Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས།

དེ་རིང་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་དུ་བོད་རིགས་གཙོས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་དད་ལྡན་མང་ཚོགས་བཅུ་ཕྲག་ཁ་ཤས་ཤིག་ལ་མཇལ་ཁ་བསྩལ་བ་དང་སྦྲགས། བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན་པར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་བོད་ལ་ཡོད་པའི་སརྒྱས་པའི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ལས་ཆས་པའི་དྲི་མ་མེད་པའི་ཆོས་བརྒྱུད་ཅིག་ཡིན་པ་མ་ཟད་ཚད་མ་རིག་པ་དང་འབྲེལ་ནས་ཡོད་སྟབས། དེང་གི་དུས་སུ་ཕྱིའི་མཁས་པ་མང་དག་ཅིག་གིས་བོད་ཀྱི་སརྒྱས་པའི་ཆོས་དེ་ནཱ་ལེནྡཱའི་ཆོས་བརྒྱུད་ངོ་མ་ཞིག་ཡིན་པ་དང་། ནཱ་ལེནྡཱའི་ཆོས་བརྒྱུད་དེ་ཚན་རིག་དང་མཐུན་པ་ཞིག་ཡོད་སྐོར་གསུང་མཁན་དུ་མ་ཞིག་ཡོད་པ་ལྟར་ཚན་རིག་པ་ཚོས་ཀྱང་སརྒྱས་པའི་ཆོས་ལ་བསྔགས་བརྗོད་ཆེན་པོ་གནང་གི་ཡོད་སྐོར་བཀའ་བསྩལ་དང་འབྲེལ་ཏེ་སེམས་ཁམས་རིག་པ་དང་ཚད་མ་རིག་པར་འགྲེལ་བཤད་གནང་སྐབས་བོད་སྐད་དང་བོད་ཡིག་དེ་ཡག་ཤོས་ཡིན་སྟབས་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་དང་ཡི་གེ་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་མཁན་སློབ་ཆོས་གསུམ་གྱིས་སརྒྱས་ཀྱི་བསྟན་པ་དར་སྤེལ་གནང་བ་དེ་གཏིང་ཟབ་པོ་ཞིག་ཡིན་སྐོར་བཀའ་བསྩལ་དང་འབྲེལ། སྤྱིར་བོད་དང་རྒྱ་ནག་གཉིས་དབར་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་ཇོ་བོ་གདན་ཞུ་གནང་རྒྱུ་མཚོན་པའི་འབྲེལ་བ་ཆེན་པོ་ཡོད་ཀྱང་། ནང་པའི་ཆོས་དེ་ནཱ་ལེནྡཱའི་ནས་བཞེས་དགོས་པ་གཟིགས་ཏེ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ཡོད་པ་མ་ཟད་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་གྱིས་རྒྱ་ནག་གོང་མའི་སྲས་མོ་དང་འཁྲུངས་ས་སྐྱོན་ཡོད་ནའང་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་བོད་ཡིག་གསར་གཏོད་གནང་བ་ནི་གྱོང་བོ་ཞིག་ཡིན་པར་བཀའ་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོས་ནང་ཆོས་སློབ་གཉེར་བྱ་ཕྱིར་སརྒྱས་པའི་ཆོས་བརྒྱུད་དེ་བོད་ཡིག་ནང་བསྒྱུར་དགོས་པ་བཀའ་གནང་བ་ལྟར་བཀའ་འགྱུར་དང་བསྟན་གྱུར་པོ་ཏི་གསུམ་བརྒྱ་བོད་བསྒྱུར་ཞུས་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་གཏང་རྒྱུའི་ཐབས་ཤེས་རིམ་པར་བྱས་ཀྱང་དེ་ལྟར་བྱེད་ཐུབ་ཀྱི་མེད་པ་དང་། ནང་པའི་ཆོས་ལ་གཞིགས་ཏེ་རྒྱ་ཡིག་ལས་བོད་ཡིག་དེ་ཡག་པ་ཆགས་ཡོད་པར་བརྟེན་དེར་སྤོབས་པ་བྱ་དགོས་པ་ཞིག་ཡིན་པར་བཀའ་བསྩལ་ཡོད་པ་རེད།

 ཁམས་སོག་རྫོང་མི་མང་ཁྲིམས་ཁང་གིས་བོད་མི་བཅུ་གཉིས་ལ་ཁྲིམས་ཐག་བཅད་འདུག 

རྒྱ་ནག་གཞུང་གིས་བོད་ཁམས་སོག་རྫོང་ནས་བོད་མི་བཅུ་གཉིས་ཀྱིས་ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ས་གནས་མང་ཚོགས་ལ་མགོ་སྐོར་བསླུ་བྲིད་བྱས་པའི་ཉེས་མིང་གི་འོག་ཟླ་བ་དགུ་ནས་ལོ་གཅིག་དང་ཟླ་བ་དགུ་ལྷག་གི་ཁྲིམས་ཐག་བཅད་འདུག ཁ་སང་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་དུ་གནས་ཚུལ་བཀོད་པར་གཞིགས་ཚེ་རྒྱ་ནག་གིས་བོད་ཀྱི་ས་གནས་གང་སར་ལག་བསྟར་བྱེད་བཞིན་པའི་ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་དེ་རྒྱུན་འཁྱོངས་བྱས་པ་བརྒྱུད་ནས་སོག་རྫོང་མི་མང་ཁྲིམས་ཁང་གིས་ཟླ་ ༡ ཚེས་ ༧ ཉིན་ཁུལ་དེའི་བོད་མི་བཅུ་གཉིས་ཀྱིས་སྡིག་སྤོང་དགེ་སྒྲུབ་ཅེས་པའི་ལས་གཞིའི་འོག་ས་གནས་མི་མང་ལ་མགོ་སྐོར་བསླུ་བྲིད་བཏང་སྟེ་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་རང་སྐྱོང་རྩ་འཛུགས་ཀྱིས་དོ་དམ་ལ་ཐེ་བྱུས་དང་མང་ཚོགས་ལ་བརྙས་བཅོས། མང་ཚོགས་ལ་མངོན་ཡོད་དང་མངོན་མེད་ཀྱིས་རྨོངས་དད་ཀྱི་བསམ་བློ་སྒྲོག་པ། བཀས་བཀོད་རྒྱུད་འཛིན་གྱི་ཁྲིམས་སྲོལ་ལག་བསྟར་བཅས་བྱས་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་གྲོང་ཚོ་དེའི་ཁྱབ་ཁོངས་སུ་འཕེལ་བ་དང་ཁྱབ་པའི་རེ་ངན་བཅངས་པ་སོགས་ཀྱི་ཁྲིམས་འགལ་གྱི་ཉེས་པ་ཁས་བླངས་ཐོག་བོད་མི་བཅུ་གཉིས་དེར་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་ཡོད་ལུགས་འཁོད་འདུག གཞི་རྩའི་བོད་ཁུལ་སྤྱི་དང་སོག་རྫོང་སོགས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་པར་བརྟེན་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་གི་གསར་འགྱུར་ཙམ་ལས་ཡུལ་དངོས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱེད་ཐབས་དཀའ་བའི་གནས་སུ་གྱུར་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་གིས་འདས་པའི་ལོ་ནས་བཟུང་ཆེད་དམིགས་ལྟ་ཞིབ་ཚོགས་ཆུང་ཟེར་བ་ཞིག་ཆེད་གཏོང་གིས་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། མཚོ་སྔོན་སོགས་བོད་ཁུལ་གྱི་ས་ཆ་སོ་སོར་ནག་སེལ་ངན་འཇོམ་དང་ནག་སེལ་གཤེད་བཅོམ་ཞེས་པའི་ལས་འགུལ་ཤུགས་ཆེན་སྤེལ་ཏེ་བོད་མི་མང་པོར་ནག་ཉེས་གང་བྱུང་བཙན་འགེལ་དང་འདྲི་རྩད་དང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། དཔེར་ན་ལྷ་ས་གཅིག་པོར་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་བཏང་བའི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ ༡༣ པ་ཟེར་བ་དེས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང་ ༡༠༧ དང་། ཡུལ་ཚོ་་སོགས་ ༥༧ གྲོང་གསེབ་ཀྱི་སྡེ་ཁུལ་ ༦༡ བཅས་སུ་སྐོར་སྐྱོད་བྱས་ཏེ་མི་གྲངས་ ༢༢༤ ལ་དངོས་སུ་འདྲི་རྩད་དང་གནད་དོན་ཅན་ ༤༠ ཐེར་འདོན། གཙོ་གནད་གྱོད་གཞི་ཅན་ ༢༣༠༠༠ ལྷག་ལ་ཞིབ་བཤེར་དང་མི་མང་ཁྲོད་བརྟག་དཔྱད་འདྲི་ཤོག་ ༥༤༠ བཀྲམས་པ། མི་གྲངས་ ༡༠༤༤ ལྷག་ལ་དྲ་ཐོག་ནས་བརྟག་དཔྱད་འདྲི་ཤོག་འབྲི་བཅུག་སྟེ་ཞིབ་བཤེར་བྱས་ཡོད་ལུགས་ཡོངས་གྲགས་བྱས་ཡོད་པ་རེད།

