Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱལ་ཚོགས་ལ་བོད་མིའི་རིག་གཞུང་རང་དབང་སྲུང་སྐྱོབ་དགོས་པའི་ཞུ་སྐུལ།

དེང་སྐབས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ འཚོགས་བཞིན་ཡོད་པ་དང། ཁ་སང་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༡༨ སྟེང་བོད་ནང་གི་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ལས་འགུལ་བ་ཚོའི་གནས་བབ་གླེང་སློང་གནང་དགོས་པའི་ཞུ་གཏུག་གནང་བ་དང་འབྲེལ། རྒྱལ་ཚོགས་ཀྱི་ངོས་ནས་བོད་མི་ལས་འགུལ་བ་དེ་དག་གི་རང་དབང་ལ་སྲུང་སྐྱོབ་དགོས་པའི་ཞུ་འབོད་གནང་འདུག ཁ་སང་ཕྱི་ཚེས་ ༤ ཉིན་རྒྱལ་ཚོགས་ཀྱི་སྔ་དྲོ་ཚོགས་ཐེངས་ ༡༨ ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་སྤྱིི་ཡོངས་ནང་གི་མང་ཚོགས་ཀྱི་རིག་གཞུང་རང་དབང་སྲུང་སྐྱོབ་སླད་བཙུགས་པའི་དམིགས་བསལ་ལྟ་ཞིབ་མི་སྣའི་སྙན་ཐོ་རྒྱལ་ཚོགས་སུ་སྙན་སྒྲོན་ཞུས་ཏེ་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་ཚོགས་པ་དང་ཚོགས་མི་རྒྱལ་ཁབ་ཁག་ནས་སྙན་ཐོ་དང་འབྲེལ་ནས་ངག་ཐོག་བརྒྱུད་ཞུ་འབོད་གནང་བའི་ལས་རིམ་ཞིག་ཚོགས་ཡོད་པ་རེད། སྐབས་དེར་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threaten People ཞེས་པའི་ཚོགས་པའི་མིང་ཐོག་ནས་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་མིའི་ཆོས་ཕྱོགས་དང་རིག་གཞུང་ལྟེ་གནས་བླ་རུང་སྒར་དང་ཡར་ཆེན་སྒར་མཚོན་པའི་འདས་པའི་ལོ་ངོ་ ༦༠ ནང་རྒྱ་གཞུང་གིས་ཐེ་ཙོམ་གང་ཡང་མེད་པར་བོད་ནང་བོད་མིའི་རིན་ཐང་བྲལ་བའི་རིག་གཞུང་མང་དག་རྩ་གཏོར་བཏང་དང་གཏོང་མུས་ཡིན་པ་དང། དེ་བཞིན་གྲྭ་བཙུན་ཚོར་ཆབ་སྲིད་སློབ་གསོ་སྤྲོད་བཞིན་སྐོར་དངོས་ཡོད་ཡ་ང་བའི་གནས་སྟངས་སོགས་རྒྱལ་ཚོགས་ལ་སྙན་སེང་ཞུས་ཡོད་པ་རེད། དེ་བཞིན་སྐབས་དེའི་སྐར་མ་གཅིག་དང་ཕྱེད་ཀའི་ངག་ཐོག་ཞུ་འབོད་ཀྱི་དུས་ཡུན་དེའི་ཐོག་ཁོང་གིས་ད་དུང་བོད་ནང་གི་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་བསོད་ནམས་དཔལ་ལྡན་ལགས། དེ་བཞིན་ཚེ་རིང་རྡོ་རྗེ་ལགས་བཅས་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ཁྲིམས་རྩོད་པ་གླ་རྒྱུའི་རང་དབང་མ་སྤྲད་པར་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་ཁག་སྙན་སེང་ཞུས་པ་མ་ཟད། འདས་ལོའི་རྒྱ་གཞུང་གིས་རྩྭ་ས་བཙན་འཕྲོག་བྱེད་བཞིན་པའི་ལས་འགུལ་ལ་ཞི་རྒོལ་དང་ས་གནས་མང་ཚོགས་ཀྱི་རང་དབང་ཐོབ་ཐང་སྲུབ་སྐྱོབ་གནང་མཁན་ཨ་ཉ་སེང་སྒྲ་ལགས་གཙོས་པའི་བོད་མི་ཉི་ཤུ་སྐོར་ཞིག་འཛིན་བཟུང་དང་བཙོན་འཇུག་ཁྲིམས་ཐག་བཅད་སྐོར་སྙན་སེང་ཞུས་ཏེ་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་མི་དེ་དག་ཐོག་མནར་གཅོད་དང་སུན་གཙེར་མཚམས་འཇོག་དང་། བོད་མི་དེ་དག་གི་རང་དབང་ལ་སྲུང་སྐྱོབ་དང་འགན་ལེན་ཐོག་གློད་བཀྲོལ་ཡོང་བའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག བོད་མི་ཆབ་སྲིད་བཙོན་པ་དེ་དག་ལ་རང་དབང་དང་ལྡན་པའི་ངང་ཕྱི་གསལ་ནང་གསལ་ཐོག་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག  སྐབས་དེར་སྦར་སིལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Melanie Blondelle ལགས་ཀྱིས་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ Helsinki Foundation ཚོགས་པའི་མིང་ཐོག་ནས་རྒྱལ་ཚོགས་ལ་དེང་སྐབས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་རིག་གཞུང་ཐོག་འཛིན་པའི་བྱེད་སྟངས་ཁག་ཉེན་ཚབས་ཆེན་པོ་ཞིག་ཆགས་ཡོད་པ་དང། ཉེ་ཆར་ཕྱི་ཟླ་དང་པོའི་ནང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ས་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞིག་སྤེལ་ཏེ་བོད་ཀྱི་ས་ཁུལ་དུ་རྒྱ་ནག་ཧན་མི་རིགས་ཀྱི་ལྟེ་བའི་ས་ཚིགས་ཤིག་བསྐྲུན་རྒྱུར་འབད་བཞིན་པ་དེ་ནི་བོད་ནང་བོད་མིའི་རིག་གཞུང་རྒྱུན་གནས་དང་སྲ་བརྟན་ཐུབ་པར་ཉེན་ཚབས་ཆེན་པོ་ཆགས་ཡོད་ཅེས་རྒྱལ་ཚོགས་ལ་སྙན་སེང་ཞུས་འདུག ལྷག་པར་དུ་ཁོང་གིས་ལྷན་ཚོགས་དེའི་སྐབས་རྒྱ་གཞུང་གིས་ཁྲིམས་བཅད་སྐྱེལ་བའི་བོད་མི་སྐད་ཡིག་དང་རིག་གཞུང་རང་དབང་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་དང། དཀོན་མཆོག་ཚེ་དཔལ་ལགས། དེ་བཞིན་བོང་ཁོ་སྐྱིད་ལགས་བཅས་ཀྱི་གནས་བབ་གླེང་སླེང་གནང་བ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མང་ཚོགས་ཀྱི་རིག་གཞུང་རང་དབང་སྲུང་སྐྱོབ་སླད་ཆེད་བཙུགས་གནང་བའི་ལྟ་ཞིབ་མི་སྣས་གོང་ཞུས་བོད་མི་སྐད་ཡིག་རང་དབང་སྲུང་སྐྱོབ་ལས་འགུལ་བ་རྣམས་ཀྱི་གནད་དོན་ཁག་གཙོ་བོར་འཛིན་པའི་རྒྱ་ནག་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཁག་དང་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་ཆེད་དུ་མངགས་ནས་བོད་ནང་གི་བོད་མིའི་རིག་གཞུང་གཏོར་བཤིག་བཏང་བའི་བྱ་སྤྱོད་དེ་དག་ཐོག་འགན་ལེེན་ངེས་པར་དུ་འཁྱེར་དགོས་པ་ཞིག་བཟོས་དགོས་ཞེས་ཀྱང་གསུངས་འདུག རྩ་བའི་ཁ་སང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་སྤྱིི་ཡོངས་ནང་གི་མང་ཚོགས་ཀྱི་རིག་གཞུང་རང་དབང་སྲུང་སྐྱོབ་སླད་ཆེད་བཙུགས་དམིགས་བསལ་ལྟ་ཞིབ་མི་སྣའི་སྙན་ཐོ་ཁྱོན་ཤོག་གྲངས་ ༢༠ ཅན་ཞིག་སྙན་སྒྲོན་ཞུས་པའི་ཁོངས་སུ་བོད་ནང་གི་གནད་དོན་དང་བོད་ཀྱི་མིང་ཙམ་ཡང་འཁོད་མི་འདུག་ཀྱང། རྒྱ་ནག་དང་འབྲེལ་བའི་ས་བཅད་དུམ་མཚམས་གཅིག་འཁོད་པའི་ནང་རྒྱ་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་པའི་ཡུ་གུར་རང་དབང་རྩེད་ལེན་པ་སྐུ་ཞབས་ IIham Tohti ལགས་ཀྱི་གནད་དོན་ལུང་འདྲེན་དང་འབྲེལ་ཏེ་དེ་ལྟ་བུའི་རིག་གཞུང་སྲུང་སྐྱོབ་སླད་དེ་བཙན་འོག་བཀར་ཉར་བྱས་པའི་མི་སྣ་དེ་དག་ལ་རྒྱལ་ཚོགས་ཀྱིས་ཆེད་བཙུགས་དམིགས་བསལ་ལྟ་ཞིབ་མི་སྣའི་ངོས་ནས་ཐུགས་འཚབ་ཡོད་ཅེས་དང། ལྷག་པར་དུ་དེ་ལྟ་བུའི་བཀག་ཉར་འོག་གནས་པའི་རིག་གཞུང་སྲུང་སྐྱོབ་ལས་དོན་གཉེར་མཁན་མི་སྣ་རྣམས་པར་འཕྲལ་མར་གློད་བཀྲོལ་དགོས་པར་གསུངས་འདུག

 ཨ་རི་ནང་རྒྱ་རིགས་གསར་འགོད་པའི་གྲངས་འབོར་ཇེ་ཉུང་དུ་གཏོང་རྒྱུ།

རྒྱ་ནག་གཞུང་གིས་དེ་གའི་དབང་སྒྱུར་འོག་ཡོད་པའི་མང་ཚོགས་ཀྱི་སྨྲ་བརྗོད་དང་བསམ་བརྗོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཁུལ་དེར་གནས་བཞུགས་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཚོར་སུན་གཙེར་དང་། འཇིགས་སྐུལ་སོགས་བྱེད་ཀྱི་ཡོད་པའི་ཁྲོད་ཨ་མི་རི་ཀའི་རྒྱལ་ཁབ་ནས་ཁུལ་དེར་གནས་བཞུགས་རྒྱ་རིགས་གསར་འགོད་པ་ཕྱེད་ཀ་ལྷག་ཙམ་གྱི་གྲངས་འབོར་ཇེ་ཉུང་དུ་གཏང་ཐོག་རྒྱ་རིགས་གསར་འགོད་པ་ཚོར་ཨ་རི་ནང་གནས་སྡོད་སླད་དུས་ཡུན་ཚད་བཀག་གནང་རྒྱུ་རེད་འདུག དེ་ཡང་ཁ་སང་ BBC གསར་ཁང་ནས་ཨ་རིས་ཁུལ་དེར་གནས་བཞིན་པའི་རྒྱ་ནག་གཞུང་གི་ཐད་ཀར་བཀོལ་སྤྱོད་འོག་ཡོད་པའི་ Xinhua གསར་ཁང་དང་།  China Global Television Network  དེ་བཞིན་ China Daily དང་། China Radio International དང་།  People's Daily བཅས་གསར་ཁང་ལྔའི་ལས་བྱེད་ཀྱི་བརྒྱ་ཆ་ ༤༠ ཙམ་ཞིག་ཉུང་ངུར་གཏང་དགོས་པའི་བཀའ་རྒྱ། ལྷག་པར་དུ་ཨ་རི་ནང་གནས་བཞུགས་རྒྱ་རིགས་གསར་འགོད་པ་ཚོར་དུས་ཡུན་ཚད་བཀག་གིས་མཐོང་མཆན་སྤྲད་རྒྱུ་རེད་འདུག དེ་བཞིན་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་ནས་རྒྱ་ནག་གཞུང་གིས་ལོ་མང་རིང་ཁུལ་དེར་ཡོད་པའི་ཨ་རིའི་གསར་འགོད་པ་དང་དེ་བཞིན་ཕྱི་ཕྱོགས་ཀྱི་གསར་འགོད་པའི་ཐོག་གསང་མྱུལ་ནན་པོ་དང་། སུན་གཙེར།  དེ་བཞིན་འཇིགས་སྐུལ་སོགས་བྱས་བྱེད་བཞིན་ཡོད་པ་གསུངས་འདུག ཨ་རི་ནས་ད་ལན་རྒྱ་རིགས་གསར་འགོད་པ་ཚོར་ཁུལ་དེར་གནས་བཞུགས་གནང་རྒྱུར་ཚད་བཀག་གནང་བ་མ་གཏོགས་གསར་ཁང་སོ་སོ་ནས་གནས་ཚུལ་གང་སྤེལ་ཆོག་དང་མི་ཆོག་ཐད་དམ་དྲག་གནང་གི་མེད་པར་གསུངས་འདུག ཁོང་གིས་རྒྱ་གཞུང་ནས་ཁས་ལེན་བྱས་པའི་རྒྱལ་སྤྱིའི་སྒྲིག་གཞི་དག་ལ་གུས་བརྩི་ཀྱིས་མང་ཚོགས་དང་གསར་ཁང་སོ་སོའི་བསམ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་ཞུ་སྐུལ་གནང་འདུག་པ་དང་། གནད་དོན་དེའི་ཐད་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་ཨ་རིའི་བྱེད་ཕྱོགས་དེ་གཞི་རྩ་མེད་པའི་ཆབ་སྲིད་ཀྱི་བཙན་གནོན་ཞིག་ཡིན་པས་ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་པར་བརྗོད་འདུག གཞི་རྩའི་རྒྱ་ནག་གི་གསར་ཁང་ལྔ་པོ་དེ་དག་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་ཉེ་ལམ་ཨ་རི་ནས་རྒྱ་ནག་གི་གསར་ཁང་ལྔ་པོ་དེ་དག་ཕྱི་ཕྱོགས་ཀྱི་གཞུང་ཚབ་ལས་ཁུངས་ཡིན་པར་ངོས་འཛིན་བྱས་པ་དང་། དེ་ཉིན་རྗེས་སུ་རྒྱ་གཞུང་ནས་ཁུལ་དེར་ཡོད་པའི་ Wall street Journal  ཞེས་ཨ་རིའི་སྙན་གྲགས་ཆེ་བའི་གསར་ཁང་གི་ལས་བྱེད་ཨ་རི་མི་སེར་ཡིན་པ་གསར་འགོད་པ་གཉིས་ཏོག་དབྱིབས་ནད་རིམས་ཐད་མི་རིགས་དབྱེ་འབྱེད་ཀྱི་གནས་ཚུལ་སྤེལ་བར་རྒྱུ་མཚན་དུ་བྱས་ནས་ཕྱིར་འབུད་བཏང་ཡོད་པ་རེད། སྤྱིར་གསར་ཁང་དེས་སྤེལ་བའི་ཏོག་དབྱིབས་ནད་རིམས་ཀྱི་གནས་ཚུལ་ཐོག་ཨ་རིའི་གསར་འགོད་པ་གཉིས་ཀྱི་བྱེད་ལས་གང་ཡང་མིན་པར་གསུངས་ཀྱི་ཡོད་པ་རེད། ད་ལན་ཨ་རི་ངོས་ནས་རྒྱ་རིགས་གསར་འགོད་པ་ཕྱེད་ཀ་ལྷག་ཙམ་གྱི་གྲངས་འབོར་ཇེ་ཉུང་དུ་བཏང་ནས་རྒྱ་རིགས་གསར་འགོད་པ་ཚོར་ཨ་རི་ནང་གནས་སྡོད་སླད་དུས་ཡུན་ཚད་བཀག་གནང་དེས་རྒྱ་ནག་ལ་འཁོན་ལན་ཚུལ་དུ་གནང་བར་བརྗོད་མཁན་ཡང་འདུག སྤྱིར་ཨ་རི་ནང་ཡོད་པའི་རྒྱ་ནག་གི་གསར་ཁང་སོ་སོ་ནས་ཟླ་ ༣ ཚེས་ ༡༣ བར་ལས་བྱེད་ཉུང་ངུ་གཏང་ཟིན་དགོས་འདུག་པ་དང་། དེ་ཡང་ Xinhua གསར་ཁང་ནས་རྒྱ་རིགས་ལས་བྱེད་ ༥༩ ཉར་རྒྱུ་དང་དེ་བཞིན་ China Global Television Network ནས་རྒྱ་རིགས་གསར་འགོད་པ་ ༣༠ གཞན་ཡང་ China Daily ནས་གསར་འགོད་པ་ ༩ རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ནས་ནས་ ༢ ལས་ཉར་རྒྱུ་མེད་པ་བཀའ་ཁྱབ་བཏང་ཡོད་པ་རེད་འདུག རྩ་བའི་འདས་ལོར་ཨ་རི་ནས་རྒྱ་རིགས་གསར་འགོད་པ་དང་ཁོང་ཚོའི་ནང་མི་ ༤༢༥ ཙམ་ཞིག་ལ་མཐོང་མཆན་སྤྲད་ཡོད་ཀྱང་རྒྱ་ནག་ནང་ད་ཆ་ཨ་རིའི་གསར་འགོད་པ་ ༧༥ ལས་མེད་པར་བརྗོད་འདུག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོ་སོ་ནས་ལོ་ལྟར་སྙན་ཐོ་ནང་རྒྱ་ནག་ནི་ལོ་འཆར་ཅན་གསར་འགོད་པའི་རང་དབང་ཆེས་སྡུག་ཤོས་ཀྱི་མིང་ཐོ་ཁོངས་སུ་ཐེར་འདོན་གནང་གི་ཡོད་པ་དང་། ཉེ་ལམ་ཡང་ FCCC ཞེས་པའི་རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོ་ནང་རྒྱ་གཞུང་གིས་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཚོར་ཕྱིར་བསྐྱོད་མཐོང་མཆན་བེད་སྤྱོད་བརྒྱུད་སྟངས་འཛིན་ནན་པོ་བྱས་ཡོད་པར་མངོན་གསལ་གནང་ཡོད་པ་རེད།

