Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྔ་བ་ནང་གློ་ཚད་རིམས་ནད་ཀྱི་ནད་པ་གཅིག་དང་དཀར་མཛེས་ཁུལ་ནང་ནད་པ་མང་དུ་འགྲོ་བཞིན་པ་མངོན་གསལ།

རྒྱ་ནག་ཝུ་ཧན་ནང་ནས་ཐོན་པའི་ཏོག་དབྱིབས་ནད་དུག་གློ་ཚད་གསར་པའི་ནད་རིམས་དེ་རྒྱ་ནག་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཡུལ་གྲུ་མང་པོ་ཞིག་ནང་ཁྱབ་གདལ་འགྲོ་བཞིན་པའི་ཁར། དེ་རིང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་སྐོར་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བའི་ནང་དུ་བོད་མདོ་སྨད་རྔ་པ་ཁུལ་དུ་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་ཕོག་མཁན་གཅིག་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་ནད་པ་གཉིས་མང་རུ་ཕྱིན་ཡོད་པ་ར་སྤྲོད་བྱུང་འདུག རྩ་བའི་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཁ་ས་རང་ལོ་ ༣༤ ཅན་གྱི་རྒྱ་རིགས་ཤིག་ལ་རིིམས་ནད་དེ་ཕོག་ཡོད་པའི་གནས་ཚུལ་ཐོན་པ་དང་བཅས། ད་ཆ་རིམ་ནད་དེ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་གནས་ཡོངས་སུ་ཁྱབ་གདལ་དུ་ཕྱིན་ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་། དེ་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲོད་བསྟེན་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་སྟེ། ཟླ་བ་འདིའི་ཕྱི་ཚེས་ ༢༢ ཉིན་ཝུ་ཧན་ནས་མེ་འཁོར་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བའི་རྒྱ་རིགས་སྐྱེས་པ་དེ་ད་ཆ་ཟུར་བཅད་ཐོག་སྨན་བཅོས་བྱེད་བཞིན་ཡོད་སྟབས། གོང་ཞུས་ཉིན་མོ་དེར་ཝུ་ཧན་ནས་ལྷ་སར་མེ་འཁོར་བརྒྱུད་ནས་འགྲུལ་བཞུད་གནང་མཁན་མང་ཚོགས་གཞན་རྣམས་ཀྱིས་ངེས་པར་དུ་ལྷ་ས་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་པའི་བཀོད་ཁྱབ་ཅིག་བཏང་འདུག འདི་ག་རླུང་འཕྲིན་ཁང་ལ་ལྷ་ས་ནང་གི་ས་གནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲོད་བསྟེན་ལས་ཁུངས་ཀྱིས་ད་ཆ་ལྷ་སར་རིམས་ནད་དེ་ཕོག་པའི་མི་གཅིག་སླེབས་ཡོད་པ་མངོན་གསལ་གནང་ཡོད་ཀྱང་། དོན་དངོས་ཐོག་སྐབས་དེར་གོང་ཞུས་ནད་པ་དེ་དང་ལྷན་དོགས་གཞི་ཡོད་པའི་གཞན་འགྲུལ་བཞུད་བ་མི་བདུན་ལྷ་སར་སླེབས་ཡོད་པ་དང་ད་ཆ་ཁོང་རྣམས་ལ་རིམས་ནད་དེ་ཕོག་ཡོད་མེད་ཀྱི་བརྟག་དཔྱད་འགྲོ་མུས་ཡིན་ཡང་། ཕལ་ཆེར་མི་བདུན་པོ་དེ་དག་ལ་རིམས་ནད་དེ་ཕོག་ཡོད་པའི་དོགས་པ་གནང་བཞིན་འདུག དེའི་བར་ན་དེ་རིང་རྔ་བ་ཁུལ་འཕྲོད་བསྟེན་ལས་ཁུངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཝུ་ཧན་གྱི་གྲོང་ཁྱེར་ Hankou ནས་ཁྲིན་ཏུ་བརྒྱུད་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་འབར་ཁམས་རྫོང་ནང་སླེབས་པའི་སྐྱེས་མ་རང་ལོ་ ༢༡ སོན་པ་ཞིག་ལ་གློ་ཚད་ཀྱི་རིམས་ནད་དེ་ཕོག་ཡོད་པ་མངོན་གསལ་གནང་འདུག་པ་དང་ཆབས་ཅིག ཞིང་ཆེན་དེའི་མངའ་ཁོངས་ཀྱི་བོད་མི་གནས་སྡོད་ཡོད་སའི་ས་ཁུལ་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་ནང་ནད་པ་ ༡ དང་འདབ་པ་རྫོང་ནང་ནད་པ་ ༡ དེ་བཞིན་དར་རྩེ་མདོ་ནང་ནད་པ་ ༢ དང་རྟའུ་ནང་ནད་པ་ ༡ བཅས་ཁྱོན་རིམ་ནད་དེ་ཕོག་མཁན་གྱི་མི་གྲངས་ལྔ་བྱུང་ཡོད་པ་ར་སྤྲོད་གནང་འདུག སྤྱིར་དེ་རིང་རྒྱ་ནག་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ནང་དེ་རིང་བར་ནད་རིམས་ཕོག་ཟིན་པའི་མི་ ༧༨༡༤ ཙམ་དང་རྐྱེན་འདས་སུ་ཕྱིན་པ་ ༡༧༠ ལྷག དེ་བཞིན་རིམས་ནད་དེ་ཨ་རི་དང་ཨོ་སི་ཊོ་ལི་ཡ ཉི་ཧོང་། ལྷོ་ཀོ་རི་ཡ། ཝེ་ཏི་ནམ། ཕ་རན་སི་སོགས་འཛམ་གླིང་རྒྱལ་ཁབ་ ༢༡ ནང་དུ་ཁྱབ་གདལ་སོང་ཡོད་པ་དང་ལྷག་དོན་རྒྱ་གར་ནང་མི་རེ་ཟུང་ལ་ནད་གཞི་དེ་ཕོག་ཡོད་པར་དོགས་གཞི་ཡོད་པའི་གནས་ཚུལ་ཁག་ཅིག་ཐོན་ཡོད་པའི་ཁྲོད། དེ་རིང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ལྷན་ཁང་ནས་མངའ་སྡེ་དེའི་ནང་གི་སློབ་ཕྲུག་གཅིག་ལ་ཏོག་དབྱིབས་རིམས་ནད་དེ་ཕོག་ཡོད་པ་མངོན་གསལ་གནང་འདུག རྒྱ་ནག་ནང་གི་ནད་ཡམས་དེ་དང་འབྲེལ། དེ་རིང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤྱི་བསྒྲགས་ཤིག་སྤེལ་ཏེ་རྒྱ་གཞུང་ནས་རིམས་ནད་དེ་གཅོད་ཐབས་སུ་ལག་ལེན་ཚད་ལྡན་གནང་བའི་ཐོག་ཡུལ་དེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་གལ་ཡིན་པར་ནན་བརྗོད་གནང་འདུག དེ་ཡང་དེ་རིང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤྱིར་རྒྱ་ནག་ནང་ཏོག་དབྱིབས་ནད་གཞི་དེ་ཐོག་མ་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ཐོན་ཡོད་ཀྱང་རྒྱ་ནག་གཞུང་གིས་རིམས་ནད་དེའི་ཛ་དྲག་གི་ཁྱབ་གདལ་ལ་སྣང་ཆུང་གིས་དེའི་སྐོར་ཕྱི་ལ་ལམ་སྟོན་གསལ་བསྒྲགས་མ་བྱས་པ་མ་ཟད། རྒྱ་ནག་རྒྱལ་ནང་དུའང་ཡོངས་ཁྱབ་གསལ་བསྒྲགས་གང་ཡང་མ་བྱས་པར་བཞག་པའི་རྐྱེན་གྱིས་དེའི་ཁྱབ་གདལ་མུ་མཐུད་དུ་ཕྱིན་ནས་མཐར་ཟླ་བ་འདིའི་ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་གིས་གཞི་ནས་ཝུ་ཧན་གྲོང་ཁྱེར་དེ་ཕྱི་ལ་སྒོ་མོ་བརྒྱབས་ཏེ་ཕྱི་བསྐྱོད་གནམ་གྲུ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་དང་དེའི་ཁྲོད་རྒྱ་གཞུང་གིས་སྤྱི་ཚོགས་དྲྭ་ལམ་ཐོག་སྔར་བཞིན་དམ་དྲག་བྱས་པ་མ་ཟད། དྲྭ་རྒྱའི་ཐོག་ཝུ་ཧན་ནད་ཡམས་སྐོར་ལ་གནས་ཚུལ་སྤེལ་མཁན་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། གང་ལྟར་རྒྱ་གཞུང་གིས་ནད་ཡམས་དེའི་ནད་རྟགས་ཡོད་མཁན་ཚོར་དུས་ཐོག་གིས་འོས་ཤིང་འཚམས་པའི་སྨན་བཅོས་གོ་སྐབས་སྤྲོད་ཐུབ་མེད་པར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག རྒྱ་ནག་གཞུང་ནས་ནད་ཡམས་དེར་གདོང་ལེན་བྱེད་སྐབས་དྲག་གནོན་བརྒྱུད་མང་ཚོགས་ཁྲོད་གཞུང་ལ་རྡང་ཟུག་གི་བློ་བསྐྲུན་པ་ལས། ཆེས་ཛ་དྲག་གི་གནས་སྟངས་དེའི་ཁྲོད་མང་ཚོགས་དང་མཉམ་ལས་བྱེད་དགོས་པ་མ་ཟད། གསར་འགོད་པའི་ལས་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱ་ནག་གིས་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པར་སྐྱོན་བརྗོད་བྱས་པ་དེ་འཁྱོག་བཤད་རེད།

