Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

མཁན་པོ་བསོད་དར་རྒྱས་ལགས་ཀྱི་ཤེས་རབ་སྙིང་རྗེ་དགེ་ལས་ཐེབས་རྩ་ཚོགས་པ་སྒོ་བརྒྱབ་འདུག

གསེར་རྟ་བླ་རུང་སྒར་གྱི་མཁན་པོ་བསོད་དར་རྒྱས་ལགས་ཀྱི་ཤེས་རབ་སྙིང་རྗེ་དགེ་ལས་ཐེབས་རྩ་ཚོགས་པ་ཞེས་པ་དེ་སྒོ་རྒྱབ་ཡོད་པ་དང་། མཁན་པོ་མཆོག་གི་གསལ་བཤད་ནང་ཐེབས་རྩ་ཁང་སྒོ་རྒྱག་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ཁོངས་སུ་མི་རེ་འགས་ལྟེ་གནས་ཁང་དེའི་མིང་ཐོག་ནས་ཁྲིམས་འགལ་གྱི་ལས་དོན་མང་པོ་སྤེལ་བཞིན་པར་འགྲེལ་བརྗོད་གནང་ཡོད་པ་དེ་ལྟར་ཡང་། མཁན་པོའི་སློབ་མ་ཁག་ཅིག་གིས་ཐེབས་རྩ་ཁང་སྒོ་བརྒྱབ་པ་དེའི་རྒྱབ་ཏུ་རྒྱ་ནག་གི་གནོན་ཤུགས་ཡོད་པ་དྭོགས་པ་བྱེད་བཞིན་ཡོད་པ་རེད་འདུག རྩ་བའི་མཁན་པོ་བསོད་དར་རྒྱས་ལགས་ནི་བོད་ནང་དང་དམིགས་བསལ་གྱི་རྒྱ་ནག་གི་སྤྱི་ཚོགས་ནང་དུ་ནང་ཆོས་འཆད་ཁྲིད་བྱེད་མཁན་གྱི་སྐད་གྲགས་ཡོད་པའི་མི་སྣ་ཞིག་ཆགས་ཡོད་པ་མ་ཟད། ཁོང་གི་ནང་ཆོས་ཁྱབ་སྤེལ་གྱི་ལྟེ་གནས་ཁང་དེར་རྒྱལ་ཁབ་ཕྱི་ནང་གཉིས་སུ་་ཡན་ལག་ཀྱི་ལས་ཁུངས་ཡང་མང་པོ་ཡོད་པ་རེད། དེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཁན་པོ་བསོད་དར་རྒྱས་ལགས་ཀྱིས་ཉེ་ལམ་ཟླ་ ༡༢ པའི་ཚེས་ ༣༠ ཉིན། བླ་རུང་སྒར་སྒར་གྱི་དྲ་རྒྱའི་སྟེང་དུ་གསལ་བསྒྲགས་ཤིག་སྤེལ་ཏེ། དེ་རིང་ནས་བཟུང་ཁོང་གི་བྱམས་བརྩེ་དང་ཤེས་རབ་ཀྱི་ལྟེ་གནས་ཁང་གི་བྱེད་ལས་ཚང་མ་མཚམས་འཇོག་དང་། དེར་འབྲེལ་གྱི་ཡན་ལག་གི་ལས་ཁུངས་དང་་ཆོས་ཚོགས་སོགས་ཡོང་རྫོགས་སྒོ་རྒྱག་རྒྱུ་ཡིན་པར་བརྟེན། སླད་ཐེབས་རྩ་ཁང་འདི་དང་འབྲེལ་བའི་བྱེད་སྒོ་ཁག་གི་གསལ་བསྒྲགས་ཅི་ཞིག་སྤེལ་བ་ཡིན་ནའང་། དེ་ནི་གཞི་རྩ་མེད་པའི་རྫུན་བཟོ་ཡིན་པར་བརྟེན་ཡིིད་ཆེས་བྱེད་མི་རུང་བ་དང་། དེར་འབྲེལ་གྱི་ལྟེ་གནས་ཁང་ལ་ཞལ་འདེབས་ཕུལ་མཁན་རྣམས་ལ་ཡང་ཁོང་དང་འབྲེལ་བ་མེད་པས་མཚམས་འཇོག་བྱེད་དགོས་བ་དང་། གལ་ཏེ་ཐེབས་རྩ་ཁང་གི་མིང་ཐོག་ནས་གསལ་བསྒྲགས་སྤེལ་བ་དང་ཞལ་འདེབས་ལེན་པ་སོགས་ཀྱི་གནས་ཚུལ་བྱུང་བ་ཡིན་ན། ཁོང་གིས་ཁྲིམས་ཐོག་ནས་གནས་ཚུལ་དེར་གདོང་ལེན་བྱེད་རྒྱུ་ཡིན་པར་གསུངས་པ་མ་ཟད། ཁོང་ཉིད་སྔར་ལྟར་རྒྱལ་ཁབ་ལ་དགའ་ཞིང་། ནང་ཆོས་ལ་བློ་སེམས་དཀར་བའི་མི་མང་གི་ཆེད་དུ་ཕྱག་ལས་གནང་ངེས་ཡིན་པར་བརྗོད་པ་དང་སྦྲགས། མི་མང་གིས་དྲང་ཚིགས་ལྡན་པའི་ངང་ནས་ཁྲིམས་བརྩི་སྲུང་བྱེད་རོགས་ཞེས་འབོད་སྐུལ་བྱས་འདུག འོན་ཀྱང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ནུབ་ཕྱོགས་སུ་གནས་སྡོད་བྱེད་མཁན་གྱི་མཁན་པོ་བསོད་དར་རྒྱས་ལགས་ཀྱི་རྒྱ་རིགས་སློབ་མ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྤྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༡༢ པའི་ནང་དུ། རྒྱ་ནག་སྲིད་གཞུང་གིས་བླ་རུང་སྒར་གྱི་མཁན་པོ་བསོད་དར་རྒྱས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ལ་དུས་ཡུན་མ་འདྲ་བར་འདྲི་གཅོད་བྱས་ཡོད་པ་དང་། ཐེངས་འདིར་མཁན་པོ་བསོད་དར་རྒྱས་ལགས་ཀྱི་བྱམས་བརྩེ་དང་ཤེས་རབ་ཀྱི་ལྟེ་གནས་ཁང་དེ་སྒོ་རྒྱབ་པ་དེ་ཡང་གནས་ཚུལ་འདི་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་དྭོགས་པ་བྱེད་བཞིན་པ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། མཁན་པོ་བསོད་དར་རྒྱས་ལགས་ཀྱི་ཐེབས་རྩ་ཁང་དེ་སྒོ་རྒྱབ་པ་དེ་ནི་གཅིག་བྱས་ན་ཁོང་ཉིད་ལོ་འདི་གའི་རིང་ལ་སྤྱི་ཚོགས་ཀྱི་ཁྲོད་དུ་ཤན་ཤུགས་ཆེ་བའི་མི་སྣ་ཞིག་ཏུ་གྱུར་ཏེ་རྒྱ་ནག་གི་བདུན་རེའི་དུས་དེབ་ཀྱི་རྒྱབ་ཤོག་ཏུ་བཀོད་པའི་བོད་རིགས་ཐོག་མ་དེ་ཡིན་པར་ལུང་འདྲེན་བྱས་ཏེ།ཐེངས་འདིར་རྒྱ་ནག་གིས་ཁོང་གི་ལྟེ་གནས་ཁང་དེ་ཆེད་དུ་སྒོ་རྒྱབ་པ་དེས་ཁོང་གི་སྤྱི་ཚོགས་ཁྲོད་ཀྱི་ནུས་ཤུགས་དེར་སྟངས་འཛིན་བྱས་པ་ཞིག་ཡིན་སྲིད་པར་བརྗོད་འདུག རྩ་བའི་མཁན་པོ་བསོད་དར་རྒྱས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ནི་བླ་རུང་སྒར་ཐོག་མར་ཕྱག་འདེབས་མཁན་གྱི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་དངོས་སློབ་ཡིན་པ་དང་། དམ་པ་ཁོང་སྤྱི་ལོ་ ༢༠༠༤ ལོར་དགོངས་པ་རྫོགས་རྗེས། བླ་རུང་སྒར་གྱི་དགོན་པའི་སྐྱིད་སྡུག་ཡོད་ཚད་མཁན་པོ་བསོད་དར་རྒྱས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་འགན་ལེན་བྱེད་ཀྱི་ཡོད་པ་རེད། གཞི་རྩའི་བླ་རུང་སྒར་ནི་བོད་ཁུལ་གྱི་དགོན་པ་ཆེས་ཆེ་ཤོས་དེ་ཡིན་པར་བརྟེན། བོད་ཆོལ་ཁ་གསུམ་གྱི་གྲྭ་བཙུན་ཕོན་ཆེར་སློབ་གཉེར་བྱེད་དུ་ཡོང་གི་ཡོད་པར་བརྟེན།སྤྱི་ལོ ༢༠༠༡ ་ནས་བཟུང་། རྒྱ་ནག་གིས་གྲྭ་བཙུན་མང་པོ་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། གྲྭ་ཤག་མང་པོ་ཆེད་དུ་གཏོར་བཤིག་བཏང་སྟེ་དགོན་པའི་གྲྭ་བཙུན་གྱི་གྲངས་ཐོ་ལ་ཚོད་འཛིན་བྱས་དང་བྱེད་མུས་ཡིན་པ་རེད།

