Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཡོ་རོབ་གྲོས་ཚོགས་གསར་བའི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་བསྐྱར་དུ་བཙུགས་པ།

ཁ་སང་རེས་གཟའ་ལྷག་པའི་ཉིན་ཡོ་རོབ་གྲོས་ཚོགས་གསར་བའི་ནང་དུ་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མའི་ཚོགས་པ་ཞིག་བསྐྱར་དུ་བཙུགས་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་རྙིང་གཉིས་ཀྱི་ལས་ཁུར་བརྗེ་ལེན་གྱི་མཛད་སྒོ་ཞིག་ཚོགས་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ཡོ་རོབ་བྷེལ་ཇམ་གྱི་ནང་དུ། ཡོ་རོབ་གྲོས་ཚོགས་ནང་གསར་དུ་བདམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཆེད་དུ་བཙུགས་ཏེ་ཚོགས་ཐོག་ཏུ་སྤྱི་མོས་ཀྱི་ཐོག་ནས་ཅེཀ་སྤྱི་མཐུབ་རྒྱལ་ཁབ་ཀྱི་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Mikulas Peksa ལགས་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང་འདུག ཐེངས་འདིའི་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཐོག་ཏུ། རིང་མིན་ལས་ཡུན་རྫོགས་ལ་ཉེ་བའི་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་། སྐབས་སྔོན་མའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་ Scott-Cato ལགས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་བདུན་དང་ཕྱག་རོགས་དགུ། དེ་བཞིན་ཡོ་རོབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ལས་བྱེད་བཅས་ནས་ལྷན་ཞུགས་གནང་འདུག སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་བ་སྐུ་ཞབས་ Peksa ལགས་ཀྱིས་ཚོགས་པའི་ངོས་ནས་དུས་རྒྱུན་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་དགོས་ཡིན་པར་བཀའ་གནང་བ་དང་འབྲེལ། ཡོ་རོབ་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མི་དང་ལས་རོགས་རྣམས་ངེས་པར་དུ་བཞུགས་སྒར་དྷ་སར་ཆེད་ཕེབས་ཞུ་ཐུབ་པ་དགོས་གལ་དང་། བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་འགྲེམས་སྟོན་སོགས་གོ་སྒྲིག་བྱེད་རྒྱུ་ཙམ་མ་ཟད། ཚོགས་པའི་ངོས་ནས་ཡང་ཡང་ཚོགས་འདུ་སྐོང་ཚོགས་གནང་སྟེ་བོད་དོན་རྒྱབ་སྐྱོར་ཀྱི་ཚོགས་མི་ཇེ་མང་དང་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་གལ་ཆེན་ཡིན་པའི་དགོངས་ཚུལ་གནང་འདུག སྐབས་དེར་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཀྱང་ལས་གཞི་དེ་དག་ལ་རྗེས་སུ་ཡི་རངས་ཀྱིས་མཉམ་ལས་བྱེད་རྒྱུ་ཡིན་པར་གསུངས་བ་དང་སྦྲགས། ལྕམ་ Scott-Cato ལགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་དོན་རྒྱབ་སྐྱོར་གྱི་ཕྱག་ལས་རྒྱ་ཆེར་གནང་བར་བསྔགས་བརྗོད་ཞུས་པ་དང་ལྷན་དུ། སྐུ་ཞབས་Peksa ཚོགས་གཙོ་གསར་བར་འོིས་འདེམས་བྱུང་བར་དགའ་བསུ་ཞུས་ཡོད་པར་འཁོད་འདུག དེ་བཞིན་བྷེལ་ཇམ་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་འཐུས་མི་གསར་བ། ལྕམ་ De Sutter ལགས་ཀྱིས་ཀྱང་ཁོང་འདས་བའི་མི་ལོ་ཉི་ཤུའི་རིང་བོད་དོན་དང་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། སླད་མ་འོངས་བར་ཡང་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལུགས་བརྗོད་དེ། ཁོང་ཉིད་ལོ་ལྔའི་གོང་དུ་རྡ་སར་ཆེད་དུ་བཅར་ཡོད་པ་ལུང་འདྲེན་གྱིས། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་འཐུས་མི་རྣམས་བཞུགས་སྒར་རྡ་སར་བཅར་རྒྱུའི་དགོངས་གཞི་དེ་ཧ་ཅང་གི་གལ་གནད་ལྡན་པ་ཞིག་ཡིན་པར་གསུངས་ཡོད་པ་དང་། ཕྱོགས་མཚུངས་སུ་ Austria ཡི་གྲོས་ཚོགས་འཐུས་མི། སྐུ་ཞབས་ Hannes Heide ལགས་ཀྱིས་ བོད་དོན་དེ་འདས་བའི་ངོ་ལོ་ཉི་ཤུའི་ནང་དུ་མང་ཚོགས་ཀྱི་ཁྲོད་དུ་མངོན་གསལ་དོད་པོ་ཡོད་པའི་རྣམ་པ་དེ་ད་ལྟའི་ཆར་མེད་པར་གྱུར་ཡོད་སྟབས། མང་ཚོགས་ཀྱི་ཁྲོད་དུ་གོ་རྟོགས་ལས་འགུལ་སྤེལ་ཏེ་བོད་དོན་དེ་མངོན་གསལ་དོད་པོ་གནང་དགོས་གལ་ཡིན་པའི་འབོད་སྐུལ་ཞུས་འདུགཚོགས་འདུའི་ཐོག་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vincent Matten ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། ཡོ་རོབ་དང་ཨ་རི་གཉིས་དབར་གྱི་འབྲེལ་ལམ་དང་ལྷག་པར་དུ་ལོ་དེའི་ནང་འཚོགས་ལ་ཉེ་བའི་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དང་། དབུ་ཁྲིད་རྣམ་པའི་དབར་གྱི་མཇལ་འཕྲད་སོགས་དང་འབྲེལ་བའི་ལས་རིམ་ཁག་གཅིག་གི་སྐོར་ལ་ངོ་སྤྲོད་གནང་འདུག རྩ་བའི་ཐེངས་འདིའི་ཚོགས་ཞུགས་ཁྲོད་ཀྱི་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ལྕམ་ Scott-Cato དང་སྐུ་ཞབས་ Horwood ལགས་གཉིས་དབྱིན་ཡུལ་ཡོ་རོབ་མཐུན་ཚོགས་ནས་མར་ཐོན་པ་དང་ལྷན་དུ་རང་བཞིན་གྱིས་ཡོ་རོབ་གྲོས་ཚོགས་ནས་ཐོན་གྱི་ཡོད་པ་རེད།