ཁ་ཉིན་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ལ་ Tibetan Policy and Support Act ཞེས་ཨ་རི་བོད་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ངོ་ཡོད་གྲོས་ཚོགས་འཐུས་མི་ ༤༣༠ ནས་གྲོས་ཚོགས་འཐུས་མི་ ༣༩༢ ཀྱིས་རྒྱབ་སྐྱོར་གནང་སྟེ་ཚད་མཐོའི་མང་མོས་ཀྱིས་ གཏན་འབེབས་གནང་བ་མ་ཟད། གྲོས་འཆར་དེ་ཐོག་མར་ཆེད་འདོན་གནང་མཁན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་ལགས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་སླད་བོད་མིའི་འགོ་ཁྲིད་དང་ལྷན་དུ་དོན་དམ་གྱི་གྲོས་མོལ་མ་གནང་ཐོག་བོད་ནང་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ཇེ་ཞན་ཇེ་སྡུག་ཏུ་བཏང་སྟེ་བོད་དེ་རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པར་སྒོ་བརྒྱབ་པ་སོགས་ཐེར་འདོན་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། ཨ་མི་རི་ཀའི་ངོས་ནས་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནུས་ཤུགས་ཆེ་རུ་བཏང་ནས་ཨ་རི་ངོས་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གཙོས་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ་དང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་མི་ཡོངས་ཀྱི་མངོན་འདོད་མཚོན་པའི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་གནང་རྒྱུ་སོགས་གསུངས་ཡོད་པ་རེད།ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་གཏན་འབེབས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་སྐུ་ཚབ་མཚོན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཀྱང་ཨ་རིའི་གྲོས་ཚོགས་འོག་མས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེར་ཚད་མཐའི་མང་མོས་ཀྱིས་གཏན་འབེབས་གནང་བར་དགའ་བསུ་ཞུས་ཡོད་པ་རེད། འོང་ཀྱང་རྒྱ་ནག་གཞུང་ནས་དུས་རྒྱུན་ལྟར་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་གཏན་འབེབས་གནང་བ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཟླ་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པར་བརྟེན་ཁྲིམས་འཆར་དེར་ངོ་རྒོལ་ཡོད་ཅེས་བརྗོད་འདུག ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ནས་བོད་ཀྱི་གནད་དོན་དེ་ནི་ཆོས་དད་རང་དབང་དང་གྲངས་ཉུང་མི་རིགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བ་རྩ་བ་ནས་མེད་སྐོར་སོགས་འགྲེལ་བརྗོད་བྱས་པ་དང་ཆབས་ཅིག བོད་འདི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ནན་བརྗོད་བྱས་པ་དང་། ཨ་རི་ངོས་ནས་རྒྱ་ནག་ཁ་བྲལ་གྱི་ལས་དོན་སྤེལ་མཁན་ཚོར་རྒྱབ་སྐྱོར་གྱི་བརྡ་ལན་དེ་ལྟར་སྤྲོད་རྒྱུ་མེད་པར་བརྗོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་ཨ་རིའི་རྒྱབ་སྐྱོར་ཉམས་གུད་ཕྱིན་མེད་པའི་བརྡ་ལན་གསལ་པོ་ཞིག་མཚོན་པར་མ་ཟད་བཙན་བྱོལ་བོད་མི་ཚོས་ཀྱང་རྒྱ་གཞུང་གི་ལན་འདེབས་དེ་དག་རྫུན་གཏམ་དང་ཧམ་བཤད། འཁྱོག་བཤད་སོགས་ཡིན་སྟབས་ཨ་རི་ངོས་དེར་ཉན་འཇོག་མ་གནང་བར་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པ་གསུངས་སོང་།