ནོར་ཝེ་དཔེ་མཛོད་ཁང་ཞིག་ལ་དཔེ་དེབ་ཅིག་ཕྱིར་འཐེན་བྱ་རྒྱུའི་དགོས་འདུན་ཆེད་བཏོན།

ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་ནང་གི་དགུན་དུས་ཨོ་རྩེད་འགྲན་བསྡུར་གྱི་སླད་དུ་རྒྱ་ནག་གི་གངས་ཤུད་གཏོང་མཁན་གྱི་རུ་ཁག་ཞིག་ནོར་ཝེ་ Meråker  ཁུལ་དུ་རྩེད་འགྲན་སྦྱོང་བརྡར་བྱེད་བཞིན་པ་དང་བསྟུན་རུ་ཁག་དེས་ཁུལ་དེའི་དཔེ་མཛོད་ཁང་ཞིག་ལ་རྒྱ་ནག་ནང་ཁུལ་གྱི་རྩོད་རྙོག་ཅན་གྱི་དཔེ་དེབ་ཁག་གཅིག་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་ཆེད་བཏོན་བྱས་ཀྱང་དཔེ་མཛོད་དོ་དམ་པས་མཐའ་གཅིག་ཏུ་དགག་པ་གནང་སྟེ་དེར་ངོས་ལེན་གནང་མི་འདུག ཁ་སང་ཕྱི་ཚེས་ ༢ ཉིན་ norway today གསར་ཁང་གིས་གནས་ཚུལ་སྤེལ་བར་ནོར་ཝེ་དང་རྒྱ་ནག་གཉིས་ མཉམ་སྦྲེལ་གྱིས་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་གྱི་སླད་དུ་གངས་ཤུད་སྦྱོང་བརྡར་ཞིག་ Meråker ནང་གོ་སྒྲིག་ཞུས་ཡོད་པ་དང་། སྦྱོང་བརྡར་དེའི་ཕྱིར་རྒྱ་ནག་གི་ས་ཁག་འདྲ་མིན་ནས་རྩེད་འགྲན་པ་མི་གྲངས་ ༤༠ དང་སློབ་སྟོན་པ་ ༡༥ དང་འགོ་འཛིན་བཅས་ཀྱི་རུ་ཁག་ཞིག་འབྱོར་ཡོད་པ་རེད། ཁོང་ཚོས་ས་གནས་དེའི་དཔེ་མཛོད་ཁང་གི་ནང་དུ་ Falun Gong ཆོས་བརྒྱུད་འཛིན་མཁན་གྱི་གནད་དོན་དང་འབྲེལ་བའི་དཔེ་དེབ་ཅིག་དང་རྩོད་རྙོག་ཅན་གྱི་དཔེ་དེབ་གཞན་གཉིས་ཡོད་པ་མཐོང་སྟེ་དེར་དོགས་འདྲི་དང་དཔེ་དེབ་དེ་དག་དཔེ་མཛོད་ནས་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་ཆེད་བཏོན་བྱས་ཡོད་ཀྱང་། སྐབས་དེར་དཔེ་མཛོད་ཁང་གི་འགོ་འཛིན་ Anne Marken ལགས་ཀྱིས་ནོར་ཝེ་ཁུལ་དུ་སྨྲ་བརྗོད་ཀྱི་རང་དབང་ཆ་ཚང་ཡོད་པ་ཞིག་ཡིན་སྟབས་དེ་ནི་ཚད་འགལ་གྱི་འདྲི་རྩད་ཅིག་ཡིན་པར་བརྗོད་དེ་དཔེ་དེབ་དེ་དག་ཕྱིར་འཐེན་བྱ་རྒྱུར་མཐའ་གཅིག་ཏུ་དགག་པས་དེར་ངོས་ལེན་གནང་མི་འདུག དཔེ་མཛོད་ཁང་དེའི་འགོ་འཛིན་ Anne Marken ལགས་ཀྱིས་གསར་ཁང་ལ་མུ་མཐུད་བརྗོད་དོན་རྒྱ་ནག་གི་རྩེད་འགྲན་བ་དེ་དག་ཁུལ་དེར་གནས་སྡོད་བྱེད་བཞིན་རིང་རྒྱ་རིགས་རྩེད་འགྲན་པ་ཁག་གཅིག་ནས་དཔེ་དེབ་དེ་དག་དང་འབྲེལ་ནས་འདྲི་རྩད་ཐེངས་གསུམ་ཙམ་བྱས་ཡོད་སྐོར་དང་། རྒྱ་ནག་གི་རྩེད་འགྲན་པ་ཚོས་བཤད་ཚུལ་ལ་བལྟས་ན་ཅི་སྟེ་རྒྱ་ནག་གཞུང་གིས་རྩེད་འགྲན་པ་རྣམས་དཔེ་དེབ་དེ་དག་དང་ལྷན་དུ་འཛིན་བཟུང་བྱུང་ཚེ་བཙོན་འཇུག་ཁྲིམས་ཐག་བཅད་ངེས་ཡིན་པ་བརྗོད་སྐོར་ལུང་འདྲེན་དང་སྦྲགས། ཁོང་གིས་སྐབས་དེར་རྩེད་འགྲན་པ་དེ་དག་ལ་དཔེ་མཛོད་ཀྱི་ནང་དུ་ཡོད་པའི་དཔེ་དེབ་དེ་རྣམས་ནི་སུས་ཀྱང་བཀླག་ཆོག་པའི་རང་དབང་ཡོད་པ་ཞིག་ཡིན་པར་མ་ཟད་རྒྱ་རིགས་ཚོས་འདྲི་རྩད་བྱས་པ་དེར་བརྟེན་ནས་དཔེ་དེབ་དེ་དག་ཕྱིར་འཐེན་གནང་གི་མ་རེད་ཅེས་ནན་བརྗོད་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག

༸གོང་ས་མཆོག་གིས་རྡོར་གདན་གྱི་ཆོས་འབྲེལ་དབུ་འཛུགས་དང་སྦྲགས་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་བ།

དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡ པོའི་ཚེས་ ༢ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༦ བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་བསྐྱངས་རྒྱུའི་མཛད་འཆར་ཡོད་པ་ལྟར། དེ་རིང་ཆོས་འབྲེལ་དངོས་གཞི་དབུ་འཛུགས་ཀྱིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་བསྩལ་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༨།༣༠ ཡོལ་ཙམ་ལ་༸གོང་ས་མཆོག་གིས་རྡོར་གདན་གྱི་དུས་འཁོར་དབང་ཆེན་ར་བའི་ནང་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་མ་བསྩལ་བའི་གོང་དུ་དགེ་འདུན་པ་ཁག་ཅིག་ནས་པཱ་ལིའི་གསུང་སྐད་ཐོག་སངས་རྒྱས་རྗེས་དྲན་དང་། དེ་བཞིན་རྒྱ་རིགས་དང་རྒྱ་གར་སློབ་ཕྲུག་ཁག་ཅིག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་སྦྲགས། ༸གང་ཉིད་མཆོག་གིས། སྤྱིར་འཛམ་གླིང་ནང་ཆོས་ལུགས་མང་པོ་ཡོད་པའི་ཁྲོད་མང་དག་ཅིག་དཀོན་མཆོག་ལ་གསོལ་བ་བཏབ་པ་མ་གཏོགས་རང་གི་རྒྱུད་བློ་སྦྱོང་སྟངས་ཐད་དོ་སྣང་གནང་གི་མེད་པ་དང་། ཡང་སྒོས་སངས་རྒྱས་པའི་ཆོས་དེ་བློ་སྦྱོང་སྟངས་ཐད་ཤུགས་ཆེར་གསུང་ཡོད་སྟབས། ཆོས་ལུགས་འགའ་ཤས་ལ་ཕྲན་བུ་ཐེ་ཚོམ་བྱེད་མཁན་ཚོས་སངས་རྒྱས་པའི་ཆོས་ལ་དོ་སྣང་དམིགས་བསལ་གནང་གི་ཡོད་པ་བཀའ་བསྩལ་སོང་། མ་ཟད། ༸གང་ཉིད་མཆོག་གིས། ང་ཚོ་ད་རེས་འདིར་འཛོམས་པ་རྣམས་ཕ་མེས་ནས་སངས་རྒྱས་པའི་ཆོས་ཉམས་ལེན་གནང་མཁན་ཞིག་ཆགས་སྟབས། སངས་རྒྱས་པའི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་གལ་ཆེ་ཡིན་སྐོར་བཀའ་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས། དེ་སྔ་ནུབ་ཕྱོགས་ལུང་པའི་ནང་སངས་རྒྱས་པའི་ཆོས་དང་འབྲེལ་བ་མེད་བསྡད་མཁན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་མཁན་ཚོས་ད་ཆ་ནང་ཆོས་ཐོག་དོ་སྣང་གནང་བཞིན་པ་དང་ཆབས་ཅིག བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ སྔ་རོལ་དུ་ངས་བསྟན་པ་བྱང་ནས་བྱང་དུ་ཁྱབ་གདལ་འགྲོ་གི་རེད་གསུངས་པ་བཞིན་ཆ་དདངོས་སུ་གྲུབ་ཡོད་པ་དང་། ཕྱོགས་མཚུངས་༸གང་ཉིད་མཆོག་གི་དགོངས་གཞིར་སངས་རྒྱས་བསྟན་པ་དེ་ད་ཆ་ལྷོ་ནས་ལྷོ་ལ་དར་ཁྱབ་འགྲོ་ངེས་ཡིན་སྐོར་བཀའ་བསྩལ་སོང་། ལྷག་པར་དུ་༸གང་ཉིད་མཆོག་གིས་ད་དུང་སེམས་འདུལ་ཐབས་ལས་འཕྲོས་ཏེ། ད་ཆ་འཛམ་བུ་གླིང་ནང་གི་སྡུག་བསྔལ་མང་དག་ཅིག་མིས་བཟོས་པ་ཞིག་དང་། སྡུག་བསྔལ་དེ་དག་ཡང་སྡུག་བསྡལ་འདོད་ནས་བཟོས་པ་མ་ཡིན་པ་དེ་དག་རྨོངས་ནས་ཆགས་སྡངས་དང་དུ་བླངས་ཏེ། ཆགས་སྡང་གཉེན་པོ་བསྟེན་མི་ཤེས་པའི་དབང་གིས་སྡུག་བསྡལ་ཡོང་བ་དང་། གང་ལྟར་བདེ་སྐྱིད་ཀྱི་འཛམ་བུ་གླིང་ཞིག་བསྐྲུན་ཐབས་སུ་བྱམས་བརྩེ་དང་དུ་ལེན་དགོས་སྐོར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་བཀའ་ཆོས་བསྩལ་གྲུབ་རྗེས་རྒྱལ་སྲས་ཐོག་མེད་བཟང་པོའི་མཛད་པས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བསྩལ་བ་དང་། ཡང་སྒོས་ཆོས་འབྲེལ་རྗེས་སུ་༸རྗེ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་སླད་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་གནང་སོང་། གཞི་རྩའི་ད་རེས་༸གང་ཉིད་མཆོག་གིས་བཀའ་ཆོས་དང་བཀའ་དབང་སླད་འཛམ་བུ་གླིང་གི་རྒྱལ་ཁབ་ ༦༧ ལྷག་ནས་བོད་མི་གཙོས་པའི་ཕྱི་རྒྱལ་བའི་ཆོས་ཞུ་བ་ ༣༠༠༠༠ ལྷག་ཕེབས་ཡོད་པ་དང་། སང་ཕྱི་ཚེས་ ༣ ཉིན་༸གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་རྒྱུ་ཡིན་པ་རེད།