སྒང་ཏོག་ཁུལ་དུ་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་ལྔ་པ་དེ་ཚོགས་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Empowering the Vision Project འམ་ན་གཞོན་ནུས་སྤེལ་ལས་གཞི་ཞེས་པའི་ཚོགས་པའི་གོ་སྒྲིག་འོག་ཁ་ཉིན་ཕྱི་ཚེས་ ༢༡ ནས་ཕྱི་ཚེས་ ༢༥ བར་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་གྱི་རྣམ་རྒྱལ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་དུ་ Global vision for  young Tibetans Conference ཞེས་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་ལྔ་པ་དེ་ཚོགས་ཡོད་པ་དང་། ལྷན་ཚོགས་ཐོག་རྒྱ་གར་དང་བལ་ཡུལ་ནས་བོད་རིགས་གཞོན་སྐྱེས་དྲུག་ཅུ་ཙམ་ལྷན་འཛོམས་བྱུང་འདུག་པ་དང་ཚོགས་བཅར་བ་བརྒྱ་ཆ་ ༥༠ ཙམ་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ཆགས་ཀྱི་འདུག དེ་བཞིན་ལྷན་ཚོགས་ཐོག་ཆེད་ལས་མི་སྣ་ཁག་གདན་ཞུ་གནང་ཐོག་བརྗོད་གཞི་མི་འདྲ་བ་གཙོ་བོ་བཞི་སྟེ། བོད་རིགས་གཞོན་སྐྱེས་རྣམས་ཀྱི་འགོ་ཁྲིད་ཀྱི་ནུས་པ་གལ་ཆེན་ཡིན་པ། བོད་མི་རྣམས་ལ་འགྱུར་བ་གཏོང་མཁན་གྱི་སྣེ་ཁྲིད་པ་ཞིག་ཆགས་ཐབས། བོད་ཀྱི་མི་རབས་གསར་བའི་དཔུང་ཁག་ཅིག་འཚར་ལོངས་བྱུང་ཐབས། དེ་བཞིན་རང་ཉིད་བོད་ཀྱི་མ་འོངས་པར་མཁོ་བའི་བོད་མི་རིགས་དེ་ཡིན་ནམ་ཞེས་པ་དེ་དག་གི་ཐོག་གོས་བསྡུར་གནང་དང་གནང་མུས་ཡིན་པ་རེད། རྩ་བའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་འབྲས་ལྗོངས་མངའ་སྡའི་ཤེས་རིག་བློན་ཆེན་དང་གཞོན་སྐྱེས་ལས་དོན་བློན་ཆེན་སྐུ་ཞབས་ཀུན་དགའ་ཉི་མ་ལེབ་ཆ་མཆོག་གིས་གཙོས་པའི་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་སོགས་གདན་ཞུ་གནང་ཡོད་པ་དང་། ན་གཞོན་ནུས་སྤེལ་ལས་གཞི་ཞེས་པའི་ཚོགས་པ་དེ་ནི་བོད་མི་གཞོན་སྐྱེས་རྣམས་ཀྱི་ནུས་པ་གོང་སྤེལ་གནང་རྒྱུར་དམིགས་ནས་ཕྱི་ལོ་ ༢༠༠༧ ལོར་གསར་འཛུགས་གནང་བ་ཞིག་དང་། ཚོགས་པ་དེས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མིའི་གཞོན་སྐྱེས་ནུས་སྤེལ་དང་འབྲེལ་བའི་རླབས་ཆེན་ཕྱག་ལས་གནང་མུས་ཡིན་པ་དང་། བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་བཞི་པ་དེ་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་སུ་སྐོང་ཚོགས་གནང་ཡོད་པ་རེད།

ཨ་ཕོ་དགའ་དགའ་ཞེས་པའི་བོད་པའི་གླུ་གཞས་ཤིག Queensland རོལ་དབྱངས་འགྲན་བསྡུར་གྱི་མཐའ་མའི་འོས་དམིགས་ཁོངས་སུ་ཚུད་འདུག

ཨོ་གླིང་གི་ནང་དུ་གནས་སྡོད་བྱེད་བཞིན་པའི་བོད་པའི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བླངས་གནང་བའི་གླུ་གཞས་ཨ་ཕོ་དགའ་དགའ་ཞེས་པ་དེ་ཡུལ་དེའི་ནང་གི་རོལ་དབྱངས་འགྲན་བསྡུར་ཆེ་གྲས་ Queensland རོལ་དབྱངས་འགྲན་བསྡུར་གྱི་བྱ་དགའ་བཞེས་མཁན་གྱི་མཐའ་མའི་འོས་དམིགས་ཁོངས་སུ་བདམས་ཐོན་བྱུང་འདུག འདི་གའི་གསར་འགོད་པས་དེ་རིང་ཞལ་བར་བརྒྱུད་བསྟན་འཛིན་ཆོས་རྒྱལ་ལགས་སུ་བཀའ་འདྲི་ཞུས་སྐབས། ཨ་ཕོ་དགའ་དགའ་ཞེས་པའི་བོད་པའི་ཕྲུ་གུ་མང་དག་ཅིག་རང་ཡུལ་བཞག་ནས་བཙན་བྱོལ་ནང་སྡོད་དགོས་འཁེལ་བཞིན་ཡོད་པ་ལྟར། ཕ་ཡུལ་ནས་དེ་གའི་ཕ་མ་ཚོས་ཚུར་རང་ཡུལ་དུ་ལོག་ཤོག་ཟེར་བ་ལྟ་བུའི་རྣམ་པ་སྟོན་ཐབས་གནང་ཡོད་པ་དང་། ད་རེས་ཁོང་གི་གླུ་གཞས་འོས་འདེམས་བྱུང་སྟེ་ཕྱིའི་རྒྱལ་ཁབ་ཀྱི་དབྱངས་ཀྱི་གར་སྟེགས་ཐོག་སླེབས་ཐུབ་པར་དགའ་ཚོར་ཆེན་པོ་སྐྱེས་བཞིན་ཡོད་སྐོར་གསུངས་སོང་། ཨ་ཕོ་དགའ་དགའ་ཞེས་པའི་གླུ་གཞས་འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གཞས་ཀྱི་སྒྲ་གདངས་ཡོད་པ་གང་ཞིག་ལ་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་དབྱངས་འདྲ་མིན་མཉམ་དུ་འབྲེལ་བའི་དབྱངས་འཛོམས་ཀྱི་གླུ་གཞས་ཤིག་ཆགས་ཡོད་པ་དང་།  དེའང་ཁོང་གི་འདས་པའི་ལོ་མང་པོའི་རིང་ལ་དེའི་ཐོག་ཕྱག་ལས་གནང་བའི་རྗེས་སུ་འདི་ལོར་ཁོང་གིས་ཨ་ཕོ་དགའ་དགའ་གཙོ་བྱས་པའི་འཁོར་ཐག་གཞན་གཉིས་འདོན་སྤེལ་གནང་ཡོད་པ་རེད་འདུག རྩ་བའི་བསྟན་འཛིན་ཆོས་རྒྱལ་ལགས་ཐོག་མར་བོད་ནས་ཕེབས་ཏེ་རྡ་སྟེང་བོད་ཁྱིམ་དུ་སློབ་སྦྱོང་གནང་རྗེས་ཕྱི་ལོ་ ༡༩༩༧ ལོར་ཨོ་གླིང་དུ་ཕེབས་པའི་རྗེས་སུ་གླུ་གཞས་དང་རོལ་དབྱངས་སྒྱུ་རྩལ་རང་གི་ཐོག་ནས་ཕྱག་ལས་གནང་བ་མ་ཟད། ཡུལ་དེའི་ནང་བོད་དོན་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་ངོ་སྤྲོད་ཆེད་ཁོང་གིས་ལོ་ལྟར་བོད་ཀྱི་དུས་སྟོན་ཡང་གོ་སྒྲིག་གནང་གི་ཡོད་པ་རེད། ད་ལྟའི་ཆར་ཁོང་ཡུལ་དེའི་ནང་མེ་སྐྱོན་ཚབ་ཆེ་ཕོག་པའི་ས་ཁུལ་ཁག་ཏུ་བསྐོར་བསྐྱོད་ཀྱིས་རོལ་དབྱངས་ཀྱི་ཐོག་ནས་མང་ཚོགས་ལ་གདོང་སེམས་མཉམ་སྐྱེད་ཞུ་བཞིན་པ་རེད་འདུག