བཞུགས་སྒར་དུ་ནང་པའི་མཚོན་བྱེད་ཅན་གྱི་གླིང་ཁ་ཆེན་པོ་ཞིག་གསར་འཛུགས་བྱ་འཆར།

མི་འགྱངས་བར་བཞུགས་སྒར་དྷ་སའི་ཁུལ་དུ་ནང་པའི་མཚོན་བྱེད་ཅན་གྱི་གླིང་ཁ་ཆེན་པོ་ཞིག་གསར་རྒྱག་བྱེད་རྒྱུ་རེད་འདུག དེ་རིང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཞུགས་སྒར་དྷརྨ་ས་ལ་ནི་ད་ཆ་རྒྱལ་སྤྱིའི་སྒང་ནས་ནང་བའི་གནས་མཇལ་བྱེད་སའི་གདན་ས་གལ་ཆེན་ཞིག་ཏུ་བརྩི་བཞིན་པར་བརྟེན་ས་གནས་སྲིད་གཞུང་གིས་མི་འགྱངས་བར་དྷ་སའི་ཁུལ་དུ་སྨི་གྲུ་བཞི་མ་འབུམ་གཅིག་ལྷག་གི་རྒྱ་ཁྱོན་ཅན་གྱི་ནང་བའི་མཚོན་བྱེད་ལྡན་པའི་གླིང་ཁ་ཆེན་པོ་ཞིག་གསར་རྒྱག་བྱེད་རྒྱུ་ཡིན་པར་འཁོད་འདུག དེ་བཞིན་གསར་ཁང་གིས་ད་ལྟའི་བར་དུ་ཞིབ་འཇུག་བྱས་པ་ལྟར་ན། གླིང་ཁ་དེ་བཞུགས་སྒར་གྱི་དྷོ་ལ་དྷར་རི་རྩར་ཡོད་པའི་ Khaniyara ཁུལ་དུ་གསར་འཛུགས་བྱེད་འཆར་ཡོད་པ་དང་། ཁུལ་དེར་མི་སྟོང་ཕྲག་མང་པོ་འདུས་སྡོད་བྱེད་ཐུབ་པ་མ་ཟད། བཟའ་བཅའི་མཁོ་ཆོས་ཀྱང་མཁོ་སྒྲུབ་ཐུབ་ཀྱི་ཡོད་པ་དང་གླིང་ཁ་དེ་ལེགས་འགྲུབ་བྱུང་ཚེ་དེ་ནི་ཧི་མཱ་ཅལ་མངའ་ཁུལ་གྱི་ནང་པའི་ཞིབ་འཇུག་ལྟེ་གནས་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུ་ཡིན་པར་ཚོད་དཔག་གནང་གི་འདུག Asian Development Bank ཞེས་པའི་ཨེ་ཤ་ཡའི་འཕེལ་རྒྱས་དངུལ་ཁང་གིས་མ་དངུལ་སྒོར་བྱེ་བ་ ༨༠ ལྷག་ཆེད་གཏོང་གིས་མ་འཛུགས་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་དང་། ཧི་མཱ་ཅལ་གྱི་ཀང་ར་རྫོང་དཔོན་སྐུ་ཞབས Rakesh Kumar Prajapat ལགས་ཀྱིས་གླིང་ཁ་གསར་རྒྱག་གི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་ལས་གཞི་དེ་ལག་བསྟར་ཡོང་ཆེད་ཀྱི་ཕྱག་ལས་གནང་མུས་ཡིན་པར་ཡོངས་གྲགས་གནང་ཡོད་པ་རེད། རྩ་བའི་བཞུགས་སྒར་དྷརྨ་ས་ལ་ནི་རྒྱ་གར་བྱང་ཕྱོགས་ཀྱི་དྷོ་ལ་དྷར་རི་རྒྱུད་དུ་ཆགས་ཡོད་པ་དང་། ཁུལ་འདིའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་སྨི་ ༡༥༠༠ མ་ཟིན་ཙམ་ཡིན་པ་དང་ད་ལྟའི་ཆར་བོད་མི་དང་རྒྱ་གར་གྱི་ཡུལ་མི་ཁྲི་ལྔ་ལྷག་གི་གཏན་སྡོད་ཀྱི་གནས་མལ་ཡིན་པ་རེད། སྔོན་ཆད་དྷརྨ་ས་ལ་ནི་གདོད་མའི་ནགས་ཁྲོད་ཀྱི་ལྷིང་འཇགས་ཀྱི་ས་གནས་ཤིག་ཡིན་པ་དང་། ཁུལ་འདིར་རྒྱ་གར་ཧི་མཱ་ཅལ་གྱི་ཧི་མ་ལ་ཡའི་ཁུལ་དུ་གནས་བའི་ Pahari རིགས་རྒྱུད་ཀྱི་འབྲོག་ས་ལྟ་བུ་ལས་གཏན་སྡོད་བྱེད་མཁན་ཉུང་ངུ་ཙམ་ལས་མེད་པ་རེད། འོན་ཏེ་ཕྱི་ལོ་ ༡༩༦༠ ལོ་༸གོང་ས་༸སྐྱབས་མགོན་རིན་པོ་མཆོག་གི་སྐུ་འཁོར་ལྷན་རྒྱས་དང་བོད་གཞུང་དགའ་ལྡན་ཕོ་བྲང་མ་སུ་རི་ནས་དྷ་སར་གནས་སྤོར་གནང་སྟེ་མགོན་པོ་༸གང་ཉིད་མཆོག་སྔོན་ཆད་རྒྱ་གར་དབྱིན་གཞུང་གི་འོག་ཏུ་ཡོད་དུས་ཀྱི་དབྱིན་ཇིའི་དམག་མི་སྡོད་སའི་ཁང་རྙིང་ཞིག་བཟོ་བཅོས་ཤིག་བྱས་རྗེས་ཁུལ་དེར་༸སྐུ་བཞུགས་མཛད་པ་ལྟར་རིམ་བཞིན་རྣམ་རྒྱལ་གྲྭ་ཚང་གསར་རྒྱག་གནང་བ་དང་ལྷན་དུ་བོད་གཞུང་དགའ་ལྡམ་ཕོ་བྲང་གི་གཞུང་འཛིན་ལས་ཁུངས་སོགས་གསར་རྒྱག་གནང་ཡོད་པ་རེད། དེ་ནས་བཟུང་བཞུགས་སྒར་དྷརྨ་ས་ལ་ནི་རྒྱལ་སྤྱིའི་སྒང་ནས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ད་ཆ་མཆོད་མཇལ་བ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ༢༠༡༨ ལོར་རྒྱ་གར་སྲིད་གཞུང་གིས་བཞུགས་སྒར་དྷརྨ་ས་ལ་ནི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་གསར་རང་བཞིན་གྱི་གྲོང་ཁྱེར་འཛུགས་བསྐྲུན་གྱི་ས་ཁུལ་བརྒྱ་ལྷག་གི་ནང་དུ་བདམས་ཐོན་བྱུང་ཡོད་པ་ལྟར། ཧི་མཱ་ཅལ་མངའ་སྡེས་ཀྱང་དྷརྨ་ས་ལ་ནི་མངའ་སྡེའི་རྒྱལ་ས་གཉིས་པ་ཡིན་པར་ཡོངས་གྲགས་གནང་ཡོད་པ་ལྟར། ད་ཆ་བཞུགས་སྒར་དྷརྨ་ས་ལ་ནི་རིག་གནས་སྣ་མང་གི་ལྟེ་བ་དང་། ཕྱི་གླིང་གི་མི་ཚོགས་བརྒྱ་ཁྲི་བཞི་སྟོང་གི་སྨོན་འདུན་ཀློང་གི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པ་རེད།

༸གོང་ས་མཆོག་གིས་ཏོག་དབྱིབས་ནད་དུག་ཞི་བར་ཐུགས་སྨོན་མཛད་པ།

དེ་རིང་ཕྱི་ ༡ ཚེས་ ༢༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཐེ་ལན་ཌི་དང་ཝེ་ཏི་ནམ་གྱི་དད་ལྡན་ཁག་གཅིག་ལ་མཇལ་ཁ་བཀའ་དྲིན་བསྩལ་བར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་དུག་འམ་ Corona virus ཞེས་པ་དེ་ཞི་བར་དམིགས་བསལ་ཐུགས་སྨོན་མཛད་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་ཡིག་གི་ངོ་དེབ་ཐོག་བརྙན་ཐུང་ཞིག་སྤེལ་གནང་བར་༸གོང་ས་མཆོག་གིས་རྒྱ་ནག་དེ་ལོ་རྒྱུས་ཀྱི་ཐོག་ནས་ནང་པ་ཡིན་པར་བཀའ་བསྩལ་བ་དང་འབྲེལ། དེ་རིང་འདིར་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་དང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམས་ལྷན་འཛོམས་བྱུང་ཡོད་སྟབས། ང་ཚོ་ཐུན་མོང་གི་ཐོག་ནས་ནད་ཡམས་དེ་ཞི་བར་སྨོན་ལམ་གསུང་འདོན་གནང་དགོས་པ་མ་ཟད་ནང་ཆོས་ལ་དད་པ་དང་རྣམ་ཀུན་གཟུངས་སྔགས་གསོག་རྒྱུའི་གོམས་གཤིས་ཡོད་མཁན་རྣམས་ཀྱི་ངོས་ནས་ཀྱང་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་གནང་དགོས་པ་དང་དེ་ལྟར་གནང་ཚེ་རིམས་ནད་དེ་ཞི་བར་ཕན་ཐོགས་ཆེན་པོ་ཡོད་པར་ལམ་སྟོན་མཛད་འདུག རྩ་བའི་ཏོག་དབྱིབས་ནད་དུག་དེའི་རྐྱེན་པས་རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་ད་བར་མི་གྲངས་ ༡༣༢ འདས་གྲོངས་སུ་གྱུར་ཟིན་ཡོད་པ་མ་ཟད། མི་གྲངས་ ༦༠༠༠ ལྷག་ལ་ནད་ཡམས་དེ་ཕོག་ཡོད་པ་ར་འཕྲོད་བྱུང་ཡོད་སྟབས་ཉེ་ལམ་རྒྱ་ནག་སྐམ་ས་ཆེན་པོའི་དད་ལྡན་མང་པོ་ཞིག་གིས་དྲྭ་ལམ་བརྒྱུད་དེ་༸གོང་ས་མཆོག་ལ་ནད་ཡམས་དེ་ཞི་བར་ལམ་སྟོན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་ལྟར་༸གོང་ས་མཆོག་གིས་རྒྱ་ནག་ནང་ཡོད་པའི་དགོན་པ་ཁག་དང་། དད་ལྡན་མང་ཚོགས་ཀྱི་ངོས་ནས་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་གནང་ཚེ་ནད་ཡམས་དེ་ཞི་བར་ཕན་ཐོགས་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེའི་བར་ན་བཙན་བྱོལ་བོད་མི་རྣམས་ཀྱིས་ནད་ཡམས་དེ་ཁྱབ་གདལ་བྱུང་ཟིན་པའི་རྒྱ་ནག་རྒྱལ་ཁབ་སྤྱི་དང་སྒོས་བོད་ནང་ཀྱི་མང་ཚོགས་ཚོར་དངངས་སྐྲག་ཆེ་བའི་དུས་སྐབས་འདིར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག སྐུལ་ལྕག་གི་ཚུལ་དུ་ཡིད་གཟབ་གནང་དགོས་པའི་འབོད་སྐུལ་གནང་བཞིན་འདུག གཞི་རྩའི་ནད་ཡམས་དེ་དང་འབྲེལ་ཏེ་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཀྱང་རྒྱ་སྐད་ནང་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་ཏེ་ང་ཚོའི་ངོས་ནས་མཉམ་རུབ་ཀྱིས་འབད་བརྩོན་གནང་ཚེ་དཀའ་ངལ་ལས་མཉམ་དུ་སྒྲོལ་ཐུབ་ངེས་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག ས་སྐྱ་ནད་བཅོས་ཞེས་པའི་ནད་མེད་པར་བཟོ་བ་དང་གནོད་འཚེ་སེལ་བའི་ཡི་གེ་ཞིག་གསར་སྤེལ་གནང་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༢༨ ཉིན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་སྤྱི་ཚོགས་དྲྭ་ལམ་བརྒྱུད་བརྙན་ཐུང་ཞིག་འདོན་སྤེལ་གནང་སྟེ་རྒྱ་ནག་ནང་གི་ནད་ཡམས་དེ་ཞི་བར་ལོ་གྱོན་མའི་མཚན་སྔགས་གསུང་འདོན་དང་སྦྲགས་ཏེ་མཚན་གཟུངས་གསུང་འདོན་གནང་ཚེ་ཕན་ཐོགས་ཆེན་པོ་ཡོད་པར་བཀའ་བསྩལ་འདུག

ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་གློ་ཚད་རིམས་ནད་ཁྱབ་བརྡལ་བྱུང་ཡོད་པ་མངོན་གསལ།

རྒྱ་གཞུང་ནས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཙོས་པའི་ཟི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན། དེ་བཞིན་ཀན་སུའུ་དང་ཡུ་ནན་ཞིང་ཆེན་བཅས་ཀྱི་ནང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ Coronavirus འམ་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་དེ་ཁྱབ་བརྡལ་བྱུང་ཡོད་པར་མངོན་གསལ་གནང་འདུག ཁ་སང་བོད་རང་སྐྱོང་ལྗོང་ཟེར་བའི་འཕྲོད་བསྟེན་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བར་ལྷ་སར་རིམས་ནད་ཕོག་པའི་རང་ལོ་ ༣༤ ཅན་གྱི་སྐྱེས་པ་གཅིག་བྱུང་ཡོད་པ་དང་། ཁོ་པ་ཕྱི་ཚེས་ ༢༤ ཉིན་ཝུ་ཧན་ནས་ལྷ་ས་བར་མེ་འཁོར་བརྒྱུད་ཡོང་བ་ཞིག་ཡིན་པར་མངོན་གསལ་བྱས་འདུག  དེ་བཞིན་ཁ་སང་རྒྱ་ནག་གི་ CNR རླུང་འཕྲིན་བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་དབྱེ་བའི་བོད་ས་ཁུལ་གྱི་ཞིང་ཆེན་བཞིའི་ནང་རིམས་ནད་ཕོག་པའི་མི་སླེབས་ཡོད་པ་མངོན་གསལ་བྱས་ཡོད་པའི་ནང་ཟི་ཁྲོན་ཞིང་ཆེན་དུ་གློ་ཚད་རིམས་ནད་ཕོག་པ་ནད་པ་ ༩༠ དང་། ཞིང་ཆེན་དེའི་མངའ་ཁོངས་ཀྱི་བོད་མི་གནས་སྡོད་ཡོད་སའི་ས་ཁུལ་དཀར་མཛེས་ཁུལ་དུ་ནད་པ་ ༣ དང་གཡག་རྔ་གྲོང་ཁྱེར་དུ་ནད་པ་ ༢ ཡོད་པ་མངོན་གསལ་བྱུང་འདུག་པ་མ་ཟད།མཚོ་སྔོན་ཞིང་ཆེན་དུ་ནད་པ་ ༦ དང་། ཀན་སུའུ་ཞིང་ཆེན་དུ་ནད་པ་ ༡༩ ཡུ་ནན་ཞིང་ཆེན་དུ་ནད་པ་ ༢༦ ཡོད་པ་མངོན་གསལ་གནང་ཡོད། དེའི་བར་ན་ཁ་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་ སྤྱིར་ཝུ་ཧན་གྲོང་ཁྱེར་ནང་གི་མཐོ་སློབ་ཁག ༢༢ ནང་སློབ་གཉེར་གནང་བཞིན་པའི་བོད་རིག་སློབ་མ་ཁྱོན་ ༡༩༠༥ ཙམ་ཡོད་པ་དང་དེའི་ཁོངས་ནས་ཟླ་ ༡ ཚེས་ ༡༧ སྔོན་ལ་སློབ་མ་ ༡༩༠༠ མ་ཟིན་ཙམ་བོད་ནང་ཕྱིར་ལོག་བྱས་ཡོད་པ་དང་སློབ་མ་ ༡༥ ལྷག་མུ་མཐུད་ཝུ་ཧན་གྱི་མཐོ་སློབ་ཁག་ནང་བཞུགས་ཡོད་པའི་ཁྲོད་ནས་སློབ་ཕྲུག་ ༣ ལྷག་ལ་ཆམ་ནད་ཕོག་སྟེ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། སློབ་མ་གཅིག་ལ་འབྲེལ་བ་གནང་ཐུབ་ཀྱི་མེད་པ་རེད་འདུག དེའི་ཁྲོད་ལྷ་ས་གྲོང་ཁྱེར་ན་གཞོན་མཐུན་ཚོགས་ཀྱི་བརྗོད་པར་གཞིགས་ན་ཕྱིར་རང་ཡུལ་དུ་ལོག་པའི་སློབ་མ་ ༧ ལ་ཆམ་ནད་ཕོག་ནས་ཉིང་ཁྲི་སོགས་ས་གནས་ཀྱི་སྨན་ཁང་དུ་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱས་ཡོད་ཀྱང་། སྤྱིར་ཆམ་རིམས་ཞིག་ལས་ཏོག་དབྱིབས་གློ་ཚད་རིམས་ནད་ཡིན་པའི་ནད་རྟགས་གང་ཡང་མེད་སྐོར་སོགས་མངོན་གསལ་གནང་འདུག ཝུ་ཧན་གྱི་སློབ་ཆེན་ཁག་ ༢༢ ནང་ཝུ་ཧན་བོད་ལྗོངས་སློབ་འབྲིང་ཚུད་མེད་པ་དང་། ད་ལྟའི་ཆར་སློབ་གྲྭ་དེའི་ནང་གི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མི་འདུག སྤྱིར་དེ་རིང་རྒྱ་ནག་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་རྒྱག་ནང་རིམས་ནད་ཕོག་ཟིན་པའི་མི་ ༦༠༠༠ ཙམ་དང་རྐྱེན་འདས་སུ་ཕྱིན་པ་ ༡༣༠ ལྷག ད་ལྟའི་ཆར་ཝུ་ཧན་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཁབ་གཞན་གྱི་མི་སྣ་རྣམས་རྒྱལ་ཁབ་སོ་སོས་གནམ་གྲུ་གྲ་སྒྲིག་གནང་ཐོག་རིམ་བཞིན་ཕྱིར་ལོག་གནང་བཞིན་འདུག དེ་རིང་ཨོ་སི་ཊོ་ལི་ཡའི་ཚན་རིག་པ་ཁག་གཅིག་ནས་ཏོག་དབྱིབས་རིམས་ནད་དེ་བཅོས་རྒྱུའི་སྨན་ཁབ་འཚོལ་ཞིབ་བྱུང་བའི་གཏམ་བཟང་གི་གནས་ཚུལ་ཞིག་ཡོངས་བསྒྲགས་གནང་འདུག ཉེ་ཆར་སྲིད་འཛིན་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་རྣམས་ཀྱི་ལྷན་དུ་ཚོགས་འདུ་ཞིག་གི་ཐོག་ད་ལྟ་རྒྱ་ནག་མི་སེར་རྣམས་དེ་སྔ་གོ་མྱོང་མེད་པའི་གློ་ཚད་རིམས་ནད་དེར་གདོང་ལེན་བྱེད་བཞིན་ཡོད་པ་དང་རིམས་ནད་འདི་ནི་ Demon འམ་འདྲེ་ལྟ་བུ་ཡིན་པ་དང་། ང་ཚོའི་ངོས་ནས་འདྲེ་དེ་ལས་སླ་པོ་བཞག་རྒྱུ་མིན་སྐོར་དང་འབྲེལ། རྒྱ་ནག་གཞུང་ཕྱོགས་ནས་རིམས་ནད་དེ་དང་འབྲེལ་བའི་གནས་ཚུལ་ཁག་དུས་ཐོག་ཏུ་ཕྱི་གསལ་ནང་གསལ་འདོན་སྤེལ་བྱེད་རྒྱུར་ཁས་ལེན་བྱས་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་ཛ་དྲག་ཚོགས་འདུ་ཚོགས་པའི་རྗེས་སུ་ད་ལྟ་རྒྱ་ནག་ནས་དར་བའི་རིམས་ནད་དེ་རྒྱལ་སྤྱིའི་ཛ་དྲག་རང་བཞིན་གྱི་རིམས་ནད་ཅིག་ཏུ་ངོས་འཛིན་གནང་མེད་ཀྱང་། ཟླ་བ་སྔོན་མའི་ཟླ་དཀྱིལ་ཙམ་ནས་རིམས་ནད་ཁྱབ་བརྡལ་སོང་རྗེས་རྒྱ་ནག་གཞུང་གིས་ནད་གཞི་དེ་ཛ་དྲག་གི་རང་བཞིན་ལ་ངོས་འཛིན་བྱེད་རྒྱུར་འཐུས་ཤོར་ཕྱིན་ཐོག་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ཝུ་ཧན་གྲོང་ཁྱེར་མི་ཁྲི་ ༤ ཙམ་འདུ་འཛོམས་ཡོད་པའི་སྤྱི་ལོ་གསར་པའི་དུས་ཚིགས་སྲུང་བརྩི་གནང་འཇུག་པ་དང་ཕྱི་ཚེས་ ༢༣ ཉིན་རིམས་ནད་མངོན་འགོག་དང་འབྲེལ་ཝུ་ཧན་གཙོ་བོར་གྱུར་པའི་གྲོང་ཁྱེར་ཁག་གཅིག་ཕྱི་ལ་སྒོ་མོ་བརྒྱབས་ཡོད་པ་ལྟར། ཉེ་ཆར་ཝུ་ཧན་སྤྱི་ཁྱབ་ཀྱིས་རིམས་ནད་ཁྱབ་ནས་ཟླ་བ་གཅིག་ཙམ་གྱི་རྗེས་སུ་གྲོང་ཁྱེར་སྒོ་མོ་བརྒྱབས་པའི་དུས་ཡུན་འདིའི་དབར་ཝུ་ཧན་ནས་མི་ས་ཡ་ ༥ ཙམ་རྒྱ་ནག་གི་གྲོང་ཁྱེར་གཞན་དང་འཛམ་གླིང་ཡུལ་གྲུ་གང་སར་སྐྱོད་ཟིན་ཡོད་པ་མངོན་གསལ་བྱས་ཡོད་པ་རེད། སྤྱིར་རིམས་ནད་དེ་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཉི་ཧོང་། ལྷོ་ཀོ་རི་ཡ། ཝེ་ཏི་ནམ། ཕ་རན་སི་སོགས་འཛམ་གླིང་རྒྱལ་ཁབ་བཅུ་ཕྲག་བརྒལ་བར་རྒྱ་ནག་ནས་ཁྱབ་བརྡལ་ཕྱིན་པའི་རིམས་ནད་ཕོག་པའི་མི་སླེབས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཉི་ཧོང་དང་འཇར་མ་ནི་སོགས་སུ་མི་དེ་དག་བརྒྱུད་ནས་མི་གཞན་ལ་ནད་འགོས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

