Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཞི་ཅིན་ཕིང་དང་མོ་དཱི་གཉིས་ཀྱི་མཇལ་མོལ་གོང་འཛིན་བཟུང་བྱས་པའི་བོད་མི་ལས་འགུལ་བ་ཡོངས་རྫོགས་གློད་བཀྲོལ།

བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དེ་རིང་ Puzhal དབུས་བཙོན་ཁང་ནས་གློད་བཀྲོལ་བཏང་བ་དང་གཟའ་འཁོར་སྔོན་མར་རྒྱ་གར་ལྷོ་ཕྱོགས་ Mamallapuram གྲོང་ཁྱེར་ནང་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་དབར་ཆེས་མཐོའི་ནང་མོལ་ལྷན་འཛོམས་གནང་བའི་སྔ་རོལ་དུ་རྒྱ་གར་ཉེན་རྟོག་པས་བོད་མི་ཁྱོན་ ༤༠ ལྷག་ཙམ་སྔ་རྗེས་སུ་འཛིན་བཟུང་བྱས་པ་ཡོངས་རྫོགས་གློད་བཀྲོལ་ཟིན་འདུག དེའང་ཉེ་ལམ་ཟླ་བ་འདིའི་ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་ཀྱི་རིང་རྒྱ་གར་གྱི་ལྷོ་ཕྱོགས་Tamil Nadu མངའ་སྡེའི་གྲོང་ཁྱེར་ Mamallapuram ནང་རྒྱ་གར་གྱི་སྲིད་བློན་ Narendra Modi དང་རྒྱ་ནག་གི་སྲིད་འཛིན་ Xi Jinping གཉིས་དབར་ Sino-Indo summit ཞེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆེས་མཐོའི་ནང་མོལ་ཚང་འཛོམས་གནང་བའི་ཉིན་ཤས་ཀྱི་སྔ་རོལ་དུ་ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་མངའ་སྡེའི་ཉེན་རྟོག་པས་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རིག་འཛིན་ཆོས་སྒྲོན་ལགས་བཅས་ཀྱིས་གཙོས་པའི་བོད་པའི་སློབ་མ་དང་ལས་འགུལ་བ་ཁྱོན་བོད་མི་ ༤༠ ལྷག་ཙམ་སྔ་རྗེས་སུ་འཛིན་བཟུང་གིས་ཁག་གཅིག་ Chennai གྲོང་ཁྱེར་གྱི་བཙོན་ཁང་དང་ཁ་ཤས་ Puzhal དབུས་བཙོན་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་གར་ཉེན་རྟོག་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གཙོས་པའི་ལས་འགུལ་བ་ ༢༥ རེས་གཟའ་ཉི་མའི་ཉིན་གློད་བཀྲོལ་བཏང་ཡོད་པ་ལྟར། སྦེང་ལོར་དང་ལྡི་ལི་ནས་ཡིན་པའི་ལས་འགུལ་བ་ ༡༦ རང་གནས་སུ་ཕྱིར་ལོག་ཟིན་པ་དང་ཁ་སང་ནས་དེ་རིང་བར་ Puzhal དབུས་བཙོན་ཁང་ནས་བསྟན་འཛིན་བརྩོན་འགྲུས་ལགས་གཙོ་གྱུར་ལས་འགུལ་བ་ ༡༤ ཡོད་པ་ཚང་མ་གློད་བཀྲོལ་ཟིན་པ་དེ་ལྟར་ཡང་། ཁོང་རྣམས་པ་ད་ལྟའི་ཆར་ Chennai ནས་ཉིན་བཅོ་ལྔ་རིང་ཕྱིར་ལོག་གནང་ཆོག་གི་མེད་པ་རེད་འདུག བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་སུ་རྒྱ་དཀར་ནག་གཉིས་དབར་གྱི་དབུ་ཁྲིད་རྣམ་པའི་མཇལ་འཕྲད་མ་གནང་གོང་དུ་ཁོང་ཉེན་རྟོག་པས་འཛིན་བཟུང་བྱས་པ་དེའི་ཐོག་ཚོར་སྣང་ཇི་བྱུང་བཀའ་འདྲི་ཞུས་པར་ ཁོང་གིས་ད་རེས་རྒྱ་གར་གྱིས་བོད་མིའི་ལས་འགུལ་བར་དམ་དྲག་དེ་ལྟར་གནང་བ་དེས་རྒྱ་གར་རྒྱལ་ཁབ་ནས་མང་གཙོའི་ལམ་ལུགས་དང་དེའི་ཐོབ་ཐང་ཁག་ལ་རྩིས་མེད་གནང་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་། རྩ་བའི་རྒྱ་གར་གྱི་ཉེན་རྟོག་པས་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་གཉིས་དབར་མཇལ་འཕྲད་སྐབས་ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་བོད་མི་ལས་འགུལ་བ་དང་སློབ་ཕྲུག་དེ་དག་ཉིན་ཤས་སྔོན་ནས་འཛིན་བཟུང་བཙོན་འཇུག་བྱས་པར་བརྟེན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དཔྱད་ཞིབ་པ་མང་དག་ཅིག་གིས་དེའི་ཐོག་ཐུགས་འཚབ་ཆེན་པོ་ཡོད་པའི་རྣམ་པ་ཆེད་བཏོན་གནང་བ་མ་ཟད་ཕྱི་ཚེས་ ༡༠ ཉིན་མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་གྱི་རྒྱ་གར་སློབ་ཕྲུག་ ༢༠ ཙམ་གྱིས་མཐོ་སློབ་དེའི་ Chepauk Campus དུ་ང་ཚོ་བོད་པའི་སློབ་ཕྲུག་ཚོ་དང་མཉམ་དུ་ཡོད་ཅེས་པའི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ཏེ་རྒྱ་གར་ཉེན་རྟོག་པས་ཁོང་རྣམས་འཛིན་བཀག་བསྐྱིལ་དང་བསུན་བརྩེར་བྱས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད།

ཨ་རིས་ཧོང་ཀོང་ནང་གི་འགྲོ་བ་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་གཏན་འབེབས།

ཁ་སང་ཨ་རིའི་གྲོས་ཚོགས་འོག་ནང་སྤྱི་མོས་ཀྱི་ཐོག་ནས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་དང་། གྲོས་ཚོགས་གོང་མས་ཀྱང་ཁྲིམས་གཞི་དེར་ངོས་བཞེས་གནང་ཐུབ་ཚེ་ཁྲིམས་འཆར་དེ་བརྒྱུད་ནས་ཨ་རིས་ལོ་ལྟར་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་བྱས་ཏེ་རྒྱ་ནག་གིས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་ལ་རྡོག་རོལ་གཏོང་གི་ཡོད་པ་ར་སྤྲོད་བྱུང་ཚེ་ད་ལྟའི་ཆར་ཧོང་ཀོང་དང་ཨ་རི་གཉིས་ཀྱི་བར་དུ་ཡོད་པའི་ཚོང་གི་འབྲེལ་ལམ་དམིགས་བསལ་བ་དེ་མཚམས་འཇོག་བྱེད་རྒྱུ་ཡིན་པ་རེད། གསར་ཁང་ཁག་གིས་ཨ་རིའི་གྲས་ཚོགས་གོང་མས་ཀྱང་ཁྲིམས་གཞི་དེ་གཏན་འབེབས་གནང་བ་ཡིན་ན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་ལོ་རྟག་པར་ཧོང་ཀོང་དེ་རྒྱ་ནག་གི་སྟངས་འཛིན་འོག་ནས་རང་སྐྱོང་ཚད་ལྡན་ཞིག་ཡོང་གི་ཡོད་མེད་ཀྱི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ལ་འབུལ་དགོས་པ་མ་ཟད། རྒྱ་ནག་གིས་ཧོང་ཀོང་ནང་གི་སྤྱི་མང་གི་ཐོབ་ཐང་དང་ཁྲིམས་ཀྱི་སྟངས་འཛིན་རྣམས་ལ་གཏོར་རྒོལ་གཏོང་གི་ཡོད་མེད་སོགས་ཀྱི་ཐད་ནས་དུས་ལྟར་བསྐྱར་ཞིབ་བྱེད་དགོས་ལུགས་འཁོད་འདུག  