གཞོན་སྐྱེས་ཚོས་གོ་ལ་འདིའི་མི་སེར་གཅིག་གྱུར་གྱི་བསམ་བློ་ཡོད་ཐོག་མཉམ་ལས་གནང་གལ་ཡིན་པ་བཀའ་བསྩལ་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Empowering the Vision Project འམ་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་གོ་སྒྲིག་འོག་ཁ་སང་ཕྱི་ཚེས་ ༢༡ ནས་ཚེས་ ༢༥ བར་རྒྱ་གར་བྱང་ཤར་སྒང་ཏོག་གྱི་ཁུལ་དུ་ Global vision for  young Tibetans Conference འམ་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་ལྔ་པ་དེ་འཚོགས་འདུག་པ་དང་། ལྷན་ཚོགས་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཞིག་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་དུ་ན་གཞོན་ནུས་སྤེལ་ལས་གཞིའི་ངོས་ནས་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཞེས་པའི་བརྗོད་གཞིའི་འོག་རྒྱ་གར་དང་བལ་ཡུལ་ནས་བོད་རིགས་གཞོན་སྐྱེས་དྲུག་ཅུ་ལྷན་འཛོམས་བྱུང་བར་འཚམས་འདྲི་མཛད་པ་དང་སྦྲགས། འཛམ་གླིང་འདིའི་ནང་དུ་དུས་རབས་ ༢༠ པའི་ནང་འཚེ་བའི་ལས་ཁོ་ན་བྱུང་ཡོད་སྟབས་དུས་རབས་ཉེར་གཅིག་པ་འདི་མི་གསོད་ཁྲག་སྦྱོར་དང་སྡུག་བསྔལ་ཅན་གྱི་དུས་རབས་ཤིག་མི་ཡོང་བར་བོད་རིགས་གཞོན་སྐྱེས་གཙོ་གྱུར་དེང་རབས་ཀྱི་གཞོན་སྐྱེས་རྣམས་འགན་འཁྲི་ཡོད་པ་བཀའ་གནང་བ་དང་འབྲེལ། གཞོན་སྐྱེས་རྣམས་ནས་གོ་ལ་འདིའི་མི་སེར་གཅིག་གྱུར་གྱི་བསམ་བློ་ཡོད་ཐོག་མཉམ་རུབ་ཀྱིས་འགན་བླངས་དགོས་པ་མ་ཟད། འདི་ལྟ་བུའི་བློ་རྒྱ་ཡངས་པའི་བསམ་བློ་དེ་བོད་ཀྱི་བདེ་དོན་དང་འབྲེལ་ནས་རེ་བ་བཟང་ཕྱོགས་ཀྱི་ཐོག་ནས་བོད་ཀྱི་བདེ་དོན་སེལ་རྒྱུར་ཧ་ཅང་གནད་འགག་ཆགས་ཀྱི་ཡོད་པ་བཀའ་བསྩལ་འདུག ད་དུང་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་སྤྱིའི་ཁྲོད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོ་གྱུར་རང་དབང་དང་དྲང་བདེན། དེ་བཞིན་ཞི་བདེར་ངོས་བཞེས། ཕོ་མོ་དབྱེར་མེད་ཐོག་ནས་བེུད་རྣམས་ལ་གུས་བརྩི་དགོས་པའི་བསམ་ཚུལ་གཅིག་མཚུངས་འབྱུང་བཞིན་པའི་ཁྲོད་ང་ཚོར་རེ་བ་ཡོད་པ་ཞིག་ཡིན་ཀྱང་གདོང་ལེན་གནང་དགོས་པ་མང་དག་ཅིག་ཡོད་པ་བཀའ་བསྩལ་བ་དང་སྦྲགས། དེང་གི་འཛམ་བུ་གླིང་འདིའི་ནང་གི་དཀའ་ངལ་མང་དག་ཅིག་ང་ཚོ་མིས་བཟོས་པ་ཆགས་ཀྱི་ཡོད་པ་མ་ཟད། དཀའ་ངལ་དེ་དག་ནི་ཕུགས་རྒྱང་རིང་པོར་བསམ་བློ་འཁོར་མ་ཐུབ་པ་དང་། གཞན་གྱི་བསམ་ཚུལ་ལ་མི་ཉན་པའི་དབང་གིས་བྱུང་བ་ཞིག་ཡིན་སྟབས་རྒྱ་གར་གྱི་གནའ་བོའི་རིག་གནས་ལས་ཆས་པའི་བྱམས་པ་དང་། འཚེ་བ་མེད་པ། དེ་བཞིན་སྙིང་རྗེ་སོགས་ནི་ད་ལྟའི་དུས་འདི་ཉེ་བར་མཁོ་བ་ཅིག་ཡིན་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚོགས་བདེ་སྐྱིད་དང་ལྡན་པ་ཞིག་གི་ནང་དུ་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར སེམས་བཟང་པོ་དང་སྙིང་རྗེ་ནི་ལྡེ་མིག་ལྟ་བུ་ཡིན་པར་བཀའ་བསྩལ་བ་དང་སྦྲགས། རང་ཉིད་དཀའ་ངལ་ནང་ལྷུང་ཚེ་ཕྱོགས་གང་ས་ནས་རྒྱུ་རྐྱེན་ལ་དཔྱད་ཞིབ་བྱས་ནས་སྐྱོབ་ཐབས་ལ་འབད་དགོས་པ་དང་། ཅི་སྟེ་དེ་ལྟར་བྱེད་ཐུབ་ཚེ་སྤྱིར་གོ་ལ་ཁྱོན་ཡོངས་ཀྱི་བདེ་སྡུག་དང་བྱེ་བྲག་ཏུ་བོད་མི་རིགས་ཀྱི་བདེ་དོན་སླད་དུ་ཞབས་འདེབས་ཞུ་ཐུབ་ངེས་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག རྩ་བའི་ Empowering the Vision Project འམ་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་དེ་ནི་བོད་མི་གཞོན་སྐྱེས་རྣམས་ཀྱི་ནུས་པ་གོང་སྤེལ་གནང་རྒྱུར་དམིགས་ནས་ཕྱི་ལོ་ ༢༠༠༧ ལོར་གསར་འཛུགས་གནང་བ་ཞིག་དང་། བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༠ ལོར་བཞུགས་སྒར་དུ་ཚོགས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྩལ་ཡོད་རེད། སྐབས་དེར་༸གོང་ས་མཆོག་གིས་བོད་པ་ཞིག་ཡིན་པའི་ཆ་ནས་བློ་སྤོབས་མི་ཞུམ་ བྱེད་དགོས་པ་དང་། རང་ཉིད་བཙན་བྱོལ་བ་ཅིག་དང་ལྷག་པར་དུ་རང་དབང་གི་ལུང་པར་ཡོད་སྟབས། རང་མགོ་གང་ཐོན་མི་བྱེད་པར་མི་རིགས་གྱི་འགན་དེ་མ་བརྗེད་པ་བྱེད་དགོས་པ་མ་ཟད་གོ་ལ་ཁྱོན་ཡོངས་ལ་ཕན་ཐོགས་སྒྲུབ་དགོས་གལ་ཡིན་པ་བཀའ་བསྩལ་ཡོད་པ་རེད།  