ལྷ་ས་ཁུལ་དུ་འགྲུལ་སྐྱོད་བྱེད་པར་ངེས་བར་དུ་རིམས་ནད་མེད་པའི་སྨན་ཁང་གི་དཔང་ཡིག་དགོས་བ་བཟོས་འདུག

དེ་རིང་རྒྱ་ནག་གི་ཞིན་ཧཱ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་འགྲོ་བཞིན་པའི་ཁྲོད་དུ། ནད་ཡམས་དེར་སྟངས་འཛིན་བྱེད་བཞིན་པའི་ལས་ཁུངས་ཀྱི་ངོས་ནས་ཁ་སང་གཟའ་ཟླ་བའི་ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ཕྱོགས་ནས་བོད་རང་ལྗོངས་སྐྱོང་ཟེར་བའི་ཁུལ་དུ་འགྲུལ་སྐྱོད་བྱེད་དགོས་ཚེ་ངེས་བར་དུ་རང་ཉིད་ཀྱི་ས་ཁུལ་ནས་ཡོང་སའི་སྨན་ཁང་གི་རིམས་ནད་མེད་པའི་བརྟག་དཔྱད་ཀྱི་དཔང་ཡིག་ཁྱེར་ནས་ཡོང་དགོས་བར་འཁོད་འདུག སྤྱི་བསྒྲགས་དེའི་ནང་དུ། ལྷ་ས་ཁུལ་དུ་ནང་འཛུལ་བྱས་མི་ཆོག་པར་བཀག་འགོག་བྱེད་རྒྱུའི་ནང་དུ། རྒྱ་ནག་གི་ནང་དུ་ཏོག་དབྱིབས་ནད་དུག་ཐོག་མར་བྱུང་སའི་ཞིང་ཆེན་ཧཱོ་པཱེ་ཁུལ་གྱི་མི་དང་། དེ་བཞིན་འདས་བའི་ཉིན་ ༡༤ རིང་རིམས་ནད་ཁྱབ་བརྡལ་སོང་ཡོད་སའི་གྲོང་སྡེ་དང་མི་ལ་འབྲེལ་འདྲིས་ཆེན་པོ་ཡོད་ས། གཞན་ཡང་རིམས་ནད་འགོས་ཡོད་པའི་དོགས་ཡོད་མི་སྣ་དང་ཚ་བ་རྒྱས་ཡོད་པའི་མི་སོགས་ཁུལ་དེར་གཏོང་རྒྱུ་མིན་པར་བསྒྲགས་འདུག བོད་རང་སྐྱོང་ལྗོངས་སུ་འགྲུལ་སྐྱོད་བྱེད་དགོས་ཚེ། ངེས་བར་དུ། རང་ཉིད་ཀྱི་ཁྱིམ་ཐོ་དེབ་སྐྱེལ་བྱས་ཡོད་སའི་ས་ཁུལ་གྱི་གྲོང་བརྡལ་དང་གྲོང་གསེབ་སོགས་ནས་རིམས་ནད་བརྟག་དཔྱད་བྱས་ཡོད་པའི་ཚད་ལྡན་གྱི་དཔང་ཡིག་ངེས་བར་དུ་ཁྱེར་ཡོང་དགོས་བར་སྐུལ་འདུག རྩ་བའི་སྤྱི་བསྒྲགས་དེ་ནི། རིམས་ནད་ཁྱབ་བརྡལ་དུ་འགྲོ་བཞིན་པའི་གནས་སྐབས་འདིར། མི་མང་གི་བདེ་འཇགས་སྲུང་སྐྱོང་ལ་དམིགས་ཏེ། མི་ཕོན་ཆེན་ཡུལ་ཕྱོགས་གང་སར་འགྲུལ་སྐྱོད་བྱེད་རྒྱུར་བཀག་འགོག་གིས། རིམས་ནད་འགོས་ཁྱབ་ཀྱི་ཉེན་ཁ་ཆུང་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པར་འཁོད་འདུག གཞན་ཡང་གསར་ལམ་གཞན་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་འགྲོ་བཞིན་པའི་དུས་སྐབས་དང་བསྟུན་ནས། བོད་ཁུལ་གྱི་དགོན་པ་སོ་སོའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ནས་མང་ཚོགས་འདུ་འཛོམས་བྱེད་རྒྱུ་མཚམས་བཞག་ཡོད་པ་དང་། དེ་བཞིན་མང་ཚོགས་ཀྱི་ཁྲོད་དུ་ཡང་ལོ་གསར་དང་སྟབས་བསྟུན་གྱིས་གཉེན་སྒྲིག་སོགས་ཀྱི་མཚོན་པའི་མི་མང་གི་འདུ་འཛོམས་མི་ཆོག་པའི་བཀག་རྒྱ་སྤྱི་བསྒྲགས་བྱས་པ་ལྟར། ཟླ་འདིའི་ཟླ་མགོ་ནས། བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་བརྡ་ཁྱབ་དང་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཏེ་དགུན་ཁའི་གུང་གསེང་རྗེས་ཀྱི་སློབ་གྲྭ་འཚོགས་རྒྱུའི་དུས་ཚོད་ཟླ་བ་གསུམ་པའི་ཟླ་མཇུག་བར་གནས་སྐབས་ཕྱིར་འགྱངས་བྱས་ཏེ། ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་གཞི་རྒྱ་ཆེར་སྤེལ་གྱི་ཡོད་པར་འཁོད་འདུག དེ་བཞིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་རིམས་ནད་ཁྱབ་རྒྱ་ཆེན་པོ་བྱུང་པར་བརྟེན། ཁུལ་དེའི་བོད་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་གུང་གསེང་དང་སྟབས་བསྟུན་གྱིས། འཕྲོད་བསྟེན་ཤེས་བྱ་ཁྱབ་སྤེལ་གྱི་ཚོགས་པ་རྩ་འཛུགས་བྱས་པའི་ཐོག བོད་རིགས་མང་ཚོགས་ཀྱི་ཁྲོད་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་གི་ཤེས་བྱ་མཁོ་སྤྲོད་བྱེད་པ་དང་། སྲང་ལམ་གཙང་བཟོ་སོགས་ཀྱི་ཕྱག་ལས་གནང་གི་ཡོད་པའི་གནས་ཚུལ་ཡང་ཐོན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༠་་༢༡ ལོའི་སྔོན་རྩིས་འཆར་འབུལ་ལ་བསྐྱར་ཞིབ་ཀྱི་ལས་དོན་གནང་བཞིན་པ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལགས་དང་བཅས་པའི་རྩིས་ལོ་ ༢༠༢༠་་༢༡ གི་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་རྟོག་ཞིབ་ཀྱི་ལས་དོན་གནང་བཞིན་འདུག དེ་ཡང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༧ ནས ༢༧ བར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་འཚོགས་ཀྱི་ཡོད་ཅིང། ལོ་ལྟར་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སམ་སྔོན་རྩིས་གྲོས་ཚོགས་མ་འཚོགས་པའི་གོང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མི་འགྲོ་ལྔ་ཡོད་པའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལགས་དང་བཅས་པའི་ལོ་འཁོར་སྔོན་རྩིས་རྣམས་སྤྱི་འཐུས་ལྷན་ཚོགས་སུ་འཆར་འབུལ་ཞུས་པར་བསྐྱར་ཞིབ་གནང་གི་ཡོད་པ་ལྟར། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྩིས་ལོ་ ༢༠༢༠་་༢༡ ལོའི་སྔོན་རྩིས་འཆར་འབུལ་ལ་བསྐྱར་ཞིབ་ཀྱི་ལས་དོན་ཁག་ཟླ་བ་འདིའི་ཚེས་ ༢ ཉིན་དངོས་སུ་དབུ་འཛུགས་གནང་འདུག རྩ་བའི་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ནས་བསྐོ་གཞག་གནང་བའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། ཚོགས་དྲུང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས། དེ་བཞིན་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་བཅས་ཆགས་ཀྱི་འདུག གཞི་རྩའི་སྔ་ལོའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའམ་ཕྱི་ཟླ་གསུམ་པའི་སྔོན་རྩིས་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༩་་་༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་སྔོན་རྩིས་ཧིན་སྒོར་ས་ཡ་ ༢༥༠༥ ལྷག་ཙམ་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད།