ཁྲིམས་གཞི་དེ་དང་འབྲེལ་ནས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་ཐེངས་འདིའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་གཞི་དེའི་དམིགས་འདུན་ནི་རྒྱ་ནག་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཀྱི་འོག་ཏུ་ཧོང་ཀོང་མི་མང་སྤྱི་ལ་འགྲོ་བ་མིའི་ཐོབ་ཐང་ཚད་ལྡན་ཞིག་རག་རྒྱུའི་དམིགས་འབེན་ཡིན་པར་འགྲེལ་བརྗོད་གནང་འདུག འོན་ཀྱང་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་ Carrie Lam ཨ་རིའི་ཁྲིམས་གཞི་དེ་ནི་གྲོང་ཁྱེར་གྱི་ནང་ཁུལ་གྱི་བྱ་བཞག་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་ནའང་། ཧོང་ཀོང་གི་མང་གཙོ་དོན་གཉེར་གྱི་ལས་འགུལ་བ་སྐུ་ཞབས་ Joshua Wong ལགས་ཀྱིས་ཧོང་ཀོང་གི་ཡུལ་མི་ས་ཡ་ལྷག་གིས་ཁྲོམ་གཞུང་དུ་རྒྱ་ནག་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེར་ངོ་རྒོལ་བྱས་བ་བརྒྱུད་ནས་མི་མང་གིས་ཨ་རིའི་རྒྱལ་གླུ་བླངས་ཏེ་རྒྱལ་དར་འཕྱར་ཡོད་པ་ངོ་སྤྲོད་བྱས་ཏེ་ཨ་རིའི་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཡི་ཁྲིམས་གཞི་དེས་ཧོང་ཀོང་གི་མང་གཙོ་ལ་སྲུང་སྐྱོབ་ཐུབ་ཐབས་ཀྱི་སྐོར་ནས་ངོ་སྤྲོད་བྱས་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་ཨ་རིའི་ངོས་ནས་རང་གི་ཚོང་དོན་གྱི་ཁེ་དབང་ལ་བལྟས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་སྐོར་ནས་སྐད་ཆ་མ་བཤད་པ་ཡིན། ཨ་རིའི་ངོས་ནས་འཛམ་གླིང་ནང་གི་ས་ཆ་གང་དུ་ཡང་སྐད་ཆ་བཤད་རྒྱུའི་ཀུན་སྤྱོད་ཀྱི་ཁེ་དབང་ཡོངས་སུ་བརླག་པ་ཞིག་རེད་ཅེས་བརྗོད་དེ་ཨ་རིས་ངེས་པར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་སྐོར་ལ་བཀའ་མོལ་གནང་དགོས་པ་གསུངས་འདུག རྩ་བའི་འདི་ལོའི་སྤྱི་ཟླ་དྲུག་པ་ནས་བཟུང་རྒྱ་ནག་གིས་ཧོང་ཀོང་ནང་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཞིག་གཏན་འབེབས་བྱེད་རྩིས་ཀྱིས་མི་མང་ས་ཡ་མང་པོས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ལྟར།   ཐེངས་འདིའི་ཧོང་ཀོང་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་དེ་ནི་འདི་ལོ་སྤྱི་ཟླ་དྲུག་པའི་ནང་དུ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ ChrisSmith ལགས་གཉིས་ཀྱིས་ངོ་སྤྲོད་གནང་བ་ཞིག་རེད་འདུག

གོ་ལའི་ཆོས་ཕྱོགས་དབུ་ཁྲིད་ཀྱི་བྱ་དགའ་ཞིག་འབུལ་བཞེས་མཛད་པ།

རྒྱ་གར་གྱི་སིག་ཆོས་བརྒྱུད་ཀྱི་སྲོལ་གཏོད་པ་གུ་རུ་ནཱ་ནཀ་མཆོག་སྐུ་བལྟམས་ཏེ་ལོ་ངོ་ ༥༥༠ འཁོར་བའི་དུས་དྲན་དང་བསྟུན་འདི་ག་པན་ཇབ་མངའ་སྡེའི་ཅན་རྡི་གར་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཅན་རྡི་གར་གྲོང་ཁྱེར་ནས་ཀི་ལོ་མི་ཀྲར་ ༢༠ ལྷག་གི་ས་ཐག་ཏུ་ཡོད་པའི་སློབ་གཉེར་ཁང་དེའི་དགེ་ལས་སློབ་ཕྲུག་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་ནང་བཟང་སྤྱོད་ཀྱི་སློབ་གསོ་དགོས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་བ་མ་ཟད། གཙུག་ལག་སློབ་གཉེར་ཁང་དེའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་འགྲོ་བ་གཅིག་འགྱུར་གྱི་རླབས་ཆེན་མཛད་པ་བསྐྱངས་དང་སྐྱོང་བཞིན་པའི་དགོངས་གཞིར་ཡི་རངས་ཆེ་བསྟོད་ཞུས་ཏེ་གོ་ལའི་ཆོས་ཕྱོགས་དབུ་ཁྲིད་ཀྱི་བྱ་དགའ་ཞིག་འབུལ་བཞེས་མཛད་སོང་། དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་ཅན་རྡི་གར་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་དང་དོན་གཉེར་ཅན་བཅས་མི་གྲངས་ ༢༠༠༠ བརྒལ་བ་ཞིག་འདུ་མཛོམས་བྱུང་བའི་མཛད་སྒོ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་བཞི་ཡོད་པ་དེ་དག་ངོ་སྤྲོད་བཀྲིན་མཛད་དེ། བསམ་བློའི་འདུ་ཤེས་ཀྱི་ཐོག་ནས་ང་ཚོ་ཚང་མར་ཆུང་དུས་མའི་བྱམས་སྐྱོང་ལས་ཚར་བའི་བྱམས་པ་དང་སྙིང་རྗེ། གཅིག་ཕན་གཅིག་གྲོགས་ཀྱི་གཞི་རྩ་དེ་ཡོད་པར་མ་ཟད་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དགོས་པ་གཅིག་མཚུངས་ཡིན་པ་དང་། ལྷག་པར་དུ་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་དེ་བྱམས་པ་དང་སྙིང་རྗེ་གཞན་ཕན་བཅས་གོང་འཕེལ་ཡོང་ཐབས་ཀྱི་དམིགས་ཡུལ་གཅིག་པ་ཡིན་པ་སོགས་ཀྱི་ལམ་སྟོན་བསྩལ་བ་དང་སྦྲགས། ད་ཆ་ང་ཚོ་ཚང་མས་གཞི་རྩའི་འགྲོ་བ་མིའི་རིན་ཐང་ཐོག་དགོངས་བཞེད་གནང་གནད་ཡིན་པ་དང་། ང་ཚོར་ཡོད་པའི་ཤེས་ཡོན་ལམ་ལུགས་འདི་དབྱིན་ཇིའི་ནུབ་ཕྱོགས་ལམ་སྲོལ་གྱི་ཤེས་ཡོན་ལམ་ལུགས་དེའི་ཐོག་ནས་ཕྱིའི་དངོས་པོའི་བདེ་ཐབས་མ་གཏོགས་ནང་སེམས་ཀྱི་སྡུག་བསྔལ་འགོག་ཐབས་ཀྱི་ཐབས་ལམ་སྐོར་གང་ཡང་བསྟན་གྱི་མེད་སྟབས་རྒྱ་གར་ལ་ཕ་མེས་ནས་ཡོད་པའི་གནའ་རབས་ཀྱི་ལེགས་བཤད་འཚེ་མེད་ཞི་བ་དང་སྙིང་རྗེ་བཅས་ཀྱི་ཐོག་ནས་འཛམ་གླིང་ཀུན་ལ་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད་པར་ལམ་སྟོན་སོགས་བཀའ་བསྩལ་ཏེ་རྒྱ་གར་ཚོའི་ངོས་ནས་དེའི་ཐོག་དམིགས་བསལ་གྱི་ནུས་པ་ཆེད་འདོན་གནང་དགོས་པའི་ལམ་སྟོན་བཀྲིན་བསྩལ་སོང་།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་ནང་ནས་སྟོན་པ་བཅོམ་ལྡན་འདས་དང་སིག་གི་ཆོས་ལུགས་སྲོལ་གཏོད་པ་གུ་རུ་ནཱ་ནཀ་ལྟ་བུའི་ཆོས་བརྒྱུད་ཀྱི་རླབས་ཆེན་དབུ་ཁྲིད་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པ་མ་ཟད་ལྷག་པར་དུ་སིག་ཆོས་ལུགས་ཀྱི་སྲོལ་གཏོད་པ་གུ་རུ་ནཱ་ནཀ་ལྟ་བུར་ཆ་མཚོན་ན་ཁོང་རང་ཉིད་ཆུང་དུས་ཧིན་དུའི་ཆོས་བརྒྱུད་པ་ཞིག་ནས་ Mecca ཁ་ཆེའི་གནས་སར་གནས་མཇལ་ཕེབས་པ་སོགས་ནི་ཆོས་ལུགས་མཐུན་འབྲེལ་ཐོག་རླབས་ཆེན་གྱི་དགོངས་གཞི་ཡོད་པ་ཞིག་ཡིན་པར་བཀའ་བསྩལ་མཛད་དེ་སིག་ཆོས་ལུགས་ཀྱི་པན་ཇབ་མི་རྣམས་རྒྱུན་དུ་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན་པར་བསྔགས་བརྗོད་དང་འབྲེལ། གུ་རུ་ནཱ་ནཀ་རྗེས་དྲན་ཞུས་པ་ཙམ་མིན་པར་བཀའ་ཇི་བཞིན་བསྒྲུབ་ཐབས་ཐད་ལ་འབད་བརྩོན་གནང་དགོས་པའི་ལམ་སྟོན་བསྩལ་ཡོད། མི་རབས་གཞོན་པ་ཚོར་ཉེན་བརྡའི་ཚུལ་དུ་ད་ལྟ་དུས་རབས་ ༢༡ དུས་འགོ་དེ་ཡིན་སྟབས་དེང་དུས་དང་གནའ་རབས་རྒྱ་གར་གྱི་ལེགས་བཤད་དེ་དག་ཟུང་འབྲེལ་ཐོག་ཆོས་ཕྱོགས་ནས་མིན་པར་ཤེས་ཡོན་སློབ་གསོའི་ལམ་ནས་མ་འོངས་པའི་དུས་མཇུག་དེ་ཞི་བདེ་ལྡན་པ་ཞིག་ཡོང་ཐབས་གནང་དགོས་པ་དང་། མགོན་པོ་༸གང་ཉིད་མཆོག་གི་དགོངས་འཆར་གཅིག་ནི་འཛམ་གླིང་འདིའི་ཐོག་དམག་ཤུགས་ཀྱི་གོ་མཚོན་ཕྱིར་བསྡུ་ཡོང་བ་ཞིག་དང་དཀའ་ངལ་རིགས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཡོང་བའི་དགོངས་གཞི་ཡོད་སྐོར་སོགས་བཀའ་བསྩལ་མཛད་སོང་། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བཀྲིན་བསྩལ་ཡུལ་ཅན་རྡི་སྒར་གཙུག་ལག་སློབ་གཉེར་ནང་བོད་པའི་སློབ་ཕྲུག་ ༢༢ དང་གཞན་ཡང་འབྲུག་ཁུལ་ནས་སློབ་ཕྲུག་ ༣༠༠ བརྒལ་བ་ཞིག་སློབ་གཉེར་གནང་བཞིན་ཡོད་པ་ལྟར་མགོན་པོ་༸གང་ཉིད་མཆོག་ནས་མཛད་སྒོ་གྲུབ་བསྟུན་སློབ་ཕྲུག་དེ་དག་ལ་བོད་པའི་སྐད་ཡིག་དང་རིག་གཞུང་བཅས་ཀྱི་ཐོག་རྒྱུན་དུ་ནས་དོ་སྣང་ཆེ་ཙམ་གནང་དགོས་པ་སོགས་ཀྱི་ལམ་སྟོན་བསྩལ་སོང་། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་གྲངས་གཉིས་ཀྱི་མཛད་འཆར་ལྟར་ཁ་ཉིན་ཕྱི་ཚེས་ ༡༣ ཉིན་འདི་ག་ཅན་རྡི་སྒར་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། དེ་རིང་ཅན་རྡི་སྒར་གཙུག་ལག་སློབ་གཉེར་ཁང་གི་མཛད་སྒོ་དེ་གྲུབ་བསྟུན་མགོན་པོ་༸གང་ཉིད་མཆོག་སང་ཉིན་བཞུགས་སྒར་དུ་ཆེབས་བསྒྱུར་མཛད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་མི་དྲུག་བཙན་ཁྲིད་བྱས་རྗེས་བོད་མི་གཅིག་གར་སོང་ཆ་མེད་དུ་གྱུར་འདུག

འདི་ལོའི་རྒྱལ་སྟོན་དུས་ཆེན་དང་བསྟུན་བོད་ཁུལ་གྱི་ས་ཆ་གང་སར་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་པ་ལྷན་དུ་བོད་ནག་ཆུ་ཁུལ་དུ་སྲིད་གཞུང་གི་དཔོན་རིགས་ལྟ་སྐོར་དུ་ཡོང་གི་ཡོད་པར་བརྗོད་ནས་དམིགས་བསལ་གྱི་དམ་དྲག་བྱས་ཏེ་མི་དྲུག་ཙམ་འཛིན་བཟུང་བཙན་ཁྲིད་བྱས་པའི་ཁྲོད་ནས་ནག་ཆུ་ས་ཁུལ་རྟར་ཆེན་ཤང་གི་ཡུལ་མི་ནོར་བཟང་ལགས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་རིང་འདི་གར་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་ཁུལ་དེར་འཛིན་བཟུང་བྱས་པའི་མི་དྲུག་དེ་རིམ་པའི་ཀློད་དཀྲོལ་བྱས་ཡོད་ནའང་། ད་ལྟའི་ཆར་མི་གཅིག་གར་སོང་ཆ་མེད་དུ་གྱུར་འདུག མི་དེའི་མིང་ལ་ནོར་བཟང་དང་ད་ལྟར་རང་ལོ་ ༣༥ ཙམ་ཡིན་པ་དང་ཟླ་ ༩ ཚེས་ ༢༧ ཕྱི་དྲོར་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྗོད་འདུག ཉེ་སྔོན་འཛིན་བཟུང་བྱས་དོན་ནི་རྒྱལ་སྟོན་གྱི་སྐབས་སུ་རྟར་ཆེན་ཤང་དུ་སྲིད་གཞུང་གི་ལས་བྱེད་མི་སྣ་འགའ་ཞིག་སྐོར་སྐྱོད་ལ་ཡོང་གི་ཡོད་པར་བརྗོད་ནས་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་མི་སྣས་གང་བྱུང་འདྲི་རྩད་བྱས་པར་རྣམ་འགྱུར་ཡག་པོ་མེད་པར་བསྙད་ནས་ཤང་དུ་འབོད་འགུག་བྱས་པར་བརྗོད་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་ནོར་བཟང་འཛིན་བཟུང་བྱེད་སའི་ཉེ་འཁྲིས་ཀྱི་གྲོང་ཚོ་རུ་ཉེན་རྟོག་རུ་ཁག་གི་རླང་འཁོར་མང་དུ་ཡོང་བཞིན་ཡོད་པ་མ་ཟད། དུས་ནས་དུས་སུ་རླང་འཁོར་གྱི་གློག་བརྡ་དམར་པོ་རྒྱབ་ནས་མི་མང་ལ་འཇིགས་སྐུལ་དང་དམ་དྲག་བྱེད་ཀྱི་ཡོད་པར་བརྗོད་སོང་། གཞན་ཡང་ཁུལ་དེར་རྒྱ་ནག་གཞུང་གིས་དགོན་པའི་བླ་གྲྭ་རྣམས་ཀྱང་རང་དགོན་དུ་འདུག་མ་བཅུག་པར་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་ཡོད་པ་ལྟར་ཡུལ་མི་རྣམས་ཀྱིས་སྲིད་གཞུང་ལ་རེ་སྐུལ་བྱས་ཏེ་བླ་མ་རྣམས་རང་དགོན་དུ་ཕེབས་སུ་འཇུག་རྒྱུའི་རེ་འདུན་བྱས་པ་རྣམས་ལ་ཡང་གཅར་རྡུང་དང་དམ་དྲག་བྱས་ཡོད་པ་མ་ཟད། ད་ཆ་ཁོང་རྣམས་ཐག་རིང་ཏུ་འགྲོ་ཆོག་པར་ཡུལ་བཙོན་ལྟ་བུའི་ངོ་བོར་གནས་ཡོད་པ་ཡང་འགྲེལ་བརྗོད་གནང་སོང་། རྒྱ་ནག་གཞུང་གིས་ཁུལ་དེར་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་སྤེལ་ནས་མི་རེ་འགར་སྲིད་གཞུང་གིས་མིང་དང་དངུལ་སོགས་སྤྲད་ནས་བྱ་དགའ་གནང་བ་དང་། མི་རེ་འགའ་འཛིན་བཟུང་དམ་དྲག་བྱས་ཏེ་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་འཆམ་མཐུན་གྱི་རྨང་གཞི་ཡོད་ཚད་གཏོར་ནས་འགལ་འདུའི་རྙོག་གླེང་རིགས་མང་དུ་སྐྲུན་ཡོད་པར་བརྟེན། མང་ཚོགས་ཀྱི་ནང་དུ་ཡང་རྙོག་དྲ་མང་པོ་ཞིག་ཡོང་གི་ཡོད་པ་རེད་འདུག རྩ་བའི་རྒྱ་གཞུང་གི་རྒྱལ་སྟོན་མཛད་སྒོ་ཚོགས་ལ་ཉེ་བའི་སྐབས་འདིར་ཡུལ་ལུང་མང་པོ་ཞིག་ནང་བཙན་དབང་གིས་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་པ་དང་།  དེ་བཞིན་བསྟོད་གླུ་བླང་དགོས་པ་སོགས་བྱས་ཡོད་པ་ལྟར་ཉེ་ལམ་ནག་ཆུ་ས་ཁུལ་རྟར་ཆེན་གྲོང་བརྡལ་དུ་སྲིད་གཞུང་མི་སྣ་ལྟ་སྐོར་ཡོང་གི་ཡོད་པར་བརྗོད་ནས་དམ་དྲག་ཤུགས་ཆེ་བྱས་པ་མ་ཟད་གྲོང་བརྡལ་དེའི་ཁྱབ་ཁོངས་ནས་ཡིན་པའི་སྨན་པ་ཚེ་རྒྱལ་ལགས་དང་། དབྱངས་འཕེལ་ལགས། དེ་བཞིན་བདུད་འདུལ་ལྷ་རྒྱས་ལགས། ནོར་བཟང་ལགས། ཤེས་དབང་རྣམ་རྒྱལ་ལགས། སྲིད་ཐར་དབང་རྒྱལ་ལགས་བཅས་ནས་དེ་འབྲེལ་ཁས་ལེན་མ་བྱས་པའི་རྐྱེན་གྱིས་ཟླ་ ༡༠ ཚེས་ ༢༠ ཉིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ལྟར་མང་ཚོགས་ཀྱི་ནང་དུ་དུས་ནས་དུས་སུ་སློབ་གསོ་སྤེལ་ནས་གོང་རིམ་ལ་དགའ་ཞེན་དང་བསྟོད་གླུ་ལེན་དགོས་པའི་བཙན་བཀའ་གཏོང་འཇུག་བཞིན་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གྷཱཾ་དྷཱིའི་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་དགོས།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་དགུང་ཚོུད་ ༡༢༌༣༠ ཐོག་དྷ་གཤོད་ Yatri Niwas མགྲོན་ཁང་དུ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ Vijay Singh Makotia ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ International Gandhi peace prize འམ་རྒྱལ་སྤྱིའི་གྷཾ་དྷཱིའི་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པ་གསུངས་སོང་། ཕྱི་ནང་གི་གསར་འགོད་པ་སུམ་ཅུ་ལྷག་ཞིག་ལྷན་འཛོམས་གནང་ཐོག་སྐུ་ཞབས་ Makotia ལགས་ཀྱིས་རིང་མིན་ཕྱི་ཟླ་ ༡༡ ཚེས་ ༧ ནས་ ༨ བར་དྷ་རྨ་ས་ལའི་ཁུལ་དུ་ Global investor meet ཞེས་པའི་ལྷན་ཚོགས་ཤིག་འཚོགས་གཏན་ཁེལ་ཡོད་པ་དང་ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོར་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་ཕེབས་ཀྱི་ཡོད་པ་མ་ཟད་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་གཅིག་ཀྱང་ཆེད་ཕེབས་གཏན་ཁེལ་ཡོད་པ་དང་བསྟུན་སྐུ་ཞབས་ Makotia ལགས་ཀྱིས་ཁ་སང་ཕྱི་ཚེས ༡༤ ཉིན་སྲིད་བློན་མོ་དཱི་མཆོག་ལ་ཕྱག་ཡིག་ཞིག་ཕུལ་ཏེ་དྷ་རྨ་ས་ལ་ཞེས་རྒྱལ་སྤྱིའི་ས་ཁྲ་སྟེང་དུ་ཡོངས་ཁྱབ་བྱུང་བ་ནི་༸གོང་ས་མཆོག་གི་བཞུགས་གནས་ཤིག་དང་༸སྐུའི་མཛད་འཕྲིན་ལས་བྱུང་བ་ཞིག་ཡིན་སྟབས་འདི་ལོར་རྒྱ་གར་གྱི་ས་ཚིགས་གང་སར་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༡༥༠ འཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད་ International Gandhi Peace Prize འམ་རྒྱལ་སྤྱིའི་གྷཱཾ་དྷཱིའི་ཞི་བདེའི་གཟེངས་རྟགས་དེ་༸གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུ་ལས་འོས་བབས་གཞན་ཞིག་མ་མཆིས་པས་རྒྱ་གར་གཞུང་ནས་ལྷན་ཚོགས་དེ་མ་འཚོགས་གོང་དུ་༸གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུའི་གསལ་བསྒྲགས་བསྐྱང་དགོས་པ་དང་། ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་གདན་ཞུ་ཕུལ་ཏེ་རྒྱལ་སྤྱིའི་གྷཱཾ་དྷཱིའི་ཞི་བདེའི་གཟེངས་རྟགས་དེ་འབུལ་བཞེས་གནང་དགོས་པ་གསུངས་སོང་། ཁོང་གིས་སྲིད་བློན་མོ་དཱི་མཆོག་ལ་ཕུལ་བའི་ཕྱག་ཡིག་དེའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་འོག་རང་སྐྱོང་གི་གནས་བབ་ཞིག་ལས་གཞན་གང་ཡང་རྩོད་གནང་གི་མེད་ཀྱང་བོད་ནང་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་བརྒྱུད་དྲག་གནོན་ཚད་མེད་བཏང་དང་གཏོང་བཞིན་པ་སོགས་བོད་ཀྱི་གནད་དོན་ཞིབ་ཕྲ་འགྲེལ་བརྗོད་དང་འབྲེལ། རྒྱ་གར་གཞུང་ནས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་མི་འགྲོ་བར་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་རྒྱུར་ཚང་མས་འབད་བརྩོན་གནང་དགོས་གལ་ཡིན་པ་གསུངས་སོང་། སྐབས་དེར་གསར་འགོད་པས་ཁོང་གི་ཞུ་སྐུལ་ལ་རྒྱ་གར་གཞུང་གི་ངོས་ནས་ཡ་ལན་གང་འདྲ་ཞིག་གནང་བར་ཚོད་དཔག་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ རྒྱ་གར་རྒྱལ་ཡོངས་ནང་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དག་ཁྱབ་སྤེལ་ཕྱིན་ཡོད་པ་དང་། གཟེངས་རྟགས་དེ་མགོན་པོ་༸གང་ཉིད་མཆོག་ལ་འབུལ་ལམ་ཞུ་རྒྱུ་ལས་འོས་བབས་གཞན་ཞིག་མ་མཆིས་པས་ཕུགས་རྒྱང་རིང་པོར་དགོངས་བཞེད་གནང་ཐུབ་མཁན་དང་བློ་སྟོབས་ཡོད་མཁན་སྲིད་བློན་མོ་དཱི་མཆོག་གིས་གཟེངས་རྟགས་དེ་༸གོང་ས་མཆོག་ལ་ངེས་འབུལ་ཞུ་བར་ཡིད་ཆེས་ཞུ་བཞིན་ཡོད་སྐོར་གསུངས་ཡོད།

   ཨོ་གླིང་གི་སློབ་ཕྲུག་ཅིག་གིས་རྒྱ་ནག་གི་གཞུང་ཚབ་ཞིག་ཁྲིམས་གཏུག

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཨོ་གླིང་གི་ Queensland མངའ་སྡེ་ནང་གི་ Brisbane གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་པ་  Dr Xu Jie ཟེར་བ་ཞིག་གིས་སྤྱི་ཚོགས་དྲྭ་རྒྱ་འདྲ་མིན་གྱི་སྟེང་དུ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་ཅིག་གི་མིང་འདོན་བྱས་ཏེ་སློབ་ཕྲུག་དེའི་རྒྱལ་ཁབ་བྲལ་གྱི་ལས་འགུལ་རྩོམ་གྱི་ཡོད་པ་བརྗོད་ཡོད་སྟབས་སློབ་ཕྲུག་དེས་ཁོང་གི་ཚེ་སྲོག་ལ་འཇིགས་སྐུལ་བྱས་ཡོད་པའི་མིང་ཐོག་ནས་རྒྱ་ནག་གི་གཞུང་ཚབ་པ་དེར་ཁྲིམས་གཏུག་བྱས་འདུག ཨོ་གླིང་གི་མངའ་སྡེ་ Queensland  ཡི་གཙུག་ལག་སློབ་ཁང་གི་སློབ་མའི་མཐུན་ཚོགས་ཀྱི་སྐུ་ཚབ་ Drew Pavlou ལགས་ཀྱིས་ཧོང་གོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱིས་ཁུལ་དེར་རྒྱ་ནག་གི་དབང་ཤུགས་དང་དྲག་གནོན་ལ་ངོ་རྒོལ་གྱི་ལས་འགུལ་ཅིག་གོ་སྒྲིག་བྱས་པ་བརྒྱུད་ནས་ཁོང་ལ་འཇིགས་སྐུལ་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། ལྷག་དོན་རྒྱ་ནག་གི་གཞུང་ཚབ་ཀྱི་དྲུང་ཆེ་ Dr Xu Jie ལགས་ཀྱིས་སློབ་ཕྲུག་ Drew Pavlou ལགས་ནི་རྒྱ་ནག་ལ་ངོ་རྒོལ་གྱི་སྐུལ་སློང་བྱེད་མཁན་ཡིན་པར་ཁྱབ་བསྒྲགས་བྱས་པ་དང་མཉམ་དུ་རྒྱ་ནག་གི་སློབ་ཕྲུག་མང་པོས་ཁོང་ལ་འཇིགས་སྐུལ་རབས་དང་རིམ་པ་བྱས་པར་བརྟེན་ཁོང་གིས་ Dr Xu Jie ལགས་ཀྱིས་ཁོང་ནི་ཁ་བྲལ་གྱི་བྱ་བ་རྩོམ་མཁན་གྱི་གཏེ་བོ་ཡིན་པར་བསྒྲགས་ནས་ཁོང་གི་འཇུགས་སྐུལ་བྱས་ཡོད་པའི་ཐད་ནས་ཁྲིམས་གཏུག་བྱས་ཏེ་རྒྱ་ནག་གི་གཞུང་ཚབ་པས་འཕྲལ་དུ་ཁོང་ལ་དགོངས་དག་ཞུ་དགོས་པ་མ་ཟད་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་བའི་གནས་ཚུལ་དེ་དག་ཕྱིར་བསྡུ་བྱས་ནས་རྗེས་ཕྱོགས་ནས་ངལ་སྐུལ་གྱི་བྱ་བར་མི་ཞུགས་རྒྱུའི་དམ་བཅའ་འཇོག་དགོས་ལུགས་ཀྱི་དགོས་འདུན་བཏོན་འདུག སློབ་ཕྲུག་ Drew Pavlou ལགས་ཀྱིས་ཁྲིམས་གཏུག་གྱི་ཞུ་ཡིག་ནང་དུ་རྒྱ་ནག་གི་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ Dr Xu Jie ལགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་གྱི་དྲྭ་རྒྱ་ Global Times ཞེས་པ་དང་དེ་བཞིན་ཨོ་གླིང་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་རྒྱ་ཡིག་གི་དྲྭ་རྒྱ་སོགས་སུ་ཁོང་མིང་འདོན་བྱས་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་གཙོ་བོ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་སྟབས་ད་ཆ་ཁོང་གི་ཚེ་སྲིག་དེ་ཉེན་ཁ་ཆེ་བའི་གནས་སུ་ལྷུང་ཡོད་པར་འགྲེལ་བརྗོད་ཀྱིས་ཁོང་ཐེངས་གཉིས་ལ་རྒྱ་ནག་གི་རྒྱབ་སྐྱོར་བས་དཔུང་འཇུག་གིས་རྒོལ་རྡུང་བྱས་ཡོད་པས་ཁྲིམས་གཏུག་མི་བྱེད་ཐབས་མེད་དུ་གྱུར་ཡོད་སྐོར་འགྲེལ་བརྗོད་བྱས་འདུག Drew Pavlou ལགས་ཀྱིས་ཨོ་གླིང་གི་  Sydney Morning Herald and The Age ཞེས་པའི་གསར་ཁང་ལ་ད་ཆ་ཁོང་གི་མི་ཚེ་དེ་ཉེན་ཁ་ཆེ་བའི་གནས་སུ་ལྷུང་ཡོད་པར་འགྲེལ་བརྗོད་ཀྱིས་ཁོང་གི་ཕ་མ་གཉིས་ཀྱིས་གནས་ཚུལ་དེ་ཆེ་རུ་མི་འགྲོ་བའི་ཆེད་དུ་གནས་སྐབས་སུ་ཁོང་ཕྱི་ལོག་ཅིག་ལ་སོང་ནས་ཁུ་སིམ་མེར་སྡོད་རྒྱུའི་རེ་བ་རྒྱག་གི་ཡོད་ནའང་། ངས་དེ་ལས་ལྡོག་ཏེ་གནས་ཚུལ་འདིའི་ཐད་ནས་སྐད་ཆ་བཤད་དགོས་བའི་དུས་ལ་བབ་ཡོད་པར་མཐོང་གི་ཡོད་པར་བརྗོད་འདུག ཁོང་གི་ཁྲིམས་རྩོད་པ་སྐུ་ཞབས་ Tarrant