Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་མི་མང་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕྱོགས་བསྐྱོད་ཀྱིས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕྱོགས་བསྐྱོད་གནང་སྟེ་ཁུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཆེད་བཅར་གྱིས་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་སྔར་ལྷག་ཡོང་ཕྱིར་ཞུ་སྐུལ་གནང་འདུག ཐེངས་འདིའི་སྤྱི་འཐུས་ཕྱོགས་བསྐྱོད་ཀྱི་ནང་དུ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་གསེར་རྟ་ཚུལ་ཁྲིམས་ལགས། དབྱངས་ཅན་སྒྲོལ་དཀར་ལགས། བློ་བཟང་ཆོས་འབྱོར་ལགས་བཅས་ཆེད་ཕེབས་གནང་ཡོད་པ་ལྟར་གསར་འགོད་པས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་སུ་ཞལ་པར་གྱི་ཐོག་ནས་ཐེངས་འདིའི་ཕྱོགས་ཕེབས་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་པར་ཕྱོགས་བསྐྱོད་འདི་ནི་སྤྱི་འཐུས་སྐབས་བཅུ་བཞི་ནས་བཟུང་ཕྱོགས་བསྐྱོད་ཀྱི་ལས་རིམ་ཞིག་གཏན་ལ་ཕབས་ཡོད་པ་བཞིན་ཉིན་དང་པོའི་རིང་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་དང་མངའ་སྡེ་གྲོས་ཚོགས་མི་སྣ། དེ་བཞིན་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་སོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབས་སོགས་ངོ་སྤྲོད་གནང་ཡོད་པ་གསུངས་སོང་། ཁོང་གིས་ད་དུང་ཐེངས་འདིའི་ཕྱོགས་བསྐྱོད་དེ་གཞུང་གསར་རྙིང་གཉིས་ཀྱི་འོས་བསྡུའི་ལས་རིམ་དང་སྟབས་འཁེལ་བར་བརྟེན་སྤྱི་འཐུས་ཚོགས་ཆུང་ནས་དངོས་སུ་འོས་བསྡུ་གནང་བཞིན་པའི་ཉེ་འཁོར་གྱི་ས་ཁུལ་ཁ་ཤས་དང་སྲིད་འཛིན་གསར་པའི་འོས་ཐོབ་ཀྱི་རྒྱལ་ཁའི་གསུང་བཤད་གནང་ཡུལ་སོགས་ལ་དངོས་སུ་བཅར་རྒྱུའི་གོ་སྐབས་བྱུང་ཡོད་པ་ལྟར་རང་རེའི་སྤྱི་ཚོགས་དང་ཐེ་ཝན་གཉིས་ཀྱི་འོས་བསྡུའི་ཁྲོད་ནས་ཕྱོགས་གཉིས་ནས་ལེགས་ཆ་ལེན་དགོས་པའི་གནད་དོན་རེ་འགའ་ཡོད་པར་དོ་སྣང་བྱུང་སྐོར་འགྲེལ་བརྗོད་གནང་སོང་། རྩ་བའི་ཐེངས་འདིའི་ཐེ་ཝན་གྱི་ཕྱོགས་བསྐྱོད་ནི་ཕྱི་ཟླ་ ༡ ཚེས་ ༩ ཉིན་རྒྱ་གར་ནས་དབུ་འཛུགས་ཀྱིས་ཚེས་ ༡༨ ཉིན་ཕྱོགས་བསྐྱོད་མཇུག་སྒྲིལ་གནང་གི་ཡོད་པ་རེད། ཁུལ་དེའི་འོས་བསྡུའི་ལས་རིམ་གཟའ་ཉི་མའི་ཉིན་ལེགས་གྲུབ་དང་བསྟུན། ཁོང་རྣམས་ཀྱི་ཕྱོགས་བསྐྱོད་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་དེ་རིང་ཉིན་གཉིས་པ་ཡིན་པ་རེད།

 ༸གོང་ས་མཆོག་གིས་ཐེ་ཝན་སྲིད་འཛིན་ལས་ཐོག་ལྕམ་སྐུ་ཚའི་དབྱིང་ལགས་སླར་ རྒྱལ་ཁ་ཐོབ་པར་འཚམས་འདྲི་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ལྕམ་སྐུ་ Tsai Ing-wen མཆོག་ལ་མང་མོས་ཐོག་ནས་རྒྱལ་ཁ་ཐོབ་སྟེ་སླར་ཡང་སྲིད་འཛིན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འཕྲིན་བསྩལ་འདུག   དེ་ཡང་ཕྱི་ཚེས་ ༡༡ ཉིན་ཐེ་ཝན་གྱི་སྐབས་བཅུ་ལྔ་པའི་རྒྱལ་ཡོངས་འོས་བསྡུའི་ཆེན་མོ་བྱས་པའི་ཁྲོད། ཡུལ་དེའི་མི་མང་གི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ James Soong ལགས་སུ་འོས་གྲངས་བརྒྱ་ཆ་ ༤.༣ དང་གོ་མིང་ཏང་ཚོགས་པའི་སྲིད་འཛིན་འོས་མི་ Han Kuo yu ལགས་ལ་འོས་གྲངས་བརྒྱ་ཆ་ ༣༨.༦  དེ་བཞིན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ Tsai Ing wen མཆོག་ལ་འོས་གྲངས་བརྒྱ་ཆ་ ༥༧.༡ མང་མོས་རྒྱལ་ཁ་ཆེན་པོ་ཐོབ་སྟེ་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ནས་ལྕམ་ཚའི་དབྱིང་ཝན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། ལྕམ་སྐུ་མཆོག་ལ་འདི་ལོའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐེངས་གཉིས་པ་ཐོབ་པར་བསྔགས་བརྗོད་དང་སྦྲགས་ཏེ་ཁོང་ལ་ཐེ་ཝན་གྱི་སྲིད་འཛིན་གནང་རིང་ལ་གཞུང་གི་བྱ་གཞག་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ལྕམ་སྐུ་མཆོག་གི་དབུ་ཁྲིད་འོག་མངའ་ཁུལ་དེར་ཞི་བདེ་དང་ཐེ་ཝན་གྱི་མི་མང་ཚོ་དཔལ་འབྱོར་ཕུན་སུམ་ཚོགས་པ་ཞིག་མུ་མཐུད་བསྐྲུན་ཐུབ་པར་ཐུགས་རེ་ཆེན་པོ་ཡོད་པར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ད་བར་ཐེ་ཝན་ནང་ཐེངས་གསུམ་ཙམ་ཆིབས་བསྒྱུར་མཛད་སྐབས་ཐེ་ཝན་གྱི་མི་མང་ཚོ་དང་ཕན་ཚུན་ཐུགས་ཉེ་པོས་འབྲེལ་བ་གནང་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་ཟད། ཐེ་ཝན་གྱི་མི་མང་ཚོས་མགོན་པོ་༸གང་ཉིད་ལ་དགའ་གུས་ལྡན་པའི་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་སོགས་ཐུགས་དྲན་གསོས་སྐབས་ཐུགས་དགྱེས་ཚོར་བྱུང་སྐོར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་༸སྐུ་ཉིད་ལྟ་བུ་གཞི་རྩའི་མང་གཙོའི་རིན་ཐང་གོང་འཕེལ་སླད་ཐུགས་ནུས་གང་ལྕོགས་འབད་བཞིན་ཡོད་སྟབས། ཐེ་ཝན་མང་ཚོགས་ཚོས་ཀྱང་མང་གཙོའི་རང་དབང་ལོངས་སུ་སྤྱོད་པ་ཙམ་མ་ཡིན་པར་དཔལ་འབྱོར་དང་ཤེས་ཡོན་ཕུན་སུམ་ཚོགས་པའི་ཐོག་ནས་རང་ཉིད་ཀྱི་རིག་གཞུང་གཅེས་འཛིན་གནང་དགོས་པའི་སྐུལ་ལྕག་མཛད་པ་དང་ཆབས་ཅིག