རྡོར་གདན་དུ་༸གོང་ས་མཆོག་གི་ཆོས་འབྲེལ་དང་བསྟུན་ཆོ་འཕྲུལ་སྨོན་ལམ་འཚོགས་རྒྱུ།

རྒྱ་གར་མངའ་སྡེ་བྷི་ཧཱར་གྱི་གྷ་ཡ་རྫོང་དུ་ཆགས་པའི་གནས་མཆོག་ཁྱད་པར་ཅན་རྡོེ་རྗེ་གདན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༢ ཉིན་དད་ལྡན་ཆོས་ཞུ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་དང་ཕྱི་ཚེས་ ༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་། དེ་བཞིན་ཕྱི་ཚེས་ ༤ ནས་ ༦ བར་དུ་འདི་ལོའི་མགོ་སྟོད་དུ་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་ཡིན་པ་དང་བསྟུན་ཆོ་འཕྲུལ་སྨོན་ལམ་འཚོགས་གནང་རྒྱུ་རེད་འདུག གཞི་རྩའི་མགོན་པོ་༸གང་ཉིད་མཆོག་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་དུ་དམ་གཟིགས་ལ་ཆིབས་བསྒྱུར་དང་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་སྐབས་ད་རེས་ཆོས་འཕྲུལ་སྨོན་ལམ་ཆེན་མོ་རྡོ་རྗེ་གདན་དུ་འཚོགས་རྒྱུ་ཡིན་སྐོར་བཀའ་བསྩལ་བ་བཞིན་ཐེངས་འདིའི་མགོན་པོ་མཆོག་གི་བཀའ་ཆོས་དང་བསྟུན་གསུང་ཆོས་ཀྱི་ཉིན་རྒྱབ་ཏུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་  ༦༠༠ འཁོར་བའི་རྗེས་དྲན་སླད་ཆོ་འཕྲུལ་སྨོན་ལམ་འཚོགས་རྒྱུ་ཡིན་པ་རེད། ༸གོང་ས་མཆོག་གི་བཀའ་ཆོས་དང་བསྟུན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དུས་རྒྱུན་ལོ་ལྟར་འཆར་ཅན་མགོན་པོ་༸གང་ཉིད་མཆོག་གི་བཀའ་ཆོས་བསྩལ་སའི་ས་གནས་ཆེ་ཁག་ཏུ་ཆོས་ཞུ་བར་སྨན་པའི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར་ད་རེས་གནས་མཆོག་རྡོར་གདན་དུའང་སྡེ་ཚན་འདྲ་མིན་ཁག་གཅིག་ཆ་བགོས་ཀྱིས་དེ་འབྲེལ་སྤྱི་ཚོགས་ཞབས་ཞུ་ལས་དོན་གཉེར་བཞིན་འདུག ཆོས་ཞུ་བ་ཁྲི་ཚོ་བརྒལ་བ་གནས་མཆོག་འདིར་འཛོམས་པ་དང་བསྟུན་མགུལ་ཆམ་བཞེས་པ་སོགས་ཀྱི་འཕྲོད་བསྟེན་ཐད་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་སྟབས་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསུང་ཆོས་དངོས་གཞི་དབུ་འཛུགས་རིང་ནད་པར་རིན་མེད་ཐོག་བརྟག་དཔྱད་དང་སྨན་སྦྱིན་གནང་རྒྱུ་རེད་འདུག གཞི་རྩའི་༸གོང་ས་མཆོག་གི་ཐེངས་འདིའི་བཀའ་ཆོས་དང་འབྲེལ་དད་ལྡན་ཆོས་ཞུ་བ་མང་དག་ཅིག་ཉིན་རེ་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན་ཆོས་ཞུ་བའི་ཁོངས་སུ་བོད་མི་དང་ཧི་མཱ་ལ་ཡའི་རིགས་རྒྱུད་ཀྱི་གྲྭ་བཙུན་གཙོས་ཕྱི་རྒྱལ་བ་དང་། ལོ་ན་ ༦༠ བགྲེས་པ་སོགས་ཐོ་འགོད་གནང་དགོས་པ་ལྟར་ད་བར་ཐོ་འགོད་གནང་མཁན་མི་གྲངས་ ༡༢༠༠༠ ལྷག་བྱུང་འདུག

༸གོང་ས་མཆོག་འཛམ་གླིང་ནང་གི་སྐྱེས་བོ་དགའ་མོས་ཆེ་ཤོས་བྱ་ཡུལ་ཁོངས་སུ་བདམས་ཐོན།

ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ gallup ཞེས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་སོགས་ཀྱི་ཐད་ཕྱག་ལས་གནང་མཁན་ནས་འདོན་སྤེལ་གནང་བའི་འདི་ལོ་ ༢༠༡༩ ལོའི་འཛམ་གླིང་ནང་གི་སྐྱེས་བོ་དགའ་མོས་ཆེ་ཤོས་བྱ་ཡུལ་ཁོངས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདམས་ཐོན་བྱུང་འདུག ཚོགས་པ་དེས་ཕྱི་ལོ་ ༢༠༡༩ རྗོགས་ལ་ཉེ་བའི་མཚམས་འདིར་དྲྭ་ཐོག་བརྒྱུད་དེ་མང་ཚོགས་ཁྲོད་འདི་ ༢༠༡༩ ལོའི་ནང་གི་སྐྱེས་ཕོ་མོ་དགའ་མོས་ཆེ་ཤོས་བྱ་ཡུལ་གྱི་འོས་གྲངས་བསྡུ་རུབ་གནང་བ་ཞིག་ཡོངས་ཁྱབ་གནང་འདུག་པ་ལྟར་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་མང་ཚོགས་ཀྱི་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་སྐྱེས་པ་ཨང་དགུ་པར་བདམས་ཐོན་བྱུང་འདུག འོས་གྲངས་དེའི་ཁྲོད་ཨང་དང་པོར་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག་དང་སྲིད་འཛིན་ལས་ཐོག་སྐུ་ཞབས་ Donald Trump གཉིས་ལ་འོས་གྲངས་གཅིག་པ་ཐོབ་འདུག་པ་དང་། ཨང་གཉིས་པར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Jimmy Carter ལགས་དང་ཨང་གསུམ་པར་བར་སྣང་འཕྲུལ་རིགས་དང་སྣུམ་འཁོར་གྱི་ཡོ་ཆས་བཟོ་ལས་ཁང་ SpaceX ལགས་དང་ Tesla ཞེས་པའི་ཚོང་གཉེར་བ་སྐུ་ཞབས་ Elon Musk ལགས་བཅས་ཆགས་ཀྱི་འདུག དེ་བཞིན་ ༢༠༡༩ ལོར་མང་ཚོགས་ཀྱི་དལའ་མོས་ཆེ་ཤོས་བྱེད་སའི་བེུད་ཁོངས་ནས་ཨང་དང་པོར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག་གི་སྐུ་ཟླ་ Michelle Obama ལགས་དང་ཨང་གཉིས་པར་སྲིད་འཛིན་ Trump མཆོག་གི་སྐུ་ཟླ་ Melania Trump ལགས། དེ་བཞིན་ཨང་གསུམ་པར་ཨ་རིའི་སྒྱུར་རྩལ་བ་དང་སྤྱི་ཚོགས་ཞབས་ཞུ་གནང་མཁན་ལྕམ་ Oprah Winfrey ལགས་བཅས་ཆགས་ཀྱི་འདུག གཞི་རྩའི་འོས་ཤོག་འདིའི་ནང་ཆ་ཤས་བླངས་མཁན་མང་ཆེ་བ་ཨ་རིའི་མི་སེར་ཆགས་ཀྱི་ཡོད་སྟབས་ཡུལ་དེའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཐད་ནས་མང་ཚོགས་ཀྱི་བསམ་ཚུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་གསུང་བཞིན་འདུག ༸གོང་ས་སྐྱབས་མགོན་པོ་མཆོག་ད་རེས་ཙམ་མ་ཟད་དེ་སྔ་ཡང་མང་ཚོགས་ཀྱི་དགའ་མོས་ཆེ་ཤོས་གནང་སའི་ཁོངས་སུ་བསྟུད་མར་བདམས་ཐོན་བྱུང་ཡོད་པ་རེད།

