Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བཞུགས་སྒར་དུ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་གཞུང་འབྲེལ་དུས་དྲན་མཛད་སྒོ་ཚོགས་གནང་སོང་།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་དུས་དྲན་ཐེངས་ ༧༡ དང་བསྟུན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞོགས་པ་ཕྱག་ཚོད་ ༡༠ པའི་ཐོག་གཞུང་འབྲེལ་དུས་དྲན་མཛད་སྒོ་ཚོགས་གནང་སོང་། དེ་ཡང་ད་རེས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་ལགས་གཙོས། འཐུས་ཚབ་མི་སྣ་དང་། རྡ་ས་ས་གནས་མི་མང་དང་། ཕྱི་མི་སོགས་མཉམ་འཛོམས་ཀྱིས་དགའ་དད་སྤྲོ་གསུམ་སྒོ་ནས་༸གོང་ས་མཆོག་གིས་འཛམ་བུ་གླིང་སྤྱི་ལ་སྨན་པའི་མཛད་རྗེས་བཀའ་དྲིན་རྗེས་དྲན་ཞུས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་བུ་གླིང་ཞི་བདེ་ཁོར་ཡུག་ཞིག་བསྐྲུན་ཆེད་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་ཁོར་ཡུག་གི་གནད་དོན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་དང་། བོད་མིའི་བདེན་དོན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་དུ་འཁྲིད་གནང་མཛད་པས་ཞབས་འདེགས་བླ་ན་མེད་པར་གྲུབ་པའི་མཛད་རྗེས་ལ་བརྟེན་ནས་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་ལུང་འདྲེན་གྱིས། ༸གང་ཉིད་མཆོག་གིས་བོད་ཙམ་མ་ཟད། འཛམ་བུ་གླིང་སྤྱི་ཡོངས་ལ་སྨན་པའི་མཛད་འགན་བླ་མེད་བསྐྱངས་བའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ཕྱི་ལོ་ ༢༠༢༠ ལོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༡ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་ཡང་། བོད་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འོག་གནས་མུས་ཡིན་པ་གསུངས་སོང་། དེའི་ཁྲོད་བོད་ཀྱི་གནས་སྟངས་མཚོན་པ་ཡིན་ན། བོད་མི་ངོས་ནས་ལོ་བསྟུད་མར་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་རྣམ་པ་འདྲ་མིན་སྒོ་ནས་ཞི་རྒོལ་གནང་བ་དང་ཆབས་ཅིག་ཏུ། ཕྱི་ལོ་ ༢༠༠༩ ནས་འདི་ལོའི་ཟླ་བ་ ༡༡ ཚེས་ ༢༦ བར་བོད་མི་ ༡༥༤ ཡིས་རང་ལུས་མེར་སྲེག་བཏང་གནང་ཡོད་སྐོར་དང་། མ་ཟད། རྒྱ་གཞུང་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཚད་མེད་བྱེད་བཞིན་ཡོད་སྟབས། རྒྱ་གཞུང་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ནང་མི་ལྷན་རྒྱས། དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པའི་འབོད་སྐུལ་ཞུས་གནང་སོང་། དེ་བཞིན་སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ༸གོང་ས་མཆོག་གི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་༸གང་ཉིད་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་བ་མ་ཟད། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་འབྲེལ། ཚོགས་གཙོ་མཆོག་གིས། འདས་པའི་མི་ལོ་ ༦༠ ནང་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་གཏོང་རྒྱུར་དམིགས་ནས་བོད་མིར་དྲག་གནོན་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་དོན་འཁྱོག་བཤད་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཀྱི་སྲིད་བྱུས་ཟེར་བ་སོགས་གཏན་འབེབས་བྱས་པ་དང་། ལྷག་པར་དུ་གྲྭ་བཙུན་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་བྱེད་བཞིན་པ་སོགས་ལུང་འདྲེན་གྱིས། རྒྱ་གཞུང་གིས་རྒྱུན་མི་ཆད་པའི་ཇུས་ངན་གྱི་སྲིད་བྱུས་སྤེལ་བ་དག་མཚམས་འཇོག་དགོས་པ་གསུངས་སོང་། ཕྱོགས་མཚུངས་ཚོགས་གཙོ་མཆོག་གིས། བོད་ནང་ཆེས་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ལ་སོགས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་བོད་ནང་གི་གནས་སྟངས་རྟོག་ཞིབ་ནན་པོ་གནང་སྟེ་རྒྱ་གཞུང་གི་བྱ་སྤྱོད་ངན་པ་དག་མཚམས་འཇོག་དང་། རྒྱ་ནག་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་ཧ་ཅང་བརྩི་མཐོང་ཆེ་བའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་དང་མཚུངས་པ་ཞིག་ཡོང་ཕྱིར་མཉམ་ཁྲིད་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་། ད་རེས་མཛད་སྒོའི་སྐུ་མགྲོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་ལགས་ཀྱིས། ༸གོང་ས་མཆོག་གིས་བོད་མི་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ལ་བྱམས་བརྩེའི་སྒོ་ནས་བསྐྱངས་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཡིད་རངས་དང་སྦྲགས། ༸གང་ཉིད་མཆོག་གིས་གདུལ་བྱ་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་དང་ཞི་བདེ་ལྷད་མེད་བསྩལ་ཡོད་སྐོར་དང་། ལྷག་པར་དུ་དེའི་ཁྲོད་ལ་དྭགས་མང་ཚོགས་ནས་ཀྱང་༸གོང་ས་མཆོག་གི་བཀའ་སློབ་དང་ཆོས་འབྲེལ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་གསུངས་སོང་། ཁོང་གིས་ད་དུང་། ལ་དྭགས་མི་སེར་དང་བོད་མིའི་འབྲེལ་བའི་སྐོར་དང་འབྲེལ། ལ་དྭགས་ད་ཆ་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་ཡོད་སྟབས། ང་ཚོའི་ངོས་ནས་བོད་མིའི་མངོན་འདོད་དང་ལ་དྭགས་ནང་གནས་བཞུགས་བོད་མིའི་བདེ་འཇགས་ཐད་གཟིགས་སྐྱོང་ལེགས་པོ་གནང་རྒྱུ་ཡིན་སྐོར་གསུངས་སོང་། གཞི་རྩའི་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐུ་ཞབས་རྒྱལ་པི་དབང་རྒྱལ་ལགས་ནས་སྲིད་སྐྱོང་མཆོག་ལ་མཛའ་བརྩེའི་ཕྱག་རྟགས་ཕུལ་སོང་།  ད་རེས་ཀྱི་ཉིན་མོ་དེ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ནས་དཔའ་བོ་དཔའ་མོའི་རྡོ་རིང་གི་ཉེ་འདབས་སུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་དེ་རིང་ནས་འགོ་བཙུགས་ཀྱིས་གཟའ་འཁོར་གཅིག་བར། འདས་པའི་མི་ལོ་ ༦༠ འི་ནང་བོད་ཕྱི་ནང་གཉིས་ནང་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བའི་ཁྲོད་ལོ་ ༦༠ འི་མཚོན་དོན་ཆེད་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་སོང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱིས་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