ཐེ་ཝན་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབར་ད་བར་རྙོག་འཛིང་ཅན་གྱི་འབྲེལ་ལམ་ཞིག་ཡོད་ཀྱང་། ད་ཆ་ཕྱོགས་གཉིས་དབར་མི་དང་མིའི་འབྲེལ་བའི་ཐོག་ནས་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ་དེ་ཡང་ཧ་ཅང་གལ་གནད་ཡིན་པའི་ལམ་སྟོན་མཛད་འདུག ལྕམ་ Tsai Ing wen ལགས་ཀྱི་མང་གཙོའི་ཡར་ཐོན་ཚོགས་པ་ནི་རང་བཙན་དོན་གཉེར་ཚོགས་པ་ཞིག་ཡིན་ཡང་དངོས་སུ་རང་བཙན་བྱ་རྒྱུའི་གསལ་བསྒྲགས་མ་གནང་བར་ད་ལྟའི་ཐེ་ཝན་གྱི་རང་སྲིད་རང་སྐྱོང་གི་གནས་བབས་འདི་རྒྱུན་འཛིན་གནང་རྒྱུར་ཤུགས་སྣོན་གནང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ལྕམ་སྐུ་མཆོག་སྲིད་དབང་ཐོག་ཕེབས་པ་ནས་བཟུང་སྟེ་ཁོང་གི་གཞུང་དང་འབྲེལ་བ་གཙང་བཅད་ཀྱིས་ཕན་ཚུན་འབྲེལ་མོལ་བྱེད་མཚམས་བཞག་ཡོད་པས་ཐེངས་འདིའི་འོས་བསྡུ་ནང་ཁོང་ལ་བསྐྱར་དུ་རྒྱལ་ཁ་ཆེན་པོ་ཐོབ་པ་འདིས་ཐེ་ཝན་མི་མང་གི་མངོན་འདོད་གསལ་པོ་མཚོན་པ་ཞིག་ལ་མི་མང་པོས་ངོས་འཛིན་གནང་བཞིན་འདུག ད་ལན་ལྕམ་ཚའི་དབྱིང་ཝན་མཆོག་སླར་ཡང་ཐེ་ཝན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བར་བཀའ་སྤྱི་གཉིས་ནས་ཀྱང་ལྕམ་དགའ་བསུའི་འཚམས་འདྲི་གནང་འདུག་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཁོང་གི་དབུ་ཁྲིད་འོག་ཐེ་ཝན་མི་མང་ཁྲོད་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་། མང་གཙོའི་ལམ་ལུགས་སྲ་བརྟན་བཅས་ཀྱི་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་ཞུས་འདུག་པ་མ་ཟད། ཐེངས་འདིར་ལྕམ་སྐུ་མཆོག་སླར་སྲིད་འཛིན་དུ་འོས་འདེམས་བྱུང་བ་དེས་མི་མང་གིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་ཡོད་པ་གསལ་འདོན་གནང་བ་ཞིག་མཚོན་ཡོད་ཅེས་དང་ལྷག་དོན་ཐེ་ཝན་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་དོན་ཐོག་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་ཐེ་ཝན་མི་མང་རྣམས་མང་གཙོའི་ལམ་བཟང་ཐོག་འགྲོ་རྒྱུར་གནོན་ཤུགས་སྤྲོད་བཞིན་ཡོད་ཀྱང་། ད་རེས་ལྕམ་ Tsa Ing wen མཆོག་ལ་ཐེ་ཝན་ལོ་རྒྱུས་ཁྲོད་འོས་ཤོག་མང་ཤོས་ཐོབ་སྟེ་སླར་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་དང་འབྲེལ་ལྕམ་སྐུ་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་ལམ་ལྷོང་ཡོང་བར་ སྨོན་འདུན་ཞུས་འདུག མང་གཙོ་ཡར་ཐོན་ཚོགས་པར་སླར་རྒྱལ་ཁ་ཆེན་པོ་ཐོབ་པ་དེ་ནི་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་ཅེས་དང་ལྷག་དོན་ཐེ་ཝན་གཞུང་མང་གཉིས་ནི་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་མིར་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས་ཁྱེད་ཀྱི་འགོ་འཁྲིད་འོག་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་རེ་སྐུལ་ཞུས་འདུག ཁ་ཉིན་ལྕམ་ Tsai Ing wen བསྐྱར་དུ་ཐེ་ཝན་གྱི་སྲིད་འཛིན་ལ་ཐོབ་པ་ཁྱབ་བསྒྲགས་གནང་མ་ཐག་ཏུ་༸གོང་ས་མཆོག་གིས་དབུས་པའི་འཛམ་གླིང་རྒྱལ་ཁབ་མང་པོའི་དབུ་ཁྲིད་རྣམས་ནས་ཁོང་ལ་བརྟེན་འབྲེལ་གྱི་འཚམས་འདྲི་ཞུས་འདུག་པ་དང་། དེའི་ཁོངས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Micheal Pompeo ལགས་ཀྱིས་དེ་མ་ཐག་ཏུ་འཚམས་འདྲི་ཞུས་ཏེ་ཐེ་ཝན་གྱི་མང་གཙོ་འོས་འདེམས་དེ་ཉིད་ཀྱི་འཛམ་གླིང་མི་མང་ལ་དམིགས་དཔེ་ཞིག་བསྟན་སོང་ཞེས་བསྟོད་བསྔགས་དང་ཨ་རི་དང་ཐེ་ཝན་གཉིས་ནི་མང་གཙོའི་ཁྱིམ་མཚེས་གཅིག་གི་ཁོངས་གཏོགས་ཡིན་ལ་ཐེ་ཝན་གྱི་ཐེངས་འདིའི་འོས་འདེམས་ནི་མང་གཙོའི་ལམ་ལུགས་ཀྱི་གནད་དོན་མངོན་གསལ་གནང་ཡོད་པར་འགྲེལ་བརྗོད་གནང་འདུག་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་དང་གྲོས་ཚོགས་གོང་མའི་ཚོགས་མིས་ཐེ་ཝན་འོས་འདེམས་ཀྱི་མཇུག་འབྲས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ་ལྕམ་སྐུ་མཆོག་ལ་དགའ་བསུའི་འཚམས་འདྲི་དང་ཁོང་གི་རྒྱལ་ཁ་དེ་ནི་འཛམ་གླིང་ཡོངས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་མཁན་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། ལྷག་པར་དུ་རེས་གཟའ་སྤེན་པའི་མཚན་མོར་ལྕམ་ Tsai Ing wen མཆོག་གི་ཚོགས་པར་རྒྱལ་ཁ་ཐོབ་པའི་གསུང་བཤད་ཅིག་གནང་བའི་ནང་དུ་ཁོང་གིས་འོས་བླུགས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ད་ནས་ཐེ་ཝན་གྱི་མི་མང་ཚོས་རྡོག་རྩ་གཅིག་དྲིལ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། རྒྱ་ནག་གི་སྡིགས་རའི་འོག་ང་ཚོས་མགོ་སྒུར་གི་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