ལགས་ཀྱིས་རྒྱ་ནག་གི་ཁྲིམས་ཡིག་གི་ནང་དུ་ཁ་བྲལ་གྱི་ལས་འགུལ་ནི་ཉེན་ཚབ་ཆེ་བའི་ནག་ཉེས་ཀྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་སྟབས་རྒྱ་ནག་གི་གཞུང་ཚབ་པ་ Dr Xu Jie ལགས་ཀྱིས་ཁྲིམས་ཁང་ནང་གནས་ཚུལ་དེ་ཁུངས་སྐྱེལ་བྱེད་དགོས་པར་བརྗོད་དེ་རྒྱ་ནག་གི་གཞུང་ཚབ་པ་དེ་ཟླ་བ་རྗེས་མའི་ཚེས་ ༢༢ ཉིན་ཁྲིམས་ཁང་དུ་ཡོང་དགོས་ལུགས་བརྗོད་འདུག རྩ་བའི་རང་ལོ་ ༢༠ ཡིན་པའི་སློབ་ཕྲུག་ Pavlou ལགས་ནི་དུས་རྒྱུན་ནས་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་སྔོན་ཆད་ཀྱང་གཙུག་ལག་སློབ་ཁང་དེར་རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་སྒོ་རྒྱག་དགོས་པའི་འབོད་ཚིག་གི་འོག་ནས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱས་ཡོད་པ་མ་ཟད་གཙུག་ལག་སློབ་དེའི་ཉེ་བའི་རིགས་བདག་གཞོན་པ་སྐུ་ཞབས་ Peter Hoj མི་སྒེར་གྱི་ཐོག་ནས་རྒྱ་ནག་སྲིད་གཞུང་ལ་འབྲེལ་བ་ཆེན་པོ་ཡོད་པར་དུས་རྒྱུན་ནས་སྐྱོན་བརྗོད་ཚ་ནན་བྱེད་མཁན་ཞིག་རེད་འདུག ཐེངས་འདིའི་གནད་དོན་དེ་བརྒྱུད་ནས་གཙུག་ལག་ཁང་གཞན་ཁག་ཏུ་ཡང་རྒྱལ་སྤྱིའི་ནང་རྒྱ་ནག་གི་དབང་ཤུགས་ཆེ་རུ་འགྲོ་བཞིན་པའི་ཐད་ལ་གླེང་སློང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་འབུལ་ཞུས་པ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་ལས་འཁྱུར་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་འབུལ་ཞུས་སོང་། གཞི་རྩའི་དྭགས་པོ་བསོད་ནམས་ནོར་བུ་ལགས་ཉེ་འཆར་མཇུག་བསྒྲིལ་ཟིན་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་དགོངས་དོན་ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་གཏོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག སྲིད་སྐྱོང་མཆོག་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་སླད་ཆེད་འཛུགས་གནང་བའི་འདེམས་སྒྲུག་ཚོགས་ཆུང་ནས་གཞུང་ཞབས་ཟུར་པ་དངོས་གྲུབ་རྡོ་རྗེ་ལགས་དང་ལྷན་དུ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་འོས་གཞིར་མཚན་འཆར་ཕུལ་གནང་བ་ལྟར་གྲོས་ཚོགས་སུ་མཚན་འདོན་གནང་སྟེ་སྐབས་དེའི་ངོ་ཡོད་སྤྱི་འཐུས་ ༤༢ ནས་གསང་བའི་འོས་ཤོག་འཕངས་ཏེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་འོས་གྲངས་ ༣༠ དང་བཅས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་ཡོད། དམ་འབུལ་མཛད་སྒོ་གྲུབ་མཚམས་སུ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གྱིས་མང་གཙོ་ཚད་དང་ལྡན་པ་ཞིག་དགོས་ཚེ་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གོང་དུ་བཀུར་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་སྟབས། མ་འོངས་ལས་དོན་ཚང་མ་བཙན་བྱོལ་བོད་མིའི་བཅར་ཁྲིམས་རིན་པོ་ཆེ་གོང་དུ་བཀུར་ནས་ཕྱག་ལས་རྣམས་གནང་ངེས་ཡིན་ཞེས་གསུངས་ཡོད།    རྩ་བའི་དེ་རིང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་འབུལ་བཞེས་མཁན་དྭགས་པོ་བསོད་ནམས་ནོར་བུ་ལགས་ནི་ཕྱི་ལོ་ ༡༩༥༦ ལོར་བོད་དབུས་དྭགས་པོ་པུ་རབས་རྣམས་རྒྱལ་རྫོང་ཁོངས་རྩེ་ལའི་ལ་ཁར་ཤ་ཁྱིམ་དུ་སྐྱེད་ཞིང། ༡༩༦༢ ལོར་བཙན་བྱོལ་དུ་འབྱོར་བ་དང་། དེ་ནས་རིམ་པས་ལྡི་ལི་བཙུག་ལག་སློབ་གཉེར་ཁང་དང་། ཨ་རིའི་ Harvard གཙུག་ལག་སློབ་གཉེར་ཁང་བཅས་ནས་གཙུག་ལག་རབ་བྱམས་པ་མཐོན་ཏེ། ༡༩༨༨ ནས་བཟུང་བོད་མིའི་སྒྲིགས་འཛུགས་ཁོངས་སུ་བཞུགས་ཏེ་ཐེགས་པ་རིམ་འཛེགས་ཀྱིས་ ༢༠༠༤ ལོར་ཕྱི་དྲིལ་དྲུང་ཆེར་གནས་སྤར་བསྐོ་གཞག་གནང་ཡོད་པ་དང་། ཁོང་གི་ལས་ཡུན་ཁྲོད་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དང་ལྷོ་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་ཞུས་མྱོང་བ་མ་ཟད། ཕྱི་ལོ་ ༢༠༠༢ ནས་ ༢༠༠༨ བར་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མིའི་ཁོངས་བོད་དང་རྒྱ་ནག་ཏུ་ཕེབས་མྱོང་ཡོད་པ་རེད།  

ཁ་མཆུ་ཨང་ ༢༠ པའི་རྒྱལ་ཁ་དེ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ལ་ཐོབ་སོང་།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ ཐོག་མཐའ་མའི་བཅད་ཁྲ་ཁྱབ་བསྒྲགས་དང་འབྲེལ། ཞུ་སྦྱོར་བ་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལ་རྒྱལ་ཁ་ཐོབ་སོང་། དེའང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༡ བར་ཁ་མཆུ་དེ་དང་འབྲེལ་གནད་དོན་གསལ་བཟོའི་ཉན་ཞིབ་གཅིག་དང་། གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གཉིས། དེ་བཞིན་ཞིབ་གཅོད་ཉན་ཞིབ་དགུ་བཅས་ཁྱོན་ཉིན་ ༡༢ རིང་ཉན་ཞིབ་ཚོགས་པའི་རྗེས་དེ་རིང་ཤོག་གྲངས་ ༡༠༢༨ ཅན་གྱི་བཅད་ཁྲ་འདོན་སྤེལ་གནང་བའི་ནང་དུ་ཁ་མཆུ་འདིའི་བརྒྱུད་རིམ་ཁྲོད་གྱོད་ཡ་ཞུ་སྦྱོར་བས་ཁུངས་སྐྱེལ་དགོས་པ་ཁག་ཐུབ་པ་དང་། རྩོད་ལེན་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་སྐབས་ ༡༥ པས་ཁུངས་སྐྱེལ་དགོས་པ་ཁག་མ་ཐུབ་པར་བརྟེན། བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་བཅུ་གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་གཡེང་ལ་གོ་ནོར་ཐེབས་པའི་དབང་གིས་སྤེན་པ་ཚེ་རིང་གི་ལྷག་བསམ་དང་འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁ་གཡོག་ཤོར་བ་སོགས་ཐག་གཅོད་གནང་སྟེ་བཀའ་ཤག་ནས་སྤེན་པ་ཚེ་རིང་ལགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་ཞིག་དབྱིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ་དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པ་དང་། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོས་པའི་གླ་ཡོན་སྤྲོད་དམིགས་ཧིན་སྒོར་ ༩༨༠༠༠ ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པའི་བཅད་ཁྲ་བཏང་སོང་། དེ་བཞིན་རྩོད་ལན་པ་བཀའ་ཤག་གི་དགོས་འདུན་ནང་དུ་བོད་མིའི་སྤྱི་ཚོགས་ལྷིང་འཇགས་ཡོང་བ་དང་། བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལ་དོ་ཕོག་མི་ཡོང་བ་གཙོ་བཟུང་ཞེས་གསལ་བ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁུལ་མ་མཐུན་པ་ཤུགས་ཆེར་གྱུར་བའི་རྩོད་རྙོག་འདི་ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཡིག་ཁག་གི་དགོངས་དོན་ལྟར་ཐག་གཅོད་ཟིན་པར་བརྟེན་བཅད་ཁྲའི་འབྲུ་དོན་གཞིར་བཟུང་སོ་སོར་འཁྲི་བབས་ཀྱི་ཉམས་ལེན་ཞུ་སྒོ་འཚེམས་མེད་དགོས་ཤིང་། བོད་བསྟན་སྲིད་མི་རིགས་ཀྱི་ཛ་དྲག་གནས་སྟངས་ལ་བསམ་གཞིགས་ཀྱིས་བོད་རིགས་སྤུན་ཟླ་རྣམས་ཆིག་སྒྲིལ་དམ་བཙང་ཡོང་བའི་ཐབས་ཚུལ་ལ་གྱོད་ཡ་ཕྱོགས་གཉིས་ནས་འབད་པར་ལྷུར་ལེན་དགོས་པ་བཅས་ཀྱི་བཅད་ཁྲ་བཏང་འདུག རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡོ་རོབ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་ས་གནས་སུ་བཞུགས་མེད་སྟབས། བཀའ་ཤག་གི་ངོ་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བ་དེ་བཀའ་ཤག་གི་རེ་བ་ལྟར་བྱུང་མེད་པ་དང་། རིམ་པས་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཤག་རྣམ་པ་ལྷན་འཛོམས་བྱུང་མཚམས་སུ་རིམ་པས་བཀའ་བསྡུར་གནང་ནས་གང་གནང་དགོས་མིན་གསལ་པོ་ཆགས་ཀྱི་རེད་ཅེས་གསུངས་ཡོད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ད་དུང་ཐེངས་འདིའི་ཁ་ཆུ་འདི་དང་འབྲེལ་བའི་ལབ་གླེང་མང་དག་ཅིག་གྱོད་ཡ་ཕྱོགས་གཉིས་ཀ་ནས་གཞུང་འབྲེལ་ལས་དོན་བཀོད་མངགས་དང་སྙན་གསན་ཁག་ངག་ཐོག་ནས་བྱས་ཏེ་གོ་བརྡ་མ་འཕྲོད་པའི་དབང་གིས་བྱུང་འདུག་པ་དང་། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་ལག་བསྟར་ཚུལ་བཞིན་མ་བྱས་པའི་དབང་གིས་ཡིན་སྟབས་སླད་མར་འཛིན་སྐྱོང་ནས་སྒྲིག་གཞི་དེའི་ཞུ་སྒོར་ཐུགས་སྣང་ཟབ་མོ་དགོས་གལ་དང་། མ་འོངས་པར་ལས་བྱེད་མ་ཡིན་པ་ཞིག་དོན་གཅོད་དུ་བསྐོ་གཞག་གི་འོས་ཆོས་དང་མཐུན་རྐྱེན། ཐོབ་ཐང་། དེ་བཞིན་འཕོ་འགྱུར་གཏོང་ཕྱོགས་བཅས་སྒྲིག་གཞི་ཁག་གི་ནང་གསལ་བཀོད་ཐུབ་པའི་འབད་རྩོད་གནང་གལ་དང་། མ་བྱུང་ཚེ་འབྲེལ་ཡོད་བྱ་ལམ་བྱེད་བདེའི་རྩ་འཛིན་ལམ་སྟོན་འཛིན་སྐྱོང་བཀའ་ཤག་ནས་བཟོ་དགོས་པ། དེ་བཞིན་ད་རེས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་གསལ་བསྒྲགས་གནང་སྟེ་ཉིན་གྲངས་སུམ་ཅུའི་ནང་ཚུད་བཅད་ཁྲའི་འབྲུ་དོན་ཁག་གྱོད་ཡ་ཕྱོགས་གཉིས་ནས་ཉམས་ལེན་ལག་བསྟར་ཟིན་པ་དགོས་པའི་བཀའ་ཁྱབ་གནང་འདུག གཞི་རྩའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༧ ཉིན་སྐབས་དེའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་འབྲེལ་དོན་ཚན་བཅུ་ཅན་གྱི་གསལ་བཤད་ཅིག་འདོན་སྤེལ་གནང་སྟེ་ཁོང་གིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་གནང་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་ལ་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་པ་སོགས་རྒྱུ་མཚན་གཙོ་བོ་གསུམ་གྱི་ཐོག་ནས་གསལ་བཤད་གནང་ཡོད་པ་རེད། འོན་ཀྱང་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་གི་ལས་དོན་ལ་འཐུས་ཤོར་ཕྱིན་པ་སོགས་ཀྱི་གནད་དོན་ཁག་ལ་ངོས་ལེན་མེད་པ་དང་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་དང་མང་ཚོགས་ཁྲོད་ཐག་གཅོད་དེ་ཁྲིམས་དང་མཐུན་པ་ཞིག་བྱུང་ཡོད་མེད་ཐག་གཅོད་གནང་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕེབས་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པར་འགྲེལ་བརྗོད་གནང་ཡོད་པ་བཞིན་ཁོང་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་ཞུས་ཡོད་སྐོར་གསུངས་ཡོད་པ་རེད། http://www.youtube.com/watch?v=8JUq2hC8Imo