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ།

CECC ཞེས་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་ནས་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད་པ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་བོད་དང་ཡུ་གུར། ཧོང་ཀོང་། དེ་བཞིན་རྒྱ་ནག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཆབ་སྲིད་བཙོན་པ་རྣམས་ངེས་པར་དུ་གློད་བཀྲོལ་དགོས་པ་གསུངས་འདུག ཉེ་ཆར་ཕྱི་ཚེས་ ༨ ཉིན་ཚོགས་ཆུང་དེའི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་དང་ཁྲིམས་ལུགས་ལས་དོན་སོགས་ཀྱི་ཐོག་དཔྱད་ཞིབ་གནང་བའི་ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་ཐོག་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་དང་འབྲེལ། ཁ་སང་སྐུ་ཞབས་ James McGovern ལགས་ནས་རང་ཉིད་ཀྱི་འཕྲུལ་སྒྲ་ཐོག་བརྙན་ཐུང་ཞིག་གི་བརྒྱུད་རྒྱ་ནག་གཞུང་གི་ད་བར་ཁྲིམས་མཐུན་མ་ཡིན་པར་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་སོགས་ཀྱི་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་རྣམས་ལ་རྒྱབ་སྐྱོར་གནང་བ་དང་སྦྲགས་ཏེ་ཁོང་རྣམ་པའི་དངོས་ཡོད་གནས་སྟངས་སྐོར་ཞུ་གཏུག་དང་གླེང་སློང་གནང་རྒྱུ་དེ་ནི་ཚོགས་ཆུང་དེའི་ལས་འགན་གཙོ་བོ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ ༡༩༩༥ ལོར་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ཆ་དགུང་གྲངས་ ༣༠ ལ་ཕེབས་བཞིན་ཡོད་ཀྱང་རྒྱ་གཞུང་གིས་དམ་དྲག་འོག་རིན་པོ་ཆེ་མཆོག་གིས་གཙོས་པའི་སྐུ་ཉིད་ཀྱི་ནང་མི་རྣམ་པའི་གནས་སྟངས་གང་ཡིན་སོགས་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད་པར་འགྲེལ་བརྗོད་ཀྱིས་རྒྱ་ནག་གཞུང་ནས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངེས་པར་དུ་གློད་བཀྲོལ་གཏོང་དགོས་ཞེས་གསུངས་འདུག སྐུ་ཞབས་མཆོག་ནས་ད་དུང་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་རྩ་འཛིན་ནང་གསལ་ལྟར་སྨྲ་བརྗོད་དང་འདུ་འཛོམས། ཆོས་དད་རང་དབང་བཅས་སོ་སོ་སྒེར་གྱི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན་བསྒྲུབ་མཁན་ཡིན་པར་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱ་གཞུང་གི་བཙོན་འཇུག་ཁྲིམས་ཐག་མྱོང་བཞིན་པའི་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་། དེ་སྔ་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་དང་འབྲེལ་འཛིན་བཟུང་ཁྲིམས་ཐག་བཅད་པ་བོན་ཁོ་སྐྱིད་ལགས་ཀྱིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱང་ངེས་པར་དུ་གློད་བཀྲོལ་གཏོང་དགོས་པ་བསྐྱར་ནན་གསུངས་འདུག དེ་བཞིན་སྐུ་ཞབས་ James McGovern ལགས་ནས་རྒྱ་གཞུང་གི་བཀག་ཉར་དང་བཙོན་འཇུག་འོག་ཡོད་པ་ཁྲིམས་རྩོད་པ་ Gao Zhisheng ལགས་དང་ Li Yuhan ལགས། གསར་འགོད་པ་ Huang Qi ལགས། མང་གཙོ་དོན་གཉེར་བ་ Qin Yongmin ལགས། ངལ་རྩོལ་ཐོབ་ཐང་རྩོད་ལན་པ་ Zhang Zhiyu ལགས། དེ་བཞིན་སློབ་དཔོན་པོ་ Chan Kin-man ལགས་སོགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་མདོར་བསྡུས་སུ་འགྲེལ་བརྗོད་གནང་སྟེ་རྒྱ་ནག་གཞུང་ནས་ཡུ་གུར་དང་ཧོང་ཀོང་། དེ་བཞིན་རྒྱ་ནག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཆབ་སྲིད་བཙོན་པ་རྣམས་ཀྱང་གློད་བཀྲོལ་གཏོང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། དེ་བཞིན་ CECC ཞེས་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ནས་ རང་ཉིད་ཀྱི་འཕྲུལ་སྒྲ་ཐོག་ཉེ་ཆར་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་པ་དེ་ནི་རྒྱ་ནག་གཞུང་ནས་ད་ཆ་ཤིན་ཅང་དུ་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་དེ་དག་བོད་དུ་ལག་ལྟར་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་པ་གསུངས་འདུག གཞི་རྩའི་ CECC ཞེས་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ལོ་ལྟར་བཞིན་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་དང་ཁྲིམས་ལུགས་ལས་དོན་སོགས་དང་འབྲེལ་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་ལས་རིམ་དང་། ཁྲིམས་འཆར་འདོན་སྤེལ་སོགས་གནང་མུས་ལྟར་ཉེ་ཆར་འདོན་སྤེལ་གནང་བའི་ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་ཐོག་གི་ལོ་འཁོར་སྙན་ཐོར་འདས་ལོ་ ༢༠༡༩ ནང་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་ཁྲིམས་ལུགས་དབང་འཛིན་ལག་བསྟར་བྱེད་ཕྱོགས་ཇེ་སྡུག་ཏུ་ཕྱིན་འདུག་ཅེས་གསུངས་ཡོད།

   རྒྱ་གཞུང་གིས་དགོན་ལུང་དགོན་དུ་སོ་ལྟའི་བརྙན་མིག་མང་དུ་བཙུགས་ཏེ་དམ་དྲག་བྱེད་བཞིན་པ།  