སང་ཉིན་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན་པ་དང་བསྟུན།  བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།  རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ བསྒྱུར་བཅོས་བྱེད་ཐབས་བྱེད་བཞིན་པར་བརྟེན།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་། དེ་ཡང་ཉེ་ལམ་ཟླ་ ༡༢ པའི་ཚེས་ ༤ ནས་ ༦ བར་ལྟེ་གནས་ཁང་གི་ངོས་ནས་རྒྱ་གར་རྒྱལ་ས་ལྡི་ལི་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ ༡༣༥ ཡི་གཞུང་ཚབ་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་འབྲེལ་རྒྱལ་ཚོགས་ནས་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་སླད་འབོད་སྐུལ་ཡི་གེ་དང་མི་ལོ་ ༧༡ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩིའི་འཚམས་ཤོག་བཅས་ཕུལ་བ་ལྟར་དེ་མཚུངས་ཀྱི་ཡི་གེ་རྒྱ་གར་ཕྱི་སྲིད་བློན་མཆོག་ལའང་ཕུལ་ཡོད་སྟབས།  དེ་འབྲེལ་དེ་རིང་ཟླ་ ༡༢ པའི་ཕྱི་ཚེས་ ༩ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་ཁུངས་སུ་ཞོགས་པ་ཕྱག་ཚོད་ ༡༡། ༣༠ འི་ཐོག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་།  ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་གཉིས་དབུ་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་ཚེ་རིང་མཚོ་མོ་ལགས་ཀྱིས།  སྤྱིར་ད་ཆ་རྒྱ་ནག་གིས་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཚོང་འབྲེལ་སྒོ་ནས་འཛམ་བུ་གླིང་གི་རྒྱལ་ཁབ་ཁག་ཅིག་ལ་ཤུགས་རྐྱེན་དང་གནོན་ཤུགས་སྤྲོད་པའི་འོག   རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་གྲོས་ཆོད་གཏན་འབེབས་གནང་མི་ཐུབ་པའི་གནས་སྟངས་ཆགས་ཡོད་སྐོར་དང་།  དེ་བཞིན་རྒྱ་གཞུང་གིས་རྒྱ་ནག་དང་བོད་ནང་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་སྟངས་འཛིན་དང་།  སུན་གཙེར་བྱེད་པ།  དེ་བཞིན་འཇིགས་སྐུལ་སོགས་ཀྱི་སྒོ་ནས་ཁོང་རྣམས་པའི་ལས་དོན་ལ་འགོག་རྐྱེན་བཟོ་བ་དང་།  ཁོང་རྣམས་པའི་མངོན་འདོད་ལ་དྲག་གནོན་ཚབས་ཆེན་བྱས་རྐྱེན་བོད་ནང་གི་གནས་ཚུལ་ཕྱི་ལ་ཁྱབ་ཐབས་མེད་པའི་གནས་སུ་གྱུར་ཡོད་པ་གསུངས་པ་དང་འབྲེལ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་པས་འགན་ཁུར་བླང་པའི་ཐོག་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་།  དེ་བཞིན་ཚེ་རིང་མཚོ་མོ་ལགས་ཀྱིས་དུས་རྒྱུན་གཞུང་འབྲེལ་མིན་པ་དང་།  འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འབྲེལ་སྐྱོན་བརྗོད་བྱེད་སྐབས།  རྒྱ་གཞུང་ནས་དེར་ལན་འདེབས་ཀྱི་ཚུལ་དུ་དེ་དག་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཡིན་པར་ཁ་གཡར་ནས་དེར་ཐེ་བྱུས་བྱེད་མི་ཆོག་ཞེས་བརྗོད་པ་མ་ཟད།    གཞུང་གང་འདྲ་ཞིག་ཡིན་རུང་དེའི་ལས་འགན་གཙོ་ཆེ་ཤོས་ཤིག་ནི་རང་ཉིད་ཀྱི་མངའ་ཁོངས་སུ་ཡོད་པའི་མི་སེར་དག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་རྒྱུ་དེ་ཡིན་ཡང་།   འདས་པའི་ལོ་ ༦༠ འི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགྱུར་བ་ཕྲན་བུ་ཙམ་ཡང་སོང་མེད་སྟབས། རྒྱ་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པ་དང་།  ལྷག་པར་དུ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ལ་དེ་ལྟར་འབོད་སྐུལ་དགོས་པའི་ལས་འགན་འཁྱེར་དགོས་པའི་རེ་སྐུལ་ཞུས་སོང་། ད་རེས་གསར་འགོད་ལྷན་ཚོགས་གྲུབ་མཚམས་སུ་གསར་འགོད་པས་ལྟེ་གནས་ཁང་ལ་དྲི་བ་ཁག་ཅིག་དྲིས་པའི་ཁྲོད་ཚེ་རིང་མཚོ་མོ་ལགས་དང་བསྟན་འཛིན་ཟླ་བ་ལགས་རྣམ་གཉིས་ཀྱིས།   གཞུང་ཚབ་ཁང་དེ་དག་ལ་འབོད་སྐུལ་གྱི་ཡི་གེ་ཕུལ་བའི་ཁྲོད་རྒྱལ་ཁབ་དེ་དག་ལ་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་མངོན་གསལ་དང་སྦྲགས།  རྒྱ་གཞུང་ལ་དེ་འབྲེལ་སྲིད་བྱུས་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་རྒྱུའི་རེ་བ་དང་།  དེ་བཞིན་དེ་སྔ་ཡང་དེ་འབྲེལ་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ཚོགས་སུ་བོད་དོན་གླེང་སློང་གནང་ཡོད་སྐོར་སོགས་ལན་འདེབས་གནང་སོང་། རྩ་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་ ༧༡ འཁོར་བའི་བརྒྱུད་རིམ་ཁྲོད།  གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྤེལ་ཆེད།  སྤྱི་དམངས་ཚོགས་སྡེ་ཁག་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་གསལ་རྟོགས་བྱུང་ཡོད་པ་རེད།

༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཆར་ཁག་གཅིག་གི་སླད་ཆིབས་ཐོན་མཛད་སོང་།