ཅིཏ་ཀ་རཱ་གཙུག་ལག་སློབ་གཉེར་ཁང་དུ་གོ་ལའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་དབུ་འབྱེད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་གྱི་པན་ཇབ་མངའ་སྡེ་ཅན་རྡི་གར་གྲོང་ཁྱེར་ནས་ཀི་ལོ་མི་ཀྲར་ ༣༠ ཙམ་གྱི་ས་ཐག་ཏུ་ཡོད་པའི་སྒེར་གཉེར་ཅིཏ་ཀ་རཱ་གཙུག་ལག་སློབ་གཉེར་ཁང་གི་གོ་ལའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་དབུ་འབྱེད་མཛད་ཡོད་པ་མ་ཟད། གཙུག་ལག་སློབ་ཁང་དེའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་སློབ་དཔོན་གྱི་མཚན་གནས་ཕུལ་སོང་།   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙུག་ལག་སློབ་ཁང་དེ་ནས་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་ཀུན་ཁྱབ་བཟང་སྤྱོད་སྐོར་ལ་ལམ་སྟོན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་ལྟར་མགོན་པོ་༸གང་ཉིད་མཆོག་ནས་ཐོག་མར་གལ་ཏེ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་དེ་ཤེས་པ་ཡིན་ན་འཛམ་གླིང་ནང་ཞི་བདེ་ཡོང་རྒྱུ་དང་མིའི་གཞི་རྩའི་རང་གཤིས་དེ་ཞི་བདེ་ལྡན་པ་ཞིག་ཡིན་པ་དེང་སྐབས་ཚན་རིག་པ་ཚོས་ཀྱང་ཁས་ལེན་གནང་གི་ཡོད་པ་མ་ཟད། རྒྱུན་དུ་སེམས་བཟང་པོ་གནང་ཚེ་རང་ཉིད་ཀྱི་འཕྲོད་བསྟེན་ལ་ཡང་ཕན་ཐོགས་ཡོད་པའི་ལམ་སྟོན་སོགས་བཀྲིན་བསྩལ་ཏེ་ད་ལྟའི་ང་ཚོའི་ཤེས་ཡོན་གྱི་ལམ་ལུགས་དེ་ནུབ་ཕྱོགས་ནས་དར་ཁྱབ་བྱུང་བའི་ཕྱིའི་དངོས་པོ་གལ་ཆེར་རྩིས་པའི་ལམ་ལུགས་ཤིག་ཆགས་ཡོད་སྟབས། ད་ཆ་ང་ཚོར་བསམ་བློའི་འདུ་ཤེས་ཀྱི་སློབ་གསོའི་ལམ་ལུགས་ཤིག་ངེས་པར་དུ་དགོས་པ་ཞིག་ཆགས་ཡོད་སྐོར་བཀའ་བསྩལ་སོང་། གལ་ཏེ་དེ་ལྟར་ཞིག་མེད་ཚེ་གཞི་རྩའི་བསམ་བློའི་རང་གཤིས་དེ་བཟང་ཕྱོགས་ཀྱི་ཞི་བདེ་ལྡན་པ་ཞིག་ཡོད་པ་ཡིན་ནའང་། ཤེས་ཡོན་གྱི་ལམ་ལུགས་ཐོག་ནས་སློབ་གསོ་དེ་ཕྱིའི་དངོས་པོ་ཡར་རྒྱས་གཅིག་པོའི་ཐོག་སྤྲད་བསྡད་པ་ཡིན་ན་གང་ཟག་དེར་དཀའ་ངལ་འཕྲད་སྐབས་བློ་རྒྱ་ཆེན་པོ་བྱེད་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ཡོང་གི་ཡོད་སྟབས་ང་ཚོས་ངེས་པར་སློབ་གྲྭ་ཆེ་ཆུང་ཚང་མའི་ཤེས་ཡོན་གྱི་ལམ་ལུགས་ནང་མིའི་གཞི་རྩའི་གཤིས་ཀ་དེ་སེམས་བཟང་པོ་ཞིག་ཡིན་པའི་འདུ་ཤེས་དེ་ཡོང་བར་འབད་དགོས་གལ་ཡིན་པ་དང་། ཤེས་ཡོན་གྱི་ལམ་ལུགས་དེ་འདྲ་ཞིག་ཡོང་ཐབས་སུ་རྒྱ་གར་ལ་ཕ་མེས་ནས་ཡོད་པའི་འཚེ་མེད་ཞི་བ་དང་སྙིང་རྗེའི་རིག་གཞུང་བཟང་པོ་ཡོད་པ་དེ་རྒྱ་གར་གྱི་ངོས་ནས་དེའི་ནུས་པ་ཆེད་འདོན་བྱེད་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་ནས་ཀྱང་རྒྱ་གར་གྱི་རིག་གཞུང་བཟང་པོ་དེ་དག་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད་སྐོར་སོགས་བཀའ་བསྩལ་སོང་།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་ད་དུང་བཀའ་འདྲི་དགོངས་སྐོར་ཞུ་སྐབས་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཚང་མ་ཕན་སེམས་དང་བྱམས་པའི་བློ་ཐུན་མོང་དུ་ཡོད་པའི་ཐོག་ནས་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཚང་མར་མི་གཅིག་པ་ཡིན་པའི་འདུ་ཤེས་དེ་དགོས་པ་དང་། ཆོས་ལུགས་དང་རིགས་རུས། རྒྱལ་ཁབ་བཅས་ཀྱི་འདུ་ཤེས་དེ་རིམ་པ་གཉིས་པར་བཞག་དགོས་པའི་ལམ་སྟོན་བཀའ་བསྩལ་བ་མ་ཟད། ཁོར་ཡུག་དང་འབྲེལ་ཏེ་ཚན་རིག་པ་ཚོས་ཟླ་བའི་གྲོང་ཁྱེར་ལ་སོགས་པའི་རྒྱུ་སྐར་ཁག་གཅིག་ནང་བསྐྱོད་ཐུབ་ཀྱི་ཡོད་ཀྱང་ང་ཚོའི་མི་ཚེ་བསྐྱེལ་ས་དེ་འཛམ་བུ་གླིང་འདི་ཆགས་ཡོད་སྟབས་ཁོར་ཡུག་ལ་ཚང་མས་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀའ་བཀྲིན་ཆེ་བ་བསྩལ་ཡོད། གཞི་རྩའི་ཅིཏ་ཀ་རཱ་གཙུག་ལག་སློབ་གཉེར་ཁང་གི་གོ་ལའི་བདུན་ཕྲག་ཞེས་པའི་ལྷན་ཚོགས་ཐོག་རྒྱལ་ཁབ་ཁག་ ༢༢ ཀྱི་གཙུག་ལག་སློབ་ཁང་ཆེན་མོ་ ༣༩  ནས་སློབ་དཔོན་དང་མཁས་དབང་གྲངས་ ༥༠ ལྷག་ཙམ་ཞིག་ཆེད་ཕེབས་གནང་འདུག་པ་མ་ཟད། མཛད་སྒོའི་ཐོག་གཙུག་ལག་སློབ་ཁང་དེའི་སློབ་དཔོན་དང་དགེ་ལས་སློབ་ཕྲུག། དེ་བཞིན་ས་གནས་ཀྱི་དཔོན་རིགས་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༠༠༠ བརྒལ་བ་ཞིག་འདུ་འཛོམས་བྱུང་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སང་ཉིན་ཅན་རྡི་སྒར་གཙུག་ལག་སློབ་ཁང་གི་གུ་རུ་ནཱ་ནཀ་སྐུ་གཤེགས་ནས་ལོ་ ༥༥༠ འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་ཏུ་དབུ་བཞུགས་བསྐྱང་རྒྱུ་རེད་འདུག

Latest news