དབུས་གཙང་ལོ་རྒྱུས་ཆེན་མོའི་དཔེ་དེབ་དབུ་འབྱེད་གནང་བ།

ཁ་སང་ཕྱི་ཟླ་ ༣ ཚེས་ ༣ ཉིན་སྔ་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་གཙང་ཆོལ་ཁའི་དེ་བྱུང་ཆེན་མོའི་པོད་ཕྲེང་གསུམ་ཅན་ཞིག་དབུ་འབྱེད་གནང་སོང་། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་གཙོས་པའི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྤྱི་འཐུས་ལས་ཟུར་ཁག་གཅིག སྲི་ཞུ་ལས་ཟུར་ཁག་གཅིག དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ། དཔར་སྐྲུན་གྱི་སྦྱིན་བདག བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་དོན་གཉེར་ཅན་མང་ཚོགས་ཁག་གཅིག  གསར་འགོད་པ་བཅས་འདུ་འཛོམས་གནང་འདུག སྐབས་དེར་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་ཀྱིས་དབུས་གཙང་ཆོལ་ཁའི་ལོ་རྒྱུས་ཆེན་མོའི་དཔར་སྐྲུན་གནང་ཕྱོགས་དང་འབྲེལ་ཏེ་དབུས་གཙང་ཆོལ་ཁའི་ས་བབ་སོགས་རགས་བསྡུས་སུ་ངོ་སྤྲོད་གནང་བ་དང་སྦྲགས། འདས་ཟིན་གྱི་ལོ་རྒྱུས་རྣམས་ཡིག་ཐོག་ཏུ་མ་བཀོད་པ་དང་ཕྱི་རབས་པ་རྣམ་པས་དདོན་གཉེར་མ་བྱས་ཚེ་སྔར་གྱི་སྲོལ་བཟང་རྒྱུན་འཛིན་གནང་བར་དཀའ་བ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་དོན་བཞིན་དབུས་རྒྱུན་ནས་དབུས་གཙང་ལོ་དེ་བྱུང་ཆེན་མོ་དཔར་སྐྲུན་གནང་བར་བཀའ་འཁྲོལ་ཞུས་དོན་ལྟར་གསོལ་བསྩལ་མཛད་པ་ཞིག་ཆགས་ཡོད་པར་གསུངས་སོང་། ད་དུང་བྱམས་པ་ཆོས་འཕེལ་ལགས་ཀྱིས་དབུས་གཙང་ལོ་རྒྱུས་ཆེན་མོའི་དཔེ་དེབ་འདི་ནི་དབུས་གཙང་གི་ས་ཆའི་ཁྱབ་ཚད་ཀྱི་རྒྱ་ཁྱོན་གྱི་ཆ་ནས་དང་། བརྗོད་བྱའི་ནང་དོན་གྱི་ཆ་ནས་ཆ་ལག་ཚང་ཤོས། གྲྭ་རྒྱས་ཤོས་དང་ཞིབ་ཚགས་ཤོས་ཀྱི་དེ་བྱུང་གི་གླེགས་བམ་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ལོ་རྒྱུས་ཆེན་མོ་འདིར་བརྒྱུད་རིམ་གཉིས་ཀྱི་ཐོག་ནས་དཔར་སྐྲུན་དངོས་སུ་ལེགས་གྲུབ་ཐུབ་ཡོད་པར་ངོ་སྤྲོད་གནང་སོང་། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གངས་ཅན་ལྗོངས་ཀྱི་ཆོལ་གསུམ་ལས་དབུས་གཙང་ཆོལ་ཁའི་དེ་བྱུང་ཆེན་མོའི་ཕྱག་དེབ་ཕྲེང་གསུམ་གྱི་བདག་ཉིད་ཅན་འདི་དཔར་སྐྲུན་གནང་བར་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱག་རོགས་གནང་མཁན་ཀུན་ལ་ཡི་རངས་དང་བསྔགས་བརྗོད་གནང་སོང་བ་དང་སྦྲགས། བོད་འདི་འཛམ་གླིང་ཁྱོན་ནས་འབུར་དུ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་གཅིག་གི་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ཀྱི་གནས་བབས་དེ་ལེགས་སྦྱར་གྱི་སྐད་ཡིག་དང་དོ་མཉམ་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་པས་དེ་ལྟར་མངོན་ཐོན་བྱུང་པ་དང་། སྐད་ཡིག་གི་ཚན་རིག་ཐོག་ནས་ཞུས་ན་ཚད་མཐོ་ཤོས་དེ་ཡིན་པར་བཀའ་བསྩལ་སོང་། བོད་མི་རྣམས་རང་ཉིད་ཀྱི་ཆབ་སྲིད་ལ་དེ་ཙམ་ཐུགས་སྣང་མེད་པར་བརྟེན་མི་རིགས་གཞན་ཚོས་རང་ཉིད་ཀྱི་མངོན་འདོད་ལྟར་དེ་བྱུང་བྲིས་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་བོད་མི་ཚོས་བོད་ཆོལ་གསུམ་གྱི་ལོ་རྒྱུས་ཚང་ལ་མ་ནོར་བ་ཞིག་རྩོམ་བྲིས་གནང་དགོས་པའི་ལམ་སྟོན་གནང་དེ་ལྟར་གནང་སོང་། རྩ་བའི་དབུས་གཙང་ལོ་རྒྱུས་ཆེན་མོའི་རྩོམ་སྒྲིག་འགན་འཛིན་དང་གཙོ་འགན་རྩོམ་སྒྲིག་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་དེ་བྱུང་དང་འབྲེལ་བའི་ཞིབ་འཇུག་གི་བརྒྱུད་རིམ་ཁག་ཞིབ་རྒྱས་སུ་ངོ་སྤྲོད་གནང་སོང་བ་དང་། དེ་བཞིན་དབུས་གཙང་ལོ་རྒྱུས་ཆེན་མོའི་ཞུ་དག་པ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་གི་སྤབ་སྤྱི་ཐུབ་བསྟན་ཡར་འཔེལ་ལགས་ཀྱིས་བདུན་ཕྲག་གཉིས་ཙམ་རིང་ཞིབ་ཀློག་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་ལྟར་ཞིབ་ཀློག་ཞུས་ཏེ་སྐྱོན་དང་ནོར་འཁྲུལ་སྣ་ཅིག་མེད་ཅེས་ཞུ་ཐབས་མ་མཆིས་ཀྱང་། སྤྱིའི་ཆ་ནས་སྐྱོན་མེད་ཚད་ལྡན་ཞིག་ཆགས་ཡོད་པ་ངེས་ཤེས་རྙེད་པ་བྱུང་སྐོར་སོགས་གསུངས་ཡོད། གཞན་ཡང་སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་དྲིན་རྗེས་དྲན་གྱི་ཤེས་ཡོན་ཐེབས་རྩ་དབུ་འབྱེད་བཀྲིན་བསྐྱངས་ཡོད་པ་དང་། གཞིས་བྱེས་དབུས་གཙང་ཡོངས་ཀྱི་ངོས་ནས་རིན་པོ་ཆེ་མཆོག་ལ་བཀྲིན་རྗེས་དྲན་གྱི་སྒོ་ནས་བསྟན་འགྲོ་སྤྱི་དང་བོད་གངས་ཅན་པ་རྣམས་ཀྱི་ཆེད་དུ་༸སྐུ་ཚེ་ཡུན་རིང་བརྟན་པའི་༸རྒྱལ་བ་ཚེ་དཔག་མེད་ཀྱི་༸སྐུ་བརྙ་འདེགས་འབུལ་ཞུས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་དབུས་གཙང་ལོ་རྒྱུས་ཆེན་མོའི་རྩོམ་སྒྲིག་འགན་འཛིན་དང་གཙོ་འགན་རྩོམ་སྒྲིག་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་སུ་དབུས་གཙང་ལོ་རྒྱུས་ཆེན་མོར་དམིགས་བསལ་ཁྱད་ཆོས་གང་དག་ལྡན་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་ད་རེས་དཔར་སྐྲུན་ཞུས་པའི་དབུས་གཙང་ལོ་རྒྱུས་ཆེན་མོ་འདིར་དེ་སྔ་དབུས་གཙང་གི་ས་གནས་སོ་སོའི་རྫོང་ཁག་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་དམངས་སྲོལ་སོགས་ཀྱི་གནས་བབས་སྔར་མེད་ཁག་ཅིག་གསལ་འདོན་གནང་ཡོད་པ་བཅས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་ཡོད་པར་གསུངས་སོང་། ཁོང་གིས་ད་དུང་ད་རེས་རྩོམ་སྒྲིག་གནང་སྐབས་དབུས་གཙང་གི་ལོ་རྒྱུས་དང་འབྲེལ་བའི་བཀའ་འདྲི་ཞུ་ས་མེད་པའི་ངལ་བ་འཕྲད་སྐོར་གསུངས་པ་དང་སྦྲགས། སླད་མར་བོད་ཆོལ་ཁ་གསུམ་གྱི་ས་གནས་སོ་སོའི་ལོ་རྒྱུས་གང་ཡིན་པ་དེ་དག་ཡིག་ཐོག་ཏུ་རསྩོམ་སྒྲིག་གནང་དགོས་གལ་ཡིན་པའི་གཞེན་སྐུལ་གནང་སོང་།གཞི་རྩའི་དབུས་གཙང་ལོ་རྒྱུས་ཆེན་མོ་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་གནང་ཐོག་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་དབུས་པའི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༣ ལོ་དཀྱིལ་ཙམ་ནས་དབུ་འཛུགས་གནང་བ་ཅིག་ཆགས་ཀྱི་ཡོད་པ་དང་། དབུས་གཙང་ཆོལ་ཁའི་དབུས་རྒྱུན་རྣམ་པས་དཔར་སྐྲུན་གྱི་བཀའ་འཁྲོལ་ཞུས་དོན་ལྟར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསོལ་བསྩལ་གནང་ཐོག་བློ་བཟང་ལགས་དང་སྨན་པ་སྐལ་བཟང་དོན་ལྡན་རྣམ་གཉིས་ཀྱིས་དཔལ་འབྱོར་འབུམ་ཉི་ཤུ་ལྷག་མཐུན་འགྱུར་གནང་སྟེ་ཤོག་གྲངས་ ༡༨༦༧ ལས་གྲུབ་པའི་དབུས་གཙང་ལོ་རྒྱུས་ཆེན་མོ་གླེགས་བམ་སྟོད་སྨད་བར་གསུམ་རྩོམ་སྒྲིག་དང་དཔར་སྐྲུན་ལེགས་གྲུབ་བྱུང་ཡོད་པ་རེད།

 ཕྱིར་སྐྱོད་མཐོང་མཆན་བེད་སྤྱོད་བརྒྱུད་ཕྱི་རྒྱལ་གྱི་གསར་འགོད་པར་སྟངས་འཛིན་དམ་དྲག་བྱེད་བཞིན་པ།

དེ་རིང་།  FCCC ཞེས་པའི་རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་ཀྱིས་ལོ་འཁོར་གྱི་སྙན་ཐོ་བཏོན་པའི་ནང་དུ།  རྒྱ་ནག་གཞུང་གིས་སྔར་ལོའི་ནང་དུ།  ཡུལ་དེའི་ནང་གི་ཕྱི་རྒྱལ་གྱི་གསར་འགོད་པར་སྟངས་འཛིན་དམ་དྲག་བྱེད་ཤུགས་ཆེ་རུ་སོང་ཡོད་པ་ལས།   ཡར་རྒྱས་ཀྱི་རྣམ་པ་གཅིག་ཀྱང་མེད་པར་ཡོངས་གྲགས་གནང་འདུག ཚོགས་པའི་ངོས་ནས་སྙན་ཐོ་དེའི་ནང་དུ་རྒྱ་ནག་ནང་ཕྱག་ལས་གནང་བཞིན་པའི་དེ་གའི་ཚོགས་མི་ ༡༡༤ ཙམ་ལ་འདྲི་གཅོད་གནང་ཡོད་པ་དང་། སྙན་ཐོ་ནང་རྒྱ་ནག་ངོས་ནས་ཕྱི་ཕྱོགས་ཀྱི་གསར་འགོད་པས་སྲིད་གཞུང་གི་སྟངས་འཛིན་ལས་བརྒལ་བའི་གསར་འགྱུར་སྤེལ་བ་ཡིན་ན།  གཅིག་ནས་རྒྱ་ནག་ནས་ཕྱིར་ཕུད་གཏོང་རྒྱུའི་ཉེན་བརྡ་གཏོང་བཞིན་པ་དང་། ཕྱོགས་གཞན་ཞིག་ནས་ཕྱི་སྐྱོད་ཀྱི་མཐོང་མཆན་ལག་འཁྱེར་ཕྱིར་འགྱངས་བྱེད་རྒྱུ་མིན་པའི་འཇིགས་སྐུལ་བྱེད་བཞིན་པ་མངོན་གསལ་གནང་བ་མ་ཟད། གནད་དོན་འདི་རིགས་མ་འོངས་པར་དེ་བས་མང་དུ་འགྲོ་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག གཞན་ཡང་སྙན་ཐོ་དེའི་ནང་དུ། རྒྱ་ནག་གི་ནང་དུ་ཡོད་པའི་ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་ལ། རྒྱ་ནག་གི་སྟངས་འཛིན་ལས་བརྒལ་བའི་ཚོར་རྣོ་བའི་དོན་རྐྱེན་གྱི་སྒང་ལ་གསར་འགོད་སྤེལ་བ་ཡིན་ན།  མཇུག་འབྲས་ངན་པ་རང་སྟེང་དུ་འབབ་པ་དང་།  དེ་བཞིན།  རྒྱ་ནག་གི་དཔོན་རིགས་ཁག་ཅིག་གིས་རྒྱ་རིགས་མང་ཚོགས་ལ་ཕྱི་ཕྱོགས་ཀྱི་གསར་འགོད་པ་དང་ལྷན་དུ་སྐད་ཆ་བཤད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་ཡང་ཕྱིར་བསྒྲགས་གནང་འདུག གོང་གི་གནས་ཚུལ་དེ་དང་འབྲེལ་ནས། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་གའི་ Twitter དྲ་གནས་ཐོག་འགྲེལ་བརྗོད་གནང་དོན་ལྟར་ན། སྤྱིར་བོད་དུ་གསར་འགོད་པ་སྐྱོད་རྒྱུར་སྔོན་ཚུད་ནས་གཞུང་གི་བཀའ་ཁྲོལ་ཞུ་དགོས་པས་རྒྱ་ནག་གི་ས་ཁུལ་གཅིག་རང་དེ་ཆགས་ཡོད་པ་མ་ཟད། ཡང་སྒོས་ཐེངས་འདིའི་སྙན་ཐོ་ནང་གསལ་བ་བཞིན། འདས་ལོའི་ནང་བོད་ཀྱི་ས་ཁུལ་དུ་སྐྱོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་བཅུའི་ཁོངས་ནས་དགུ་ལ་ས་གནས་གཞུང་གིས་དམ་དྲག་བཀག་སྡོམ་བྱས་ཡོད་པ་བཅས་ལ་གཞིགས་ན། ཐེངས་འདིའི་གསར་འགོད་མཐུན་ཚོགས་ཀྱིས་བཏོན་པའི་རྒྱ་ནག་ནག་ནང་གི་གསར་འགོད་རང་དབང་གི་སྙན་ཐོ་དེ་ཡིས།  ཕྱི་རྒྱལ་གྱི་གསར་འགོད་པ་སུ་ཞིག་བོད་ནང་དུ་འགྲོ་སྐྱོད་བྱེད་རྒྱུའི་ལམ་ཁ་མེད་པ་དེ་དྲན་གསོ་བྱས་ཡོད་པར་གསུངས་འདུག སྙན་ཐོ་དེའི་ནང་གཞན་ཡང་།  བཅར་འདྲི་ཞུ་སའི་ཕྱི་རྒྱལ་གྱི་གསར་འགོད་པ་ཡོངས་ནས་ཕྱེད་ཙམ་ལ་ལོ་གཅིག་གི་ནང་དུ་རྒྱ་ནག་འགོ་ཁྲིད་དང་ཉེན་རྟོག་པས་ཐེ་ཇུས་ཀྱིས་དཀའ་ངལ་འཕྲད་ཡོད་པ་ལུང་འདྲེན་དང་འབྲེལ།   སྲིད་གཞུང་གི་བྱུས་གཏོགས་དང་བརྙས་བཅོས། དེ་བཞིན་རྩིབ་སྤྱོད་སོགས་སྤེལ་ནས་གསར་འགོད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་བ་མ་ཟད།  