རྒྱ་ནག་གཞུང་གིས་བོད་མདོ་སྨད་ཁུལ་གྱི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་དགོན་དུ་སོ་ལྟའི་བརྙན་མིག་མང་པོ་བཙུགས་ཏེ་དགེ་འདུན་པ་རྣམས་ལ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་མ་ཟད་དགེ་འདུན་པ་རྣམས་ལ་བཙན་གྱིས་རྒྱ་ནག་གི་ཁྲིམས་སྒྲིག་ཁག་སློབ་སྦྱོང་བྱེད་དུ་འཇུག་བཞིན་ཡོད་པ་རེད་འདུག ཁ་ཉིན་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་དྲྭ་རྒྱ་ Bitter Winter ཞེས་པས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་བྱང་གི་དགོན་ཆེན་བཞིའི་ཡ་གྱལ། མཚོ་སྔོན་ཞིང་ཆེན་ཧུ་ཀྲུའུ་ཐུ་རང་སྐྱོང་ས་ཁུལ་སུ་ཡོད་པའི་ནང་པའི་ཆོས་སྡེ་ཆེན་པོ་དགོན་ལུང་དགོན་བྱམས་པ་གླིང་དུ་སོ་ལྟའི་བརྙན་མིག་ ༢༠༠ ལྷག་བཙུགས་ཏེ་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་དང་དགོན་པའི་བྱེད་ལས་ལ་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། དགོན་པའི་དགེ་འདུན་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དང་ཁྲིམས་སྒྲིག་ཁག་ལ་བཙན་གྱིས་སློབ་གཉེར་བྱེད་དུ་འཇུག་བཞིན་ཡོད་པ་རེད་འདུག དགོན་ལུང་དགོན་པའི་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་གིས་དགོན་པའི་འཁྱམ་ར་གང་སར་བཙུགས་པའི་སོ་ལྟའི་བརྙན་མིག་མིག་དེ་དག་ནི་དགོན་པའི་རིག་གཞུང་རང་བཞིན་གྱི་ལྷ་སྐུ་རྟེན་གསུམ་ལ་སྲུང་སྐྱོབ་བྱེད་ཆེད་དུ་རྩ་འཛུགས་བྱས་པ་ཞིག་ཡིན་པར་བརྗོད་ཡོད་ཀྱང་། དེ་ནི་དགོན་པའི་བྱེད་ལས་དང་དགེ་འདུན་པ་ཚོའི་འགྲོ་འདུག་ལ་སོ་ཉུལ་བྱེད་ཆེད་དུ་ཡིན་པར་བརྗོད་གནང་བར་མ་ཟད་དེ་ལྟ་བུའི་རྒྱ་ནག་གི་བྱེད་བབ་དེ་ནི་དམར་ཤོག་གཞུང་གིས་ཆོས་ལུགས་ལ་དམ་དྲག་བྱེད་སྟངས་ཤིག་ཡིན་སྐོར་མངོན་གསལ་གནང་འདུག རྒྱ་ནག་གཞུང་གིས་དགོན་ལུང་དགོན་ཚང་མ་བརྙན་མིག་གིས་བསྐོར་ནས་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་ Zhenzhu དགོན་པའི་འདུ་ཁང་དུའང་སོ་ལྟའི་བརྙན་མིག་མང་པོ་བཙུགས་ཏེ་དགོན་པའི་དགེ་འདུན་པ་ཚོར་བཙན་དབང་གིས་ཉིན་རྒྱུན་རྒྱ་ནག་གཞུང་གི་ཆབ་སྲིད་དང་སྒྲིག་ཁྲིམས་ཟེར་བར་སློབ་སྦྱོང་བྱེད་དུ་བཅུག་པ་དང་། དགེ་འདུན་པ་ཚོས་ཆོས་ཕྱོགས་ཀྱི་སློབ་གཉེར་ཉིན་ ༡༠ རེའི་མཚམས་ནས་ཐེངས་རེ་མ་གཏོགས་བྱེད་དུ་འཇུག་གི་མེད་པར་བཀོད་ཡོད་པ་དང་སྦྲགས། མཚོ་སྔོན་ཆོས་དོན་ལྷན་ཁང་གིས་རྒྱ་ནག་གི་ཆབ་སྲིད་སྒྲིག་ཁྲིམས་དང་མཐུན་པའི་བསླབ་གཞི་གཏན་འབེབས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་དུའང་དགེ་འདུན་པ་ཚོས་ངེས་པར་དུ་སྲིད་གཞུང་གིས་གཏན་འབེབས་བྱས་པའི་བསླབ་གཞི་དེར་སློབ་གཉེར་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་སྐོར་བཀོད་འདུག སློབ་གཉེར་ཁང་དེའི་ནང་ལོ་གཉིས་རིང་སློབ་སྦྱོང་བྱེད་མྱོང་མཁན་གྱི་དགེ་འདུན་པ་རྒན་གྲས་ཤིག་གིས་གསར་ཁང་ལ་བརྗོད་པ་ལྟར་ན། དགེ་འདུན་པ་ཞིག་ལ་མཚོན་ན་ནང་པའི་གཞུང་ལ་སློབ་གཉེར་དང་རང་གི་དད་མོས་གལ་ཆེན་པོ་ཡིན་ཀྱང་། གཞུང་གིས་དེ་དག་གང་ཡང་བྱེད་འཇུག་གི་མེད་པར་རྒྱ་ནག་ཆོས་དོན་ལྷན་ཁང་གིས་ཁོང་ཚོར་རྒྱ་ནག་གི་ཁྲིམས་དང་ལོ་རྒྱུས། རྒྱ་ཡིག་མ་གཏོགས་གང་ཡང་བསླབ་འཇུག་གི་མེད་པར་བརྗོད་དེ་གནས་སྟངས་དེ་ཧ་ཅང་དཀའ་ངལ་ཞིག་ཡིན་སྐོར་བརྗོད་འདུག གསར་ཁང་གིས་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་ཁོས་གྲངས་ཉུང་མི་རིགས་རྣམས་ཀྱིས་དམར་ཤོག་གཞུང་གི་བཀའ་ཁྱབ་ལ་ངོས་ལེན་བྱས་ཐོག་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སློབ་སྦྱོང་བྱེད་དགོས་པའི་ཁྲིམས་སྒྲིག་མང་པོ་ཞིག་ལག་བསྟར་བྱས་ཏེ་ཡུ་གུར་མི་རིགས་དང་བོད་མི་སོགས་ཕྱོགས་ཡོངས་ནས་རྒྱ་ནག་ཅན་ལ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་མ་ཟད། སྲིད་གཞུང་གིས་མ་དངུལ་ཆེན་པོ་རྩ་འཛུགས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་རྣམས་ལ་རྒྱ་ནག་གི་རིག་གཞུང་དང་རྒྱ་ནག་རྒྱལ་ཁབ་ལ་རྒྱལ་ཞེན་དགོས་པའི་དྲིལ་བསྒྲགས་རིགས་སློབ་ཁྲིད་བྱེད་བཞིན་ཡོད་པར་ཡོངས་གྲགས་གནང་འདུག རྩ་བའི་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་ནི་མདོ་སྨད་ཀྱི་ཙོང་ཁ་བདེ་ཁམས་ཞེས་གྲགས་པའི་བྱང་གི་ཆར་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་རབ་བྱུང་བཅུ་བའི་ཆུ་ཡོས་ ༡༦༠༣ ལོར་ཕྱག་འདེབས་མཛད་ཅིང་། ད་ལྟའི་བར་མི་ལོ་སུམ་བརྒྱ་དགུ་བཅུ་ལྷག་ཕྱིན་པའི་ལོ་རྒྱུས་ཡོད་པ་མ་ཟད། བཤད་སྒྲུབ་གཉིས་ལྡན་གྱི་བོད་ཁུལ་གྱི་དགོན་པ་རྩ་ཆེན་ཞིག་དང་ལྷ་སྐུ་རྟེན་གསུམ་གྱིས་ཕྱུག་པའི་དགོན་རྙིང་ཞིག་ཀྱང་ཡིན་པ་རེད།