༸དཔལ་ས་སྐྱ་༸གོང་མ་མཆོག་གིས་སྤྱི་ལོ་གསར་ཚེས་ལ་འཚམས་འཕྲིན་བསྩལ་བ།  

༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཁ་སང་ Fundación Sakya ཞེས་པའི་ཆོས་ཚོགས་ཀྱི་དྲྭ་ལམ་བརྒྱུད་ནས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་རིགས་རྣམས་ཀྱིས་གཙོས་པའི་སྐྱེ་འགྲོ་ཡོངས་ལ་སྟོང་ལོ་ཉི་ཤུའི་ལོ་གསར་པ་ཚེས་བར་བཀྲ་ཤིས་པའི་འཚམས་འཕྲིན་ཞིག་བསྩལ་ཏེ་གཞན་སེམས་བསྐྱེད་ན་བདེ་སྐྱིད་འབྱུང་ངེས་པའི་ལམ་སྟོན་གནང་འདུག རིན་པོ་ཆེ་མཆོག་གི་འཚམས་འཕྲིན་དེའི་ནང་དུ་དུས་ཀྱིི་འགྱུར་བའི་ཁྲོད་ནས་ལོ་གསར་པ་རྟག་ཏུ་ཚེས་བཞིན་ཡོད་སྟབས་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ཀྱིས་རང་ཉིད་ཆོས་ཁས་ལེན་མཁན་ཞིག་ཡིན་མིན་ལ་མ་བལྟས་པར་ལོ་གསར་པའི་ནང་དུ་རང་ཉིད་ཀྱིས་བྱ་གཞག་ཡག་པོ་ཞིག་བསྒྲུབ་རྒྱུའི་དམ་བཅའ་འཇོག་པ་དང་། དེ་བཞིན་རང་ཉིད་ལ་བདེ་སྐྱིད་འབྱུང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་བཀའ་བསྩལ་གནང་སྟེ་མི་ལ་བདེ་སྐྱིད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་ཀྱང་། སྐྱེ་འགྲོ་མང་པོ་ཞིག་གིས་དོན་དངོས་ཀྱི་བདེ་སྐྱིད་དེ་གང་ཞིག་ཏུ་འབྱུང་གི་ཡོད་པའི་གནས་ལུགས་དེ་རྟོགས་གི་མེད་པ་མ་ཟད་བདེ་སྐྱིད་ནི་ཕྱི་དངོས་བོའི་མཐུན་རྐྱེན་ཙམ་ལས་འབྱུང་གི་ཡོད་པར་བསམ་མཁན་མང་པོ་ཡོད་པ་བཀའ་བསྩལ་བ་དང་འབྲེལ། ཕྱི་དངོས་ཀྱི་མཐུན་རྐྱེན་གྱིས་ང་ཚོའི་ལུས་པོར་འཕྲལ་གསལ་གྱི་བདེ་བ་ཙམ་མ་གཏོགས་སྤྲོད་ཐུབ་ཀྱི་མེད་པ་དང་དོན་དངོས་ཀྱི་བདེ་སྐྱིད་ནི་ནང་ཆོས་ཉམས་ལེན་བྱས་པ་བརྒྱུད་ནས་ཞི་བདེ་དང་མཛའ་བརྩེའི་ཁྲོད་ནས་ཡོང་གི་ཡོད་སྟབས་རང་ཉིད་གཅིག་པོར་བདེ་བ་འདོད་པའི་རང་གཅེས་འཛིན་གྱི་བསམ་བློ་སྐྱེ་རྒྱུ་ཙམ་མིན་པར་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ལ་དམིགས་པ་བསྐྱེད་རྒྱུ་དེ་གལ་ཆེན་པོར་ངོས་འཛིན་པའི་བྱམས་སེམས་རང་བཞིན་གྱི་གཞི་རྒྱ་ཆེ་བའི་དགོངས་པ་ཞིག་བསྐྱེད་ཐུབ་ཚེ་ང་ཚོས་དོན་དངོས་ཀྱི་བདེ་སྐྱིད་དེ་རང་སྟེང་དུ་ཉམས་སུ་མྱོང་ཐུབ་སྐོར་བཀའ་བསྩལ་འདུག གཞན་ཡང་རིན་པོ་ཆེ་མཆོག་གིས་སྤྱི་ལོ་གསར་ཚེས་འདིའི་ནང་དུ་སྐྱེ་འགྲོ་ཡོངས་ཀྱིས་གཞི་རྒྱ་ཆེ་བའི་བྱམས་བརྩེ་རང་བཞིན་གྱི་དགོངས་པ་བསྐྱེད་དེ་གཞན་ལ་ཕན་སེམས་བསྐྲུན་ཐུབ་པའི་སྐྱེ་འགྲོ་ཞིག་ཏུ་འགྱུར་བར་བརྩོན་རྒྱུའི་ཐུགས་རེ་གནང་བ་དང་ཆབས་ཅིག་ཏུ་ཀུན་གྱི་སྤྱི་ལོ་གསར་པའི་རྨི་ལམ་ཡོད་ཚད་མངོན་འགྱུར་ཡོང་པའི་སྨོན་འདུན་མཛད་འདུག