ཕྱི་རྒྱལ་གྱི་གསར་འགོད་པ་དེ་དག་ལ་ཕྱག་རོག་གནང་མཁན་གྱི་རྒྱ་རིགས་གསར་འགོད་པ་རྣམས་ཀྱི་ནང་མིར་ཉེན་བརྡ་བཏང་སྟེ་ཉེན་རྟོག་པས་རྩད་གཅོད་ནན་མོ་བྱེད་བཞིན་པ་ཡང་མངོན་གསལ་གནང་འདུག དེ་བཞིན་རྒྱ་ནག་གིས་ད་ཆ་གསར་འགོད་པ་རྣམས་ཀྱིས་བཀག་སྡོམ་བྱས་ཡོད་པའི་དྲ་རྒྱ་འཚོལ་བྱེད་ཀྱི་མ་ལག   VPNs ཞེས་པ་དེ་འཕྲུལ་ལས་ཀྱི་ཐོག་ནས་སྟངས་འཛིན་ནན་མོ་བྱ་བཞིན་ཡོད་པ་དང་།  གཞན་ཡང་ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྐོར་གསར་འགྱུར་དང་རྩོམ་ཡིག་ཏུ་སྤེལ་བ་རྣམས་ལ་འཇིགས་སྐུལ་གྱིས། ཁོ་ཡི་མིང་ངེས་བར་དུ་མ་རྩོམ་ནས་ཕྱིར་འཐེན་བྱེད་ཐབས་བྱས་ཏེ།  ས་གནས་སོ་སོའི་གསར་འགྱུར་ཁང་རྣམས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་ཡང་ཡོངས་གྲགས་གནང་བ་དང་།  རྒྱ་ནག་གི་ནང་དུ་རྟེན་གཞི་བྱས་པའི་གསར་འགོད་པ་ཁག་ཅིག་ཧོང་ཀོང་དུ་ཆེད་སྐྱོད་ཀྱིས་ཧོང་ཀོང་མི་མང་གི་ངོ་རྒོལ་གྱི་སྐོར་ནས་གསར་འགྱུར་སྤེལ་བ་རྣམས།  རྒྱ་ནག་གི་འགྲོ་འོང་ཞིབ་བཤེར་ཁང་ནས་བཀག་སྡོམ་བྱས་པ་མ་ཟད། དུས་ཡུན་རིང་པོར་འདྲི་གཅོད་ཚ་ནན་བྱས་ཏེ། ལག་འཁྱེར་ཁ་པར་དང་གློག་ཀླད་སོགས་ལ་ཞིབ་བཤེར་བྱས་ཡོད་པར་འཁོད་འདུག རྩ་བའི་སྲིད་འཛིན་ཞི་ཅིན་ཕིང་གིས་སྤྱི་ལོ་ ༢༠༡༣ ལོ་ནས་སྲིད་དབང་བཟུང་བ་ནས། ད་བར་དུ་ཕྱི་ལོག་གི་གསར་འགོད་པ་༩ རྒྱ་ནག་སྲིད་གཞུང་གི་ཉེན་བརྡའི་འོག་ནས་ཕྱིར་ཕུད་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་།  སྒོས་སུ་སྤྱི་ལོ་༢༠༡༩ ལོར།  རྒྱ་ནག་གི་ནང་དུ་གསར་འགོད་པ་རྣམས་ལ་ཟླ་བ་དྲུག་དང་དྲུག་ལས་ཉུང་བའི་མཐོང་མཆན་ལས་རག་མེད་པ་མ་ཟད།  ༢༠༢༠ ལོའི་ལོ་འགོ་འདིར།  གསར་འགོད་པ་ ༢ ལ་ཟླ་བ་ ༡ གི་མཐོང་མཆན་ལས་རག་མེད་པ་གསལ་བོ་ཆགས་ཡོད་པ་རེད།    དེ་བཞིན་སྔར་ལོ་ནས་བཟུང་ཤིན་ཅིང་གི་ཁུལ་དུ་དྲག་གནོན་གྱིས་མི་སེར་ས་ཡ་གཅིག་བཀག་སྐྱིལ་བྱས་ཡོད་པའི་ཐད་ནས།  གསར་འགོད་པ་མང་པོ་དངོས་སུ་ཁུལ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་ཡོད་ནའང་།  མང་ཆེ་བ་ལམ་ཁ་བཀག་ཟིན་པ་དང་། འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་ཡོད་པ་སོགས་ཀྱི་ཁག་གཡོགས་འོག་ཁུལ་དེར་བཏང་མེད་པ་རེད།

བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བརྒྱད་པ་མན་གྱི་སློབ་མ་རྣམས་གནས་སྐབས་རིང་ཕྱིར་སློག་གནང་འདུག

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་རིམས་ནད་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དམ་ Corona virus ཞེས་པ་དེ་ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ཡུལ་གྲུ་དུ་མར་རིམ་བཞིན་ཁྱབ་བརྡལ་ཤུགས་ཆེར་སོང་བར་བརྟེན་རྒྱལ་སྤྱིའི་ཐོག་ཛ་དྲག་གི་རང་བཞིན་ལྡན་པའི་རིམས་ནད་ཅིག་ཏུ་ངོས་འཛིན་གནང་བཞིན་ཡོད་སྟབས། རིམས་ནད་དེར་སྔོན་འགོག་ཆེད་དུ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་བརྒྱད་པ་མན་གྱི་སློབ་མ་རྣམས་གནས་སྐབས་རིང་འཛིན་གྲྭ་འཚོགས་རྒྱུ་ཕྱིར་བཤོལ་གནང་བ་མ་ཟད། སློབ་ཕྲུག་ཚོའི་ཕ་མ་ཚོར་རང་ཉིད་བུ་ཕྲུག་རྣམས་ཕྱིར་རང་ཁྱིམ་དུ་ཁྲིད་དགོས་པའི་རེ་སྐུལ་གནང་འདུག རྩ་བའི་ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་གསར་དུ་ཕོག་མཁན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གཅིག་དང་ལྷོ་ཕྱོགས་ Telangana མངའ་སྡེ་ནས་གཅིག་བྱུང་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་མཆོག་གིས་མང་ཚོགས་ལ་དེ་འབྲེལ་དངངས་སྐྲག་གནང་རྒྱུ་མེད་པར་ལམ་སྟོན་གནང་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་གིས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་སུ་ད་ལན་རིམས་ནད་སྔོན་འགོག་གནང་ཕྱིར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་བརྒྱད་པ་མན་གྱི་སློབ་མ་རྣམས་གནས་སྐབས་རིང་འཛིན་གྲྭ་འཚོགས་རྒྱུ་ཕྱི་བཤོལ་གནང་དོན་སོགས་ཀྱི་ཐོག་ལ་བཀའ་འདྲི་ཁག་གཅིག་ཞུས་ཡོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་བོད་དུ་ངེས་ཕེབས་གནང་བའི་རེ་སྐུལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Michelle Bachelet མཆོག་རྒྱ་ནག་ནང་ཕེབས་འཆར་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྕམ་སྐུ་མཆོག་བོད་ནང་དུ་ངེས་ཕེབས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Michelle Bachelet མཆོག་གིས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༤༣ པའི་སྐབས་སུ་ཁོང་ལ་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་དུ་ཕེབས་གནང་ཡོང་བའི་མགྲོན་བརྡ་གནང་ཡོད་པ་ཡོངས་ཁྱབ་གནང་ཡོད་པར་མ་ཟད། ཁོང་གིས་ང་ཚོའི་ངོས་ནས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་ལྟར་ཡོད་མེད་ཐོག་གཏིང་ཟབ་ཀྱི་ཞིབ་འཇུག་བྱ་རྒྱུར་སྒུག་ཆོག་གི་རེད་ཅེས་གསུངས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཨིན་ཡིག་དྲྭ་རྒྱའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་རེས་སྐོར་བསྐྱོད་དེ་ནི་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད་པ་དང་། ལྕམ་སྐུ་ Michelle Bachelet མཆོག་ཐེངས་འདིའི་སྐོར་སྐྱོད་དང་འབྲེལ་ཏེ་བོད་ནང་ལ་མ་ཕེབས་ཚེ་རྒྱ་ནག་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་ལྟར་ཡོད་མེད་ཐོག་གཏིང་ཟབ་ཀྱི་ཞིབ་འཇུག་གནང་ཐབས་བྲལ་བར་མ་ཟད། བོད་ནང་དུ་བཞུགས་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་འདས་པའི་མི་ལོ་ ༦༠ རིང་ལ་རྒྱ་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་བོད་དུ་བཙན་འཛུལ་གྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་ཀྱིས་མནར་སྤྱོད་ཚབས་ཆེན་བཏང་བའི་བྱ་སྤྱོད་དག་ལ་གདོང་ལེན་གནང་ཡོད་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་མི་དག་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བར་བརྟེན་ནས་ཕྱི་ལོ་ ༢༠༠༩ ལོ་ནས་བོད་མི་ ༡༤༥ ནས་བོད་བསྟན་སྲིད་སྤྱིའི་སླད་དུ་སྐུ་ལུས་ཞུགས་འབུལ་གནང་བའི་གནས་སྟངས་སོགས་གསུངས་པ་དང་ཆབས་ཅིག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Bachelet མཆོག་བོད་ནང་དུ་ངེས་ཕེབས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་དང་འབྲེལ་ཏེ་སྐུ་ཉིད་མཆོག་བོད་དུ་མ་ཕེབས་ཚེ་བོད་ནང་དུ་གཞིས་ལུས་བོད་མི་རྣམས་རྟག་ཏུ་འཇིགས་སྣང་ངང་འཚོ་བཞིན་ཡོད་པ་དང་དེ་བཞིན་རྒྱ་གཞུང་གི་དོགས་ཟོན་འོག་གནས་པའི་དངོས་ཡོད་ཀྱི་གནས་སྟངས་ཁག་རྟོགས་ཐུབ་རྒྱུ་མེད་པར་གསུངས་འདུག དེ་སྔ་ཕྱི་ལོ་ ༡༩༩༨ ལོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་བོད་དུ་ཕེབས་ཡོད་པ་ལས་འདས་པའི་ལོ་ངོ་ ༢༢ རིང་ལ་རྒྱ་ནག་གི་བཀག་སྡོམ་འོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་བོད་དུ་སྐོར་བསྐྱོད་གནང་མྱོང་མེད་པ་དང་། གལ་ཏེ་རྒྱ་གཞུང་གིས་ད་རེས་ལྕམ་སྐུ་ Michelle Bachelet མཆོག་བོད་ཕེབས་རྒྱུའི་ཆོག་མཆན་སྤྲད་ཚེ་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ཞིག་བོད་ནང་དུ་སྐོར་བསྐྱོད་ལ་ཕེབས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད་ཅེས་སོགས་གསུངས་པ་དང་སྦྲགས། རྒྱ་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོངབ་ཐང་གི་འབྲེལ་ཡོད་མི་སྣ་ཁག་ལ་འགྲོ་སྐྱོད་ཐད་ལ་བཀག་སྡོམ་བྱས་ཡོད་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Zeid Raad Al Hussein མཆོག་གིས་ཀྱང་རྒྱ་གཞུང་གི་ངོས་ནས་བོད་མི་དང་ཤིན་ཅང་གི་མང་ཚོགས་རྣམས་ཀྱི་འགྲོ་སྐྱོད་ལ་བཀག་སྡོམ་གནང་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད་སྐོར་ལུང་འདྲེན་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་ཤིན་ཅང་ནང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་ཡིན་གསལ་པོ་ཤེས་པའི་ཆེད་དུ་ཞིབ་འཇུག་གནང་བར་བོད་ནང་ད་བར་བྱུང་བའི་གནས་སྟངས་ཁག་ལ་ཞིབ་འཇུག་གནང་དགོས་གལ་ཡིན་པ་དང་། བོད་ནང་དུ་འཕྲད་བཞིན་པའི་དཀའ་ངལ་གང་ཡིན་པ་དེ་དག་མ་སེལ་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཕེལ་རྒྱས་སུ་གཏོང་བར་དགོངས་པ་དེ་ནི་སྟོང་བསམ་རེད་ཅེས་གསུངས་འདུག དེའི་བར་ན ཁ་སང་ཕྱི་ཚེས་ ༢ ཉིན་ཨོ་སི་ཊོ་ལི་ཡར་ཡོད་པའི་ ASPI སྲིད་བྱུས་ཉམས་ཞིབ་ཁང་གིས་ཤིན་ཅང་གི་ཡུ་གུར་བའི་སྐོར་ལ་སྙན་ཐོ་ཞིག་བཏོན་པར་གཞིགས་ཚེ་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཡུ་གུར་བ་ས་ཡ་མང་བརྒལ་བ་བཀག་བསྐྱིལ་བྱེད་བཞིན་པའི་ཁོངས་ནས་མི་གྲངས་ཁྲི་བརྒྱད་ལྷག་རྒྱ་ནག་གི་ས་ཁུལ་གཞན་དུ་ཡོད་པའི་བཟོ་གྲྭ་ཁག་ཏུ་ངལ་རྩོལ་སྒྱུར་བཀོད་གཏོང་བཞིན་ཡོད་པ་རེད་འདུག ད་ལྟའི་ཆར་ཤིན་ཅང་ནང་གི་ཡུ་གུར་མང་ཚོགས་དེ་དག་གི་གནས་སྟངས་གང་ཡིན་ལ་བལྟ་ཚེ་ཁོང་རྣམས་ལ་བཙན་དབང་གིས་ངལ་རྩོལ་སྒྱུར་བཀོད་བྱེད་དི་འཇུག་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག་པར་མ་ཟད། ཡུ་གུར་བ་དེ་རྣམས་ནཱའེ་ཀི། གྷེཔ། སེམ་སྔག།སོ་ནི་སོགས་རྒྱལ་སྤྱིའི་བཟོ་ཚོང་ཁང་གྲགས་ཅན་ ༨༣ ལྷག་ལ་ཆ་བགོས་ཀྱིས་ངལ་རྩོལ་ཆེད་གཏོང་བཞིན་ཡོད་པ་རེད་འདུག འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ད་ལྟའི་ཆར་གནས་སྟངས་དེ་ལ་ངོས་ལེན་རྩ་བ་ནས་བྱེད་མི་འདུག དེ་བཞིན་རྒྱ་ནག་གི་བཟོ་གྲྭ་དེ་དག་ཏུ་ཡོད་པའི་ཡུ་གུར་བ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་བཙན་དབང་གི་ཐོག་ནས་ངལ་རྩོལ་དུ་བཀོལ་པ་དང་། དེ་དག་རྣམས་ལོགས་སུ་ཚོམས་ཁང་ལྟ་བུར་བཞག་ནས་རྒྱ་ཡིག་ལ་སློབ་སྦྱོང་དང་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་སྤྲོད་བཞིན་ཡོད་པར་མ་ཟད་ཆོས་ལུགས་ཀྱི་གནང་སྒོ་ཁག་ལ་ཞུགས་རྒྱུར་བཀག་སྡོམ་བྱེད་མུས་ཡིན་པ་བཀོད་འདུག

ཏོག་དབྱིབས་ནད་ཡམས་རྐྱེན་པས་རྒྱལ་ཚོགས་ཀྱི་ཟུར་ཚོགས་རྣམས་ཕྱིར་འཐེན་བྱ་དགོས་བྱུང་འདུག