འཚེ་བ་དང་ཟིང་འཁྲུག་ཆེ་སྐབས་འདིར་བོད་མིའི་བཟང་སྤྱོད་གོང་འཕེལ་རྒྱུན་འཛིན་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ་ཁུལ་དེར་རྟེན་གཞི་བྱས་པའི་དགའ་ལྡན་འཕེལ་རྒྱས་གླིང་དུ་སྐུ་བཞུགས་མཛད་མུས་ཡིན་པ་ལྟར། ཁ་སང་མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་ཆོས་ཞུ་བ་ ༢༥༠ ལྷག་ལ་མཇལ་ཁ་བསྩལ་སྐབས་འཚེ་བ་དང་ཟིང་འཁྲུག་ཆེ་སྐབས་འདིར་བོད་མིའི་བཟང་སྤྱོད་གོང་འཕེལ་རྒྱུན་འཛིན་བྱེད་དགོས་གལ་ཡིན་པའི་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་མགོན་པོ་༸གང་ཉིད་མཆོག་གི་བཀའ་ཆོས་དང་བཀའ་དབང་སོགས་ཞུ་བར་ཕེབས་པའི་བོད་མི་དང་སོག་པོ། ར་ཤི་ཡ། དེ་བཞིན་ཀོ་རི་ཡ་སོགས་ཀྱི་དད་ལྡན་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་དང་སྦྲགས། དེ་སྔ་ནང་པ་སངས་རྒྱས་པའི་ཆོས་མ་དར་སའི་ས་གནས་ཁག་ཏུ་ནང་པའི་ཆོས་ལ་དམིགས་བསལ་གྱི་དོ་སྣང་ཆེན་པོ་བྱེད་བཞིན་པའི་དུས་འདིར་བོད་པ་དང་སོག་པོ། དེ་བཞིན་ཀོ་རི་ཡ་སོགས་ནི་དེ་སྔ་སོ་སོའི་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་སྟབས་བསོད་ནམས་དང་སྐལ་པ་བཟང་པོ་རེད་ཅེས་བཀའ་བསྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་ད་ཆ་བོད་མི་རྣམས་འཛམ་གླིང་གི་ས་ཕྱོགས་གང་སར་གཞིས་ཆགས་ཡོད་སྟབས། བོད་མི་རིགས་ཀྱི་ཕ་མེས་ནས་ཡོད་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་དེ་དེང་གི་འཛམ་གླིང་ཐོག་གོང་འཕེལ་རྒྱུན་འཛིན་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་ཐུབ་ཚེ་བོད་མིའི་ངོས་ནས་དམིགས་དཔེ་བཟང་པོ་ཞིག་བསྟན་ཐུབ་པ་མ་ཟད་བོད་མི་དོ་བདག་སོ་སོ་ས་ཕྱོགས་གང་དུ་ཕྱིན་ཀྱང་གཞན་གྱི་དགའ་མོས་བྱ་ཡུལ་ཞིག་ཆགས་ཀྱི་རེད་ཅེས་ལམ་སྟོན་མཛད་འདུག གཞན་ཡང་སྐབས་དེར་མགོན་པོ་མཆོག་ནས་བོད་མི་རིགས་ཞེས་པ་དེ་ནི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཚད་མཐོ་པོ་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་རང་གི་ཐོག་ལ་ཡོད་པའི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེས་མི་རིགས་གཞན་དང་ཐ་དད་ཡིན་པའི་མཚོན་རྟགས་ཤིག་ཀྱང་ཡིན་པས་རིག་གཞུང་དེ་དག་གཅེས་སྐྱོང་གནང་རྒྱུ་གལ་ཆེན་པོ་ཡིན་པར་མ་ཟད། བོད་མིས་ད་བར་བདག་གཅེས་གནང་བའི་༸དཔལ་ནཱ་ལེནྡཱའི་ཆོས་དེ་འཛམ་གླིང་སྤྱིའི་ཐོག་སྒོ་ཕྱེ་ཐུབ་པ་ཞིག་གནང་དགོས་སོགས་བཀའ་བསྩལ་འདུག   དེ་བཞིན་༸གོང་ས་མཆོག་གིས་ཁ་ཉིན་ཕྱི་ཚེས་ ༡༡ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཨ་མི་རི་ཀའི་གྲོང་ཁྱེར་ New York དུ་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་འདུ་འཛོམས་གནང་བའི་རྒྱ་རིགས་དང་བོད་པའི་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་སུམ་བརྒྱ་ཙམ་ལ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་དང་འཇིག་རྟེན་སྤྱི་སྨན་གྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་གཞི་རྩའི་རང་བཞིན་གཙོ་བོ་ནི་བྱམས་སྙིང་རྗེ་ཡིན་པ་དང་། གཞི་རྩའི་རང་བཞིན་གཙོ་བོ་དེ་གོང་འཕེལ་གཏོང་ཐབས་སུ་ཤེས་ཡོན་སློབ་གསོའི་ཐོག་ནས་གོང་འཕེལ་གཏོང་དགོས་གལ་ཡིན་པར་ལམ་སྟོན་མཛད་འདུག འཛམ་བུ་གླིང་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་མང་དག་ཅིག་ང་དང་ཁོ་ཞེས་རང་གཅེས་འཛིན་གྱི་བསམ་བློ་དང་། འགྲན་རྩོད་ཀྱི་རྣམ་པ་ཆེ་གྲགས་པའི་དབང་གིས་བྱུང་བ་ཆགས་ཀྱི་ཡོད་སྟབས་ང་ཚོའི་སེམས་རྒྱུད་ལ་བྱམས་བརྩེ་གོང་འཕེལ་དང་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་ནུས་པའི་ཐོག་ནས་ངལ་བ་དེ་དག་སེལ་ཐུབ་ངེས་ཡིན་པའི་ལམ་སྟོན་བསྩལ་ཡོད་པ་རེད། ལྷག་པར་དུ་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་འདིའི་འཛད་རིམ་ཐོག་རྒྱ་རིགས་དང་བོད་ཕྲུག་མཉམ་དུ་འདུ་འཛོམས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་དང་། བོད་དང་རྒྱ་ནག་དབར་ལ་དུས་རབས་བདུན་པ་ཙམ་ནས་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་པ་སོགས་ངོ་སྤྲོད་མཛད་པ་དང་ཆབས་ཅིག རྒྱ་རིགས་ཚོའི་ངོས་ནས་ནང་པའི་ཆོ་ག་ཕྱག་ལེན་ཙམ་མིན་པར་རིགས་ལམ་ཐོག་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་པ་ལམ་སྟོན་བསྩལ་འདུག་པ་མ་ཟད། ཆབ་སྲིད་དང་འབྲེལ་ཏེ་བཀའ་བསྩལ་བར་རྒྱ་ནག་གི་འགོ་ཁྲོད་ཚོའི་ནང་ལ་དེ་སྔ་རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱས་པའི་སྲིད་བྱུས་དེ་དག་དངོས་ཡོད་དང་མི་མཐུན་པ་ཞིག་ཡིན་པ་དགོངས་ཚུལ་གསུང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་བཀའ་བསྩལ་འདུག དྲི་བ་དྲིས་ལན་གྱི་མཛད་རིམ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་གཞིའི་ཐོག་སློབ་གཉེར་གནང་ཐུབ་ཚེ་ཆོས་ལུགས་ཡོད་མེད་དང་། ཆོས་དད་ཡོད་མེད་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་སོ་སོ་སྒེར་གྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་སེམས་འཚོར་དྲག་པོའི་ཆ་རྣམས་བཅོམ་རྒྱུ་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུར་དགེ་མཚན་ཡོད་པ་དང་། གཞོན་སྐྱེས་ཚོས་དེང་གི་འཛམ་གླིང་ཐོག་འཕྲད་བཞིན་པའི་གནམ་གཤེས་འགྱུར་ལྡོག་གི་དཀའ་ངལ་དང་། དགོས་མཁོ་ཅན་གྱི་མི་སེར་ཉམས་ཐག་ཚོར་རོགས་རམ་གང་ཐུབ་གནང་དགོས་པ་སོགས་ཀྱི་ལམ་སྟོན་མཛད་འདུག  