དེ་རིང་ཕྱི་ཚེས་ ༩ ཉིན་གྱི་ཉིན་ཞོགས་པ་ཚོུད་ ༧༌༣༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཆར་ཁག་གཅིག་གི་སླད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་སོང་། དེ་སྔ་མཛད་འཆར་ཐུགས་གཏན་ཁེལ་བའི་ཁོངས་སུ་ཟླ་འདིའི་ཚེས་ ༡༡ ཉིན་མགོན་པོ་མཆོག་གིས་རྒྱ་གར་ལྷོ་ནུབ་གྷོ་བ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྷོ་བ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁུལ་དེར་དེང་རབས་ཀྱི་དུས་ཚོད་འདིར་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩོལ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོར་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་སྩོལ་རྒྱུ་དང་། ཕྱི་ཚེས་ ༡༦  དང་༡༧ བཅས་ཉིན་གྲངས་གཉིས་ཀྱི་རིང་འབྲས་སྤུངས་བློ་གསལ་གླིང་དུ་ཚེ་དབང་གི་ཆོས་འབྲེལ་དང་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཚེས་ ༢༠ དང་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བླ་སྤྱིར་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་ནས་ལོ་ངོ་ ༦༠༠ འཁོར་བའི་༸རྗེ་ཙོང་ཁ་པའི་རྗེས་དྲན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོ་དང་། ༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་༸སྐུ་ཞི་བར་གཤེགས་ནས་མི་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་མ་ཟད་ཕྱི་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཚེས་ ༣ ཉིན་དད་ལྡ་མང་ཚོགས་ཡོངས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩོལ་རྒྱུ་ཡིན་པ་རེད། དེ་རྗེས་ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་སྔར་ལོ་ ༢༠༡༨ ལོར་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོས་སྐྱོང་མཛད་རྒྱུ་བཅས་ཐུགས་གཏན་ཁེལ་འདུག   ཕྱི་ཟླ་ ༢ པའི་ཕྱི་ཚེས་ ༤ ནས་ ༥ བར་ཉིན་གྲངས་གཉིས་ཀྱི་རིང་བྷེ་ཧར་མངའ་སྡེའི་རཱ་ཇི་གྷར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་རཱ་ཇི་གྷར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་རྒྱལ་སྤྱིའི་ནང་པའི་ཚོགས་འདུར་དབུ་བཞུགས་བཀའ་དྲིན་མཛད་གཏན་འཁེལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༣ ཚེས་ ༩ དང་ལོ་གསར་གྱི་ཚེས་པ་ ༡༥ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་བཀའ་ཆོས་བཀའ་དྲིན་སྩོལ་རྒྱུ་ཡིན་པ་རེད།    

རྒྱ་ནག་གཞུང་གི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཁྲིམས་སྒྲིག་ལ་ངོས་ལེན་མེད་པའི་གྲོས་ཆོད་བཞག་འདུག

ཡོ་རོབ་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག རྒྱ་གཞུང་གི་བཟོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་ངོས་ལེན་མེད་སོགས་ཀྱི་སྤྱི་མོས་ཀྱི་གྲོས་ཆོད་བཞག་འདུག དེ་ཡང། ཟླ་བ་འདིའི་ཕྱི་ཚེས་༧་དང་༨་བཅས་ཉིན་གྲངས་གཉིས་རིང་། སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཁུལ་དེར་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་སུ། ཡོ་རོབ་རྒྱལ་ཁབ་ཁག་༡༠་ནས། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་༣༠ལྷག་གི་སྐུ་ཚབ་འཐུས་མི་༤༠ ཙམ་གྱི་འདུ་འཛོམས་ཐོག ཡོ་རོབ་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཐེངས་གསུམ་པ་དེ་སྐོང་ཚོགས་བྱས་འདུག ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་ཐོག ཚོགས་བཅར་བ་རྣམས་ནས་གཙོ་བོ་༸གོང་ས་མཆོག་གི་མ་འོངས་པའི་ཡང་སྲིད་གནད་དོན་གཙོས་པས། རྒྱ་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཐོག་ལ་གོ་བསྡུར་གནང་འདུག ཁ་སང་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་ནས། ཚོགས་འདུ་གོ་སྒྲིག་གནང་མཁན་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་སྐབས། ད་རེས་ཚོགས་འདུ་འདིའི་ཐོག་ཚོགས་བཅར་བ་རྣམས་ཀྱིས་སྤྱི་མོས་གྲོས་ཆོད་དོན་གསུམ་ཅན་ཞིག་བཞག་འདུག་པ་དང། དེ་ཡང། ཉེ་ཆར་བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་ཚོགས་ཆེན་ཐེངས་༡༤པའི་ཐོག་བཞག་པའི་གྲོས་ཆོད་ཁག་ལ་བཀྲིན་ཆེ་ཞུ་རྒྱུ་དང་། རྒྱ་གཞུང་གི་བཟོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་ངོས་ལེན་མེད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་༸གོང་ས་མཆོག་གི་མ་འོངས་པའི་ཡང་སྲིད་དེ། སྔར་༢༠༡༡ ལོར་གང་ཉིད་མཆོག་ནས་མ་འོངས་ཡང་སྲིད་སྐོར་སྤེལ་བའི་གསལ་བསྒྲགས་གཞིར་བཟུང། སྐུའི་ཡང་སྲིད་ཐག་གཅོད་གནང་རྒྱུའི་༸སྐུ་དབང་རྒྱལ་བ་སྐུ་ཉིད་དང་དགའ་ལྡན་ཕོ་བྲང་ལ་མ་གཏོགས་གཞན་སུ་གང་ལའང་མེད་ཅེས་སྤྱི་མོས་གྱི་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བཞག་འདུག རྩ་བའི་ཡོ་རོབ་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཐེངས་དང་པོ་དང་གཉིས་པ་ནི། དེ་སྔ་༢༠༠༥དང། ༢༠༡༣བཅས་སུད་སི་ཁུལ་དུ་༸གོང་ས་མཆོག་གི་ཆིབ་བསྒྱུར་སྐབས་ཚོགས་གནང་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་སྐྱེད་བསྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཐོག་མ་དབུ་འབྱེད་གནང་སོང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་དུ་དེ་རིང་སྔ་ཐོག་ཕྱག་ཚོད་༩ པ་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ཆེད་འཛུགས་གནང་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བ་དང་།  མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་རྣམས་སྐྱེདབསྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཐོག་མ་དབུ་འབྱེད་གནང་སོང་།  དེ་ཡང་དབུ་འབྱེད་ཀྱི་མཛད་སྒོར།  ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བཀའ་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་།  སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག   དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་མཛད་གཙོ་རྣམ་པ་དང་།  བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས།  གཞུང་འབྲེལ་མིན་པའི་སྐུ་ཚབ་ཁག་དང་།  ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་དགེ་བཀའ་རྙིང་བོན་ཇོ་ནང་ལ་སོགས་པ་ཆོས་བརྒྱུད་བཅུ་ཙམ་ཞིག་གི་མཁན་པོ་དང་།  སློབ་གྲྭའི་སློབ་སྤྱི།  དེ་བཞིན་སྐུ་ཚབ་དང་།  