འདས་པའི་ལོ་ཤས་ནང་བོད་མཐོ་སྒང་གི་འཁྱགས་རོམ་ཞུ་ཚད་བརྒྱ་ཆ་ ༢༧ ཙམ་ཆགས་ཡོད་པར་མངོན་གསལ་གནང་འདུག

རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ཁུལ་གྱི་གངས་རིའི་འཁྱགས་རོམ་འདྲ་མིན་མང་པོར་ཞིབ་འཇུག་བྱས་པ་བརྒྱུད་ནས་འཁྱགས་རོམ་དེ་དག་གི་ཞུ་ཚད་ཆེས་མྱུར་པོ་ཆགས་ཡོད་པ་མ་ཟད། དམིགས་བསལ་ཉེ་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་རྒྱ་ནག་རྒྱལ་ནང་ནས་འཁྱགས་རོམ་ཞུ་ཚད་བརྒྱ་ཆ་ ༢༠ དང་ལྷག་དོན་བོད་ས་ཁུལ་ནས་འཁྱགས་རོམ་ཞུ་ཚད་བརྒྱ་ཆ་ ༢༧༌༧ ཙམ་ཆགས་ཡོད་སྐོར་ཕྱིར་བསྒྲགས་བྱས་འདུག དེ་ཡང་ Free Tibet ཡིས་གནས་ཚུལ་སྤེལ་བར་ཟླ་སྔོན་མའི་ནང་རྒྱ་ནག་གཞུང་འབྲེལ་གྱི་ Global Times གསར་ཁང་ནས་རྒྱ་གཞུང་གིས་དེ་སྔོན་རྒྱ་ནག་དང་བོད་མཐོ་སྒང་གི་འཁྱགས་རོམ་ཞུ་ཚད་ལ་ཞིབ་འཇུག་བྱས་པ་བརྒྱུད་དེ་དེ་སྔ་ཕྱི་ལོ་ ༡༩༧༠ ནང་ཚུད་རྒྱ་ནག་གི་གངས་རིའི་འཁྱགས་རོམ་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་དྲུག་ཅུ་ལྷག་ཡིན་ཀྱང་། ཕྱི་ལོ་ ༢༠༡༠ ལོར་གངས་རིའི་འཁྱགས་རོམ་ཞུ་ཚད་ཧ་ཅང་མྱུར་པོ་ཆགས་ནས་བརྒྱ་ཆ་ ༢༠ ཙམ་ཞུ་ནས་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་བཞི་བཅུ་ཞེ་བརྒྱད་དུ་གྱུར་ཡོད་པ་མ་ཟད། གཞན་འཁྱགས་རོམ་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱད་སྟོང་ཙམ་རྩ་བརླག་འགྲོ་ཡོད་པ་གསལ་འདུག ལྷག་དོན་བོད་མཐོ་སྒང་གི་ཉམས་ཞིབ་བསྟི་གནས་ཁང་གི་ཉམས་ཞིབ་པ་སྐུ་ཞབས་ Yang Wei ལགས་ཀྱིས་ Global times གསར་ཁང་ལ་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ནས་གངས་རིའི་འཁྱགས་རོམ་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་བདུན་སྟོང་དྲུག་བརྒྱ་ལྷག་ཞུ་ཟིན་ཡོད་པ་དེ་ནི་འཁྱགས་རུམ་ཞུ་ཚད་ཀྱི་གྱོང་གུད་ཆེ་ཤོས་ཤིག་ཡིན་པར་བརྗོད་དེ་བརྒྱ་ཆའི་ཆ་ནས་ ༢༧༌༧ ཆགས་ཀྱི་ཡོད་སྐོར་གསུངས་པ་མ་ཟད། འཁྱགས་རོམ་དེ་དག་གི་ཞུ་ཚད་ཆེས་མྱུར་པོ་ཆགས་དགོས་དོན་ནི་དྲོད་ཁང་རླངས་རྫས་བརྒྱུད་ནས་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེར་ཐུག་ཡོད་སྐོར་བརྗོད་འདུག དེ་བཞིན་གོང་ཞུས་ཉམས་ཞིབ་བསྟི་གནས་ཁང་གི་ཉམས་ཞིབ་པ་ Wu Guangjian ལགས་ཀྱིས་འདས་པའི་ལོ་བཅུའི་རིང་བོད་མཐོ་སྒང་གི་འཁྱགས་རོམ་ཡོད་སའི་ས་ཁུལ་དེའི་གནམ་གཤིས་ཚ་དྲོད་དེ་ ༠༌༤ degree celsius རྒྱས་ཡོད་པ་དེ་ནི་གོ་ལ་སྤྱིའི་གནམ་གཤིས་ཚ་དྲོད་ཆ་སྙོམས་ལས་ལྡབ་གཉིས་ཆེ་བ་ཡོད་པར་བརྗོད་འདུག རྒྱ་ནག་དང་བོད་མཐོ་སྒང་གི་འཁྱགས་རོམ་ཞུ་ཚད་སྐོར་གྱི་གནས་ཚུལ་དེ་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ Wiebo ཐོག་གླེང་སློང་བྱ་རྒྱུའི་བརྗོད་གཞི་གཙོ་གྲས་ཤིག་ཆགས་ཡོད་པ་དང་ལྷག་དོན་མང་ཚོགས་ས་ཡ་ ༡༦༠ ལྷག་གིས་གནས་ཚུལ་དེའི་སྐོར་བཀླགས་ཡོད་པ་དང་མང་ཚོགས་ཆིག་ཁྲི་ལྷག་གིས་དེ་འབྲེལ་ཐོག་མཆན་བཀོད་ཡོད་པ་མ་ཟད། དགོངས་འཆར་གནང་མཁན་ཁྲོད་མང་ཆེ་བས་དྲོད་ཁང་ནས་འཐོན་བཞིན་པའི་རླངས་རྫས་དེ་བཀག་འགོག་གི་ཐབས་ལམ་ཐོག་རེ་འདུན་འདོན་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཁེ་ན་ཌ་ནང་རྟེན་གཞི་བྱས་པའི་བྱང་ཕྱོགས་ཀྱི་ British Columbia གཙུག་ལག་སློབ་གྲྭའི་ས་ཁམས་ཚན་རིག་པ་སྐུ་ཞབས་ Joseph Shea ལགས་ཀྱིས་ Free Tibet ལགས་ལ་གསུངས་པར་ཉེ་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཡུན་ནང་གོ་ལའི་གནམ་བཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དེ་ནི་གཙོ་བོ་ཀར་བོན་དུག་རྫས་ཀྱི་རྐྱེན་པས་ཡིན་པ་དང་གཞན་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་བཟོ་གྲྭ་ཆེ་ཁག་ནས་འཐོན་བཞིན་པའི་དུག་རླངས་བཅས་ལ་ཐུག་ཡོད་པར་བརྗོད་འདུག