སྐབས་དེའི་དྲྭ་ཐོག་གི་བཀའ་སློབ་མཛད་རིམ་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་ནས་ Stratnews Global ཞེས་པའི་གསར་ཁང་གི་རྩོམ་སྒྲིག་འགན་འཛིན་ Nitin Gokhale ལགས་ཀྱིས་བཅར་འདྲི་ཐོག་དབུ་བཞུགས་མཛད་དེ་ཕྱི་ལོ་ ༡༩༥༠ ཙམ་ནས་ད་བར་བོད་པའི་མི་རབས་ལ་བརྗེ་པོ་ཐེབས་ཡོད་ཀྱང་བོད་པའི་སེམས་ཤུགས་ནི་ནམ་ཡང་ཉམས་པ་མེད་པ་མ་ཟད་ད་ལྟའི་མི་རབས་གསར་པ་ཚོ་དེ་སྔའི་མི་རབས་ལྟར་སེམས་ཤུགས་ཞུམ་པ་མེད་པར་གནས་ཡོད་ཅེས་བཀའ་ལན་བསྩལ་འདུག དེང་སྐབས་རྒྱ་ནག་ནང་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་དང་རྗེས་སུ་འབྲང་མཁན་རྒྱ་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རིམ་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བཟང་པོ་དེ་དག་གིས་རྒྱ་མིའི་སེམས་ཁམས་ལ་ཤུགས་རྐྱེན་སྤྲོད་ཐུབ་ངེས་ཡིན་སྟབས་མ་འོངས་པར་ཕུགས་རྒྱང་རིང་པོའི་ཐོག་རྒྱ་མིའི་གོ་མཚོན་གྱི་སྟོབས་ཤུགས་ལས་བོད་པའི་རིག་གཞུང་བཟང་པོ་དེ་དག་གི་ནུས་སྟོབས་ཆེ་བ་ཡོང་རྒྱུ་བརྒྱ་ཆ་བརྒྱ་ཐམ་པ་དེ་ལྟར་ངེས་པ་རེད་ཅེས་བཀའ་ནན་བསྩལ་འདུག དེ་བཞིན་ཕྱི་ཚེས་ ༩ དང་ ༡༠ ཉིན་མགོན་པོ་༸གང་ཉིད་མཆོག་ནས་བོད་རིགས་གཙོས་པའི་འབྲུག་ཡུལ། ལ་དྭགས་སོགས་ཧི་མཱ་ཡའི་ས་ཁུལ་ཕེབས་པའི་ཆོས་ཞུ་ཚོ་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་དང་སྦྲགས། བོད་རིགས་གཞོན་སྐྱེས་ཚོ་ས་གནས་གང་དུ་བསྡད་མིན་ལ་བལྟོས་མེད་བོད་ཀྱི་སྐད་ཡིག་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ནང་པའི་ཆོས་འདི་ཆོ་ག་ཕྱག་ལེན་ཙམ་དུ་མ་བཞག་པར་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་འདུག   གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་ནས་ ༦ བར་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ཐང་ཆེན་དུ་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་དུ་བཀའ་ཆོས་དང་བཀའ་དབང་སོགས་བསྩལ་ཏེ་ད་ལྟའི་ཆར་ཁུལ་དེར་སྐུ་བཞུགས་མཛད་མུས་ཡིན་པ་དང་། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཅོག་ནས་ཕྱིའི་རྒྱལ་ཁབ་ཁག་ནས་ཆེད་བཅར་ཞུས་པའི་དད་ལྡ་ཁག་གཅིག་ལ་མཇལ་ཁ་དང་སྦྲགས་ཏེ་སེམས་པ་བཟང་པོ་བྱེད་རྒྱུ་དེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་ལྷག་པར་དུ་ང་ཚོ་སྤྱི་ཚོགས་སེམས་ཅན་ཞིག་ཡིན་སྟབས་གཞན་ཕན་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུ་དེ་བས་ཀྱང་གནད་ཆེ་ཡིན་པ་སོགས་ཀྱི་ལམ་སྟོན་མཛད་འདུག

ཨགྲཱ་ཁུལ་གྱི་བོད་མིའི་དགུན་ཚོང་གཉེར་མཁན་གྱི་ཁྲོམ་རར་མེ་སྐྱོན་ཤོར་བ།

རྒྱ་གར་ Uttar Pradesh མངའ་ཁོངས་ཀྱི་ Agra ཁུལ་གྱི་བོད་མིའི་དགུན་དུས་སུད་ཚོང་གཉེར་མཁན་གྱི་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་རྐྱེན་ཧིན་སྒོར་འབུམ་བཅུ་ལྷག་གི་གྱོང་གུད་ཕོག་འདུག ཕྱི་ཟླ་ ༡ ཚེས་ ༡༡ རེས་གཟའ་སྤེན་པའི་དགོང་མོ་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་ Agra ཡི་བཙན་བྱོལ་བོད་མི་དགུན་ཚོང་གཉེར་མཁན་གྱི་ཁྲོམ་ར་སྒོ་བརྒྱབས་ཟིན་པའི་རྗེས་སུ་ཁྲོམ་རར་མེ་སྐྱོན་གྱི་གནད་དོན་བྱུང་འདུག་པ་དང་། མེ་སྐྱོན་གྱི་དོན་རྐྱེན་གཙོ་བོ་ནི་ཁྲོམ་རའི་ཉེ་འཁྲིས་སུ་རླངས་འཁོར་གྱི་འཁོར་ལོ་བཟོ་མཁན་གྱི་ཚོང་ཁང་ཞིག་དང་རྒྱ་གར་དབུལ་པོའི་ཁྱིམ་ཚང་ཁག་གཅིག་ཡོད་སྟབས་དབུལ་ཕོངས་དེ་དག་གནམ་གཤིས་གྲང་ངར་ཆེ་བར་བརྟེན་རླངས་འཁོར་གྱི་འཁོར་ལོ་མེར་བསྲེགས་པ་ལྟར་མེ་དེ་རླུང་གིས་དེད་ནས་ཁྲོམ་རར་མེ་སྐྱོན་བྱུང་བ་ཞིག་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་མེ་སྐྱོན་བྱུང་སའི་བོད་པའི་ཁྲོམ་རའི་ཚོགས་གཙོ་བསྟན་འཛིན་དེད་དཔོན་ལགས་སུ་བཀའ་འདྲི་ཞུས་པར་ཁྲོམ་རའི་མཚན་སྲུང་བས་མེ་སྐྱོན་ཤོར་བའི་བརྡ་ལན་ཞིག་ཕུལ་འབྱོར་ལྟར་དེ་མ་ཐག་མེ་གསོད་རླངས་འཁོར་དང་ཉེན་རྟོག་པ། དེ་བཞིན་ཁྲོམ་རའི་སྐྱིད་སྡུག་གི་མི་མང་རྣམས་འབོད་དེ་མེ་བསད་ཐུབ་ ཡོད་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག མེ་སྐྱོན་གྱི་དོན་རྐྱེན་གཙོ་བོ་ནི་རྒྱ་གར་དབུལ་ཕོངས་རྣམས་ནས་རླངས་འཁོར་གྱི་འཁོར་ལོ་མེར་བསྲེགས་པར་བརྟེན་ནས་བྱུང་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། ཐེངས་འདིའི་མེ་སྐྱོན་ཁྲོད་ཚོང་ཟོག་མེར་ཤོར་བ་དང་ཆུ་དང་འདམ་བག་གིས་འཕྲོ་བརླག་ཤོར་ནས་ཧིན་སྒོར་འབུལ་བཅུ་ཙམ་གྱོང་རྒུད་ཕོག་ཡོད་ཀྱང་། བཙན་བྱོལ་བོད་མི་སྤྱི་དང་བྱེ་བྲག་ཚོགས་སྡེ་ཁག་ལ་བརྡབ་གསིག་མི་བཟོ་བའི་སླད་དུ་གཞན་ལ་ཞལ་འདེབས་སློང་རྒྱུ་གཙོས་རོགས་རམ་འཚོལ་རྒྱུའི་དམིགས་ཡུལ་གང་ཡང་མེད་པར་རང་ངོས་ནས་འབད་ངེས་ཡིན་པ་གསུངས་སོང་། རྩ་བའི་དགུན་དུས་སུ་སུད་ཚོང་གཉེར་མཁན་གྱི་བོད་པའི་ཁྲོམ་རར་གོད་ཆག་གི་གནད་དོན་ལོ་ལྟར་འཕྲད་བཞིན་པའི་ཁྲོད་སྔ་ལོར་ཆ་མཚོན་ན་རྒྱ་གར་ Maharashtra མངའ་ཁོངས་ཀྱི་ Dhule ཁུལ་གྱི་བོད་པའི་ཚོང་ཟོག་འཇོག་སར་གློག་གིས་དོན་རྐྱེན་འོག་མེ་སྐྱོན་བྱུང་ཡོད་པ་དང་ཐེངས་འདིའི་ཨགྲཱའི་ཁྲོམ་རར་མེ་སྐྱོན་ཤོར་བའི་གནད་དོན་ནི་ཕྱི་ལོ་ ༢༠༢༠ ལོའི་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་གྲོས་ཆོད་གཏན་འབེབས།