རྒྱ་ནག་ནང་གི་ཚོང་གཉེར་ཁང་གཉིས་ཀྱི་ལས་མི་བསྡུ་རྒྱུའི་གསལ་བསྒྲགས་ནང་བོད་མི་བསྡུ་རྒྱུ་མིན་པ་གསལ་སྟོན་བྱས་འདུག

རྒྱ་ནག་གི་Chongqing གྲོང་ཁྱེར་དང་ Chengdu གྲོང་ཁྱེར་ནང་གི་ཚོང་གཉེར་ཁང་གཉིས་ཀྱིས་ལས་མི་བསྡུ་རྒྱུའི་གསལ་བསྒྲགས་སྤེལ་བའི་ནང་དུ། བོད་མི་བསྡུ་རྒྱུ་མིན་པ་ཁ་གསལ་བཀོད་འདུག དེ་ཡང་རིང་མིན་རྒྱ་ནག་གི་སྤྱི་གསར་དུས་ཆེན་སླེབས་ལ་ཉེ་བས་རྒྱ་ནག་ནང་གི་ཚོང་གཉེར་ཁང་དང་བཟོ་ལས་ཁག་གིས་ནང་དུ་ལས་མི་ཉུང་དྲགས་པའི་དཀའ་ངལ་འཕྲད་བཞིན་པ་དང་བསྟུན། ཉེ་ཆར་རྒྱ་ནག་གི་ Chongqing གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ JinFeng Electronic Information Industrial Park ཞེས་གློག་འཕྲིན་ཐོན་སྐྱེད་ཁང་དང་། Chengdu གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Ito Yokado ཞེས་ཉི་ཧོང་གི་ཚོང་ལས་ཁང་གཉིས་ནས་ Weixin སོགས་སྤྱི་ཚོགས་དྲ་ལམ་ཐོག་ལས་མི་བསྡུ་རྒྱུའི་གསལ་བསྒྲགས་སྤེལ་བའི་ནང་དུ། བོད་རིགས་བསྡུ་རྒྱུ་མིན་པ་གསལ་སྟོན་བྱས་འདུག དེའི་ཁོངས་ནས་ Chongqing ནང་གི་གློག་འཕྲིན་ཚོང་ལས་ཁང་དེའི་གསལ་བསྒྲགས་ནང་དུ། ལས་མི་བུ་དང་བུ་མོ་ལོ་ ༡༦ ནས་ ༣༨ བར་དགོས་པ་དང་། ཤེས་ཡོན་གྱི་ཆ་རྐྱེན་མེད་པར་ལས་ཀར་འགན་འཁུར་བླངས་པའི་ཐོག་ཉིན་མཚན་གཉིས་ལ་ལས་ཀ་བྱེད་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པ་དེ་ལྟར་ཡང། བོད་རིགས་དང་དབྱིས་རིགས། དེ་བཞིན་ Chongqing གྲོང་ཁྱེར་ཉེ་འཁྲིས་ཀྱི་དབུལ་ཕོང་ས་ཁུལ་ Fengjie ཡི་མི་མི་དགོས་པ་སོགས་འཁོད་འདུག དེ་བཞིན་ Chengdu ནང་གི་ Ito Yokado ཚོང་ལས་ཁང་གི་གསལ་བསྒྲགས་ནང་དུ་ལས་མི་བུ་དང་བུ་མོ་ལོ་ ༡༦ ནས་ ༤༥ བར་དགོས་པ་སོགས་འཁོད་པའི་ཁྲོད། བོད་མི་ཕུད་པའི་གྲངས་ཉུང་མི་རིགས་ཀྱི་ལས་མི་སུ་འདྲ་ཞིག་བསྡུས་ནའང་འགྲིག་གི་ཡོད་ཅེས་མངོན་གསལ་བྱས་ཡོད་པ་རེད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ད་རེས་གནས་ཚུལ་འདི་ནི་རྒྱ་གཞུང་གིས་རྩ་ཁྲིམས་ནང་དུ་བཀོད་རྒྱུའི་ཁྲིམས་ཡིག་ཅིག་དང་།  ལག་ལེན་བསྟར་རྒྱུའི་ཁྲིམས་མི་འདྲ་གཅིག་ཡོད་པ་དེ་ར་སྤྲོད་བྱེད་ཀྱི་ཡོད་མ་ཟད། རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་ཆར་དང་ཁྲིམས་སོགས་ཅི་ཙམ་བཤད་ཀྱང་། དོན་དངོས་སུ་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་དང། མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད་བོད་མི་རྣམས་རྒྱ་སྡེར་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་གསལ་སྟོན་བྱེད་ཀྱི་ཡོད་པར་གསུངས་སོང། ལྷག་པར་དུ་ཁོང་གིས་དེ་སྔ་ནུབ་བྱང་མི་རིགས་སློབ་གྲའི་སློབ་མ་ཞིག་གིས་རང་ཉིད་ལ་དཀའ་ངལ་འཕྲད་པ་དང་འབྲེལ་བའི་དཔྱད་རྩོམ་ཞིག་བྲིས་པའི་རྐྱེན་གྱིས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་བྱས་ཏེ།  ད་ལྟའི་ཆར་གར་ཡོད་ཤེས་རྟོགས་མི་ཐུབ་པར་ལུས་ཡོད་སྐོར་དང་འབྲེལ། ཁོང་གི་དཔྱད་རྩོམ་དེའི་ནང་དུ། རྒྱ་རིག་སློབ་མ་རྣམས་སློབ་གྲྭ་ཆེན་མོ་ཐོན་པའི་རྗེས་སུ་གཞུང་གིས་ལས་ཀ་གོ་སྒྲིག་བྱེད་བཞིན་ཡོད་ཀྱང། བོད་རིགས་སློབ་མ་རྣམས་ལ་ལས་གོ་སྒྲིག་མེད་པར། སློབ་མཐར་ཕྱིན་རྗེས་སུ་རང་གི་འཚོ་བ་འཚོལ་དུ་འགྲོ་དགོས་པ་དང་། ལས་ཀ་མི་རགས་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་བཀོད་པ་སོགས། དེང་སྐབས་སློབ་མཐར་ཕྱིན་པའི་བོད་རིགས་རྣམས་ལ་ཡང་ལས་ཀ་མི་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སོགས་དངོས་ཡོད་ཀྱི་གནས་སྟངས་ཡིན་པ་གསུངས་སོང་།