དགེ་རྒན་སོགས་གྲྭ་བཙུན་མི་སྐྱ་ཁྱོན་ཚོགས་བཅར་བ་ ༡༥༠ ལྷག་དང་།  ཟུར་ཉན་པ་ ༩༠ ལྷག་ཕེབས་འདུག སྐབས་དེར་༸གོང་ས་མཆོག་གིས་འཛམ་བུ་གླིང་གི་སྡུག་བསྔལ་མང་དག་ཅིག་ཆགས་སྡང་གི་གཞན་དབང་ལ་སོང་ནས་ཡོང་བསྡད་པ་ཞིག་དང་།  ཆགས་སྡང་དེའི་གཉེན་པོ་ནི་ནང་པའི་ཆོས་ནང་བསྟན་ཡོད་སྟབས།  ཆོས་ལ་དད་པ་ཡོད་མེད་ལ་མི་བལྟས་པར་ཚང་མའི་གཞུང་ཆེན་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར་བཀའ་བསྩལ་སོང་།   དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས།  ནང་པའི་གཞུང་ལུགས་ནས་གསུངས་པའི་སེམས་ཁམས་རིག་པའི་གལ་གནད་སྐོར་ངོ་སྤྲོད་མཛད་པ་དང་སྦྲགས།     སེམས་ཁམས་རིག་པ་དང་ཚད་མ་རིག་པ་གཉིས་ཆོས་དད་མེད་མཁན་ལའང་འབྲེལ་བ་ཡོད་བསྡད་པ་དང་ཕན་ཐོགས་ཡོད་པ་ཞིག་ཏུ་གྱུར་སྟབས།   དེ་ཤེས་ཡོན་གྱི་སྡེ་ཚན་ཁོངས་སུ་བཞག་ནས་སློབ་སྦྱོང་གནང་བ་ཡིན་ན་འཛམ་བུ་གླིང་སྤྱི་ཡོངས་ལ་ཕན་ཐོགས་བྱུང་ངེས་ཡིན་སྐོར་བཀའ་བསྩལ་སོང་། ༸གང་ཉིད་མཆོག་གིས་གྲྭ་བཙུན་གཙོས་པའི་སློབ་གྲྭའི་སློབ་ཕྲུག་རྣམས་ནས་མཚན་ཉིད་བལྟ་དགོས་པ་དེ་སྔ་ཡང་ཡང་འབོད་སྐུལ་མཛད་པ་དང་སྦྲགས།  ད་ཆ་དེ་འབྲེལ་ཐུགས་སྣང་གནང་མཁན་ཇེ་མང་དུ་སོང་ཡོད་པ་དང་།   ཡང་སྒོས་རིམ་པས་བོད་མི་ཡོངས་རྫོགས་ནས་བློ་རིག་རྟགས་རིགས་འགྲོ་སྟངས་ཐོག་སེམས་ཁམས་རིག་པ་དང་རིག་པའི་དཔྱད་པ་གནང་རྒྱུ་དང་།  དེ་བཞིན་གྲུབ་མཐའ་སོགས་བལྟས་ཐུབ་ན་བོད་པའི་སྤྱི་ཚོགས་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་ངེས་ཡིན་སྐོར་བཀའ་བསྩལ་སོང་།དེ་བཞིན་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས།  ད་རེས་ཀིརྟི་བྱེས་པ་གྲྭ་ཚང་ནས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བཙན་བྱོལ་ནང་དགོན་སྡེ་བསྐྱར་གསོ་གནང་ཐུབ་པ་དང་སྦྲགས།  ད་བར་རྒྱུན་གནས་ཐུབ་པ་དང་ཡང་སྒོས་གོང་འཕེལ་ནས་གོང་འཕེལ་འགྲོ་བའི་རླབས་ཆེན་གྱི་མཛད་འཕྲིན་གྲུབ་པར་བསྔགས་བརྗོད་ཞུས་སོང་།  མ་ཟད།   སྲིད་སྐྱོང་མཆོག་གིས་ད་ཆ་འཛམ་བུ་གླིང་ནང་ཆོས་དད་ཡོད་མཁན་ལས་ཆོས་དད་མེད་མཁན་གྱི་མི་འབོར་མང་བ་ཡོད་པ་དང་།   ཕྱོགས་མཚུངས་བཀའ་འགྱུར་བསྟན་འགྱུར་གྱི་སྡེ་ཚན་གསུམ་ཡོད་པའི་ཁྲོད་ནང་པའི་ཚན་རིག་དང་།  ལྟ་གྲུབ་དེ་བཞིན་ཆོས་དད་པ་མེད་མཁན་ཚོ་དང་འབྲེལ་བ་ཆགས་ཡོད་སྐོར་དང་།   ལྷག་པར་དུ་ད་ཆ་འཛམ་བུ་གླིང་ནང་འཕྲད་བཞིན་པའི་ཁོར་ཡུག་གི་གནད་དོན་དང་།   འགོ་ཁྲིད་སྐྱེད་བསྲིང་གནང་རྒྱུ་སོགས་ཐད་ནང་པའི་གཞུང་ལུགས་ནང་བསླབ་བྱ་གཏིང་ཟབ་ཤོས་བརྒྱབ་ཡོད་སྐོར་གསུངས་སོང་།  མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བཙན་བྱོལ་ནང་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་དང་།  མི་རིགས་རྒན་པ་རྣམས་ནས་བོད་མིའི་ངོ་བོ་དང་རིག་གཞུང་དར་སྤེལ་དང་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་སྟབས།  ད་ལྟའི་གནས་སྐབས་སུ་བོད་བརྒྱུད་ནང་བསྟན་ཐོག་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་མི་རིགས་དང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ནས་དོ་སྣང་གནང་མཁན་ཇེ་མང་ཞིག་ཏུ་འགྲོ་བཞིན་སྟབས།  འཛམ་གླིང་མི་མང་གཞན་ནས་ནང་ཆོས་ལ་གཉེར་བཞིན་ཡོད་ན་བོད་མི་སྤྱི་བོ་གནམ་བསྟན་རྣམས་ནས་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་རྒྱུ་དེ་བས་གལ་ཆེ་ཡིན་སྐོར་གསུངས་སོང་།  ཚོགས་གཙོ་མཆོག་གིས་ད་དུང་།  ད་རེས་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུས་པ་དེ་གསར་གཏོད་རང་བཞིན་ལྡན་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པ་དང་།  ༸རྒྱལ་བའི་བཀའ་སློབ་ལམ་སྟོན་རྣམས་དོན་དམ་པའི་ལག་ལེན་དུ་འཁེལ་ཐབས་ཕྱོགས་སུ་མདུན་སྐྱོད་ཀྱི་གོམས་སྟབས་ཆེན་པོ་ཞིག་ཡིན་སྐོར་གསུངས་སོང་། མཛད་སྒོའི་ཐོག་མར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་གི་ལས་སྡོམས་དང་བགྲོ་གླེང་གི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ།  ད་ཆ་བོད་ཀྱི་མི་རབས་གསར་རྙིང་བརྗེ་བའི་དུས་ཚིགས་སུ་བསླེབ་ལ་ཉེ་བའི་གནད་འགག་ཅན་གྱི་དུས་ཚོད་ཅིག་ཏུ་གྱུར་ཡོད་པ་དང་།  སླད་མར་བསྟན་པ་གནས་མི་གནས་དེ་མ་འོངས་པར་བསྟན་པ་འཛིན་མཁན་གྱི་རབ་བྱུང་ཕོ་མོ་མིང་དོན་མཚུངས་པའི་སྐྱེད་བསྲིང་གནང་ཐུབ་ཡོད་མེད་ལ་རག་ལས་ཡོད་སྐོར་གསུངས་སོང་། གཞི་རྩའི་ད་རེས་དབུ་འབྱེད་མཛད་སྒོ་གྲུབ་མཚམས་སུ་བགྲོ་གླེང་དངོས་གཞིའི་མཛད་རིམ་དང་པོར་བཀའ་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བགྲོ་གླེང་གི་གྲོས་གཞི་དང་འབྲེལ་གསུང་བཤད་གནང་ཡོད།  རྩ་བའི་མ་འོངས་པའི་རབ་བྱུང་ཕོ་མོ་ན་གཞོན་སྐྱེས་བསྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་དེ་དེ་རིང་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༩ བཅས་ཉིན་གྲངས་གསུམ་རིང་ཚོགས་ཀྱི་ཡོད་པ་དང་། བགྲོ་གླེང་དེའི་ཐོག་རབ་བྱུང་ཕོ་མོ་རང་ལོ་ ༧ ནས་ ༩ བར་ལྟ་བུའི་ན་གཞོན་ཚོའི་དམིགས་བསལ་དགེ་རྒན་གྱི་སློབ་ཁྲིད་གནང་སྟངས་ལ་དུས་བསྟུན་ལེགས་བཅོས་ཇི་ལྟར་མཛད་དགོས་པ་དང་།   དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས།  དེ་བཞིན་བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོ་བ་ཡོང་ཐབས་སུ་བློ་ཚོད་དང་བསྟུན་པའི་སྒོ་ནས་སློབ་སྦྱོང་སྤྲོད་སྟངས་གཙོས་པའི་གྲོས་གཞི་ལྔ་ཐོག་བགྲོ་གླེང་གནང་རྒྱུ་རེད་འདུག