ཏོག་དབྱིབས་ནད་ཡེམས་རྐྱེན་པས། འདི་ག་ཇི་ནི་ལྦར་ནང་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ པའི་སྐབས་སྐོང་འཚོགས་བྱ་རྒྱུའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཟུར་ཚོགས་ཀྱི་ཚོགས་འདུ་རྣམས་འཕྲལ་མར་ཕྱིར་འཐེན་བྱ་དགོས་བྱུང་འདུག དེ་ཡང་འདས་པའི་བདུན་ཕྲན་སྔོན་མའི་ནང་སུད་སི་གྲོང་ཁྱེར་ཇི་ནི་ལྦར་གཙོས་པས་གཞན་མངའ་སྡེ་ཁག་ཅིག་ནང་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཨི་ཊ་ལི་བརྒྱུད་ནས་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་བྱུང་འགོ་ཚུགས་པའི་གནས་ཚུལ་ཐོག་མར་ཐོན་ཡོད་པ་དང།  བདུན་ཕྲན་སྔོན་མའི་རེ་གཟའ་པ་སངས་ཕྱི་ཚེས་༢༨ ཉིན་སུད་སི་དབུས་གཞུང་ནས་འཕྲལ་མར་འདི་གར་རིམས་ནད་སྔོན་འགོག་དང་ཁྱབ་བརྡལ་ཇེ་ཆེར་མི་འགྲོ་བའི་ཆེད་འདི་ག་རྒྱལ་ཁབ་ནང་གི་ཡོང་རྒྱུ་བསྡད་པའི་མང་ཚོགས་འདུ་འཛོམས་ཆེ་བའི་བྱེད་སྒོ་ཆ་ཚང་ཕྱིར་འཐེན་བྱས་ཡོད་པ་མ་ཟད།  དེ་བཞིན་ས་གནས་སོ་སོའི་ནང་དུ་མང་ཚོགས་༡༠༠༠བརྒལ་བའི་འདུ་འཛོམས་བྱེད་སྒོ་རྣམས་འཕྲལ་མར་ཕྱིར་འཐེན་བྱ་དགོས་པའི་བཀོད་ཁྱབ་བཏང་བས་གནས་ཚུལ་ཐོན་ཡོད་པ་རེད། ད་ལན་ཉེ་འཆར་སུད་སི་ནང་དུ་རིམས་ནད་ཀྱི་གནས་ཚུལ་དེ་ཐོན་པས་རྐྱེན་གྱིས་ཁ་སང་ཕྱི་ཚེས་༣ ཉིན་གྱི་ཉིན་རྒྱབ་འདི་ག་ཇི་ནི་ལྦར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཀྱང་ལྷན་ཚོགས་ཐེངས་༤༣ པ་འཚོགས་བཞིན་པའི་བར་ལ་ཛ་དྲག་གསལ་བསྒྲགས་ཞིག་སྤེལ་ནས་དེ་རིང་ཕྱི་ཚེས་༣ ནས་ཕྱི་ཚེས་༢༠ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུའི་དུས་ཡུན་རིང་རྒྱལ་ཚོགས་ནང་དུ་འཚོགས་རྒྱུ་ལྷག་བསྡད་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཟུར་ཚོགས་ཀྱི་ཚོགས་འདུ་ཆ་ཚང་ཕྱིར་འཐེན་བྱ་དགོས་པའི་བཀོད་ཁྱབ་བཏང་བས་གནས་ཚུལ་ཐོན་སོང་། ཐེངས་འདིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༤༣ པ་དེ་བཞིན་ཕྱི་ཟླ་༢ པའི་ཚེས་༢༤ ནས་འགོ་བཙུགས་ཡོད་པ་དང་།  ཟླ་བ་འདིའི་ཕྱི་ཚེས་༢༠ བར་བདུན་ཕྲག་གསུམ་རིང་ལྷན་ཚོགས་འདིའི་སྐབས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱལ་ཚོགས་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཟུར་ཚོགས་ཀྱི་ཚོགས་འདུ་ཁྱོན་ ༡༧༩  འཚོགས་རྒྱུ་ཐོ་འཁོད་ཟིན་འདུག     འོན་ཀྱང་ད་རེས་ཀྱི་གནད་དོན་འདིའི་རྐྱེན་པས་ཡོང་རྒྱུའི་ཟུར་ཚོགས་ ༡༥༣ འཚོགས་མ་ཐུབ་པའི་གནས་སྟངས་ཆགས་འདུག་པ་མ་ཟད།  སྟབས་མ་ལེགས་པ་ཞིག་ལ་ད་ལན་ལྷན་ཚོགས་དེའི་སྐབས་སུ་འཚོགས་རྒྱུའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་འབྲེལ་བའི་ཟུར་ཚོགས་ཀྱི་ཚོགས་འདུ་དེ་ཡང་ཕྱིར་འཐེན་བྱ་དགོས་པའི་དུས་ཡུན་དེའི་ཁོངས་སུ་ཚུད་ཡོད་པ་རེད་འདུག ཉེ་ཆར་སུད་སི་ནང་དུ་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་ཐོན་པ་དེའི་དབང་གིས།་  འདི་ག་སུད་སི་གྲོང་ཁྱེར་ཇི་ནི་ལྦ་ནང་ཕྱི་ཟླ་གསུམ་པའི་ནང་དུ་འཚོགས་རྒྱུའི་འཛམ་གླིང་ནང་ཡོངས་གྲགས་ཆེ་བའི་རླང་འཁོར་གྱི་ཁྲོམ་སྟོན་དང་།   Rolex ལག་ཐོག་ཚོུད་སོགས་ཀྱི་ཁྲོམ་སྟོན་དང་།  རྒྱལ་ཡོངས་རྐང་རྩེད་སྤ་ལོའི་རྩེད་འགྲན། དེ་བཞིན་༢༠༢༠ ལོའི་ཇི་ནི་ལྦའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གཙོས་པའི།   སུད་སི་ཁྱོན་ཡོངས་སུ་ཚོགས་རྒྱུའི་མང་ཚོགས་ཆེ་བའི་འདུ་འཛོམས་རྣམས་ཀྱི་བྱེད་སྒོ་ཁག་སུད་སི་དབུས་གཞུང་གི་བཀོད་ཁྱབ་འོག་འཚོགས་རྒྱུ་མེད་པ་བཟོས་འདུག  ཤེས་རྟོགས་བྱུང་བར་གཞིགས་ན་ད་ལན་ཕྱིར་འཐེན་བྱ་དགོས་བྱུང་བའི་ཇི་ནི་ལྦའི་འགྲོ་བ་མིའི་ཐོབ་ཐང་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདིའི་ཐོག་བོད་ནང་གི་གློག་བརྙན་བཟོ་སྐྲུན་པ་གྲགས་ཆེན་པདྨ་ཚེ་བརྟན་ལགས་ཀྱི་ Ballon འམ་དབུགས་ལྒང་ཞེས་པ་དེ་གཟིགས་འབུལ་ཞུ་འཆར་ཡོད་པ་རེད་འདུག   རྩ་བའི་ཁ་སང་ཕྱི་ཚེས་༢ བར་གྱི་ཡོ་རོབ་ཁུལ་གྱི་ཏོག་དབྱིབས་ནད་ཡམས་གནས་བབ་ལ་གཞིགས་ན།  ཡོ་རོབ་ཨི་ཊ་ལི་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་ ༡༦༩༤  དང་འདས་གྲོངས་སུ་ཕྱིན་པ་ ༣༤  ཕ་རན་སི་ནང་རིམ་ནད་ཕོག་པ་གྲངས་༡༣༠ དང་འདས་གྲོངས་སུ་ཕྱིན་པ་༢ འཇར་མི་ནང་དུ་རིམ་ནད་ཕོག་པ་གྲངས་ ༡༥༠  ཨོ་སི་ཀྲིཡ་ནང་རིམ་ནད་ཕོག་པ་གྲངས་ ༡༤  དེ་བཞིན་སུད་སི་ནང་ཆ་མཚོན་པ་ཡིན་ན་ཁ་སང་བར་རིམ་ནད་ཕོག་པ་ནད་པ་གྲངས་ ༤༢ བཅས་ཆགས་ཀྱི་འདུག      ད་ཆ་ཡོ་རོབ་རྒྱལ་ཁབ་ནང་ཨི་ཊ་ལི་རྒྱལ་ཁབ་དེ་བཞིན་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག གཞི་རྩའི་རྒྱ་ནག་གི་དྲ་གནས་སུ་འཁོད་པའི་བོད་ཁུལ་གྱི་རིམས་ནད་ཀྱི་གྲངས་ཐོ་ལྟར་ན།   རྒྱ་ནག་གིས་ས་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དུ་མི་ ༥༣༨ དང་།  མཚོ་སྔོན་ཞིང་ཆེན་ནས་མི་ ༡༨།  དེ་བཞིན་ཀན་སུའི་ཞིང་ཆེན་དུ་༩༡ དང་ཡུན་ནན་ཞིང་ཆེན་དུ་༡༧༤ ། དེ་བཞིན་བོད་ལྗོངས་སུ་ནད་པ་༡ བཅས་ཀྱི་གནས་ཚུལ་བྱུང་ཡོད་པ་ལས་མི་མང་པོ་ཞིག་སྨན་ཁང་ནས་དྲག་སྐྱེལ་བྱུང་ནས་རང་ཁྱིམ་དུ་ལོག་ཡོད་པའི་གནས་ཚུལ་འཁོད་འདུག   དེ་དག་ལས་ད་ལྟ་ཚབ་ཆེ་རུ་འགྲོ་བཞིན་པ་ནི་དཀར་མཛེས་ཁུལ་གྱི་རྟའུ་རྫོང་དང་རྒྱ་ནག་དང་ས་འབྲེལ་ཡིན་པའི་ཡོན་ནན་ས་ཁུལ་དུ་ནད་པའི་གྲངས་འབོར་ཤུགས་ཆེར་འཕར་ཡོད་པ་རེད།  

Latest news