རྒྱལ་སྤྱིའི་ཁྱོན་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་རྔམ་སྟོན་ལས་འགུལ་སྤེལ་བ།

ཧོང་ཀོང་ནང་བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མ་ཉིན་མུ་མཐུད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་བསྟུན་རྒྱལ་སྤྱིའི་ཁྱོན་དུ་གནས་པའི་མང་ཚོགས་འདུ་འཛོམས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་གཞུང་འཛིན་དབུ་ཁྲིད་རྣམས་ཀྱིས་རྒྱ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་དོན་འཁྱོལ་ལག་བསྟར་བྱེད་རྒྱུར་ནུས་ལྡན་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་འོག་གཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་སྤེལ་འདུག ལས་འགུལ་དེ་ཟླ་ ༡ ཚེས་ ༡༨ དང་ ༡༩ བཅས་ཉིན་གཉིས་ཀྱི་རིང་ཨ་རི་དང་ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་སོགས་གཙོ་གྱུར་ནུབ་ཕྱོགས་རྒྱལ་ཁབ་ ༡༢ ནང་གི་གྲོང་ཁྱེར་མི་དྲ་བ་ ༢༣ ནང་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་འདུག་པ་དང་གཞི་རྒྱ་ཆེའི་ལས་འགུལ་དེ་བརྒྱུད་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ནས་ཡུལ་སོ་སོའི་ནང་ཨ་རི་ལྟར་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་ཁྲིམས་འཆར་གཏན་འབེབས་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག རྒྱལ་སྤྱིའི་ཁྱོན་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གཞི་རྒྱ་ཆེའི་རྔམ་སྟོན་ལས་འགུལ་སྤེལ་བའི་ཁྲོད་དུ་འཇར་མ་ནིའི་རྔམ་སྟོན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སྐུ་ཞབས་ Mehmet Kizilkaya ལགས་ཀྱིས་རྒྱ་གཞུང་གིས་ད་ཆ་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་མང་ཚོགས་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་པ་དེ་དྲང་བདེན་ཞིག་ཆགས་ཀྱི་མེད་སྟབས། ཁོང་ནས་ཀྱང་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཕྱིར་མཉམ་ཞུགས་གནང་བ་ཞིག་ཡིན་སྐོར་གསུངས་པ་མ་ཟད། རྒྱ་གཞུང་ནས་དྲག་གནོན་གང་བྱེད་ལ་སེམས་ཤུགས་མ་ཆག་པར་མང་ཚོགས་ཕོན་ཆེ་ཞིག་ཁྲོམ་གཞུང་དུ་ཕེབས་ཏེ་སྐད་འབོད་གནང་བཞིན་པ་དེ་ནི་ངོ་མཚར་ཅན་ཞིག་ཡིན་པས་ཁོང་གིས་དེར་བསྔགས་བརྗོད་ཡོད་ཅེས་གསུངས་འདུག དེ་བཞིན་ཨ་རི་ནིའུ་ཡོག་གི་ Manhattan གྲོང་ཁྱེར་ནང་མང་ཚོགས་བརྒྱ་སྐོར་བརྒལ་བ་འདུ་འཛོམས་གནང་བ་ལྟར་ལས་འགུལ་བ་ Colin Smith ལགས་ཀྱིས་ཁོང་ནས་ཧོང་ཀོང་གི་ལས་འགུལ་བ་རྣམས་དང་དེ་དག་གི་རང་ཚུགས་བརྟན་པའི་ཆོད་སེམས་ལ་གུས་བརྩི་ཞུ་བཞིན་ཡོད་པ་དང་། ད་ཆ་ལས་འགུལ་དེ་རྐྱེན་ཧོང་ཀོང་ནང་གོད་ཆག་རིམ་པའི་མཐོང་ཆོས་སུ་འགྱུར་བཞིན་ཡོད་སྟབས། ཧོང་མང་ཚོགས་ནས་རང་ཉིད་ཀྱི་ལས་འགུལ་དེ་མུ་མཐུད་ནས་སྤེལ་དགོས་གལ་དུ་གཟིགས་ཀྱི་ཡོད་པ་གསུངས་པ་མ་ཟད། ཁོང་རྣམས་ཀྱིས་ཀྱང་ཨ་རི་གཞུང་འཛིན་དབུ་ཁྲིད་ཁག་ལ་རྒྱ་གཞུང་ལ་གནད་དོན་དེ་འབྲེལ་ཐོག་ཤུགས་གནོན་སྤྲོད་ཐབས་བྱ་རྒྱུ་ཡིན་པ་གསུངས་འདུག ལས་འགུལ་མཉམ་ཞུགས་པ་ལྕམ་ Laura Sauriat ལགས་ཀྱིས་ཧོང་ཀོང་གི་མང་ཚོགས་ངོས་ནས་ཨ་རི་དེ་བཞིན་མང་གཙོའི་མངོན་རྟགས་ཀྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་ཐོག་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་གྱིས་རང་སོར་གནས་པའི་རེ་བ་གནང་བཞིན་ཡོད་པ་ལྟར། ཧོང་ཀོང་མང་ཚོགས་ནས་ཀྱང་དེ་ལྟར་གནང་ཆོག་པ་དང་ཧོང་ཀོང་ལ་ཉིན་གཅིག་རང་དབང་ཐོབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུགནིའུ་ཡོག་ནང་གི་རྔམ་སྟོན་ལས་འགུལ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ Ken ལགས་ཀྱིས་ང་ཚོ་ཧོང་ཀོང་ལས་འགུལ་བ་ཁྱེད་ཚོ་དང་མཉམ་དུ་ཡོད་ཅེས་བརྡ་ལན་གནང་འདུག་པ་མ་ཟད་ལས་འགུལ་བ་ཁག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་གཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་དེས་ཧོང་ཀོང་གི་གནད་དོན་ཁོ་ན་མིན་པར་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་སྲིད་བྱུས་འོག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ཡོངས་ཀྱི་གནད་དོན་ཁག་ཆེས་མངོན་གསལ་གནང་ཡོད་པ་གསུངས་འདུག ལྷག་དོན་གཟའ་འཁོར་སྔོན་མའི་རེ་གཟའ་ཉི་མ་ཉིན་དབྱིན་ཡུལ་བོད་རིགས་ཚོགས་པ་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་གོ་སྒྲིག་འོག་ཁུལ་དེར་རྟེན་གཞི་བྱས་པའིརྒྱ་ནག་གཞུང་ཚབ་ཁང་གི་ཕྱི་ཕྱོགས་སུ་རྒྱའི་དྲག་གནོན་འོག་ཡོད་པའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་མི་མང་སོགས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་ཐོག་ཆོས་ལུགས་འདྲ་མིན་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་བཅས་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་མིའི་ཕྱོགས་ནས་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་ལྷ་ཚེ་རིང་ལགས་མཉམ་ཞུགས་གནང་སྟེ་རྒྱ་གཞུང་གིས་ཉེ་དུས་ཧོང་ཀོང་མང་ཚོགས་ཐོག་ཆེས་དྲག་གནོན་བྱེད་བཞིན་པ་དང་ལྷག་དོན་བོད་མི་དང་ཡུ་གུར་མི་རིགས་ཐོག་མུ་མཐུད་དྲག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཁག་ཐོག་སེམས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས་ཏེ་དབྱིན་ཡུལ་གཞུང་ནས་རྒྱ་གཞུང་གིས་ནག་ཉེས་ཁག་ཐེར་འདོན་གྱིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏང་མཁན་རྣམས་ལ་ཉེས་ཆད་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