ཨ་ཉ་སེང་སྒྲ་ལགས་གཙོས་པའི་བོད་མི་བརྒྱད་ལོ་ ༧ བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཨཁ་སང་མགོ་ལོག་ཁུལ་དགའ་བདེ་རྫོང་མི་དམངས་ཁྲིམས་ཁང་གིས་དོན་མེད་ཟིང་འཁྲུག་དང་། སྤྱི་ཚོགས་སྒྲིག་ལམ་གཏོར་བའི་ཉེས་མིང་འོག་ས་གནས་སྲིད་གཞུང་མི་སྣས་ལྐོག་ཟས་ཀྱི་བྱ་སྤྱོད་ཐེར་འདོན་གནང་མཁན་བོད་མི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་།   དེ་མིན་བོད་མི་གཞན་བརྒྱད་ལ་ཡང་ནག་ཉེས་དེ་གའི་འོག་ལོ་བརྒྱད་བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག   འོན་ཀྱང་ཁོང་གི་ཁྲིམས་ཙོད་པ་ Lin Qilei ལགས་ཀྱིས་གསུངས་པར་གཞིགས་ན་ཨ་ཉ་སེང་སྒྲ་ལགས་ནས་ནག་ཉེས་ངོས་ལེན་མ་བྱས་པ་མ་ཟད།  མུ་མཐུད་གོང་རིམ་ལ་ཞུ་གཏུགས་བྱེད་རྒྱུའི་ཆོས་སེམས་གརྟན་པོ་ཡོད་པ་གསུངས་འདུག དེ་ཡང་ཁ་ས་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་ཙོད་པ་ Lin Qilei ལགས་ཀྱི་རང་ཉིད་ཀྱི་ Twitter དྲ་གནས་བརྒྱུད། ཁ་སང་དང་ཁ་ཉིན་བཅས་ཉིན་གྲངས་གཉིས་རིང་གཏུགས་བཤེར་གནང་བའི་རྗེས་ཁྲིམས་ཁང་ནས་ཨ་ཉ་སེང་སྒྲ་ལགས་གཙོས་པའི་བོད་མི་བརྒྱད་ལོ་བརྒྱད་བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཡོངས་བསྒྲགས་གནང་འདུག   གནད་དོན་དེ་དང་འབྲེལ། ཁ་སང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ལས་ཁང་གི་དྲ་གནས་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་གཞུང་གིས་དེ་གའི་དཔོན་རིགས་ཀྱི་ལྐོག་ཟ་གནད་དོན་ཐེར་འདོན་གནང་མཁན་བོད་མི་འབྲོག་པ་ཨ་ཉ་སེང་སྒྲ་ལགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་ལོ་བདུན་གྱི་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་དང་འབྲེལ། གནད་དོན་དེ་ནས་རྒྱ་གཞུང་གིས་རང་གི་ཆོས་དང་རིག་གཞུང་བཅས་ཀྱི་ཐོབ་ཐང་རྩོད་མཁན་བོད་མིའི་ཐོག་དྲག་གནོན་ཇི་ཙམ་བྱེད་ཀྱི་ཡོད་པ་མངོན་གསལ་གནང་གི་ཡོད་པ་གསུངས་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་མཐུན་མོང་ནས་འདོན་སྤེལ་གནང་བའི་བསྒྲགས་གཏམ་དེའི་ནང་། སྔ་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༤ ཉིན་ཨ་ཉ་སེང་སྒྲ་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་ནས་བཟུང་ཐོག་མའི་ཉིན་གྲངས་ ༤༨ ཙམ་གྱི་རིང་ལ་ཁོང་ལ་ཉེས་རྡུང་བཏང་བ་དང་། ཁྲིམས་རྩོད་པ་དང་ཐུག་འཕྲད་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པ། དེ་བཞིན་ཁོང་གི་བཀག་ཉར་གྱི་དུས་ཡུན་ཐེངས་ཁ་ཤས་ཕར་འགྱངས་བྱས་པ། ཁོང་གི་ཁྲིམས་ཙོད་པའི་ངོས་ནས་ Bail ཞེས་འགན་ལེན་གཏའ་དངུལ་སྤྲད་པའི་ཐོག་ནས་གློད་བཀྲོལ་གཏོང་རྒྱུའི་རེ་འདུན་ལ་ངོས་ལེན་མ་བྱེད་པ། དེ་བཞིན་ཁོང་གི་བཟའ་ཟླ་གཙོས་པའི་ནང་མི་གཉེན་འབྲེལ་རྣམས་དང་ཐུག་འཕྲད་བྱེད་མ་བཅུག་པ་སོགས་དང་། དེ་བཞིན་ཡང་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་འཛིན་བཟུང་བྱས་པའི་ཁོང་གི་སྤུན་མཆེད་འཇམ་ཁྲི་ལགས་ཟླ་བ་འདིའི་ནང་ཁྲིམས་གཤེར་བྱེད་ལ་ཉེ་བའི་སྐབས་སུ་བཀག་ཉར་ཁང་ནས་ཟི་ལིང་སྨན་ཁང་ལ་ཁྲིད་པའི་ལམ་བར་དུ་འདས་གྲོངས་སུ་ཕྱིན་པ་སོགས་ཀྱི་གནད་དོན་ཞིབ་ཁྲ་ལུང་འདྲེན་གནང་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་བསྒྲགས་གཏམ་དེའི་ནང་ཨ་རིར་བཅའ་བཞུགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གི་བོད་མིའི་མངོན་འདོད་ལ་དམ་གནོན་གྱིས་བཙོན་འཇུག་བྱེད་པའི་དཔེ་མཚོན་གསར་ཤོས་དེ་ཨ་ཉ་སེང་སྒྲ་ལགས་ཡིན་པ་དང་། སྲིད་གཞུང་གི་ཁོང་ལ་ཉེས་འཛུགས་བྱས་པའི་གནད་དོན་རྣམས་རྫུན་མ་ཡིན་པ་མ་ཟད། བྱས་སྟངས་དེ་དག་གིས་རྒྱ་གཞུང་གི་ཁྲིམས་ཀྱི་དབང་སྒྱུར་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཇི་ཙམ་གཏོང་གི་ཡོད་པ་མངོན་གསལ་གནང་གི་ཡོད་པ་གསུངས་འདུག དེ་བཞིན་ཨིན་ཡུལ་ནང་གི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཆར་འགན་འཛིན་ John Jones ལགས་ཀྱིས་ཨ་ཉ་སེང་སྒྲ་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་ལྐོག་ཟ་རུལ་སྲུང་ལ་ཁ་གཏད་ཀྱིས་ཞི་བའི་ལས་འགུལ་སྤེལ་བ་རྣམས་ནི་རྒྱ་ནག་སྲིད་གཞུང་གི་དེ་སྔ་ནས་དོ་ནན་བྱེད་དགོས་པའི་གནད་དོན་ཤ་སྟག་ཡིན་པ་དང་། དེ་དག་ཨ་ཉ་ལགས་ཀྱི་ཐེར་འདོན་གནང་བའི་རྗེས་སུ་ཁོང་ལ་གསན་འཇོག་བྱེད་རྒྱུ་ལས་ལྡོག་སྟེ་ཁོང་གི་ཁ་བཀག་ནས་བཙོན་འཇུག་བྱས་པ་སོགས་ནས་རྒྱ་གཞུང་གིས་རང་གི་སྨྲ་བརྗོད་རང་དབང་བེད་སྤྱོད་གཏོང་མཁན་བོད་མི་རྣམས་ཀྱི་ཐོག་ལ་དམ་གནོན་ཇི་ཙམ་བྱེད་ཀྱི་ཡོད་པ་མངོན་གསལ་གནང་གི་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གཞུང་གི་ངོས་ནས་ཨ་ཉ་སེང་སྒྲ་ལགས་གཙོས་པའི་ཁ་སང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་བརྒྱད་ཆ་ཚང་གློད་བཀྲོལ་དང་། ཨ་ཉ་སེང་སྒྲ་ལགས་ཀྱི་སྤུན་མཆེད་བཀག་ཉར་འོག་འདས་གྲོངས་སུ་གྱུར་བའི་གནད་དོན་ལ་རྟོག་ཞིབ་ནན་པོ་བརྒྱུད་ནས་རང་གི་བྱ་སྤྱོད་ངན་པ་དེར་ཡོ་སྲེང་བྱེད་ཐུབ་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་བཅའ་བཞུགས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨ་ཉ་སེང་སྒྲ་ལགས་འཛིན་བཟུང་མ་བྱེད་པའི་སྔོན་གྱི་ཕྱག་ལས་རྣམས་ཁྲིམས་འགལ་དང་ཉེས་དོན་གྱི་གནད་དོན་རྩ་བ་ནས་མིན་པ་མ་ཟད།    དེང་སྐབས་ཁོར་ཡུག་གི་གནས་སྟངས་ཛ་དྲག་འདིའི་ཁྲོད་དགོས་ངེས་ཅན་གྱི་ཕྱག་ལས་ཤིག་ཡིན་སྐོར་གསུངས་པ་དང་འབྲེལ།    འཛམ་གླིང་ཁྱོན་ཡོངས་ལ་ཁོར་ཡུག་ལས་འགུལ་བ་རྣམས་ནས་རང་དང་མ་འོངས་མི་རབས་རྣམས་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་གནང་ཐབས་བྱེད་བཞིན་ཡོད་ཀྱང་།  རྒྱ་གཞུང་གི་དབང་འཛིན་འོག་ཨ་ཉ་སེང་སྒྲ་ལགས་ཀྱི་རང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་ནག་ཉེས་བསགས་པ་ཞིག་ལ་ངོས་འཛིན་གྱིས་ཁོང་ལ་དཔའ་བོར་ངོས་འཛིན་གྱི་དྲང་བཤེར་བྱེད་རྒྱུ་ལས་ལྡོག་སྟེ་ཁོང་ཉེས་ཅན་པར་ངོས་འཛིན་བྱེད་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཁེ་ན་ཌ་ནང་གི་ Tibet Justice Center  