རྒྱ་ནག་ནི་འཛམ་གླིང་སྤྱི་ཡོངས་ཀྱི་མི་སྒེར་གྱི་རང་དབང་ལ་ཉེན་འཚབ་ཆགས་ཡོད་པ།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛམ་བུ་གླིང་གི་རྒྱལ་ཁབ་ ༡༠༠ ལྷག་ཙམ་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་གོ་ལ་སྤྱི་ཡོངས་ནང་བྱེད་སྒོ་སྤེལ་ཕྱོགས་ཐོག་དཔྱད་ཞིབ་གནང་ཡོད་པ་དང་སྦྲགས། དཔྱད་ཞིབ་ཀྱི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་མང་གཙོའི་མངོན་འདོད་ལ་ཞེད་སྣང་དང་། དེ་བཞིན་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་ལངས་ཕྱོགས་དེས་འཛམ་བུ་གླིང་སྤྱི་ཡོངས་དང་མི་སྒེར་གྱི་རང་དབང་ལ་ཉེན་འཚབ་ཆགས་པར་ཐེར་འདོན་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁ་སང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ United Nations Correspondents Association  ཞེས་རྒྱལ་ཚོགས་ཀྱི་ཚོགས་ཁང་དུ་ཤོག་ལྷེ་ ༦༥༢ ཅན་ཕྱི་ལོ་ ༢༠༢༠ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། སྙནཐོ་དེའི་ནང་རྒྱ་གཞུང་གིས་མུ་མཐུད་ཤིན་ཅང་ནང་ཡུ་གུར་མི་རིགས་ས་ཡ་གཅིག་ལྷག་ལ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དུ་བཀག་ཉར་བྱས་པ་དང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པར་མ་ཟད་དེའི་ཁྲོད་གསར་འགོད་པ་དང་ལས་འགུལ་བ་འཛིན་བཟུང་གི་གནས་ཚུལ་ཇེ་མང་དུ་འགྲོ་བ་སོགས་ཐེར་འདོན་གནང་འདུག དེ་བཞིན་སྙན་ཐོར་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་ཤེས་ཡོན་གྱི་རང་དབང་ལ་དམ་དྲག་བྱེད་པ་ཐེར་འདོན་དང་སྦྲགས། ཉེ་བའི་ཆར་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ། དབྱིན་ཡུལ། ཨ་རི་སོགས་ཀྱི་ནང་དུ་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་རྣམས་ནས་རྒྱ་ནག་གི་སྲིད་བྱུས་ལ་སྐྱོན་བརྗོད་དང་འབྲེལ་བའི་བརྗོད་གཞི་ཐད་གླེང་སློང་བྱས་པར་འགོག་རྐྱེན་དང་བཀག་སྡོམ་བྱས་ཡོད་པ་འཁོད་འདུག ལྷག་པར་དུ་པེ་ཅིང་ནས་རྒྱལ་ཚོགས་ཀྱི་འགོ་ཁྲིད་རྣམས་རང་ཕྱོགས་སུ་འཁྲིད་ཐབས་བྱེད་པར་དམིགས་འབེན་གཙོ་བོ་བཟུང་ཡོད་པ་ཐེར་འདོན་གནང་འདུག རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་དང་འབྲེལ་ཚོགས་པ་དེས་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ད་ཆ་རྒྱ་ནག་ནི་རྒྱལ་སྤྱིའི་ལམ་ལུགས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་བར་ཉེན་འཚབ་ཞིག་ཏུ་གྱུར་ཡོད་པ་གསུངས་པ་མ་ཟད། ཚོགས་པའི་ངེས་སྟོན་པ་སྐུ་ཞབས་ Kenneth Roth ལགས་ཀྱིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དེ་དེ་གཞུང་ལ་ཉེན་འཚབ་ཞིག་ཏུ་ངོས་འཛིན་བཞིན་ཡོད་ཀྱང་། རྒྱ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལངས་ཕྱོགས་དེས་འཛམ་བུ་གླིང་སྤྱི་ཡོངས་ལ་ཉེན་འཚབ་ཞིག་ཆགས་ཡོད་པ་གསུངས་འདུག དེ་བཞིན་ཨུ་རུ་སུ་དང་སི་ཤི་ཡ། ལྷོ་ཀོ་རི་ཡ། བྷར་མཱ།  བྷེ་ལ་རཱས། སཱ་ཝུ་དི་ཨ་ར་བྷི་ཡ་བཅས་ནས་དེ་འབྲེལ་རྒྱ་ནག་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་ཨ་རི་དང་ཡོ་རོབ་མཐུན་ཚོགས་ལྟ་བུ་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཁག་གཅིག་ནས་རྒྱ་ནག་ལ་གདོང་ལེན་བྱེད་མེད་པ་ཐེར་འདོན་གནང་ཡོད་པ་རེད། གཞི་རྩའི་ཁ་སང་ཕྱི་ལོ་ ༢༠༢༠ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་སྐབས་རྒྱ་ནག་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་ Xing Jisheng ཡིས་སྐུ་ཞབས་ Roth ལགས་ལ་སྙན་ཐོ་དེ་ཕྱོགས་ལྷུང་དང་དེའི་ནང་དྲང་བདེན་མ་ཡིན་པའི་གནས་ཚུལ་འཁོད་ཡོད་པ་བརྗོད་དེ་སྙན་ཐོ་འདོན་སྤེལ་དང་འབྲེལ་གསར་འགོད་ལྷན་ཚོགས་ལ་འགོག་རྐྱེན་བཟོས་འདུག་པ་དང་། སྐབས་དེར་སྐུ་ཞབས་Roth ལགས་ཀྱིས་སྙན་ཐོ་དེའི་ནང་བདེན་པ་མིན་པའི་གནས་ཚུལ་གང་ཡོད་མིན་དྲིས་པར་ Xing ཞེས་པ་རྒྱ་ནག་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་དེས་རྒྱ་ནག་གཞུང་ནས་དེ་གའི་མང་ཚོགས་ཀྱི་དབུལ་ཕོངས་དཀའ་ངལ་སེལ་ཡོད་པས་རྒྱ་ནག་ནི་རྒྱལ་ཁབ་ཚགས་ཚུད་ཅིག་ཡིན་པར་བརྗོད་འདུག འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་ལྕམ་སྐུ་ Sophie Richardson ལགས་ཀྱིས་རྒྱ་ནག་མང་ཚོགས་ནས་དེ་གའི་གཞུང་གི་གནོན་ཤུགས་ལ་བརྟེན་ནས་དེ་ལྟར་དབུལ་ཕོངས་ཀྱི་དཀའ་ངལ་སེལ་མེད་སྐོར་གྱི་ལན་འདེབས་གནང་འདུག  དེ་དང་ཕྱོགས་མཚུངས་སྐུ་ཞབས་ Roth ལགས་ཀྱིས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་བཙན་རྒོལ་བྱེད་རྒྱུ་མཚམས་འཇོག་དགོས་པ་དང་རྒྱལ་སྤྱིའི་གཞུང་རྣམས་ནས་མཉམ་མཐུན་གྱིས་རྒྱ་ནག་ལ་གདོང་ལེན་གནང་དགོས་གལ་ཡིན་པ་གསུངས་འདུག རྩ་བའི་སྐུ་ཞབས་ Roth ལགས་ནས་སྙན་ཐོ་དེ་ཧོང་ཀོང་ནང་འདོན་སྤེལ་གནང་རྒྱུ་ཡིན་ཀྱང་ཁོང་ཁ་ཉིན་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་ནང་དེ་འབྲེལ་སྙན་ཐོ་འདོན་སྤེལ་གནང་བར་ཕེབས་སྐབས་ཧོང་ཀོང་གནམ་ཐང་ནས་འགྲེལ་བརྗོད་གང་ཡང་མ་བྱེད་པར་ཧོང་ཀོང་ནང་ཕེབས་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད།  གནད་དོན་དེའི་ཐད་ཁོང་གིས་པེ་ཅིང་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ་དེ་དག་གིས་ཧོང་ཀོང་མང་ཚོགས་ཀྱི་མང་གཙོའི་ལས་འགུལ་ལ་སེམས་འགུལ་ཐེབས་ཡོད་པར་བརྗོད་ཡོད་པ་དང་། གང་ལྟར་དེས་རྒྱ་གཞུང་ནས་མང་ཚོགས་ཀྱི་མང་གཙོའི་དགོས་འདུན་ལ་ཞེད་སྣང་བྱེད་ཀྱི་ཡོད་པ་མངོན་གི་ཡོད་སྐོར་གསུངས་འདུག