དེ་རིང་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲྭ་བས་གནས་ཚུལ་སྤེལ་བར་ཁ་ཉིན་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་འདུག་པ་དང་། དེའང་ལོ་འདིའི་ཕྱི་ཟླ་ ༥ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་རེད་འདུག ས་བཅད་ ༨ དང་དོན་ཚན་ ༤༨ ཡོད་པའི་སྲོལ་ཡིག་དེའི་ནང་སྲིད་འཛིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པ་དེ་མཛུབ་ཁྲིད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་ཐབས་བྱུས་བཀོད་སྒྲིག་གལ་ཆེན་དང་བླང་བྱར་བརྩི་སྲུང་ཞུས་པའི་ཐོག་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཉམས་མྱོང་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འོས་འགན་ཡོད་པ་སོགས་འཁོད་འདུག མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་ས་གཙོ་བོ་ནི་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། གྲོང་དང་གྲོང་རྡལ། གྲོང་ལྷན། སློབ་གྲྭ དམག་སྒར། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་སོགས་སུ་དཔེ་བཟང་ས་ཁུལ་ (གྲོང་ཁྱེར) དང་། དཔེ་བཟང་རྫོང་། (ཆུས) དཔེ་བཟང་ཡུལ་ཚོ། གྲོང་རྡལ་ (ཁྲོམ་གཞུང) དཔེ་བཟང་གྲོང་ལྷན། དཔེ་བཟང་སྡེ་ཁུལ། དཔེ་བཟང་ཚན་པ་བཅས་འཛུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁྱབ་གདལ་གཏོང་ཐབས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་སོགས་བཤད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༡༡ ལོ་ནས་བོད་ནང་རྒྱ་གཞུང་གི་དབྱེ་བའི་མཚོ་སྔོན་དང་ཡུ་ནན་ཞིང་ཆེན་བཅས་ཀྱི་ནང་དུ་ལག་བསྟར་འགོ་བཙུགས་ཟིན་ཡོད་པ་དང་། ཁྲིམས་སྒྲིག་དེའང་མི་རིགས་མཐུན་སྒྲིལ་སོགས་ཀྱི་རྣ་བར་སྙན་པའི་ཚིག་བརྗོད་བེད་སྤྱོད་བཏང་བའི་ཐོག་ནས་དོན་དངོས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་སྤེལ་རྒྱུ་དང་། དམར་ཤོག་ཚོགས་པའི་སྲིད་བྱུས་ལ་བློ་གཏད་མཁན་རྣམས་ལ་བྱ་དགའ་སྤྲད་པ་དང་། ཏང་གི་ཁ་ལ་མི་ཉན་མཁན་རྣམས་འཛིན་བཟུང་སོགས་ཀྱི་ཆད་པ་གང་བཅད་ཀྱང་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་ཀྱི་སློབ་གསོ་སྤེལ་རྒྱུ་དེ་ཡིན་པ་གསུངས་སོང་། ཁོང་གིས་ད་དུང་དེ་ལས་ཀྱང་བློ་ཚབས་ཆེ་བ་ནི་རྒྱ་གཞུང་གིས་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་དང་། ཆོས་ལུགས་ལས་དོན་སྲོལ་ཡིག ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོ་ནས་ལག་བསྟར་དང་བཟོ་བཅོས་སྣ་ཚོགས་བྱས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་བར་དོ་དམ་བྱེད་པའི་སྐོར་གྱི་བྱ་ཐབས་སོགས་སྔ་རྗེས་སུ་གསར་དུ་གཏན་འབེབས་དང་སྔར་ཡོད་ཀྱི་སྲོལ་ཡིག་ཁག་བཟོ་བཅོས་སྣ་ཚོགས་བྱས་ཏེ་ལག་བསྟར་བྱས་པ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཡོངས་སུ་འགལ་ཟླ་ཆགས་ཡོད་པ་དང་།  རྒྱ་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་གཏན་འབེབས་བྱ་བར་རང་ཉིད་ཀྱིས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་རེད་ཅེས་གསུངས་ཡོད། དེའང་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་སྐད་ཡིག རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་སྲུང་སྐྱོབ་དང་དར་སྤེལ། དེའི་འོས་འགན་དང་ལག་བསྟར་དགོས་པ་གསལ་པོ་འཁོད་ཡོད་ཀྱང་། རྒྱ་གཞུང་གི་ཁྲིམས་ཡིག་དང་ལག་བསྟར་སྲིད་བྱུས་གཉིས་ཡོངས་སུ་འགལ་ཟླ་ཆགས་ཏེ་གྲངས་ཉུང་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག རིག་གཞུང་བཅས་པ་སྲུང་སྐྱོབ་བྱེད་རྒྱུ་ལས་ལྡོག་ནས་སྐད་ཡིག་དང་རིག་གཞུང་རྒྱ་བསྒྱུར་དང་། མི་རིགས་རྒྱ་བསྒྱུར། ཐ་ན་ཆོས་ལུགས་དད་མོས་དང་། མིའི་བསམ་བློ་དང་ཡིད་ཆེས་བྱེད་ཕྱོགས་ཚུན་ཆད་དམར་པོའི་ཆབ་སྲིད་སློབ་གསོ་དང་ཁྲིམས་སྒྲིག་འོག་ཏུ་དམར་པོའི་རིང་ལུགས་དང་དམར་པོའི་ལྟ་བར་སྒྱུར་མུས་ཡིན་པར་མ་ཟད་བོད་མི་ཚོ་རང་ས་རང་ཡུལ་ནས་མི་རིགས་རང་གི་སྐད་ཡིག་དང་རིག་གཞུང་གི་ཆ་ནས་གྲངས་ཉུང་མི་རིགས་ཆགས་ཡོད་པ་ང་ཚོས་ཟུར་བལྟས་ལེབ་མཐོང་ཡིན་པ་གསུངས་སོང་།

བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་དམ་འབུལ་ཞུས་པ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༨ པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་བྱུང་བའི་ཆོས་རིགས་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཀྱི་དེ་རིང་ལས་འཁུར་དམ་འབུལ་ཞུས་སོང་། དེ་རིང་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡ ཚེས་ ༡༠ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་གསར་པ་སྲིད་སྐྱོང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་སྲི་ཞུ་བ་བཅས་ལྷན་འཛོམས་ཐོག་བསྟན་འཛིན་ལུང་རྟོགས་ལགས་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམས་འབུལ་ཞུས་ཡོད་པ་རེད། རྩ་བའི་བསྟན་འཛིན་ལུང་རྟོགས་ལགས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༩ ནང་འཚོགས་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་ ༣ ཐོག་ངོ་ཡོད་སྤྱི་འཐུས་གྲངས་ ༢༨ ཀྱིས་རྒྱབ་སྐྱོར་གནང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་དུ་འོས་འདེམས་བྱུང་བ་དང། ཁོང་ནི་ཉེ་ཆར་བགྲེས་ཡོལ་ཕེབས་པའི་ཁྲིབས་ཞིབ་པ་ངག་དབང་རབ་རྒྱས་ལགས་ཀྱི་ཚབ་ཏུ་བདམས་ཐོན་བསྐོ་གཞག་གནང་བ་ཞིག་ཡིན་པ་རེད། བསྟན་འཛིན་ལུང་རྟོགས་ལགས་ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༨ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་སུ་བསྐོ་གཞག་གནང་བ་ནས་བཟུང་ད་བར་ལོ་ངོ་ ༢༥ ཙམ་གྱི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཞབས་ཞུ་ཞུས་པའི་ཁྲོད་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་དང་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་དང་དྲུང་གཞོན། དེ་བཞིན་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་གཞོན། སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན། ཕྱི་ལོ་ ༢༠༠༤ ནས་གཞུང་ཞབས་འདེམས་ལྷན་གྱི་དྲུང་གཞོན་དང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་དང་ཟུང་དྲུང། ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་འོས་བསྡུ་ལས་ཁུངས་ཀྱི་ཟུང་དྲུང་དང་དྲུང་འཕར་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་དང། ཕྱི་ལོ་ ༢༠༡༦ ཟླ་ ༨ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཏུ་བསྐོ་གཞག་བྱུང་བ་མ་ཟད། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ཐུགས་འགན་བཞེས་ཡོད་པ་རེད།

ཕ་རན་སི་གཞུང་ལ་༸སྐུའི་ཡང་སྲིད་གནད་དོན་ཐོག་བཞེངས་ཕྱོགས་གསལ་པོ་འཛིན་དགོས་པའི་ཞུ་སྐུལ།

ཕ་རན་སི་གྲོས་ཚོགས་གོང་མའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Michel Raison ལགས་ཀྱིས་ཕྱིའི་སྟོབས་ཤུགས་ཀྱི་ཐེ་བྱུས་གང་ཡང་མེད་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་དང་འབྲེལ་བའི་བོད་ཀྱི་ཐུན་མིན་ལམ་སྲོལ་ལ་གུས་བརྩིས་དང་ཕ་རན་སི་གཞུང་ལ་༸སྐུའི་ཡང་སྲིད་གནད་དོན་ཐོག་བཞེངས་ཕྱོགས་གསལ་པོ་འཛིན་དགོས་པའི་ཞུ་སྐུལ་གནང་འདུག ཁ་སང་ཕྱི་ཚེས་ ༩ ཉིན France གྲོས་ཚོགས་གོང་མའི་གཞུང་འབྲེལ་དྲྭ་གནས་ཐོག་གྲོས་ཚོགས་འཐུས་མི་ Michel Raison ལགས་ཀྱིས་ཡུལ་དེའི་ཡུ་རོབ་དང་ཕྱི་སྲིད་ལས་དོན་ལྷན་ཁང་གི་བློན་ཆེན་མཆོག་གི་མཚན་ཐོག་ལ་ཕུལ་བའི་ཕྱག་བྲིས་ཤིག་འདོན་སྤེལ་གནང་བར་ཕྱི་ལོ་ ༢༠༡༩ ཟླ་ ༣ ནང་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་དང་སྒོས་༸གོང་ས་མཆོག་གིས་མ་འོངས་པའི་ཡང་སྲིད་བདམ་ཕྱོགས་རྣམས་རྒྱ་ནག་གཞུང་ནས་སྤྲུལ་སྐུ་ཡང་སྲིད་བདམ་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་གཏན་འབེབས་བྱས་ཡོད་པ་གཞིར་བཟུང་བྱེད་དགོས་པ་དང། དེ་རྗེས་ཕྱི་ཟླ་ ༨ ནང་དུ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ ༡༠༠ ཙམ་ལ་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཡང་སྲིད་བདམ་ཕྱོགས་ཀྱི་ཁྲིམས་སྒྲིག་དང་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ལེན་ཡོད་པའི་ཡང་སྲིད་བདམ་ཕྱོགས་ཀྱི་ལམ་སྲོལ་བཅས་ཀྱི་སྐོར་ལ་ཟབ་སྦྱོང་སྤྲད་པ་རྣམས་ལུང་འདྲེན་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་བདམས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཟིན་པ་དེ་ལྟར་ཡང། རྒྱ་ནག་གཞུང་ཕྱོགས་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་ཆབ་སྲིད་ཀྱི་ངན་བྱུས་སྤེལ་ཏེ་༸སྐུའི་ཡང་སྲིད་ཀྱི་བདག་དབང་༸གོང་ས་མཆོག་ལ་མེད་པ་བཟོ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་མངོན་གསལ་ཡོད་སྐོར་གསུངས་འདུག ཁོང་གི་ད་དུང་ཉེ་ཆར་་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདོན་སྤེལ་དང་འབྲེལ། གལ་ཏེ་ཁྲིམས་འཆར་དེ་གཏན་འབེབས་བྱུང་ཚེ་དེའི་བརྒྱུད་ནས་ཨ་རིའི་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་ཇི་ཡིན་གསལ་པོ་བཟོ་ཐུབ་ངེས་ཡིན་སྐོར་གསུངས་པ་མ་ཟད། Netherlands ཕྱི་སྲིད་བློན་ཆེན་གྱི་ངོས་ནས་ཀྱང་བོད་ཐོག་འཛིན་པའི་སྲིད་བྱུས་དང་འབྲེལ་བའི་གཞུང་འབྲེལ་ཡིག་ཆ་ཞིག་གི་ནང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་བདམ་རྒྱུའི་བདག་དབང་བོད་མི་རང་ལ་ཡོད་པ་མངོན་གསལ་གནང་བ་སོགས་ལུང་འདྲེན་གྱིས་ཕ་རན་སི་གཞུང་གིས་༸སྐུའི་ཡང་སྲིད་དང་འབྲེལ་བའི་བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་ལ་གུས་བརྩི་ཞུ་བཞིན་ཡོད་ཚེ་བོད་མི་རྣམས་ལ་ཕྱི་ཕྱོགས་ཀྱི་ཐད་བྱུས་མེད་པར་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་པར་མཐུན་འགྱུར་གནང་དགོས་པ་དང་ཕ་རན་སི་གཞུང་གི་ངོས་ནས་དེའི་ཐོག་བཞེངས་ཕྱོགས་གཙང་མ་ཞིག་འཛིན་དགོས་པའི་ཞུ་སྐུལ་གནང་འདུག