ཨ་རིའི་གྲོས་འོག་མས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས།

ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ Tibetan Policy and Support Act ཞེས་ཨ་རི་བོད་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ངོ་ཡོད་གྲོས་ཚོགས་འཐུས་མི་ ༤༣༠ ནས་གྲོས་ཚོགས་འཐུས་མི་ ༣༩༢ ནས་རྒྱབ་སྐྱོར་གནང་སྟེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་འདུག གཞི་རྩའི་ཨ་རིའི་བོད་དོན་རྒྱབ་བསྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ནི་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༣ དང་ ༢༤ སོ་སོར་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཚོགས་ཆུང་དེའི་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་གཉིས་ནས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གནང་བ་ཞིག་ཡིན་པ་དང་། འདས་པའི་ཟླ་བ་གསུམ་ལྷག་གི་རིང་ཁྲིམས་འཆར་དེ་ཨ་མི་རི་ཀའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ཁྲིམས་ལུགས་ཚོགས་ཆུང་སོགས་སུ་ཞིབ་དཔྱད་ཀྱིས་རྒྱབ་སྐྱོར་ཐོབ་ཐོག་ད་རེས་དངོས་སུ་གྲོས་ཚོགས་འོག་མའི་ནང་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། ཁ་སང་ཁྲིམས་འཆར་གཏན་འབེབས་ཀྱི་ལས་རིམ་ཐོག་ཁྲིམས་འཆར་ཆེད་འདོན་གནང་མཁན་སྐུ་ཞབས་ Jim McGovern ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་སླད་བོད་མིའི་འགོ་ཁྲིད་ལྷན་དུ་དོན་དམ་གྱི་གྲོས་མོལ་མ་གནང་བའི་ཁར་བོད་ནང་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ཇེ་ཞན་ཇེ་སྡུག་ཏུ་བཏང་སྟེ་བོད་དེ་རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པར་སྒོ་བརྒྱབས་ཡོད་པ་དང་། དམ་དྲག་ཅན་གྱི་སྒྲིག་ཁྲིམས་གཏན་འབེབས་བྱས་ཏེ་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཚོད་འཛིན་དང་། བོད་ཀྱི་རང་བྱུང་ཁོར་ཡུལ་གཏོར་རྒོལ་སོགས་གཏོང་བཞིན་པའི་སྐབས་འདིར་ཨ་མི་རི་ཀའི་ངོས་ནས་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནུས་ཤུགས་ཆེ་རུ་བཏང་སྟེ་ཨ་རིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གཙོ་གྱུར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་མི་ཡོངས་ཀྱི་མངོན་འདོད་མཚོན་པའི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་གནང་དགོས་པ་སོགས་གསུངས་འདུག  དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་ Nancy Pelosi མཆོག་གིས་བོད་དོན་ཁྲིམས་འཆར་དེ་ཆེད་འདོན་གནང་མཁན་དང་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དོན་ཁྲིམས་འཆར་གསར་པ་བརྒྱུད་དེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་གཞི་རྩའི་འགྲོ་བ་མིའི་ཐོང་རྡོག་རོལ་གཏོང་བཞིན་ཁག་འགན་ཁུར་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་ངེས་ཡིན་པ་སོགས་གསུངས་འདུག སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dean Phillips ལགས་དང་སྐུ་ཞབས་ Ted Yoho ལགས་དང་སྐུ་ཞབས་ Michael McCaul ལགས། ལྕམ་ Eleanor Holmes Norton ལགས། སྐུ་ཞབས་ Tom Souzzi ལགས་བཅས་ཀྱིས་ཀྱང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་གི་གནས་སྟངས་དེ་ནི་བྱང་ཀོ་རི་ཡ་ལས་ཞན་པ་གྱུར་ཡོད་པ་སོགས་རྒྱ་ནག་གཞུང་སྐྱོན་བརྗོད་དང་འབྲེལ། ཨ་རིའི་ཆབ་སྲིད་ཚོགས་པ་དང་གཞུང་འཛིན་པ་ཨ་རིའི་གཞི་རྩའི་རིང་ཐང་ཁག་སྲུང་སྐྱོབ་ཐོག་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་སོགས་གསུངས་ཏེ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག ད་རེས་ཨ་རིའི་གྲོས་ཚོགས་འོག་མས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་བ་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཞུགས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་རྒྱ་ནག་གཞུང་ལ་བོད་དོན་ཐོག་ཨ་རིའི་རྒྱབ་སྐྱོར་ཉམས་གུད་ཕྱིན་མེད་པའི་བརྡ་ལན་གསལ་པོ་ཞིག་མཚོན་པར་མ་ཟད་རིམ་པས་འདི་ལོའི་ཕྱི་ཟླ་དྲུག་པའི་སྔོན་ལ་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་གོང་མར་གཏན་འབེབས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་སོང་། གཞི་རྩའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པའི་ནང་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་དབང་མེད་པ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། བོད་མིའི་སྒྲིག་འཛུགས་འདི་བོད་མི་ཡོངས་ཀྱི་མངོན་འདོད་མཚོན་པའི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་ཞུ་རྒྱུ་སོགས་འཁོད་ཡོད་པ་རེད།

ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་དང་། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཆོས་རིག་དྲུང་ཆེར་བསྐོ་བཞག་གནང་འདུག བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཁ་སང་ཚེས་ ༢༨ ཉིན་ལས་བྱེད་གནས་སྤོས་དང་གནས་སྤར། ལས་འགན་བཀོད་སྒྲིག་གི་གསལ་བསྒྲགས་སྤེལ་བར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་དང་པོའི་ནང་གསེས་ ༣ པའི་དགོངས་དོན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ ༼ ༡ ༽ བཅས་ཀྱི་དགོངས་དོན་འོག་སྐུ་ཞབས་ཀརྨ་སེང་གེ་ལགས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག་པ་དང་། ཁོང་ནས་ཕྱི་ཟླ་ ༦ ཚེས་ ༡ ནས་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་རྒྱུ་རེད་འདུག རྩ་བའི་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཕྱི་ལོ་ ༢༠༡༤ ལོར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་མ་ཟད། ཁོང་གིས་དེ་སྔ་ཉི་ཧོང་སྐུ་ཚབ་དོན་གཅོད་དང་ལྡི་ལི་སྐུ་ཚབ་དོན་གཅོད་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།  ད་ཆ་མཚོ་སྒོ་ལྷག་པ་ལགས་ཆོས་རིག་དྲུང་ཆེར་བསྐོ་བཞག་གནང་སྟེ་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ལས་ཁུར་དབུ་འཛུགས་གནང་རྒྱུ་ཡིན་པ་རེད། འབྲེལ་ཡོད་པར་ bod.asia

ཏོག་དབྱིབས་ནད་དུག་ཞི་བར་སྒྲོལ་མའི་མཚན་སྔགས་གསུང་འདོན་གནང་དགོས་པར་ལམ་སྟོན་བསྩལ་བ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་དུག་འམ་ Corona virus ཞེས་པ་དེ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་ཏུ་ཁྱབ་གདལ་དུ་བྱུང་བའི་གནས་ཚུལ་རིམ་པ་འཐོན་བཞིན་པའི་ཁྲོད་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་ཡམས་དེ་ཞི་བར་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གསུང་འདོན་གནང་དགོས་པར་ལམ་སྟོན་བསྩལ་འདུག ཁ་སང་༸གོང་ས་མཆོག་གི་རྒྱ་ཡིག་ངོ་དེབ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་སྐམ་ས་ཆེན་པོའི་དད་ལྡན་མང་པོ་ཞིག་གིས་དྲྭ་ལམ་བརྒྱུད་༸གང་ཉིད་མཆོག་ལ་ནད་གཞི་དེ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་གྱིས་གཙོས་པའི་འཛམ་གླིང་ཡུལ་གྲུ་གཞན་ཁག་ཏུའང་ཁྱབ་གདལ་འགྲོ་བཞིན་ཡོད་པར་བརྟེན་ཏོག་དབྱིབས་ཅན་ནད་དུག་གློ་ཚད་རིམས་ནད་དེ་ཞི་བའི་ཕྱིར་ལམ་སྟོན་བསྩལ་གནང་ཡོང་བ་ཞེས་གསོལ་འདེབས་ཞུས་འདུག་པ་ལྟར་༸གོང་ས་མཆོག་གིས་རྒྱ་ནག་ནང་ཡོད་པའི་དགོན་པ་ཁག་དང་། དད་ལྡན་མང་ཚོགས་ཀྱི་ངོས་ནས་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་གནང་ཚེ་ནད་ཡམས་དེ་ཞི་བར་ཕན་ཐོགས་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག་པར་མ་ཟད། དེ་དང་ལྷན་དུ་མགོན་པོ་༸གང་ཉིད་མཆོག་གིས་ཞལ་སྔ་ནས་སྒྲོལ་མའི་མཚན་སྔགས་ལྗགས་ལུང་མཛད་པའི་གསུང་སྒྲ་ཞིག་ཀྱང་མཉམ་སྦྱར་གནང་འདུག སྤྱིར་ནད་གཞི་དེ་ད་ཆ་ཨ་རི་དང་ཉི་ཧོང་།  ཐེ་ལན་ཌི། ཨོ་སི་ཊོ་ལི་ཡ། ཧོང་ཀོང་སོགས་སུ་ཁྱབ་གདལ་འགྲོ་བཞིན་པ་དང་ལྷག་པར་དུ་རྒྱ་གར་ནང་མི་རེ་ཟུང་ལ་ནད་གཞི་དེ་ཕོག་པར་དོགས་གཞི་ཡོད་པའི་གནས་ཚུལ་སོགས་ཐོན་ཡོད་པ་ལྟར། བོད་མི་ཁག་གཅིག་གིས་ངོ་དེབ་གཙོས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག་ནས་རྫ་དྲག་གི་དུས་ཚིགས་འདིའི་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་མཁན་རིགས་ངེས་པར་དུ་མཚམས་འཇོག་གནང་དགོས་པའི་འབོད་སྐུལ་གནང་མཁན་ཡང་འདུག རྩ་བའི་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་ལ་བལྟས་ན། ནད་གཞི་དེ་ད་ཆ་མི་གྲངས་ ༤༥༠༠ ལྷག་ལ་ཕོག་ཡོད་པ་དང་དེའི་ཁྲོད་ཝུ་ཧན་གྱི་གྲོང་ཁྱེར་ནང་ནད་གཞི་དེའི་རྐྱེན་པས་ད་བར་མི་གྲངས་ ༡༠༦ ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་འཁོད་པ་དང་། ད་ལྟའི་ཆར་རྒྱ་གཞུང་གིས་ནད་ཡམས་དེ་འབྲེལ་ཞིབ་དཔྱད་བྱེད་པར་དམ་དྲག་ཤུགས་ཆེ་བྱས་དང་བྱེད་བཞིན་པར་བརྟེན་བརྒྱུད་ལམ་ཁག་ཏུ་སྤེལ་བའི་ནད་གཞི་དེ་ཕོག་ནས་འདས་གྲོངས་སུ་གྱུར་བ་དང་ནད་ཕོག་གི་གྲངས་འབོར་ལས་མང་བ་ཡོད་པར་ཚོད་དཔག་གནང་གི་འདུག