དུས་རབས་ཉི་ཤུའི་ནང་དོན་རྐྱེན་མང་དག་ཅིག་བྱུང་བ་དེ་དག་དུས་རབས་ཉེར་གཅིག་ནང་བསྐྱར་ཟློས་བྱེད་རྒྱུ་མེད་པ་ལམ་སྟོན་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མངའ་སྡེ་བྷི་ཧཱར་གི་གྷ་ཡ་རྫོང་དུ་ཆགས་པའི་གནས་མཆོག་རྡོར་གདན་དུ་རྟེན་གཞི་བྱས་པའི་ Indian Institute of Management ཞེས་ཚོང་ལས་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་འབྲེལ་བ་ Relevance of Ancient Indian Thought ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་ལམ་སྟོན་བསྩལ་བ་དང་སྦྲགས་ཏེ་དེ་སྔ་དུས་རབས་ ༢༠ ནང་ང་ཚོ་དང་ཁོང་ཚོ་ཞེས་བསམ་བློ་ཤུགས་ཆེ་འཁྱེར་ཏེ་དམག་འཁྲུག་སོགས་ཀྱི་དོན་རྐྱེན་མང་དག་ཅིག་བྱུང་བ་དེ་དག་དུས་རབས་ཉེར་གཅིག་ནང་བསྐྱར་ཟློས་བྱེད་རྒྱུ་མེད་པར་ལམ་སྟོན་མཛད་འདུག དེ་རིང་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༩༌༣༠ ཙམ་ལ་༸གོང་ས་མཆོག་གིས་ཚོང་ལས་ཀྱི་སློབ་གཉེར་ཁང་དེའི་དགེ་ལས་སློབ་ཕྲུག་རྣམས་ལ་ང་ཚོ་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཀྱང་ད་ཆ་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ནི་འགྲོ་བ་མིའི་མཐོང་རྒྱ་དང་ཐོས་རྒྱ་ཆུང་དྲག་རྐྱེན་རང་གཅེས་འཛིན་གྱི་བསམ་བློའི་གཞན་དབང་དུ་སོང་བའི་དབང་གིས་བྱུང་བ་ཞིག་ཡིན་པ་དང་། ལྷག་པར་དུ་དེང་སྐབས་འཕྲུལ་རིགས་དང་དཔལ་འབྱོར་སོགས་ཀྱི་རྐྱེན་པས་འཛམ་གླིང་འདི་སྤྱི་ཚོགས་གཅིག་ལྟ་བུ་ཆགས་ཡོད་སྟབས། དེ་སྔ་དུས་རབས་ ༢༠ ནང་ང་ཚོ་དང་ཁོང་ཚོ་ཞེས་བསམ་བློ་ཤུགས་ཆེ་འཁྱེར་ཏེ་དམག་འཁྲུག་སོགས་ཀྱི་དོན་རྐྱེན་མང་དག་ཅིག་བྱུང་བ་དེ་དག་དུས་རབས་ཉེར་གཅིག་ནང་བསྐྱར་ཟློས་བྱེད་རྒྱུ་མེད་པར་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་འཛམ་གླིང་ནང་དུ་དབུལ་ཕོངས་མང་པོ་ཞིག་ཡོད་ཀྱང་ཡུལ་ལུང་མང་པོ་ཞིག་ནས་དབུལ་ཕོངས་ཀྱི་འཚོ་བར་སྨན་པའི་ངལ་སེལ་གྱི་མཐུན་འགྱུར་གོང་འཕེལ་གནང་རྒྱུ་ལས་གོ་མཚོན་ཐོག་འགྲོ་གྲོན་ཕོན་ཆེ་གཏོང་བཞིན་ཡོད་པ་དང་། གོ་ལ་འདིར་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་དང་དབུལ་ཕྱུག་གཉིས་ཀྱི་བར་ཁྱད་ཇེ་ཉུང་དུ་གཏང་བའི་ཁྱད་ནུས་ལྡན་ཡོད་པ་དེ་ལྟར་གནང་གི་མེད་པར་ཐུགས་ཕམ་མཛད་པ་དང་ཆབས་ཅིག་ཏུ་འགྲོ་བ་མི་ཚང་མས་ཞི་བདེ་ཞི་བདེ་ཞེས་བཤད་ཀྱང་ཞི་བདེ་དེ་སྨོན་འདུན་གནང་ནས་ཡོང་རྒྱུ་མེད་སྟབས་དྲག་སྤྱོད་དང་གོ་མཚོན་རིགས་བསྐྲུན་རྒྱུ་མཚམས་འཇོག་གནང་གལ་ཡིན་པའི་ལམ་སྟོན་བསྩལ་འདུག དེ་བཞིན་༸མགོན་པོ་མཆོག་གིས་དེང་རབས་ཅན་གྱི་འཛམ་གླིང་འདིར་རྒྱ་གར་གྱི་གནའ་བོའི་རིག་གནས་ལས་གསུངས་པའི་འཚེ་བ་མེད་པ་དང་བྱམས་པ། སྙིང་རྗེ་སོགས་དང་འབྲེལ་བ་ཤུགས་ཆེ་ཆགས་ཡོད་པ་དང་སྒོས་རྒྱ་གར་ནི་དེང་དུས་ཀྱི་ཤེས་ཡོན་དང་དེ་གའི་གནའ་བོའི་རིག་གནས་གཉིས་ཟུང་འབྲེལ་གནང་ཐུབ་པའི་རྒྱལ་ཁབ་གཅིག་པོ་དེ་ཡིན་སྟབས་རྒྱ་གར་གྱི་གནའ་བོའི་རིག་གནས་དེས་ད་ཆ་འཛམ་གླིང་འདིར་མེད་དུ་མི་