ཁ་ན་ཊའི་ནང་དུ་རྒྱ་ནག་གི་དཔོན་རིགས་ཐོག་ Magnitsky ཁྲིམས་གཞི་ལག་བསྟར་དགོས་པའི་ལས་འགུལ་སྤེལ་འདུག

བོད་མི་གཙོས་པའི་ཁ་ན་ཊྲའི་སྤྱི་མང་གི་ཚོགས་སྡེ་ཁག་གཅིག་གིས་གྲོང་ཁྱེར་ཊྲོ་རིན་ཊྲོ་ནང་དུ་རྒྱལ་ཡོངས་ཀྱི་ལས་འགུལ་ཞིག་དབུ་འཛུགས་དང་སྦྲགས།  ཡུལ་དེའི་གཞུང་ངོས་ནས་རྒྱ་ནག་ཐོག་ Magnitsky ཞེས་པའི་ཁྲིམས་གཞི་ལག་བསྟར་བྱས་ཏེ་ཧོང་ཀོང་དང་ཤིན་ཅང། དེ་བཞིན་བོད་སོགས་ཀྱི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ཁ་ན་ཊྲའི་ནང་བསྐྱོད་རྒྱུ་བཀག་སྡོམས་སོགས་ཀྱི་ཉེས་ཆད་གཅོད་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་དེ་རིང་global news གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་ན་ཊྲའི་ནང་གི་ལུས་འགུལ་དེའི་ཁྲོད།  ཧོང་ཀོང་དང་ཁ་ན་ཊྲའི་འབྲེལ་ལམ་གྱི་ཚོགས་གཙོ་སྐུ་ཞབས་Gloria Fung ལགས་ཀྱིས།  རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ཧོང་ཀོང་དང་ཡུ་གུར། དེ་བཞིན་བོད་སོགས་ཀྱི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྣམས་ལ་བཀག་སྡོམ་བྱེད་རྒྱུ་དེར། རྒྱལ་སྤྱིའི་སྒང་ནས་སྐད་ཆ་བཤད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་།  གནད་དོན་དེ་ནི་ཧོང་ཀོང་གི་མི་སེར་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་བ་ཁོ་ན་ཙམ་ཞིག་མིན་པར།  དེ་ནི་ཧོང་ཀོང་གི་ནང་དུ་ལས་ཀ་གཉེར་ནས་གཏན་སྡོད་བྱེད་བཞིན་པའི་ཁ་ན་ཊྲའི་མི་སེར་འབུམ་གསུམ་གྱི་བདེ་དོན་དང་ཡང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་ཡིན་པ་མ་ཟད།  དེ་ནི་ཁ་ན་ཊྲའི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནད་དོན་དང་ང་ཚོ་ཚང་མས་ཡི་རངས་བྱེད་བཞིན་པའི་རིན་ཐང་གི་སྙིང་བོ་དེ་ཡང་ཡིན་པར་བརྗོད་འདུག གོམ་བགྲོད་དེའི་ཁྲོད་ཀྱི་ཡུ་གུར་གྱི་ལས་འགུལ་བ། སྐུ་ཞབས་ Mehmet Tohi ལགས་ཀྱིས་ཀྱང་གསར་ཁང་ལ་བརྗོད་པ་ལྟར་ན།  ང་རང་ཙམ་མ་ཡིན་པར། ཕྱི་ཕྱོགས་སུ་གནས་བའི་ཡུ་གུར་ནང་མི་མང་པོ་རང་གི་ནང་མི་ཁ་བྲལ་བྱུང་སྟེ། རང་གི་ཨ་མ་འཇིག་རྟེན་འདིར་འཚོ་བཞུགས་ཡོད་མིན་གྱི་གནད་དོན་ལ་ཤེས་རྟོགས་ཙམ་ཡང་མེད་པའི་གནས་བབ་དེ་ནི་སེམས་ཁམས་ཀྱི་ཐོག་ནས་ཕམ་ཉེས་ཆེན་པོ་བྱུང་བ་དང་གཅིག་མཚུངས་ཡིན་པར་ངོ་སྤྲོད་གནང་བ་དང་སྦྲགས།  དུས་རབས་ཉེར་གཅིག་གི་ནང་དུ་གནད་དོན་འདི་དག་བྱུང་བཞིན་པ་ནི་འཇིགས་སུ་རུང་བའི་མྱོང་བ་ཞིག་ཡིན་སྐོར་བརྗོད་འདུག རྩ་བའི་ Magnitsky ཞེས་པའི་ཁྲིམས་གཞི་འདི་ནི་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཁྲིམས་གཞི་ཞིག་ཡིན་པ་དང། ཁ་ན་ཊའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྣམས་ལ་བཀག་སྡོམ་བྱས་ནས་ཁོང་ཅག་གི་ཚོང་དོན་དང་འགྲུལ་བཞུད་སོགས་ལ་ཚད་གཞི་བཟོས་པའི་ཁྲིམས་གཞི་དེ་སྤྱི་ལོ་ ༢༠༡༧ ལོར་དངོས་སུ་ལག་བསྟར་བྱས་ཡོད་པ་ཞིག་ཡིན་པ་རེད། གྲོང་ཁྱེར་ཊྲོ་རིན་ཊྲོ་ནང་གི་གོམ་བགྲོད་ཀྱི་ལས་འགུལ་དེའི་ཁྲོད་དུ།  ཁྲིམས་གཞི་དེ་དང་འབྲེལ་བའི་མཁས་དབང་དང་། དེ་བཞིན་རྒྱ་ནག་གི་འགྲོ་བ་མིི་ཐོབ་ཐང་རྡོག་རོལ་གྱི་བྱས་ཉེས་ཁྲོད་ནས་རང་གི་ནང་མི་རྣམས་ལ་དངོས་སུ་ཤན་ཤུགས་ཐེབས་ཡོད་པའི་ཁ་ན་ཊའི་བོད་རིགས་མི་མང་དང། ཧོང་ཀོང་། ཡུ་གུར་གྱི་མི་མང་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད་འདུག ཁ་ན་ཊའི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁྲིམས་ལུགས་ཀྱི་མཁས་དབང་།  སྐུ་ཞབས་ Marcuz Kolgarལགས་ཀྱིས།  ང་ཚོ་ཁ་ན་ཊའི་མི་སེར་ཞིག་ལ་མཚོན་ན། འགྲོ་བ་མིའི་ཐོབ་ཐང་ནི་ང་ཚོའི་གཙུག་ཏུ་བཟུང་ཡོད་པའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་ཀྱིས། ང་ཚོས་ཁྲིམས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོིལ་གཏོང་བཞིན་པའི་རྒྱ་ནག་གི་དཔོན་རིགས་དེ་དག་བཀག་སྡོམ་བྱས་ཏེ།  རང་རྒྱལ་གྱི་ནང་དུ་རྒྱ་ནག་གི་དཔོིན་རིགས་དེ་དག་ལ་མ་དངུལ་གྱི་སྒོར་མོ་ཡོད་ཚེ་བཀག་སྡོམ་བྱེད་དགོས་བ་དང་། གལ་སྲིད་རྒྱ་ནག་གི་དཔོན་རིགས་དེ་དག་ཁ་ན་ཊར་ཡོང་ཚེ་ཁོང་ཚོའི་འགྲོ་འདུག་ལ་ཚད་བཀག་བྱེད་དགོས་བར་བརྗོད་པ་དང་སྦྲགས། རྒྱལ་སྤྱིའི་སྒང་ནས་ང་ཚོ་འགྲོ་བ་མིའི་ཐོབ་ཐང་གི་འགོ་ཁྲིད་ཅིག་ཏུ་ལྟ་བཞིན་ཡོད་དུས།  ང་ཚོས་ངེས་བར་དུ་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་རོགས་རམ་བྱེད་དགོས་བར་བརྗོད་འདུག གཞི་རྩའི་ཧོང་ཀོང་ནང་ད་ལྟའི་ཆར་ཁ་ན་ཊའི་མི་སེར་འབུམ་གསུམ་ཙམ་གྱིས་སློབ་སྦྱོང་དང་ལས་ཀ་སོགས་གཉེར་བཞིན་ཡོད་པ་དང་། ཁ་ན་ཊའི་སྲིད་གཞུང་གིས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་ཀྱི་ཐོག་ནས།  ཁ་ན་ཊའི་མི་སེར་དེ་དག་གི་ བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་གསུངས་བཞིན་ཡོད་པ་རེད།