ཚོགས་པའི་པདྨ་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་ཉེས་མེད་ཉེས་འཛུག་བྱེད་པར་རང་གི་ཁྲིམས་སྒྲིག་རྣམས་བེད་སྤྱོད་གཏོང་རྒྱུའི་ལམ་སྲོལ་ངན་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་འབྲེལ། ཨ་ཉ་སེང་སྒྲ་ལགས་ནི་སྔ་ལོ་ནས་བཟུང་རྒྱ་གཞུང་གིས་བོད་མི་རྣམས་དོན་མེད་འཇུ་བཟུང་བྱེད་ཆོག་པའི་ཁྲིམས་སྒྲིགས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་འོག་ལ་ཚུད་པའི་བོད་མི་ཞིག་ཡིན་པ་དང་།    རྒྱ་གཞུང་གིས་སྔ་ལོ་ནས་བཟུང་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་རུ་བཏང་བའི་ཁྲོད་སྔ་ལོ་གཅིག་པོར་དཔང་རྟགས་སོགས་གང་ཡང་མེད་པའི་ཐོག་ནས་བོད་མི་ ༤༠༠ ལྷག་འཛིན་བཟུང་བྱེད་ཡོད་པ་ལྟར། གནད་དོན་དེ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུ་བོད་མི་ཡིན་པ་ཙམ་གྱི་བདེ་འཇག་གི་ཉེན་ཁར་རྩི་བཞིན་པའི་གནད་དོན་གསལ་འདོན་གནང་གི་ཡོད་པ་གསུངས་འདུག  

པཱ་ལིས་ཐན་དང་ཨི་ཛེ་རེལ་ནང་བོད་ཀྱི་འཐབ་རྩོད་ཀྱི་ཤུགས་རྐྱེན་བསླེབ་དགོས་གལ་ཡིན་པར་གསུངས་སོང་།

དེ་རིང་སྔ་དྲོ་ཚོུད་ ༡༠ པཱ་ལིས་ཐན་དང་ཨི་ཛེ་རེལ་གསར་འགོད་པ་དང་འཐབ་རྩོད་པ་བཅུ་གྲངས་ཤིག་གིས་ཁུལ་དེའི་ས་ཁོངས་བདག་དབང་གི་དཀའ་རྙོག་སེལ་ཕྱོགས་ཀྱི་ཐད་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་བཀའ་སློབ་ལམ་སྟོན་ཞུ་བར་ཆེད་བཅར་ཞུས་ཡོད་པ་དང་འབྲེལ། པཱ་ལིས་ཐན་དང་ཨི་ཛེ་རེལ་ནང་བོད་ཀྱི་འཐབ་རྩོད་ཀྱི་ཤུགས་རྐྱེན་བསླེབ་དགོས་གལ་ཡིན་པ་གསུངས་འདུག ཐེངས་འདིའི་འཐབ་རྩོད་བ་དང་མཇལ་བཅར་བ་དེ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་ནས་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་གིས་གསར་འགོད་པར་ཁོང་རྣམས་ནི་དཀའ་རྙོག་ཆེ་བའི་ས་ཁུལ་དེར་ཁུར་མཉམ་ལེན་གྱི་ཐོག་ནས་འཚེ་མེད་ཞི་བའི་འཐད་རྩོད་གནང་མཁན་ཡིན་པ་ལྟར་བཞུགས་སྒར་དུ་བཅར་ནས་སྔར་བཞིན་སེམས་ཤུགས་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་ཐོག་ནས་དཀའ་རྙོག་སེལ་ཐབས་ཀྱི་ཕྱག་ལས་གནང་སྟངས་ཐད་ལ་ལམ་སྟོན་ཞུས་ཡོད་པ་ངོ་སྤྲོད་གནང་སོང་། སྐབས་དེར་པཱ་ལིས་ཐན་གྱི་འཐབ་རྩོད་པ་སྐུ་ཞབས་ khaled Awwad ལགས་ཀྱིས་པཱ་ལིས་ཐན་དང་ཨི་ཛེ་རེལ་གཉིས་ཀྱི་ས་ཁོངས་བདག་དབང་གི་དཀའ་རྙོག་དེར་དུས་རྟག་ཏུ་དམག་འཐབ་ཀྱི་ཁྲོད་ནས་སེལ་ཐབས་བྱེད་བཞིན་ཡོད་ཀྱང་། དེར་མཇུག་འབྲས་གཅིག་ཀྱང་སོན་གྱི་མེད་པར་བརྟེན་བཞུགས་སྒར་དུ་བཅར་ནས་༸གོང་ས་༸སྐྱབས་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ་ཞི་བདེ་དང་འཚེ་མེད་ཀྱི་ཐབས་ལམ་བརྒྱུད་ནས་དཀའ་རྙོག་སེལ་ཐབས་ཀྱི་བཀའ་སློབ་ལམ་སྟོན་ཞུ་རྒྱུ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཆེད་བཅར་ཞུས་ནས་རྒྱ་ནག་གིས་དྲག་གནོན་ལ་མ་བལྟས་བར་བོད་མི་རྣམས་ཀྱིས་བྱམས་བརྩེ་དང་འཚེ་མེད་ཞི་བའི་འཐབ་རྩོད་མཇུག་སྐྱོང་གནང་གི་ཡོད་པའི་ཐད་ལ་རྒྱུས་ལོན་གནང་སྟེ་པཱ་ལིས་ཐན་དང་ཨི་ཛེ་རེལ་དཀའ་རྙོག་དེ་ཡང་བོད་མི་ནང་བཞིན་ཞི་བདེ་དང་འཚེ་བ་མེད་པའི་ཐབས་ལམ་གྱི་ཐོག་ནས་སེལ་དགོས་གལ་ཡིན་པའི་སློབ་སྦྱོང་ཞུ་བར་བཅར་བ་དང་། དཀའ་རྙོག་ཆེ་བའི་ས་ཁུལ་དེར་བོད་མིའི་འཐབ་རྩོད་ཀྱི་ཤུགས་རྐྱེན་བསླེབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་སོགས་ངོ་སྤྲོད་གནང་སོང་། ཁོང་གིས་༸གོང་ས་མཆོག་གིས་པཱ་ལིས་ཐན་དང་ཨི་ཛེ་རེལ་བར་གྱི་དུས་ཡུན་རིང་པོའི་དཀའ་རྙོག་དེར་ཐུགས་ཚབ་ཆེན་པོ་ཡོད་པར་བཀའ་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ས་ཁུལ་གཉིས་ཀྱི་བར་དུ་ཞི་བདེ་ངང་ནས་གནད་དོན་གཙང་སེལ་ཡོང་རྒྱུར་ཐུགས་སྨོན་དང་རྒྱབ་སྐྱོར་ཡོད་པའི་བཀའ་བསྩལ་སྐོར་གསུངས་པ་དང་། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་ཞི་བདེའི་འཐབ་རྩོད་པ་རྣམས་ལ་ཆེ་མཐོང་ཞེ་དྲག་མེད་ནའང་། དུས་རྟག་དུ་དཀའ་ངལ་ཁྱད་གསོད་ཀྱིས་མུ་མཐུད་ནས་ཞི་བདེ་ངང་ནས་བློ་སྤོབས་ཆེན་པོས་འཐབ་རྩོད་གནང་ཚེ་ནམ་ཞིག་ལེགས་ཕྱོགས་ཀྱི་གྲུབ་འབྲས་ཤིག་སྨིན་ངེས་ཡིན་པ་བཀའ་བསྩལ་བ་དང་འབྲེལ། སྔར་ལྷག་བློ་རྒྱ་ཆེར་བསྐྱེད་ཀྱིས་འཐབ་རྩོད་གནང་དགོས་བའི་ལམ་སྟོན་མཛད་ཡོད་པ་གསུངས་སོང་། གཞན་ཡང་ཨི་ཛེ་རེལ་འཐབ་རྩོད་པ་ཞིག་གིས་གསར་འགོད་པར་མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་དུས་རབས་ལ་འགྱུར་བ་ཕྱིན་ཡོད་སྟབས་འགྲོ་བ་མིའི་རིགས་ཀྱི་དཀའ་རྙོག་སེལ་ཐབས་དེ་ཡང་ཕྱོགས་གཉིས་ཀྱི་མི་རིགས་ཀྱི་ངོ་བོ་ལ་བརྩི་བཀུར་ཡོད་པའི་ཐོག་ནས་ཞི་བདེ་རང་བཞིན་ལྡན་པའི་ཐོག་ནས་དཀའ་རྙོག་སེལ་ཐབས་གནང་དགོས་བ་དང་ཞི་བདེ་རང་བཞིན་གྱིས་དཀའ་རྙོག་སེལ་ཐབས་གནང་རྒྱུ་དེ་ནི་རྒྱལ་སྤྱིའི་རང་བཞིན་གྱི་ལམ་ལུགས་ཤིག་ལ་འགྱུར་བཞིན་ཡོད་སྟབས་ངེས་པར་དུ་ཞི་བདེ་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་གསར་པའི་རྨང་གཞིའི་ཐོག་ནས་ཕན་ཚུན་གཉིས་ཀྱི་དཀའ་རྙོག་སེལ་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོབ་ཕེབས་པ་དེ་བརྡ་ལན་གལ་ཆེན་ཞིག་ཡིན་པ་ངོ་སྤྲོད་གནང་ཡོད། པཱ་ལིས་ཐན་གྱི་སྤྱི་མང་གི་ཞི་བདེ་འཛིན་སྐྱོང་གི་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱ་ལྷག་གི་འབྲེལ་ལམ་གྱི་འགན་འཛིན་ལྕམ་ Huda Abuarquob ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་སླེབས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་གཞིགས་ཚེ་རང་ཉིད་བཙན་དབང་གིས་ཕྱིར་ཕུད་བཏང་བའི་མི་ཞིག་ཡིན་ནའང་འཇིགས་ཞིམ་བྲལ་བའི་ཐོག་ནས་འཚོ་དགོས་པ་དང་། དགྲ་བོ་ལ་ཞེ་འཁོན་མེད་པར་ད་དུང་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་བྱམས་བརྩེ་སྒོམ་ནས་འཐབ་རྩོད་མཇུག་སྐྱོང་བྱེད་བཞིན་པ་དེས་ཁོང་ལ་སེམས་ཤུགས་དམིགས་བསལ་ཞིག་བསྐྲུན་སོང་ཞེས་གསུངས་སོང་། གསར་འཁོད་པས་ཁོང་ལ་བོད་མི་ཚོར་བརྡ་ལན་གང་གནང་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་ བོད་མི་རྣམས་ཀྱིས་རང་གི་སྐད་ཡིག་དང་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དང་། དེ་བཞིན་མུ་མཐུད་ནས་འཐབ་རྩོད་ལ་མཇུག་སྐྱོང་གནང་རོགས་ཞེས་རེ་སྐུལ་གནང་སོང་། རྩ་བའི་ཐེངས་འདིའི་གསར་འགོད་པ་དང་འཐབ་རྩོད་པ་དེ་རྣམས་འཚེ་མེད་ཞི་བར་རྒྱུས་ལོན་གྱི་ཆེད་དུ་བཞུགས་སྒར་དུ་ཆེད་ཕེབས་གནང་བ་ཞིག་ཡིན་ཞིང་། ཁོང་རྣམས་ཟླ་འདིའི་ཚེས་ ༤ ཉིན་བཞུགས་སྒར་དུ་ཕེབས་ཡོད་པ་དང་། ཁ་སང་ནས་བོད་ཀྱི་དཔེ་མཛོད་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ལ་རྒྱུས་ལོན་བྱེད་དུ་ཕེབས་ཡོད་པ་དང་། དེ་རིང་སྔ་དྲོ་མཇལ་ཁ་གྲུབ་བསྟུན་ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་དང་ལྷན་དུ་བཅར་འདྲིའི་ལས་རིམ་ཞིག་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་ལྷན་དུ་ཡང་བཅར་འདྲི་ཞུ་རྒྱུ་ཡིན་པ་དང་ཚེས་ ༡༠ ཉིན་མཁའ་ལམ་བརྒྱུད་དེ་ཕྱིར་རང་རྒྱལ་དུ་ཕེབས་རྒྱུ་རེད་འདུག

རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྩིས་མེད་བཏང་བར་ཨ་རིའི་གྲོས་ཚོགས་འཐུས་མི་ནས་སྐྱོན་བརྗོད།

ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལིམ་པིཀ་རྩེད་འགྲན་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་འཚོགས་རྒྱུ་ཡིན་པ་དང་སྦྲགས། ཨ་རི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rick Scott ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ནས་རྒྱ་གཞུང་གིས་ཁུལ་དེའི་དབང་སྒྱུར་འོག་ཡོད་པའི་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ལ་རྩིས་མེད་བཏང་བར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ The Epoch Times གསར་ཁང་གིས་ཁ་སང་ཕྱི་ཚེས་ ༥ ཉིན་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། ཉེ་ལམ་སྐུ་ཞབས་ Rick Scott ལགས་ཀྱིས་ཨོ་རྩེད་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Thomas Bach ལགས་ལ་ཕྱག་ཡིག་ཅིག་ཕུལ་ཡོད་ཀྱང་། སྐུ་ཞབས་ Thomas ལགས་ཀྱིས་པེ་ཅིང་ནང་ཨོ་རྩེད་འཚོགས་རྒྱུའི་ཐག་གཅོད་དེར་བསྒྱུར་བ་གཏང་རྒྱུ་མིན་ལུགས་ཀྱི་ལན་འདེབས་དེར་སྐུ་ཞབས་ Rick Scott ལགས་ཀྱིས་སྐྱོན་བརྗོད་གནང་བ་དང་འབྲེལ་ཏེ་ཨོ་རྩེད་ལྷན་ཚོགས་ཀྱི་བྱེད་ཕྱོགས་དེ་ནི་ངོ་ཚ་དགོས་པའི་གནད་དོན་ཞིག་དང་། ལྷན་ཚོགས་དེས་རྩེད་འགྲན་དེའི་སྒོ་ནས་འཛམ་བུ་གླིང་སྤྱི་ཡོངས་ཆིག་སྒྲིལ་བཟོས་པར་སྤོབས་པ་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ཁོ་ཚོས་རྒྱ་ནག་ནས་དེ་ལྟར་བྱེད་ཐུབ་རྒྱུའི་རེ་བ་གང་འདྲ་གནང་ཡིན་སྐོར་བསྒྲགས་གཏམ་སྤེལ་འདུག དེ་བཞིན་སྐུ་ཞབས་ Rick ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་དེ་ཆབ་སྲིད་ལས་གལ་གནད་ཆེ་བ་ཡིན་པ་དང་། ད་རེས་ཚོགས་པ་དེས་དེ་གའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་བར་གནས་ཡིན་སྐོར་བརྗོད་པ་དེ་དངོས་གནས་བློ་ཕམ་ཧ་ཅང་བྱུང་སྐོར་གསུངས་འདུག ད་དུང་ཁོང་གིས་སྐུ་ཞབས་ Bach ལགས་ཀྱིས་རྒྱ་གཞུང་ནས་རྩེད་འགྲན་སྐབས་ཁུལ་དེར་ཕེབས་རྒྱུའི་གནད་ཡོད་མི་སྣ་དང་།  རྩེད་འགྲན་པའི་གསང་རྒྱ་རྣམས་སྲུང་སྐྱོབ་གང་འདྲ་གནང་དགོས་པའི་ཐད་ལ་གང་ཡང་བཤད་མེད་སྟབས། ལྷན་ཚོགས་དེའི་རྒྱ་གཞུང་འོག་མགོ་བོ་སྒུར་བའི་བྱ་སྤྱོད་གཟིགས་དུས་བློ་ཕམ་བྱུང་བ་དང་། ལྷག་པར་དུ་འཛམ་བུ་གླིང་སྤྱི་ཡོངས་ནས་ཨོ་རྩེད་ལྷན་ཚོགས་ལྟར་ཚོགས་པ་ཅི་འདྲ་ཡིན་རུང་མང་ཚོགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མ་བྱེད་མཁན་ཚོར་ངེས་པར་དུ་མི་རུང་བའི་བྱ་སྤྱོད་མཚམས་འཇོག་སླད་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག གཞི་རྩའི་སྐུ་ཞབས་ Rick Scott ལགས་ཀྱིས་ཟླ་ ༡༠ ཚེས་ ༡༧ ཉིན་ཨོ་རྩེད་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Thomas Bach ལགས་སུ་ཕྱག་ཡིག་ཅིག་བཏང་བའི་ནང་དུ་རྒྱ་གཞུང་ནས་མུ་མཐུད་ཧོང་ཀོང་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དྲག་གནོན་བྱེད་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་བསྡུར་དེ་པེ་ཅིང་ནང་དུ་འཚོགས་ཆོག་རྒྱུ་མེད་པ་གསུངས་ཡོད་པ་རེད། ཕྱག་ཡིག་དེའི་ནང་ཁོང་གིས་ད་དུང་གལ་ཏེ་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་རྩེད་འགྲན་རྒྱ་ནག་ནང་དུ་འཚོགས་པ་ཡིན་ན། ཁུལ་དེར་ཕེབས་པའི་ཕྱི་མི་གནད་ཡོད་མི་སྣ་དང་རྩེད་འགྲན་པ་སོགས་ནས་རང་ཉིད་ཀྱི་གནས་སྡོད་བྱེད་སའི་མགྲོན་ཁང་གི་ Wireless Network འམ་གློག་སྐུད་མེད་པའི་དྲྭ་རྒྱ་བེད་སྤྱོད་བྱེད་ངེས་ཡིན་སྟབས།  བརྒྱུད་རིམ་དེའི་ཁྲོད་ཁོང་རྣམས་པའི་གསང་བ་རྐུ་འཁྱེར་བྱ་རྒྱུའི་གོ་སྐབས་བྱུང་རྒྱུ་ཡིན་པ་ལྟར། རྒྱ་ནག་གི་བྱ་སྤྱོད་དེས་སྤྱི་ཡོངས་ལ་ཉེན་འཚབ་ཆེན་པོ་འགྱུར་ངེས་ཡིན་པར་བརྟེན་ལྷན་ཚོགས་དེའི་རང་དབང་ཆེད་དུ་རྒྱབ་སྐྱོར་དང་།  རྒྱ་གཞུང་གིས་ལག་བསྟར་བྱེད་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་དགོས་པ་ཡང་ན་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་ཚོགས་ཡུལ་བརྗེ་དགོས་པ་གསུངས་ཡོད་པ་རེད། སྐུ་ཞབས་ Scott ལགས་ཀྱི་ཕྱག་ཡིག་དེར་ཟླ་ ༡༡ ཚེས་ ༡༨ ཉིན་སྐུ་ཞབས་ Bach ལགས་ཀྱིས་ལན་འདེབས་ཕུལ་བའི་ནང་དུ་ཨོ་རྩེད་ལྷན་ཚོགས་ཀྱི་ཁྲིམས་རྩ་འཛིན་ནང་འཁོད་པ་གཞིར་བཟུང་ལྷན་ཚོགས་དེས་ཆབ་སྲིད་ཐད་ལ་བཞེངས་ཕྱོགས་དེ་བར་གནས་ཡིན་སྐོར་དང་། ལྷག་པར་དུ་ཁོང་གིས་ང་ཚོའི་ལྷན་ཚོགས་ཀྱི་དམིགས་ཡུལ་ལེགས་གྲུབ་སླད་ཆབ་སྲིད་ཀྱི་རྩོད་རྙོག་ལས་ཐག་རིང་ཙམ་བཞུགས་དགོས་པར་བརྗོད་ཡོད་པ་རེད། རྩ་བའི་པེ་ཅིང་ལ་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ཨོ་རྩེད་རྩེད་འགྲན་ཚོགས་པ་ནས་བཟུང་ད་ཆ་ལོ་བཅུ་ལྷག་སོང་ཟིན་ཡང་ཁུལ་དེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་ཕྲན་བུ་ཙམ་ཡང་ཕྱིན་མེད་པ་དང་། ཝ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་རྒྱ་ནག་ནི་ཆེས་རང་དབང་མེད་པའི་རྒྱལ་ཁབ་ཁོངས་སུ་མིང་འདོན་ཡང་གནང་ཡོད་པ་རེད།  