ལོ་ཤས་ནང་ངོས་རང་རི་བོ་རྩེ་ལྔར་སླེབས་ཐུབ་པའི་རེ་བ་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དན་དུ་རྒྱ་རིགས་ཆོས་ཞུ་བ་ཁག་གཅིག་ལ་མཇལ་ཁ་བསྩལ་སྐབས་སུ་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་རིགས་ནང་པ་ཚོ་དང་ལྷན་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་པ་དང། ལོ་ཤས་ནང་༸གང་ཉིད་མཆོག་རྒྱ་ནག་གི་གནས་ཆེན་རི་བོ་རྩེ་ལྔར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཐུགས་རེ་ཆེན་པོ་མཛད་བཞིན་པ་བཀའ་བསྩལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བོད་ཡིག་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་ ༢༩ ཉིན་གནས་མཆོག་རྡོ་རྗེ་གདན་དགའ་ལྡན་འཕེལ་རྒྱས་གླིང་གཟིམ་ཆུང་དུ་རྒྱ་གར་གྱི་དཔོན་རིགས་ཁག་གཅིག་དང་། རྒྱ་རིགས་མི་མང་ཁག་གཅིག གཞན་ཡང་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་མཇལ་ཞུ་བ་ཁག་གཅིག་ལ་མཇལ་ཁ་བསྩལ་བ་མ་ཟད། རྒྱ་རིགས་མཇལ་བཅར་བ་རྣམས་ལ་སྐབས་དེར་ནང་སེམས་ཀྱི་བདེ་སྐྱིད་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སྐོར། དེ་བཞིན་དེང་གི་འཛམ་གླིང་འདིའི་ནང་དབུལ་ཕྱུག་གི་དཀའ་ངལ་སེལ་ཐབས་ལ་འབད་དགོས་པ་སོགས་ཀྱི་སྐོར་ལ་ཟུར་དུ་བཀའ་སློབ་ལམ་སྟོན་བསྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་གི་ཆབ་སྲིད་ལ་རིམ་བཞིན་འགྱུར་བ་འགྲོ་བཞིན་ཡོད་སྟབས་ལོ་ཤས་ནང་རྒྱ་ནག་གི་རི་བོ་རྩེ་ལྔར་གནས་གཟིགས་དང་རྒྱ་རིགས་ནང་པ་ཚོར་མཇལ་འཕྲད་གནང་ཕྱིར་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། མགོན་པོ་མཆོག་གིས་དུས་རྟག་ཏུ་མང་ཚོགས་ལ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་དང་། དེ་ཡང་དམིགས་བསལ་རྒྱུ་མཚན་མེད་པར་སྐྱབས་སུ་མཆི་ཞེས་པའི་གསོལ་འདེབས་བྱས་པ་གཅིག་པུས་འགྲིག་གི་མེད་པར་བཀའ་བསྩལ་བཞིན་ཡོད་སྐོར་བཀའ་འགྲེལ་གནང་བ་དང་ཆབས་ཅིག དུས་རབས་ཉེར་གཅིག་པའི་ནང་པ་ནི་དད་པ་གཅིག་པུ་མ་ཡིན་པར་ནང་ཆོས་དང་ཚན་རིག ལྟ་གྲུབ་སོགས་ལ་སློབ་སྦྱོང་བྱས་ཏེ་རྒྱུ་མཚན་གྱི་ཐོག་ནས་དད་པ་ཐོབ་པ་ཞིག་དགོས་ཀྱི་ཡོད་པ་དང་། དེ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་ཆགས་ཀྱི་ཡོད་པ་བཀའ་བསྩལ་འདུག ད་དུང་༸གོང་མཆོག་གིས་རྒྱ་ནག་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། སངས་རྒྱས་པའི་ཆོས་སམ་ཐང་ཟིན་བླ་མས་བསླབ་པའི་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ནི་རིགས་པ་དང་ལྡན་ཞིང་། བྱམས་བརྩེ་དང་སྟོང་ཉིད་ཀྱི་ལྟ་བ་རྩལ་དུ་བཏོན་ནས་རིགས་པའི་ལམ་ནས་བཤད་རྒྱུ་ཡོད་པ་ཧ་ཅང་གི་རྩ་ཆེན་པོ་ཞིག་ཡིན་པ་མ་ཟད། ནང་པའི་ཆོས་བརྒྱུད་ནི་ཚན་རིག་དང་མཉམ་དུ་འགྲོ་ཐུབ་མཁན་གྱི་ཆོས་བརྒྱུད་གཅིག་པུ་དེ་ཡིན་སྟབས།  མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་པ་མཇལ་བར་སྐལ་བ་བཟང་པོ་ཞིག་ཡིན་བསམ་དགོས་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལ་བརྗོད་བྱའི་ཆ་ནས་སྡེ་ཚན་གསུམ་དུ་དབྱེ་རྒྱུ་ཡོད་པ་ལས་ཚན་རིག་གི་སྡེ་ཚན་དང་། ལྟ་གྲུབ་ཀྱི་སྡེ་ཚན། ཆོས་ཕྱོགས་ཀྱི་སྡེ་ཚན་བཅས་ཡོད་པར་བཀའ་གནང་སྟེ་རྒྱ་རིགས་ཀྱི་ཁྲོད་དུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ཡོད་པ་མ་ཟད། གཙུག་ལག་སློབ་གྲ་ཁ་ཤས་ཀྱིས་དེར་དོ་སྣང་གནང་གི་ཡོད་པ་གཟིགས་ཚུལ་བྱུང་ཞེས་བཀའ་གནང་བ་དང་སྦྲགས། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཆོས་གཅིག་པུའི་སྐད་ཆ་ཞིག་མ་ཡིན་པར་སེམས་ཁམས་རིག་པ་དང་། ཚད་མ་རིགང་པ། ལྟ་གྲུབ་སོགས་ཀྱི་སྒོ་ནས་བཤད་ཀྱི་ཡོད་སྟབས། དེ་དག་ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཞག་ནས་ཡར་རྒྱས་གཏོང་ཐུབ་པ་ཞིག་བྱུང་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སློོབ་བཀའ་དྲིན་ཆེ་བ་བསྩལ་འདུག གཞི་རྩའི་༸གོོས་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུག་ཀྱིས་ཟླ་བ་འདིའི་ཕྱི་ཚེས་  ༢༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དྲི་གཙང་ཁང་དུ་གནས་གཟིགས་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༢ ཉིན་དད་ལྡན་ཆོས་ཞུ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་དང་ཕྱི་ཚེས་ ༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་། དེ་བཞིན་ཕྱི་ཚེས་ ༤ ནས་ ༦ བར་དུ་འདི་ལོའི་མགོ་སྟོད་དུ་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་གནང་རྒྱུ་ཡིན་པ་རེད།

Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་ཐུཝའི་དབུ་བླར་ཁྲི་འདོན།

དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་པའི་ Tuva སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་བླ་མ་མཚན་གནས་མཐོ་ཤོས་ཡིན་པ་ Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་ཐུ་ཝའི་རྒྱལ་སར་རྟེན་གཞི་བྱས་པའི་ the House of Folk Art ཞེས་པའི་རིག་གཞུང་ལྷན་ཁང་དུ་ཐུ་ཝའི་དབུ་བླར་ཁྲི་འདོན་གྱི་མཛད་སྒོ་ཚོགས་གནང་འདུག རྩ་བའི་ Kamby བླ་མ་ཁྲི་ཐོག་བརྒྱད་པ་ Jampel Lodoy མཆོག་ནི་ Ustuu-Khuree དགོན་པའི་མཁན་རིན་པོ་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་བརྩེ་ཆེན་གླིང་དགོན་པར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་བླ་མའི་མཚན་གནས་ཆེས་མཐོ་ཤོས་སུ་འོས་འདེམས་གནང་ཡོད་པ་དང་། དེ་ནི་ཁོང་ཨུ་རུ་སུའི་བླ་མའི་མཚན་གནས་ཆེས་མཐོ་ཤོས་ཀྱི་ལོ་ལྔའི་རིང་འོས་འདེམས་གནང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་གིས་ལོ་ལྔའི་མཚན་གནས་བཞེས་པའི་མཛད་སྒོར་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་གནད་ཡོད་དཔོན་རིགས་དང་ཨུ་རུ་སུའི་ཡི་ཤུའི་ཆོས་དཔོན། ཁྱིམ་མཚེས་རྒྱལ་ཁབ་ར་ཤི་ཡའི་དགེ་འདུན་པ་ཁག་གཅིག དེ་བཞིན་ཐུ་ཝའི་ཁོངས་ནས་ནང་པའི་རྗེས་འཇུག་པ་ཆེད་འཛོམས་གནང་ཐོག་མཎྡྲལ་འདེགས་འབུལ་དང་ཞལ་འདོན་གསུང་འདོན་གནང་སྟེ་ཁྲི་སྟོན་གནང་འདུག Tuva གཞུང་གི་ཚོགས་གཙོ་སྐུ་ཞབས་ Sholban Kara-ool  ལགས་ཀྱིས་ཁྲི་སྟོན་མཛད་སྒོར་ཆེས་ཕེབས་ཀྱིས་ Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་གིས་དབུ་བླའི་མཚན་གནས་མཐོ་ཤོས་དེ་བཞེས་རིང་ལ་ཐུ་ཝའི་མང་ཚོགས་ཀྱི་སེམས་རྒྱུད་ལ་བྱམས་བརྩེ་དང་སྙིང་རྗེ། ཕན་ཚུན་གུ་ཡངས་ཀྱི་བསམ་ཤེས་བཅས་ཀྱི་གོ་རྟོགས་སླར་ལྷག་སྤེལ་ཐུབ་པའི་ཐུགས་རེ་ཡོད་པ་གསུངས་པ་དང་སྦྲགས། འཇམ་དཔལ་བློ་གྲོས་མཆོག་ནི་མཁྱེན་མཛངས་ལྡན་པའི་བླ་མ་ཞིག་ཡིན་པ་དང་། ལྷག་དོན་ཐུ་ཝ་ནང་དུ་ཤེས་ཡོན་དང་ནང་པའི་ཆོས་དར་ཁྱབ་གནང་གི་ཡོད་པ་མ་ཟད་འདི་བཞིན་ཁོང་ལ་མང་ཚོགས་ཀྱི་ངོས་ནས་རེ་འདུན་ཆེན་པོས་དེ་ལྟར་བསྐོ་གཞག་དོན་གང་ཡིན་སོགས་གསལ་པོ་མཁྱེན་གྱི་ཡོད་སྐོར་གསུངས་འདུག དེ་བཞིན་སྐུ་ཞབས་ Sholban ལགས་ཀྱིས་ Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་གིས་ལོ་ལྔའི་མཚན་གནས་བཞེས་རིང་ལ་མང་ཚོགས་ཀྱི་རེ་འདུན་ཁག་ལེགས་གྲུབ་གནང་རྒྱུར་ཐུགས་རེ་ཡོད་པ་དང་། བླ་མ་ཁོང་གིས་ཆོས་ཕྱོགས་དང་འབྲེལ་བའི་ཕྱག་ལས་ཁག་སེམས་ཤུགས་གསར་པ་དང་དགོས་འདུན་གསར་པ་བཅས་ཀྱི་དགོངས་བཞེད་ཐོག་ནས་ཕྱག་ལས་གནང་བ་ཁག་ལ་མང་ཚོགས་ནས་ཀྱང་ཕྱར་བ་གྲུ་འདེགས་ཞུ་དགོས་གལ་ཡིན་པ་གསུངས་འདུག་པ་དང་ཆབས་ཅིག་ཏུ་ཁོང་གིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེནཔོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་པའི་ནང་པའི་དགོན་པའི་ཕྱག་ལས་རྒྱུན་སྐྱོང་གནང་རྒྱུ་དེ་དག་གི་ཐད་ལ་མང་ཚོགས་ཚོས་ཆིག་སྒྲིག་གིས་ཞབས་འདེགས་ཞུ་གལ་ཡིན་པ་སོགས་གསུངས་ཡོད་པ་རེད། གཞི་རྩའི་ Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་ནི་ཕྱི་ལོ་ ༡༩༧༥ ཟླ་ ༨ ཚེས་ ༢༡ ཉིན་ Hondergey གྲོང་གསེབ་ཀྱི་ Dzun-Khemchiks མངའ་སྡེར་སོ་ནམ་པའི་ཁྱིམ་དུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོར་ཁོང་གིས་ཐུ་ཝའི་ནང་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཕུན་ཚོགས་གླིང་དུ་ནང་པའི་གཞུང་ལ་སློབ་གཉེར་དབུ་འཛུགས་གནང་ཞིང་། རྗེས་སུ་ཁོང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལོ་དགུའི་རིང་ལ་ནང་པའི་གཞུང་ཆེན་དག་ལ་བསླབ་པ་སློབ་གཉེར་མཐིལ་ཕྱིན་གནང་ཡོད་པ་རེད། བླ་མ་འཇམ་དཔལ་བློ་གྲོས་མཆོག་རྒྱ་གར་ནང་དུ་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་གྲུབ་རྗེས་ཕྱིར་རང་ཡུལ་དུ་ཕེབས་ནས་ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ Kamby བླ་མ་ཁྲི་ཐོག་གི་མཚན་གནས་བཞེས་ཏེ་ Kalmykia དང་དེ་བཞིན་Buryatia བཅས་ཀྱི་ནང་དུ་ནང་པའི་དགོན་པ་གསར་བཞེངས་དང་ཡུལ་མི་ཚོ་དང་མཉམ་དུ་ཟུང་འབྲེལ་གྱི་ཕྱག་ལས་རྒྱ་ཆེ་གནང་མྱོང་ཡོད་པ་རེད། ཨུ་རུ་སུའི་ཁྱབ་ཡོངས་ Kalmykia དང་། Buryatia དེ་བཞིན་ Tuva བཅས་ཀྱི་ནང་དུ་རིམ་བཞིན་ཆབ་སྲིད་ཀྱི་འགྱུར་འགྲོས་རང་དབང་ལྡན་པ་ཞིག་གི་ངོ་བོར་གྱུར་བར་བརྟེན་དེ་དག་གི་ནང་དུ་ནང་པ་སངས་རྒྱས་པའི་བསྟན་པར་བསླབ་པ་སློབ་གཉེར་གྱི་གོ་སྐབས་བཟང་པོ་བྱུང་དོན་བཞིན་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་བ་མ་ཟད། ལྷག་དོན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་འབྲས་དགའ་གསུམ་གྱིས་གཙོས་པའི་དགོན་སྡེ་གྲྭ་ཚང་ཆེ་ཁག་ཏུ་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་དང་གནང་མུས་ཡིན་པ་ལྟར། ཉེ་ཆར་ཟླ་བ་འདིའི་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་བསྒྱུར་དང་སྦྲགས། དཔལ་ལྡན་འབྲས་སྤུངས་སྒོ་མང་བཀྲིས་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེ་སྐབས་སུ་བོད་སོག་དབར་གྱི་ཆོས་ཕྱོགས་ཀྱི་ཐོག་ནས་ཐུན་མིན་འབྲེལ་བའི་སྐོར་ལ་དམིགས་བསལ་བཀའ་སློབ་བསྩལ་བ་མ་ཟད་འདི་བཞིན་སོག་རིག་ཚོས་ནང་པའི་གཞུང་ཆེན་རྣམས་ལ་བསླབ་པ་སློབ་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད།

བཀའ་ཤག་གིས་ཁྲིམས་ཞིབ་ཁང་གི་དཔྱད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད་གསུངས་འདུག