ཝུ་ཧན་ནང་དུ་གནས་སྟངས་རྒྱ་གཞུང་གིས་དྲྭ་རྒྱའི་ཐོག་ཡོངས་གྲགས་གནང་བ་ལས་ཛ་དྲག་པ་ཡོད་པ་མངོན་གསལ་གནང་འདུག

ཝུ་ཧན་ནང་དུ་ Corona virus ཞེས་པའི་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་ཁྱབ་བརྡལ་བྱུང་བའི་རྐྱེན་གྱིས་གནས་སྟངས་ཛ་དྲག་ཆགས་པ་དང་འབྲེལ། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་དེའི་སྐོར་ལ་གནས་ཚུལ་རིམ་པ་སྤེལ་བཞིན་པ་དེ་ལྟར་ཡང་། དོན་དངོས་སུ་ས་གནས་ལ་གནས་སྟངས་རྒྱ་ནག་གཞུང་གིས་བརྒྱུད་བསྒྲགས་བྱས་པ་ལས་ཧ་ཅང་ཛ་དྲག་ཆེ་བ་ཆགས་ཡོད་པ་མངོན་གསལ་གནང་འདུག་པ་དང་། ཡུལ་དེའི་ནང་གི་སྤྱི་ཚོགས་དྲྭ་ལམ་ཁག་གི་ཐོག་རྒྱ་གཞུང་གི་གནས་ཚུལ་སྦས་ཐབས་དང་། རིམས་ནད་ཁྱབ་བརྡལ་འགོག་ཐབས་སོགས་ཕྱོགས་གང་ས་ནས་འཐུས་ཤོར་ཆེན་པོ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་འདུག དེ་རིང་རྒྱ་ནག་གཞུང་འབྲེལ་ Xinhua གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་དེ་རིང་བར་རྒྱ་ནག་ནང་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་ཕོག་པའི་མི་གྲངས་ ༤༥༡༥ ཡོད་པ་དང་མི་གྲངས་ ༩༧༦ ཛ་དྲག་གི་གནས་སྟངས་ངང་གནས་ཡོད་པ། མི་ ༡༠༦ རྐྱེན་འདས་སུ་ཕྱིན་ཡོད་པ། དེ་བཞིན་མི་གྲངས ༦༩༧༣ ལ་ནད་གཞི་ཕོག་པའི་དོགས་གཞི་ཡོད་པ། གཞན་ཡང་ད་བར་ནད་གཞི་ཕོག་པའི་མི་ ༦༠ སྐོར་ཞིག་དྲག་སྐྱེད་བྱུང་སྟེ་རང་ཁྱིམ་དུ་ལོག་ཡོད་སྟབས། ད་ལྟ་འགོག་ཐབས་བྱེད་པ་ཡིན་ན་རིམས་ནད་དེ་བཅོས་ཐུབ་རྒྱུ་ཉག་གཅིག་ཡིན་སྐོར་སོགས་ཀྱི་གནས་ཚུལ་བཀོད་ཡོད་པ་རེད། འོན་ཀྱང་ཁ་སང་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཐོག་ཝུ་ཧན་སྨན་ཁང་དུ་ཕྱག་ལས་གནང་མཁན་སྨན་ཞབས་པས་གཙོས་པའི་མང་ཚོགས་ཁག་གཅིག་གིས་ས་གནས་ཀྱི་དངོས་ཡོད་གནས་སྟངས་མངོན་གསལ་གནང་བར་རྒྱ་གཞུང་གིས་བཤད་པ་ལས་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པར་གསུངས་འདུག དེའི་ཁོངས་ནས་ཝུ་ཧན་ནང་གི་སྨན་ཞབས་པ་ཞིག་གིས་ Wechat བརྒྱུད་ལམ་ཐོག་རང་གི་ཉེ་འབྲེལ་ལ་ངུ་འབོད་བྱེད་བཞིན་བཀའ་མོལ་གནང་བའི་སྒྲ་ཞིག་ཕྱིར་གྱར་བྱུང་འདུག སྨན་པ་རྣམས་ནས་ཚོད་དཔག་གནང་བར་མི་འབུམ་གཅིག་ཙམ་ལ་ནད་གཞི་དེ་ཕོག་ཟིན་ཡོད་པ་དང་། སྨན་ཁང་དེར་སྨན་པ་བཅུ་ཡོད་པ་རྣམས་ནས་ཉིན་རེར་སྨན་པ་གཅིག་གིས་ནད་པ་ ༡༠༠ ལས་ལྷག་པ་བཅོས་ཐབས་བྱེད་བཞིན་ཡོད་པའི་ཁོངས་ནས་མང་ཆེ་བ་འདས་གྲོངས་སུ་གྱུར་ཉེན་ཡོད་པ། དེ་བཞིན་སྨན་ཁང་ནང་ཉལ་ཁྲི་མ་འདང་བའི་ཁར་གཞུང་ཕྱོགས་ནས་མི་མང་ཚོར་སྨན་བཅོས་བྱེད་རྒྱུའི་ཁས་ལེན་གྱི་གསལ་བསྒྲགས་བྱས་ཡོད་སྟབས། ནད་པའི་ཉེ་འབྲེལ་རྣམས་ནས་ཡིན་གཅིག་མིན་གཅིག་སྨན་བཅོས་བྱེད་དགོས་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་བཞིན་ཡོད་པ་དེ་ལྟར་ཡང་། གཞུང་གི་སྨན་ཁང་ལ་སྨན་བཅོས་ཀྱི་ཆ་རྐྱེན་སྐྲུན་མེད་པར་བརྟེན་སྨན་ཁང་ལ་ནད་པ་མང་པོ་བཞག་ནས་སྨན་བཅོས་བྱེད་རྒྱུའི་མཐུན་རྐྱེན་མེད་པ། ནད་པ་ཚོའི་ཞུ་གཏུག་དྲག་པོ་བྱས་ཡོད་ཀྱང་ཁོང་ཚོར་གང་ཡང་བྱེད་ཐབས་རྐྱེན་ནད་པ་མང་པོ་ཞིག་ཁོང་རྣམ་པའི་མིག་སྔར་འདས་གྲོངས་སུ་གྱུར་ཡོད་པ་སོགས་འགྲེལ་བརྗོད་གནང་བ་མ་ཟད། རང་ཉིད་ཀྱི་ཉེ་འབྲེལ་ཀུན་ནས་དེ་དོན་ཡིད་གཟབ་གནང་དགོས་པ་དང་། རྒྱ་གཞུང་གིས་བཤད་ཁག་ལ་ཡིད་ཆེས་རྩ་བ་ནས་གནང་རྒྱུ་མེད་སྐོར་སོགས་ཀྱང་གསུངས་འདུག དེ་བཞིན་ཁ་སང་ Asia གསར་ཁང་གིས་གནས་ཚུལ་སྤེལ་བར་ཕ་རན་སི་གསར་ཁང་ཞིག་གིས་ཝུ་ཧན་སྨན་ཁང་གི་སྨན་པ་ཞིག་ལ་བཅར་འདྲི་ཞུས་པ་ལུང་འདྲེན་གནང་འདུག་པ་དེའི་ནང་སྨན་པ་དེས་ད་ལྟའི་ཆར་ཉུང་མཐར་མི་གྲངས་ཁྲི་ ༩ ཙམ་ལ་ནད་གཞི་དེ་ཕོག་ཟིན་ཡོད་པ་གསུངས་འདུག ཝུ་ཧན་ནང་ནས་ཕྱིར་གྱར་བྱུང་བའི་བརྙན་ཐུང་མང་པོར་སྨན་ཁང་ནང་མི་གྲོངས་ཟིན་པའི་འགྲམ་དུ་ནད་པ་རྣམས་ཉལ་ཡོད་པ་སོགས་མངོན་རྒྱུ་ཡོད་པ་དང་འབྲེལ། ཁུལ་དེའི་སྨན་ཁང་དོ་དམ་པ་ཞིག་གིས་གཞུང་ནས་གང་ཡང་མི་བྱེད་པའི་གནས་སྟངས་འོག་སྨན་ཁང་དུ་སྨན་པ་དང་སྨན་ཞབས་པ་རྣམས་ཡི་ཐང་ཆད་དེ་འ་ཆད་འུ་ཐུག་གི་གནས་སུ་གྱུར་ཡོད་པར་གསུངས་འདུག