ཧ་རི་ཡཱ་ཎཱ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།

དེ་རིང་རྒྱ་གར་གྱི་མངའ་སྡེ་ཧ་རི་ཡཱ་ཎཱ་གྲོང་ཁྱེར་ Rewari ནང་མངའ་སྡེའི་ས་གནས་མི་འདྲ་བ་ ༡༣ ནང་དུ་དགུན་ཚོང་གཉེར་བཞིན་པའི་བོད་པའི་སུད་ཚོང་བ་ལས་གྲུབ་པའི་ཧ་རི་ཡཱ་ཎཱ་མངའ་སྡེའི་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་འདུག ཚོགས་འདུའི་ཐོག་གཙོ་བོ་རྒྱུན་ལས་གསར་པ་འོས་འདེམས་གནང་རྒྱུ་གཙོས་པའི་ཁྲོམ་ར་སྲ་བརྟན་དང་སབ་གླའི་རིན་འབབ་ཀྱི་དཀའ་སེལ་ཐབས་ལམ་འཚོལ་རྒྱུ། ལུ་དྷི་ཡ་ན་ཚོང་པ་ཁག་ནས་བོད་མིའི་སུད་ཚོང་བྱ་ཡུལ་ས་གནས་ཀྱི་ཡུལ་མི་རྣམས་ལ་ཚོང་ཟོག་སྤྲོད་ཕྱོགས་སྐོར་དང་ངལ་བ་སེལ་ཐབས་བཅས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ། དེ་བཞིན་ས་ཁག་ཅིག་གི་ཚོང་པ་ནས་ས་ཁག་གཞན་ལ་ཚོང་ཟོག་ཆེད་འདོན་གནང་བར་བསྐྱོད་མི་ཆོག་པ་དང་ GST ཁྲལ་བབས་སོགས་གྲོས་གཞི་དོན་ཚན་བཅིུག་ཐོག་གྲོས་བསྡུར་གནང་གི་འདུག མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་དང་མངའ་སྡེའི་རྒྱ་གར་གྱི་དཔོན་རིགས་ཁག་གཅིག་དང་དཔྱ་ཁྲལ་འགན་འཛིན་གཙོས་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐུ་ཚབ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་འཐུས་མི་བཅས་ཚོགས་བཅར་བ་ཁྱོན་ ༥༠ ལྷག་འདུ་འཛོམས་བྱུང་འདུག སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་རྣམ་གཉིས་ཀྱིས་བོད་མིའི་སུད་ཚོང་བ་རྣམས་ནས་སོ་སོའི་ཚོང་གི་ཁེ་ཕན་ཙམ་ལ་མགོ་འཁོར་ནས་མ་བཞུགས་པར་བོད་སྤྱིའི་རྩ་དོན་སླད་ཕྱག་གྲུ་མཉམ་འདེགས་ཀྱིས་ཕྱག་ལས་གནང་སྟེ་ས་གནས་ཡུལ་མི་ཁྲོད་བོད་དོན་བརྒྱུད་བསྒྲགས་གནང་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག རྒྱ་གར་གྱི་དཔོན་རིགས་རྣམས་ལ་བོད་མི་གནས་ཡུལ་ཁག་ཏུ་ཡོད་པའི་སུད་ཚོང་བ་ཚོར་མཐུན་འགྱུར་གང་ཐུབ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག གཞི་རྩའི་ཧ་རི་ཡཱ་ཎཱ་མངའ་སྡེའི་བོད་མིའི་ཚོང་པ་ཚོགས་པ་ཞེས་པ་དེ་ནི་ལོ་མང་ནས་ས་གནས་དེར་ཡོད་པའི་བོད་མིའི་སུད་ཚོང་བ་རྣམས་ལ་ས་ཆ་དང་ས་གླ། དེ་བཞིན་ས་གནས་ཡུལ་མིའི་ཚོང་པ་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་ཐབས་སོགས་ལ་དམིགས་ཏེ་ཕྱི་ལོ་ ༢༠༡༧ ལོར་ཆེད་འཛུགས་གནང་པ་ཞིག་ཡིན་པ་དང་། ཚོགས་ཆེན་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་འཚོགས་ཀྱི་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་གྱི་ཆབ་སྲིད་ཚོགས་པའི་ཚོགས་གཙོར་འཚམས་འཕྲིན་གནང་འདུག 