ཡོ་རོབ་ཁུལ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞིར་སུད་སྒོར་ས་ཡ་གཅིག་ལྷག་མ་འཇོག་གནང་རྒྱུའི་ཞལ་བཞེས།

བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དགོངས་དོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་དང་འབྲེལ་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རྣམ་གཉིས་ཕྱི་ཟླ་ ༡༡ ཚེས་ ༡༥ ནས་ཟླ་ ༡༢ ཚེས་ ༢ བར་ཡོ་རོབ་སུད་སི་དང་ཨོ་སི་ཊོ་ལི་ཡ། འཇར་མ་ནི། དེ་བཞིན་ཕ་རན་སི། ནི་ཐར་ལན་ཌི་བཅས་ཀྱི་བོད་མི་གནས་གནས་སྡོད་གནང་ཡུལ་གྲོང་ཁྱེར་ཆེ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད། ཉིན་གྲངས་ ༡༥ ལྷག་གི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་དུ་ཁོང་རྣམ་གཉིས་ནས་ས་གནས་སོ་སོར་བཞུགས་པའི་བོད་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་སྤྱི་དང་ལྷག་པར་དུ་ཐེངས་འདིའི་འཛིན་སྐྱོང་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དགོངས་དོན་དང་འབྲེལ་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཕེལ་རིམ་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་ཐོག་ལ་ངོ་སྤྲོད་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་བ་བརྒྱུད་ནས་ས་གནས་བོད་མི་རྣམས་ནས་ལས་གཞི་འདིར་དཔལ་འབྱོར་གྱི་མ་འཇོག་གང་མང་ཡོང་བའི་རེ་སྐུལ་སོགས་གནང་ཡོད་པ་ལྟར། ཡོ་རོབ་ཁུལ་གྱི་བོད་མི་ཁག་གཅིག་ནས་ལས་གཞི་འདིའི་ཆེད་དུ་སུད་སྒོར་ས་ཡ་གཅིག་ལྷག་མ་འཇོག་གནང་རྒྱུའི་ཞལ་བཞེས་གནང་འདུག ཡོ་རོབ་སུད་སི་ཁུལ་ནས་མ་འཛུགས་གནང་མཁན་ ༤༨ ཕ་རན་སི་ནས་ ༧ དེ་བཞིན་ Austria དང་ Netherlands ནས་རེ་རེ་བཅས་ཁྱོན་མ་འཛུགས་གནང་མཁན་ ༥༧ ནས་ཡོ་སྒོར་འབུམ་གཅིག་དང་སྟོང་བཞི་བཅུ་ཞེ་ལྔ་དང་། སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ནས་སུད་སྒོར་ས་ཡ་གཅིག་དང་སྟོང་ཕྲག་ལྔ་བཅུ་བཅས་ཁྱོན་མ་འཛུགས་ཆེད་སུད་སྒོར་ས་ཡ་གཅིག་དང་འབུམ་གཉིས་བྱུང་འདུག གཞི་རྩའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྔོན་འགྲོའི་མ་འཛུགས་ཧིན་སྒོར་བྱེ་བ་བརྒྱ་ཐམ་པ་ནས་རྒྱ་ཆ་བཞི་བཅུ་ཞེ་དགུ་ཙམ་མི་མང་ནས་མ་འཛུགས་གནང་རྒྱུའི་གོ་སྐབས་གནང་ཡོད་པ་དང་། མ་འཛུགས་གྱི་གོ་སྐབས་དེ་ཡང་སྐྱེད་འབབ་ངེས་མེད་ཀྱི་ཐོབ་བྱ་མ་ཤེར་ Equity Share དང་། དུས་ཐུང་འདེམས་ཆའི་མ་ཤེར་ Short –Term Preference Share གཉིས་ཀྱི་ཐོག་ནས་གནང་དགོས་ཀྱང་། མ་རྩའི་འབབ་སྐལ་བརྒྱ་ཆ་དེ་ས་གནས་སོ་སོའི་དངུལ་གྱི་ཛ་ཐང་སོགས་ལ་གཞིགས་ཏེ་ཕྲན་བུའི་མི་འདྲ་བ་ཡོད་པས་ད་རེས་ཡོ་རོབ་ཁུལ་དུ་སྐྱེད་འབབ་ངེས་མེད་ཀྱི་ཐོབ་བྱ་མ་ཤེར་ Equity Share ལ་ཉུང་ཐར་སུད་སྒོར་ ༡༥༠༠༠ དང་། དུས་ཐུང་འདེམས་ཆའི་མ་ཤེར་ Short –Term Preference Share ལ་ཉུང་ཐར་སུད་སྒོར་ ༢༥༠༠༠ བཅས་ཆགས་ཀྱི་ཡོད་པ་མ་ཟད། དུས་ཐུང་འདེམས་ཆའི་མ་ཤེར་ནང་མ་འཛུགས་གནང་མཁན་ཚོར་ལོ་ལྔའི་ནང་ལོ་ལྟར་མ་རྩའི་འབབ་སྐལ་བརྒྱ་ཆ་ ༢ རེ་ཐོབ་ཀྱི་ཡོད་པ་རེད། ཡོ་རོབ་ཁུལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་འདིར་རྒྱབ་སྐྱོར་གྱིས་སུད་སྒོར་ས་ཡ་གཅིག་ལྷག་མ་འཇོག་གནང་རྒྱུའི་ཞལ་བཞེས་གནང་བ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་དཔལ་སྦྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་སྒྲིག་འཛུགས་གཙོ་གྱུར་ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་དང་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་འདུག གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་ཆེད་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ལ་འབྲེལ་ཡོད་ལས་བྱེད་རྣམ་པ་བོད་མི་གནས་ཡུལ་བྱང་ཨ་རི་ཁུལ་གྱི་མངའ་སྡེ་བདུན་ཙམ་གྱི་ནང་དུ་ཕྱོགས་ཕེབས་གནང་ཡོད་པ་དང་། སྐབས་དེར་བོད་མི་ ༥༥ ནས་ལས་གཞི་འདིའི་སླད་ཨ་སྒོར་ས་ཡ་གཅིག་མ་འཇོག་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། ཨ་རི་ཁུལ་ནས་དུས་ཐུང་འདེམས་ཆའི་མ་ཤེར་ནང་མ་འཛུགས་གནང་མཁན་ཚོར་ལོ་ལྔའི་ནང་ལོ་ལྟར་མ་རྩའི་འབབ་སྐལ་བརྒྱ་ཆ་ ༣ རེ་ཐོབ་ཀྱི་ཡོད་པ་རེད། རྩ་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་སྤྱིའི་དཔལ་འབྱོར་གྱི་རྨང་གཞི་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་རྒྱུན་གནས་ཡོང་ཐབས་སུ་ཐོག་མར་རིམ་པ་དང་པོའི་འཆར་གཞི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དངུལ་ཁང་ལྟ་བུ་ཞེས་པའི་ལས་གཞིའི་ཐོག་ལ་འགོ་འཛུགས་གནང་རྗེས་ཕྱི་ལོ་ ༢༠༡༨ ལོའི་འགོ་སྟོད་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཞིན་རྒྱ་གར་གཞུང་གི་ཁྲིམས་སྒྲིག་ལྟར་ཁེ་ཡོད་ཚོང་འབྲེལ་སྡེ་ཚན་ཁོངས་སུ་དངོས་སུ་དེབ་སྐྱེལ་ལེགས་གྲུབ་བྱུང་བ་མ་ཟད། ལོ་དེའི་ལོ་མཇུག་ཙམ་ལ་ Reserve Bank of India ཞེས་རྒྱ་གར་དངུལ་ཁང་ཆེན་མོ་ནས་དངུལ་བུན་གཡར་སོགས་དང་འབྲེལ་བའི་ལས་གཞི་སྤེལ་ཆོག་པའི་ཁྲིམས་མཐུན་གྱི་ལག་ཁྱེར་ཐོབ་སྟེ་བོད་མིའི་སྤྱི་ཚོགས་ནང་དུ་ཚོང་ལས་གཉེར་མཁན་མི་ཉུང་བ་ཞིག་ལ་བུན་གཡར་གྱི་ལས་གཞི་རྒྱ་མི་ཆུང་བ་སྤེལ་མུས་རེད།

Latest news