བྱང་ཨ་རིའི་སྐུ་ཚབ་དོན་བཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིག་ལགས་ཀྱི་སྲིད་སྐྱོང་བློ་བཟང་སེང་དགེ་མཆོག་བརྒྱུད་འཛིན་སྐྱོང་བཀའ་ཤག་གི་ཁོང་ལ་མ་ཉེས་ཁག་གཡོགས་བྱས་པའི་ཁ་མཆུ་ ༢༠ པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་བཏང་བ་བཞིན། བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད་གསུངས་འདུག དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ཁ་མཆུ་ཨང་ ༢༠ པའི་རྩོད་ལེན་པ་བཀའ་ཤག་གི་མཚན་ཐོག་ལ་བཀོད་ཁྱབ་ཞིག་བཏང་ཡོད་པའི་ནང་དུ། དེ་རིང་ཕྱི་ཟླ་ ༡༢ པའི་ཚེས་ ༢༧ བར་དཔྱད་ཁྲ་ཉམས་ལེན་གནང་རྒྱུའི་གོ་སྐབས་མཐའ་མ་ཞིག་གནང་སྟེ། དེ་ལྟར་མ་བྱུང་ཚེ་སྲིད་སྐྱོང་གཙོ་བྱས་པའི་བཀའ་ཤག་གི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུ་ཡིན་སྐོར་བཀོད་པ་བཞིན། དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༤ པའི་ཐོག་བཀག་ཤག་གི་ངོས་ནས་དེ་གའི་གཞུང་འབྲེལ་དྲ་གནས་ཐོག་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་དུ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་སྤེལ་བའི་བཅད་ཁྲའི་ནང་། བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་གཏན་མེད་པ་དང་། ཁ་ཡིན་ལ་གོ་ནོར་ཐེབས་པའི་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་ལ་མ་ཉེས་ག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོ་ཁྲིམས་ཞིབ་ཁང་གིས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན།”ཞེས་བརྗོད་བྱ་འདི་རང་བཀོད་དགོས་པའི་བཅད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད་ཅེས་འཁོད་འདུག གཞི་རྩའི་ཁ་མཆུ་ཨང་ ༢༠ ཞེས་པ་དེ་ནི་གཙོ་བོ་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༧ ཉིན་སྐབས་དེའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་འབྲེལ་དོན་ཚན་བཅུ་ཅན་གྱི་གསལ་བཤད་ཅིག་འདོན་སྤེལ་གནང་སྟེ་ཁོང་གིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་གནང་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་ལ་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་པ་སོགས་གསལ་བཤད་གནང་རྗེས། སྤེན་པ་ཚེ་རིགས་ལགས་ཀྱིས་ ཁོང་གི་ལས་དོན་ལ་འཐུས་ཤོར་ཕྱིན་པ་སོགས་ཀྱི་གནད་དོན་ཁག་ལ་ངོས་ལེན་མེད་པ་དང་། ལྷག་དོན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་དང་མང་ཚོགས་ཁྲོད་ཐག་གཅོད་དེ་ཁྲིམས་དང་མཐུན་པ་ཞིག་བྱུང་ཡོད་མེད་ཐག་གཅོད་གནང་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕེབས་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པར་འགྲེལ་བརྗོད་གནང་ཡོད་པ་བཞིན་ཁོང་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་ཞུས་ཡོད་པ་ཞིག་ཡིན་པ་རེད། དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༡ བར་ཁ་མཆུ་དེ་དང་འབྲེལ་གནད་དོན་གསལ་བཟོའི་ཉན་ཞིབ་ཅིག་དང་། གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གཉིས། དེ་བཞིན་ཞིབ་གཅོད་ཉན་ཞིབ་དགུ་བཅས་ཁྱོན་ཉིན་ ༡༢ རིང་ཉན་ཞིབ་ཚོགས་པའི་རྗེས་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཤོག་གྲངས་ ༡༠༢༨ ཅན་གྱི་བཅད་ཁྲ་འདོན་སྤེལ་གནང་སྟེ། ཁ་མཆུ་འདིའི་བརྒྱུད་རིམ་ཁྲོད་གྱོད་ཡ་ཞུ་སྦྱོར་བས་ཁུངས་སྐྱེལ་དགོས་པ་ཁག་ཐུབ་པ་དང་། རྩོད་ལེན་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་སྐབས་ ༡༥ པས་ཁུངས་སྐྱེལ་དགོས་པ་ཁག་མ་ཐུབ་པར་བརྟེན། བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་བཅུ་གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་གཏན་མེད་པ་དང་། ཁ་ཡིན་ལ་གོ་ནོར་ཐེབས་པའི་དབང་གིས་སྤེན་པ་ཚེ་རིང་གི་ལྷག་བསམ་དང་འཇོན་ཐང་། བཟང་སྤྱོད་བཅས་ལ་མ་ཉེས་ཁ་གཡོགས་ཤོར་བ་སོགས་ཐག་གཅོད་གནང་སྟེ་བཀའ་ཤག་ནས་སྤེན་པ་ཚེ་རིང་ལགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་ཞིག་དབྱིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ་དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པ་དང་། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་སྤྲོད་དམིགས་ཧིན་སྒོར་ ༩༨༠༠༠ ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པའི་བཅད་ཁྲ་བཏང་བ་དེ་ལྟར་ཡང་། བཀའ་ཤག་གིས་དུས་བཀག་ནང་ཚུད་དཔྱད་ཁྲའི་དགོངས་དོན་ཉམས་ལེན་མ་ཞུས་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སླར་ཡང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་བཀདོ་ཁྱབ་ཞིག་བཏང་སྟེ། རྩོད་ལེན་པ་བཀའ་ཤག་གི་ངོས་ནས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༧ ཕྱི་འདྲོ་ཕྱག་ཚོད་ ༤ པའི་སྔོན་ཚུད་དུ་དཔྱད་ཁྲ་ཉམས་ལེན་མ་བྱས་ཚེ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༥༡ གཞིར་བཟུང་། སྲིད་སྐྱོང་གཙོ་བྱས་པའི་བཀའ་ཤག་གི་བཀའ་བློན་རྣམ་པ་ཚང་མས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བཀའ་ཤག་གི་བཟོད་གསོལ་གསལ་བསྒྲགས་འདི་དང་འབྲེལ། བཀའ་ཤག་ལ་འབྲེལ་བ་ཞུ་ཐབས་བྱས་ཀྱང་བཀའ་དྲུང་དང་སྲིད་ཚབ་བཅས་ཀྱིས་བཅར་འདྲིར་དྭངས་ལེན་གནང་མེད་ལ། ཞལ་པར་བརྒྱུད་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུའང་འབྲེལ་བ་ཞུ་ཐབས་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་། གང་ལྟར་ཁ་མཆུ་ཨང་ ༢༠ ཞེས་པ་དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཉེ་བའི་དུས་ཡུན་ནང་ཧ་ཅང་རྩོད་གླེང་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་། བོད་མི་ཁག་ཅིག་གིས་གནད་དོན་དེར་དགྲ་དགའ་གཉེན་སྡུག་གི་ངོ་བོར་གཟིགས་མཁན་ཡོད་ཀྱང། ཁག་གཅིག་གིས་དེ་ནི་མང་གཙོའི་རྒྱལ་ཁ་ཞིག་ལ་ངོས་འཛིན་གནང་མཁན་ཡོད་པ་རེད། རྩོད་ལེན་པ་བཀའ་ཤག་ངོས་ནས་དེ་སྔོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་དེའི་ཐོག་མཐའ་མའི་དཔྱད་ཁྲ་བཏང་སྐབས་བཀའ་ཤག་གི་ངོས་ནས་དཔྱད་ཁྲ་དེ་འདོད་བློ་ཁེངས་བ་ཞིག་བྱུང་མེད་པའི་འགྲེལ་བརྗོད་གནང་བ་དེ་ལྟར་ཡང་། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་དེ་ནི་མང་གཙོ་དང་དྲང་བདེན་ལ་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཡོད་སྐོར་གསུངས་ཡོད་པ་རེད།

Latest news