ཨི་ཊ་ལི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་བ།

ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིའི་གྲོས་ཚོགས་ནང་དུ་བོད་དང་ཧོང་ཀོང་གཙོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སེམས་འཚབ་ཀྱི་རྣམ་པ་བསྟན་པ་དང་འབྲེལ། རྒྱ་གཞུང་གིས་བོད་དང་ཧོང་ཀོང་ནང་སྤེལ་བའི་དྲག་གནོན་དང་དམ་དྲག་གི་བྱ་སྤྱོད་ལ་ཨི་ཊ་ལིའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་བཟོད་བསྲན་བྱེད་ཐུབ་བམ་ཞེས་ཡུལ་དེའི་གཞུང་ལ་འདྲི་རྩད་གནང་འདུག ཨི་ཊ་ལིའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Matteo Luigi Bianchi ལགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ཡུལ་གྲོས་ཚོགས་ནང་དུ་སྔ་ལོའི་ཕྱི་ཟླ་ ༡༡ ནང་དུ་ཡུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Luigi Di Maio མཆོག་ལ་ཧོང་ཀོང་ནང་གི་རྙོག་གླེང་དང་འབྲེལ་བའི་འདྲི་རྩད་ཀྱི་ལན་འདེབས་སྙན་ཐོར་བགྲོ་གླེང་ལས་རིམ་པ་གནང་བའི་ཁྲོད་གྲོས་ཚོགས་འཐུས་མི་སྐུ་ཞབས་ Matteo Luigi Bianchi ལགས་ཀྱིས་ཨི་ཊ་ལི་གཞུང་གི་ངོས་ནས་ཧོ་ཀོང་ནང་འབྱུང་བཞིན་པའི་གནད་དོན་དེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། ཨི་ཊ་ལི་རྒྱལ་ཁབ་དེ་བཞིན་ G7 སྟོབས་ཆེན་རྒྱལ་ཁབ་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་གནས་སྟངས་ཅི་འདྲ་ཞིག་གི་ཐོག་རང་དབང་དང་ལྡན་པའི་ངང་བཞེངས་ཕྱོགས་གསལ་པོ་བཟུང་རྒྱུའི་འོས་འགན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་དེ་ཨི་ཊ་ལའི་ཚོང་འབྲེལ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་དེ་བས་ཀྱང་ཐབས་བྱུས་དང་ལྡན་པའི་ངང་བཞེངས་ཕྱོགས་གསལ་པོ་དགོས་གལ་ཡིན་པ་གསུངས་འདུག ཁོང་གིས་མུ་མཐུད་གྲོས་ཚོགས་སུ་དབང་ཆ་གཅིག་སྡུད་རིང་ལུགས་རྒྱ་ནག་ལྟ་བུས་མང་ཚོགས་ཐོག་དྲག་གནོན་དང་རང་དབང་རྡོག་རོལ་བཏང་བ་ནི་ལོ་རྒྱུས་ནང་ཆེས་གསར་པ་གང་ཡང་མིན་སྐོར་གསུངས་ཏེ་སྐབས་དེར་ཁོང་གིས་བོད་ཀྱི་གནད་དོན་དཔེ་མཚོན་དུ་བཞག་སྟེ་ཐོག་མར་རྒྱ་གཞུང་གིས་རྒྱ་ནག་ནས་བོད་ཀྱི་རྒྱལ་ས་ལྷ་སར་བར་འགྲུལ་བཞུད་ལམ་ཁ་བཟོ་རྒྱུ་མཚོན་པའི་བོད་མི་མངཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བསྐྲུན་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། དོན་དམ་དུ་དེ་ལས་ལྡོག་ཏེ་རྒྱ་གཞུང་གིས་བོད་ཡོངས་རྫོགས་དབང་བསྒྱུར་དང་མི་བསད་ཁྲག་སྦྱོར། རིག་གཞུང་གཏོར་བཏང་རྐྱེན་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་བཙན་འབྱོལ་དུ་གྱར་དགོས་པའི་གནས་སྟངས་བྱུང་བ་ཡོད་སྐོར་ལུངས་འདྲེན་གནང་ཡོད་པ་རེད། ལྷག་དོན་གཞིས་བཞུགས་བོད་མི་ཚོས་རང་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་ལེགས་བྱང་། ཆོས་རིག་སོགས་གཅེས་སྐྱོང་གིས་ཉམས་ལེན་གནང་བར་དམ་དྲག་དང་རྩིས་མེད་རྡོ་རོལ་བཏང་དང་གཏོང་མུས་ཡིན་པ་མངོན་གསལ་གནང་འདུག ཁོང་གིས་གྲོས་ཚོགས་སུ་རྒྱ་ནག་གི་བྱ་སྤྱོད་དེ་དག་ཐེར་འདོན་གནང་བའི་ཐོག་ནས་བོད་དང་ཧོང་ཀོང་ནང་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་རྩིས་མེད་རྡོལ་རོལ་གཏོང་ཁག་མཐོང་བཞིན་དུ་མ་མཐོང་བའི་ཚུལ་དུ་བསྡད་ཐུབ་བམ་ཞེས་དང་དེ་དག་གི་ཐོག་ལ་ཨི་ཊ་ལི་གཞུང་ནས་བཟོད་བསྲན་གནང་ཐུབ་བམ་ཞེས་འདྲི་རྩད་གནང་ཡོད་པ་དང་ཆབས་ཅིག་ཏུ་ང་ཚོའི་ངོས་ནས་གནད་དོན་དེ་དག་ངོས་ལེན་གནང་ཐབས་མེད་ཅེས་ནན་པོ་གསུངས་ཡོད་པ་རེད། ཁོང་གིས་ད་དུང་གཞུང་འཛིན་མི་སྣ་ཁག་ལ་འབོད་སྐུལ་དང་འབྲེལ་ཏེ་ང་ཚོའི་ངོས་ནས་རྒྱལ་ཁབ་གཞན་དང་རྒྱལ་ཁབ་གཞན་དང་ལྷན་དུ་འཇོག་པའི་གྲོས་མཐུན་གང་འདྲ་ཞིག་ལ་གལ་ཆེ་འཛིན་གྱི་ཡོད་པ་དེ་ལྟར་ཡང་། ང་ཚོའི་ཕྱོགས་གཏོགས་རྒྱལ་ཁབ་གང་ཞིག་གིས་མང་ཚོགས་ཐོག་སྤེལ་བའི་དྲག་གནོན་གྱི་བྱ་སྤྱོད་ལ་བཟོད་བསྲན་བྱེད་ཐབས་མེད་ཅེས་གསུངས་འདུག་པ་མ་ཟད། ཨི་ཊ་ལིའི་གཞུང་འཛིན་མི་སྣ་ཁག་གི་ངོས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གལ་ཆེ་འཛིན་ནས་རྒྱ་ནག་ཐད་ལ་བཞེངས་ཕྱོགས་ཕྱག་ལས་གནང་གནད་ཡིན་པ་སོགས་གསུངས་འདུག གཞི་རྩའི་ཨི་ཊ་ལིའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Matteo Luigi Bianchi ལགས་ནི་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང། ལྷག་དོན་སྔ་ལོར་ཁོང་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐོག་ལྷན་ཞུགས་གནང་ཡོད་པ་རེད།