དེའི་བར་ན་རྒྱ་ནག་གཞུང་གིས་ཉེ་ཆར་རྒྱལ་ཁབ་འགོས་ནད་འགོག་བཅོས་བཅའ་ཁྲིམས་ཞེས་པའི་འོག་ཝུ་ཧན་ནས་ཆེད་དུ་འཚབ་ཆེན་གྱི་ཏོག་དབྱིབས་ནད་ངན་འཁྱེར་ནས་ཕྱི་ཕྱོགས་ལ་ལྐོག་ཏུ་བྲོས་བྱོལ་འགྲོ་མཁན་ལ་ངོ་ ༧ གྱི་བཙོན་འཇུག་ཁྲིམས་ཆད་ཀྱི་བརྡ་ཁྱབ་བཏང་བ་དང་། བདུན་ཕྲག་སྔོན་མའི་ཕྱི་ཚེས་ ༢༣ ནས་ཝུ་ཧན་གྲོང་ཁྱེར་དེ་ཕྱི་ལ་སྒོ་མོ་བརྒྱབས་ཏེ་ནང་གི་མི་ཕྱི་ལ་མི་གཏོང་བ་དང་། ཕྱི་མི་ནང་དུ་མི་གཏོང་བ་སོགས་བྱེད་ཀྱི་ཡོད་སྐོར་བཤད་ཡོད་ཀྱང་། ཕྱི་ཚེས་ ༢༢ ནས་ཝུ་ཧན་གྲོང་ཁྱེར་ནས་ཕྱིར་བསྐྱོད་མཁན་གནམ་གྲུ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་སྐོར་བཤད་ཡོད་པ་རེད། འོན་ཏང་ཝུ་ཧན་ནས་བོད་དང་ཤིན་ཅང་དུ་བསྐྱོད་མཁན་གྱི་གནམ་གྲུ་རྣམས་དམ་དྲག་མེད་པར་རྒྱུན་ལྡན་བཞིན་གཏོང་མུས་ཡིན་པ་དང་འབྲེལ། བོད་ཀྱི་ས་ཁུལ་ཁག་ཏུ་དེ་སྔ་ནད་ཡམས་སླེེབས་མེད་ཅེས་བཤད་ཀྱང་མང་ཚོགས་རྣམས་དངངས་སྐྲག་ཆེན་པོ་གནང་དགོས་པའི་གནས་སྟངས་ཁྲོད། ཉེ་ཆར་བོད་དཀར་མཛེས་ཁུལ་དུ་རིམས་ནད་ཕོག་པའི་མི་གཉིས་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་མ་ཟད་སྤྱི་ཚོགས་དྲྭ་ལམ་ཁག་གི་ཐོག་གནས་ཚུལ་ཐོན་ཁག་ལ་ཟི་ལིང་གྲོང་ཁྱེར་དུའང་ནད་གཞི་དེ་ཕོག་པའི་མི་གཉིས་གསུམ་ཞིག་བྱུང་ཡོད་པ་གསུངས་མཁན་འདུག རྒྱ་ནག་གཞུང་གིས་བཀོད་ཁྱབ་བཏང་བར་གཞིགས་ཁ་སང་ནས་ལྷ་ས་ནང་གི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་ཀྱིས་གཙོས་པའི་བོད་ཀྱི་ས་ཁུལ་གང་སར་དགོན་པ་མང་དག་ཅིག་དེ་རིང་ནས་སྒོ་བརྒྱབ་པ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཡོངས་རྫོགས་སྤེལ་མཚམས་འཇོག་བཞིན་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། བོད་མདོ་སྨད་རྔ་བ་ཁུལ་གྱི་བསེ་དགོན་པ་དང་། སྒོ་མང་དགོན་པ། གཉན་རྩེ་དགོན་པ། དྷི་ཕུ་དགོན་པ། ཨ་འདུས་དགོན་པ། སྣང་ཞིག་དགོན་པ། རྩི་ནང་དགོན་པ། ཨ་མཆོག་མཚན་ཉིད་དགོན་པ། ཀིརྟི་དགོན་པ་བཅས་ཀྱིས་ཆོ་འཕྲུལ་སྨོན་ལམ་འཚོག་རྒྱུ་གནས་སྐབས་རིང་ཕྱིར་འགྱངས་བྱེད་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་འདུག ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སར་ཟ་ཁང་དང་མགྲོན་ཁང་ཡོངས་རྫོག་སྒོ་བརྒྱབས་ཡོད་པའི་གནས་ཚུལ་ཡང་འཐོན་བཞིན་འདུག་པ་ལྟར། རྣམ་ཀུན་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་དུ་སྐོར་བསགས་སྡིག་སྒྲིབ་སྦྱོང་མཁན་དད་ལྡན་མང་ཚོགས་ཀྱིས་ཁེངས་ཀྱི་ཡོད་པ་དེའང་ད་ལྟའི་ཆར་མི་མེད་སྟོང་སང་གྱུར་ཡོད་པའི་བརྙན་པར་སོགས་ཀྱང་ཕྱིར་གྱར་བྱུང་ཡོད་པ་རེད། དེ་རིང་ NewYork གསར་ཁང་སོགས་རྒྱལ་སྤྱིའི་གསར་ཁང་ཁག་ཅིག་གིས་གནས་ཚུལ་སྤེལ་བར་ད་ལྟའི་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་ཁྲོད་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཐོག་སྔར་བཞིན་དམ་དྲག་ཡོད་མུས་ལ་མ་བལྟོས་པར་དྲྭ་རྒྱ་སྤྱོད་མཁན་མི་རྣམས་ནས་ཐབས་ལམ་འདྲ་མིན་བརྒྱུད་དེ་རྒྱ་ནག་གཞུང་གི་བྱེད་ཕྱོགས་ཁྱོན་ཡོངས་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་འདུག་པ་དང་། ཁག་གཅིག་གིས་ཝུ་ཧན་གྲོང་ཁྱེར་སྤྱི་ཁྱབ་ལས་གནས་ནས་དགོངས་ཞུ་དགོས་པའི་དགོས་འདུན་ཆེད་འདོན་གནང་བ་མ་ཟད་ལ་ལས་གཞུང་ལ་ཐད་དཀར་སྐྱོན་བརྗོད་དང་དེ་བཞིན་རྒྱ་གཞུང་གིས་དམ་དྲག་དང་ལྟ་སྲུང་ན་པོ་བྱེད་མུས་ལ་འཛེམ་ཟོན་མེད་པར་ཞི་ཅིན་ཕིང་གི་ཚབ་ཏུ་ཌོ་ནལ་ཊམ་ཞེས་འབོད་ནས་སྐྱོན་འཛུག་བྱས་འདུག་པ་དང་། ནད་ཡམས་ཀྱི་ཚབ་ཏུ་ཨུ་རུ་སུ་ནང་གི་ Chernobyl དོན་རྐྱེན་གྱི་ཚིག་བརྗོད་སྦྱར་ཏེ་ནད་ཡམས་ཀྱི་ཛ་དྲག་རང་བཞིན་དང་གཞུང་ལ་སྐྱོན་བརྗོད་སོགས་གླེང་སློང་གནང་བཞིན་འདུག དེའི་ཁྲོད་སྤྱི་ཚོགས་དྲྭ་ལམ་ཁག་གི་ཐོག་གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་རྒྱ་གཞུང་གི་དྲྭ་རྒྱའི་ཐོག་ཝུ་ཧན་ནད་ཡམས་སྐོར་ལ་གནས་ཚུལ་སྤེལ་བ་དང་འབྲེལ་ཏེ་མི་ཁག་གཅིག་འཛིན་བཟུང་བྱས་ཡོད་པའང་ཡང་གསུང་མཁན་འདུག

Latest news