ཁ་སང་ཕྱི་ཚེས་༢༠ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་ཟུར་པ་སྐུ་ཞབས  Jagat Prakash Nadda  མཆོག་རྒྱ་གར་སྲིད་དོན་ཚོགས་པ་ཆེ་ཤོས་BJP ཚོགས་པའི་ཚོགས་གཙོ་ཐེངས་ ༡༤ པར་བསྐོ་གཞག་གནང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག འཚམས་འཕྲིན་གྱི་ནང་། ཚོགས་གཙོ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་འཐབ་རྩོད་དང་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུས་པ་བརྒྱུད་ནས། སྐུ་ཞབས་ཁོང་གིས་ཚོགས་གཙོ་གནང་བའི་རིང་སྲིད་དོན་ཚོགས་པའི་ལས་དོན་གང་ཡོད་ཀྱི་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག ཚོགས་གཙོ་མཆོག་གིས་ད་དུང་སྐུ་ཞབས  Jagat Prakash Nadda  ལགས་ཀྱིས་ལོ་མང་རིང་རྒྱ་གར་གྱི་ཆབ་སྲིད་སྤྱི་དང་སྒོས་སུ་BJPསྲིད་དོན་ཚོགས་པའི་ནང་ཕྱག་ལས་རྒྱ་ཆེར་གནང་ཡོད་པར་ལུང་འདྲེན་དང་སྦྲགས། སྐུ་ཞབས་ཁོང་ནི་BJP་སྲིད་དོན་ཚོགས་པའི་ལས་དོན་ཚོགས་གཙོ་མིག་དཔེར་འོས་པ་ཞིག་ཡིན་པར་བརྟེན། ད་རེས་ཁོང་ཉིད་ཚོགས་གཙོར་བསྐོས་གནང་བ་དེས་སྐུ་ཞབས་ཁོང་གི་ཁྱད་འཕགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་ཡོད་པ་ཞིག་དང་། སྲིད་དོན་ཚོགས་པའི་ངོས་ནས་ཁོང་ལ་ཡིད་ཆེས་བརྟན་པོ་གནང་བ་ཞིག་མཚོན་གྱི་ཡོད་པར་བསྒྲགས་འདུག གཞན་ཡང་ཚོགས་གཙོ་མཆོག་གིས།  སྐུ་ཞབས་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཡོད་མཁན་ཞིག་ཡིན་པར་མ་ཟད། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན་པར་གསུངས་ཏེ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་རྒྱལ་ས་ལྡི་ལི་དང་། རྡ་སར་སྐུ་ཞབས་ཁོང་ཐེངས་ཁ་ཤས་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད་ཡོད་སྐོར་གསུངས་འདུག ཚོགས་གཙོ་མཆོག་གིས་འཚམས་འཕྲིན་གནང་བ་དང་ལྷན་དུ།  སྐུ་ཞབས་ཁོང་གིས་བོད་པའི་འཐབ་རྩོད་སྐོར་གསལ་པོ་མཁྱེན་གྱི་ཡོད་སྟབས། ཁོང་གིས་འགོ་ཁྲིད་པའི་སྲིད་དོན་ཚོགས་པས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་པར་འབོད་སྐུད་ཀྱིས། ང་ཚོས་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་སྟེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པར་གསུངས་བ་དང་སྦྲགས།  ཕྱི་ལོ་ ༢༠༡༠ ནས་བཟུང་བོད་རྒྱ་འབྲེལ་མོལ་མཚམས་ཆད་ཡོད་པ་པར་ལུང་འདྲེན་གནང་སྟེ། སྐུ་ཞབས་ཁོང་གིས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ལ་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་པའི་སྐུལ་མ་གནང་འདུག གཞན་ཡང་ཚོགས་གཙོ་མཆོག་གིས།  རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་ཡི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ Rajeev Bindal ལགས་ཀྱང་ཐེངས་འདིར་ཧི་མ་ཅལ་ཁུལ་གྱི་BJPསྲིད་དོན་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་བར་ཡང་འཚམས་འཕྲིན་གནང་སྟེ། ཁོང་ཉིད་ཀྱང་བོད་དོན་ལ་རྒྱུས་མངའ་ཡོད་པ་ལྟར། སྔར་བཞིན་བོད་རྒྱ་ཞི་མོལ་གྱི་མཚོན་པའི་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་འདུག

Latest news