ཨོ་སི་ཊོ་ལི་ཡར་མེའི་འཇིག་པའི་གོད་ཆག་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཨོ་སི་ཊོ་ལི་ཡའི་ནང་མེའི་འཇིག་པའི་གོད་ཆག་ཚབས་ཆེན་བྱུང་རྐྱེན་ཁུལ་དེར་གནས་བཞུགས་མང་ཚོགས་མང་པོའི་ཚེ་སྲོག་དང་རྒྱུ་ནོར། དེ་བཞིན་རི་དྭགས་སྲོག་ཆགས་སོགས་ལ་གནོད་འཚེ་ཐེབས་ཡོད་པར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་ཡུལ་དེའི་སྲིད་བློན་སྐུ་ཞབས་ Scott Morrison མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་གནང་སྟེ་ས་གནས་མང་ཚོགས་ཀུན་ལ་གདུང་སེམས་མཉམ་བསྐྱེད་གནང་ཡོད་པ་དང་འབྲེལ། གོ་ལའི་ཚ་དྲོད་རྒྱས་བཞིན་པའི་ཛ་དྲག་གི་ངལ་བ་དེ་དག་སེལ་ཕྱིར་དོན་དམ་གྱི་ཐབས་ལམ་ཞིག་འཚོལ་དགོས་པར་ལམ་སྟོན་བཀྲིན་ཆེ་བ་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་དེའི་ནང་དུ་ད་རེས་ཀྱི་གོད་ཆག་ཚབས་ཆེན་དེའི་འོག་ ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐུ་ཞབས་ Scott Morrison མཆོག་གཙོ་གྱུར་དེ་གའི་མངའ་སྡེ་དང་ས་གནས་གཞུང་བཅས་ཀྱིས་མེ་སྐྱོན་གྱིས་གནོད་འཚེ་ཕོག་པ་རྣམས་ལ་དུས་ཐོག་ཉེན་གཡོལ་གྱི་ལས་གཞི་སྤེལ་བ་གཙོས་པའི་དགོས་ངེས་ཅན་གྱི་མཐུན་འགྱུར་རོགས་རམ་གནང་བར་ཡི་རང་བསྔགས་བརྗོད་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་ཐེངས་འདིའི་བྱུང་བའི་གོད་ཆག་ཁྲོད་ནགས་ཚལ་མེ་སྐྱོན་ཤོར་བའི་རྐྱེན་གྱིས་ས་གནས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་རྣམས་རྩ་གཏོར་ཆེན་པོ་བྱུང་བར་མ་ཟད། དེ་བཞིན་ཚེ་སྲོག་ཤོར་བའི་མང་ཚོགས་དང་དེ་དག་གི་ཤུལ་ལུས་ནང་མི་སྤུན་མཆེད། རྒྱུ་ནོར། རི་དྭགས་སྲོག་ཆགས་དག་ལ་གནོད་སྐྱོན་ཐེབས་པ། སྒོས་སུ་འཇིག་པ་དེའི་རྐྱེན་པས་ཆགས་ས་རྟེན་ས་མེད་པའི་མི་མང་དུ་མར་དཀའ་ངལ་འཕྲད་པར་གདུང་སེམས་མཉམ་བསྐྱེད་གནང་བ་དང་སྦྲགས། ལྷག་དོན་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས་མེའི་འཇིག་པས་གནོད་འཚེ་ཕོག་མཁན་ཚོར་དགོས་ངེས་གྱི་མཐུན་འགྱུར་རོགས་རམ་གནང་སྟེ་གདུང་སེམས་མཉམ་བསྐྱེད་ཞུས་དང་ཞུ་བཞིན་པ་དེས་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་འགུལ་ཆེན་པོ་ཐེབ་ཡོད་པ་དང་། ལས་དོན་འདི་ལྟ་བུ་ནི་འགྲོ་བ་མི་གཅིག་གྱུར་དང་བྱམས་སྙིང་རྗེའི་རང་བཞིན་གྱི་དཔེ་མཚོན་ཞིག་ཡིན་སྐོར་བཀའ་བསྩལ་བ་མ་ཟད། ཁྱད་པར་དུ་ང་ཚོ་མི་རེ་ངོ་རེ་ངོས་ཀྱིས་ད་ལྟའི་ཆར་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་ཛ་དྲག་གི་ངལ་བ་དེ་དག་སེལ་ཕྱིར་དོན་དམ་གྱི་ཐབས་ལམ་ཞིག་འཚོལ་དགོས་པར་ལམ་སྟོན་བཀྲིན་ཆེ་བ་མཛད་འདུག ༸གོང་ས་མཆོག་གིས་ད་རེས་ཀྱི་གསུང་འཕྲིན་དེའི་བརྒྱུད་དེ་དེ་སྔ་མགོན་པོ་༸གང་ཉིད་མཆོག་ཨོ་སི་ཊོ་ལི་ཡའི་ནང་ཡང་ཡང་ཕེབས་ཀྱི་ཡོད་པ་བཞིན། ས་གནས་མང་ཚོགས་ཚོས་གང་ཉིད་ལ་ལྷད་མེད་ཀྱི་བརྩེ་སེམས་རྣམ་པ་ཆེད་བཏོན་དང་། ལྷག་དོན་མགོན་པོ་མཆོག་གིས་བསྟན་འགྲོ་སྤྱིར་སྨན་པའི་འགྲོ་བ་མིའི་རིན་ཐང་དང་སེམས་ཀྱི་ཞི་བདེ་གོང་འཕེལ་མཛད་རྒྱུའི་ཕྱག་ལས་དག་ལ་ཐུགས་སྣང་ཆེན་པོ་གནང་བ་དེས་ཐུགས་འགུལ་ཆེན་པོ་ཐེབས་སྐོར་ཡང་བཀའ་བསྩལ་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་གནས་མཆོག་རྡོ་རྗེ་གདན་དུ་འཇམ་དབྱངས་ཆོས་འཁོར་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བཀའ་དྲིན་སྩོལ་བཞིན་པའི་ཁྲོད་འཛམ་བུ་གླིང་འདིའི་ཐོག་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཞིག་ཡིན་པ་དང། དེའི་ཁྲོད་གོ་ལའི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་ས་ཆ་ཁ་ཤས་ནང་དུ་ཆུའི་འཇིག་པའི་དབང་གིས་ཆུ་ལོག་གི་ངལ་བ་དང་། ལྷག་པར་ད་ལྟ་ཨོ་སི་ཊོ་ལི་ཡ་ལྟ་བུར་ཚ་དྲོད་རྒྱས་ཏེ་མེ་སྐྱོན་གྱི་དཀའ་ངལ་ཆེས་ཛ་དྲག་འཕྲད་བཞིན་པའི་འོག་མི་དང་སྲོག་ཆགས་ས་ཡ་མང་པོའི་ཚེ་སྲོག་ཤོར་བར་ཐུབས་འཚབ་ཡོད་པའི་བཀའ་བསྩལ་བ་དང་སྦྲགས་ཏེ་ཚང་མས་བསྔོ་སྨོན་གསུང་འདོན་གནང་དགོས་པ་མ་ཟད་སླད་མར་ངལ་བ་དེ་ལྟར་མི་འཕྲད་པའི་ཆེད་དུ་ཁོར་ཡུག་ཐོག་ཐུགས་སྣང་གནང་གནད་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེའི་བར་ན་འབྲེལ་ཡོད་གནས་ཚུལ་གཞན་ཞིག་གི་ནང་གསལ་ལྟར་ན་དེ་རིང་ཕྱི་ཚེས་ ༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས་ཀྱང་རང་བྱུང་གི་གནོད་འཚེ་མེའི་འཇིག་པ་བྱུང་ནས་མི་དང་སྲོག་ཆགས་མང་པོའི་ཚེ་སྲོག་ཤོར་ནས་དུས་མིན་འཆི་རྐྱེན་དུ་སོང་བ་དང་། བསམ་ཡུལ་ལས་འདས་པའི་སྡུག་བསྔལ་བཟོད་གླགས་མེད་པར་བྱུང་བ་རྣམས་ལ་གསོལ་འདེབས་སྨོན་ལམ་དང་དང་དཀའ་སྡུག་གྲངས་ལས་འདས་པ་མྱོང་བཞིན་པའི་སྐྱེ་འགྲོ་རྣམས་འཇིགས་པ་དེ་ལས་མྱུར་དུ་ཐར་ཏེ་ཆོས་འབྱོར་བདེ་དགེས་འཚོ་བའི་སྨོན་འདུན་ཤུགས་དྲག་གིས་སྐྱབས་སྨོན་མཛད་འདུག གཞི་རྩའི་ཨོ་སི་ཊོ་ལི་ཡ་ནང་གི་མངའ་སྡེ་འདྲ་མིན་དྲུག་ཙམ་ནང་གི་ས་ཁོངས་ཁྱོན་ Acre ས་ཡ་ ༡༤ ཙམ་ཚུད་པའི་འོག་མིའི་སྡོད་ཁྱིམ་ ༢༠༠༠ ལྷག་མེས་འཚིགས་ཟིན་པ་དང་། མི་ ༢༦ རྐྱེན་འདས་སུ་གྱུར་བ་དང་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག དེ་བཞིན་རི་དྭགས་སྲོག་ཆགས་ཐེར་འབུལ་གཅིག་ཙམ་གྱི་ཚེ་སྲོག་ཤོག་བའི་ཆེས་ཛ་དྲག་གི་གནས་སྟངས་གྱུར་ཡོད་པ་རེད།

Latest news