རུང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཆགས་ཡོད་སྟབས་རིག་གནས་དེ་དག་ཐོག་མར་རྒྱ་གར་ནང་དུ་བསྐྱར་གསོ་གནང་དགོས་གལ་ཡིན་པ་བཀའ་བསྩལ་ཡོད། ༸གོང་ས་མཆོག་གི་བཀའ་སློབ་གྲུབ་མཚམས་སུ་སློབ་ཕྲུག་ཁག་གཅིག་ནས་དོན་དམ་པའི་སེམས་ཀྱི་ཞི་བདེ་དང་དངངས་སྐྲག་ལ་སོགས་པར་གཉེན་པོ་ཇི་ལྟར་བསྟེན་དགོས་པ་དང་། དེ་བཞིན་དྲན་ཤེས་དང་བྱམས་བརྩེས་བདེ་སྐྱིད་བསྐྲུན་ཐུབ་མིན་སོགས་བཀའ་འདྲི་ཁག་གཅིག་ཞུས་པར་༸མགོན་པོ་མཆོག་གིས་སེམས་ཀྱི་ཞི་བདེ་བསྐྲུན་པར་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་གོ་ལ་གཅིག་གྱུར་དང་། དེ་བཞིན་འགྲོ་བ་མིའི་གཞི་རྩ་དང་འབྲེལ་རྒྱ་གར་གྱི་གནའ་བོའི་རིག་གནས་རྣམས་སློབ་ཚན་ཁོངས་སུ་འཇོག་དགོས་པས་དེ་ལྟར་ཐུབ་ཚེ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་འགྲོ་ངེས་ཡིན་པར་བཀའ་བསྩལ་ཡོད་པར་མ་ཟད། ལྷག་པར་དུ་བདེ་སྐྱིད་བསྐྲུན་ཐབས་དང་འབྲེལ་ཏེ་འཛམ་གླིང་གི་དཀའ་ངལ་མང་པོ་ཞིག་རང་གཅེས་འཛིན་གྱི་ཀུན་སློང་དབང་གིས་ཡོང་གི་ཡོད་པས་བྱམས་བརྩེའི་བསམ་བློར་དགོངས་བཞེད་གནང་གནད་ཡིན་པའི་བཀའ་བསྩལ་ཡོད། སློབ་གཉེར་ཁང་གི་ངེས་སྟོན་པ་ལྕམ་སྐུ་ Dr. Vinita Sahay ལགས་ཀྱིས་སླད་མར་སློབ་གཉེར་ཁང་དུ་སྒོམ་སྒྲུབ་ཀྱི་ལྟེ་གནས་ཁང་ཞིག་གསར་འཛུགས་གནང་རྒྱུའི་འདུན་པ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་དེར་ལམ་སྟོན་བསྩལ་གནང་ཡོང་བའི་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དེར་ཡི་རང་བསྔགས་བརྗོད་མཛད་པ་དང་སྦྲགས་ཏེ་ད་ཡོད་ཤེས་ཡོན་སློབ་གསོ་དེ་འདང་ངེས་ཤིག་མེད་པ་དང་། ཤེས་ཡོན་ལམ་ལུགས་ནང་བློ་གོང་འཕེལ་ཇི་ལྟར་གནང་དགོས་པའི་སྐོར་གང་ཡང་མེད་སྟབས། སྒོམ་སྒྲུབ་ནི་གལ་ཆེན་ཞིག་ཡིན་པ་དང་། བོད་མི་ཚོས་དུས་ད་ལྟ་བར་རྒྱ་གར་གྱི་མཁས་པའི་དྲུང་ནས་རྒྱ་གར་གྱི་གྲུབ་མཐའ་དང་གཞུང་ལུགས་རྣམས་སློབ་གཉེར་བྱས་པ་དེ་དག་ད་ཆ་རྒྱ་གར་གྱི་མི་རབས་གཞོན་པ་ཚོར་ཕར་རྩིས་སྤྲོད་རྒྱུའི་འོས་འགན་ཡོད་པ་བཀའ་བསྩལ་བར་མ་ཟད་མགོན་པོ་མཆོག་གིས་སློབ་གཉེར་འདིར་ཕན་པའི་དགེ་རྒན་ཆེད་གཏོང་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་ནས་འདི་ལོ་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡ ཚེས་ ༢ ནས་ ༦ བར་རྡོར་གདན་དུ་ཆོས་འབྲེལ་གྱི་མཛད་འཆར་ཁག་ལེགས་གྲུབ་བསྐྱངས་གྲུབ་རྗེས་རྡོར་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་དུ་དད་ལྡན་མང་ཚོགས་ལ་མཇལ་ཁ་དང་། དྲྭ་ལམ་བརྒྱུད་རྒྱ་རིགས་དང་བོད་རིགས་སློབ་མ་སོགས་ལ་བཀའ་སློབ་བསྩལ་བ་བཅས་ཀྱི་མཛད་འཆར་དུ་མ་བསྐྱངས་ཡོད་པ་རེད། ཤེས་རྟོགས་བྱུང་བར་མགོན་པོ་༸གང་ཉིད་མཆོག་ཟླ་ ༡ ཚེས་ ༡༧ ཉིན་བྷི་ཧར་གྱི་གྲོང་ཁྱེར་པཊ་ན་ལ་ཆིབས་བསྒྱུར་དང་སྦྲགས། པཊ་ན་ལ་ཉིན་གཅིག་བཞུགས་གཞག་མཛད་རྒྱུ་དང་། དེ་རྗེས་མཁའ་ལམ་བརྒྱུད་ལྡི་ལི་དང་བཞུགས་སྒར་དྷརྨ་ས་ལར་ཆིབས་ཞལ་བསྒྱུར་གནང་རྒྱུ་ཡིན་པ་རེད།

བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཁྲིམས་འཆར་གཏན་འབེབས་བྱས་པ་དེ་རྒྱ་ནག་གཞུང་ནས་བོད་མིའི་བློ་འགུག་བྱེད་མ་ཐུབ་པའི་ངོས་ལེན་གྱི་རྣམ་པ་ཞིག་རེད།

ཉེ་ཆར་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་ཡོད་པ་དང་འབྲེལ། རྒྱ་གར་གྱི་གསར་འགོད་པ་དང་བོད་རིགས་པའི་མཁས་པ་སྐུ་ཞབས་ Vijay Kranti ལགས་ཀྱིས་བོད་ནང་གཏན་འབེབས་བྱས་པའི་ཁྲིམས་འཆར་དེ་ནི་དོན་དངོས་སུ་རྒྱ་ནག་དམར་ཤོག་ཚོགས་པས་ད་བར་བོད་ནང་གི་བོད་མིའི་བློ་འགུག་བྱེད་མ་ཐུབ་པའི་མངོན་གསལ་གྱི་རྣམ་པ་ཞིག་ཡིན་པ་གསུངས་འདུག ཁ་སང་ India TV གསར་ཁང་གིས་རྒྱ་ནག་གི་བོད་ནང་ཁྲིམས་འཆར་གསར་པ་དེ་གཏན་འབེབས་བྱས་སྐོར་གནས་ཚུལ་སྤེལ་བར་སྐུ་ཞབས་ Vijay Kranti ལགས་ཀྱིས་ད་བར་བོད་ནང་བོད་མི་ ༡༥༦ ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་ཞུགས་འབུལ་གནང་བའི་གནད་དོན་མངོན་གསལ་གནང་བ་དང་། ཁྲིམས་འཆར་དེ་ནི་རྒྱ་ནག་གཞུང་གིས་འཁྱོག་བཤད་དྲིལ་བསྒྲགས་ཇི་ཙམ་བྱེད་མིན་ལ་མ་བལྟོས་པར་དོན་དངོས་ཐོག་རྒྱ་གཞུང་ནས་བོད་མི་རྣམས་ཀྱི་བློ་འགུག་མ་ཐུབ་པ་དང་རྒྱ་ནག་ནང་དུ་ཟླ་སྒྲིལ་གཏང་མ་ཐུབ་པ་མངོན་གསལ་མ་ཡིན་པའི་ངོས་ལེན་དང་དངངས་སྐྲག་གི་རྣམ་པ་ཞིག་ཡིན་པ་གསུངས་འདུག ལྷག་པར་དུ་སྐུ་ཞབས་བིཇེ་ཀརནྟི་ལགས་ཀྱིས་དེང་སྐབས་རྒྱ་ནག་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་སྒོས་མ་འོངས་པར་༸རྒྱལ་བའི་ཡང་སྲིད་བདམ་ཕྱོགས་ཐད་ལ་རྒྱ་ནག་རང་ལ་བདག་དབང་ཡོད་སྐོར་རྩོད་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཁྲིམས་འཆར་དེ་ལྟ་བུའི་བརྒྱུད་ནས་ཕྱི་ཕྱོགས་འཛམ་གླིང་ལ་བོད་ནང་བོད་མི་རྣམས་བདེ་སྐྱིད་ངང་གནས་ཡོད་པའི་རྣམ་བསྟན་རྒྱུའི་ཐབས་ལམ་ཞིག་ཀྱང་ཡིན་པར་གསུངསའདུག རླུང་འཕྲིན་ཁང་གིས་ཨོ་སི་ཊོ་ལི་ཡར་གནས་བཞུགས་རྒྱ་ནག་ཉམས་ཞིབ་པ་སྤྱིར་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་རྒྱ་གཞུང་ནས་བོད་ནང་ཁྲིམས་སྒྲིག་དེ་ལྟ་བུའི་བརྒྱུད་ནས་བོད་མི་རིགས་ཀྱི་ངོ་བོ་དང་བོད་ཀྱི་སྐད་ཡིག་བཅས་དང་འབྲེལ་བའི་འཐབ་རྩོད་གནང་མཁན་རྣམས་ལ་མི་རིགས་མཐུན་སྒྲིལ་ལ་གནོད་འཚེ་བྱེད་མཁན་གྱི་ཉེས་བཏགས་ཏེ་ཁྲིམས་ཐག་ལྗིད་པོ་གཏང་རྒྱུའི་ཐབས་ལམ་ཞིག་ཡིན་པ་སོགས་གསུངས་སོང་བར་མ་ཟད་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་དང། མི་རིགས་ལ་བརྙས་བཅོས་ཀྱི་ཁྲིམས་སྒྲིག་ངན་པ་ཞིག་ཡིན་པས་དེ་ངོས་ལེན་རྩ་བ་ནས་གནང་ཐབས་མེད་སྐོར་གསུངས་ཡོད། དཔྱད་ཞིབ་པ་མང་དག་ཅིག་གིས་བོད་ཁུལ་དུ་རྒྱ་ནག་གཞུང་ལ་མི་དགའ་བའི་བསམ་བློ་ཤུགས་ཆེ་སླེབས་ཡོད་པ་དེར་བཏང་འཛིན་དང་དོ་དམ་བྱ་ཕྱིར་རྒྱ་གཞུང་ནས་ཁྲིམས་འཆར་དེ་རིགས་གཏན་འབེབས་བྱེད་བཞིན་ཡོད་པ་དང་། ཁག་ཅིག་གིས་ཤིན་ཅང་ནང་དུ་རྒྱ་གཞུང་གིས་ཡུ་གུར་བ་དང་ཁ་ཆེ་ས་ཡ་གཅིག་དང་ཕྱེད་ཀ་ཙམ་འཛིན་བཟུང་བཀག་ཉར་གྱིས་ཆབ་སྲིད་སློབ་གསོའི་སྤེལ་བཞིན་ཡོད་པ་ལྟར། བོད་ནང་དུ་ཁྲིམས་འཆར་དེ་རིགས་བརྒྱུད་དེ་ཤིན་ཅང་ལྟ་བུའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུའི་རྟགས་མཚན་ཞིག་ཀྱང་ཡིན་སྲིད་སྐོར་གསུང་མཁན་འདུག

བོད་མི་མང་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕྱོགས་བསྐྱོད་ཀྱིས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕྱོགས་བསྐྱོད་གནང་སྟེ་ཁུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཆེད་བཅར་གྱིས་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་སྔར་ལྷག་ཡོང་ཕྱིར་ཞུ་སྐུལ་གནང་འདུག ཐེངས་འདིའི་སྤྱི་འཐུས་ཕྱོགས་བསྐྱོད་ཀྱི་ནང་དུ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་གསེར་རྟ་ཚུལ་ཁྲིམས་ལགས། དབྱངས་ཅན་སྒྲོལ་དཀར་ལགས། བློ་བཟང་ཆོས་འབྱོར་ལགས་བཅས་ཆེད་ཕེབས་གནང་ཡོད་པ་ལྟར་གསར་འགོད་པས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་སུ་ཞལ་པར་གྱི་ཐོག་ནས་ཐེངས་འདིའི་ཕྱོགས་ཕེབས་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་པར་ཕྱོགས་བསྐྱོད་འདི་ནི་སྤྱི་འཐུས་སྐབས་བཅུ་བཞི་ནས་བཟུང་ཕྱོགས་བསྐྱོད་ཀྱི་ལས་རིམ་ཞིག་གཏན་ལ་ཕབས་ཡོད་པ་བཞིན་ཉིན་དང་པོའི་རིང་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་དང་མངའ་སྡེ་གྲོས་ཚོགས་མི་སྣ། དེ་བཞིན་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་སོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབས་སོགས་ངོ་སྤྲོད་གནང་ཡོད་པ་གསུངས་སོང་། ཁོང་གིས་ད་དུང་ཐེངས་འདིའི་ཕྱོགས་བསྐྱོད་དེ་གཞུང་གསར་རྙིང་གཉིས་ཀྱི་འོས་བསྡུའི་ལས་རིམ་དང་སྟབས་འཁེལ་བར་བརྟེན་སྤྱི་འཐུས་ཚོགས་ཆུང་ནས་དངོས་སུ་འོས་བསྡུ་གནང་བཞིན་པའི་ཉེ་འཁོར་གྱི་ས་ཁུལ་ཁ་ཤས་དང་སྲིད་འཛིན་གསར་པའི་འོས་ཐོབ་ཀྱི་རྒྱལ་ཁའི་གསུང་བཤད་གནང་ཡུལ་སོགས་ལ་དངོས་སུ་བཅར་རྒྱུའི་གོ་སྐབས་བྱུང་ཡོད་པ་ལྟར་རང་རེའི་སྤྱི་ཚོགས་དང་ཐེ་ཝན་གཉིས་ཀྱི་འོས་བསྡུའི་ཁྲོད་ནས་ཕྱོགས་གཉིས་ནས་ལེགས་ཆ་ལེན་དགོས་པའི་གནད་དོན་རེ་འགའ་ཡོད་པར་དོ་སྣང་བྱུང་སྐོར་འགྲེལ་བརྗོད་གནང་སོང་། རྩ་བའི་ཐེངས་འདིའི་ཐེ་ཝན་གྱི་ཕྱོགས་བསྐྱོད་ནི་ཕྱི་ཟླ་ ༡ ཚེས་ ༩ ཉིན་རྒྱ་གར་ནས་དབུ་འཛུགས་ཀྱིས་ཚེས་ ༡༨ ཉིན་ཕྱོགས་བསྐྱོད་མཇུག་སྒྲིལ་གནང་གི་ཡོད་པ་རེད། ཁུལ་དེའི་འོས་བསྡུའི་ལས་རིམ་གཟའ་ཉི་མའི་ཉིན་ལེགས་གྲུབ་དང་བསྟུན། ཁོང་རྣམས་ཀྱི་ཕྱོགས་བསྐྱོད་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་དེ་རིང་ཉིན་གཉིས་པ་ཡིན་པ་རེད།

Latest news