས་ཆེ་བའི་ཕྱག་ལས་ཧུར་ཐག་གནང་བར་ཡི་རངས་དང་བསྔགས་བརྗོད་ཡོད་སྐོར་བཀའ་བསྩལ་མཛད་དེ་སྐུ་ཉིད་མཆོག་གིས་ང་ཚོ་ཡོངས་ཀྱིས་གཞན་ཕན་གྱི་ཕྱག་ལས་ཇི་ལྟར་གནང་དགོས་པའི་མིག་དཔེ་བཟང་པོ་བསྟན་ཡོད་ཅེས་བཀའ་བསྩལ་འདུག རྩ་བའི་སྐུ་ཞབས་  Jimmy Carter ལགས་ནི་ཕྱི་ལོ་ ༡༩༧༧ ནས་ ༡༩༨༡ བར་ཨ་རིའི་སྲིད་འཛིན་ ༣༩ པ་དེ་གནང་མྱོང་ཡོད་པ་མ་ཟད་ཕྱི་ལོ་ ༢༠༠༢ ལོར་ཁོང་གིས་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་ཡོད་པ་རེད། ཁོང་ཕྱི་ལོ་ ༡༩༨༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཆེས་ཐོག་མའི་མཇལ་འཕྲད་གནང་ཡོད་པ་དང་ཕྱིས་སུ་ཁོང་གིབརྙན་ལམ་བརྒྱུད་ནས་ཏཱ་ལའི་བླ་མ་ནི་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གིི་ལས་འགུལ་གྱི་དབུ་ཁྲིད་ཅིག་དང་། བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པ། དེ་བཞིན་འཛམ་གླིང་གི་ནང་པ་ཡོངས་ཀྱི་མགོན་སྐྱབས་རེད་ཅེས་ཆེས་བསྟོད་ཀྱང་གནང་མྱོང་ཡོད་པ་རེད།

Latest news