Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

དྷ་སར་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་ཚོས་ཐོ་འགོད་གནང་དགོས་པའི་འབོད་སྐུལ།

ད་ལྟའི་ཆར་འཛམ་གླིང་ས་ཕྱོགས་གང་སར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་རྐྱེན་པས་ཛ་དྲག་གི་གནས་སྟངས་ཁྲོད་འདིར་གཉན་རིམས་འགོག་ཐབས་ཡག་ཤོས་ནི་ Social Distancing ཞེས་མི་ཚོགས་འདུ་འཛོམས་ཀྱི་བྱ་བ་སྤངས་ཏེ་རང་ཉིད་སོ་སོའི་ཁྱིམ་དུ་བཞུགས་རྒྱུ་དེ་ཡིན་སྟབས། རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེར་ཟླ་བ་འདིའི་ཕྱི་ཚེས་ ༡༤ བར་ Lockdown ཞེས་ཐེམ་སྤངས་ཀྱི་ཁྲིམས་སྒྲིག་ལག་བསྟར་གནང་མུས་ཡིན་པ་ལྟར་བཞུགས་སྒར་དྷརྨ་སཱ་ལཱའི་ས་གནས་སྲིད་གཞུང་གིས་བཀའ་རྒྱ་བསྒྲགས་དོན་བཞིན་ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་དབུ་འཛུགས་ཀྱིས་ཐེམ་སྤངས་ཀྱི་ཁྲིམས་སྒྲིག་ལག་བསྟར་གནང་སྟེ་ད་བར་ཉིན་གྲངས་ ༡༡ ཙམ་སོང་ཡོད་པ་རེད། རླུང་འཕྲིན་ཁང་གི་དྷ་སཱའི་ས་གནས་ཉེན་རྟོག་ཁང་གི་ཉེན་རྟོག་འགན་འཛིན་སྐུ་ཞབས་ Neeraj Rana ལགས་སུ་ས་གནས་བོད་རིགས་མང་ཚོགས་ནས་ཐེམ་སྤངས་ཀྱི་ཁྲིམས་སྒྲིག་ལག་བསྟར་གནང་རྒྱུའི་བཀའ་རྒྱར་དང་ལེན་གང་འདྲ་གནང་གི་ཡོད་མེད་སོགས་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་པར་ཁོང་གིས་མེག་ལོཊ་ཁུལ་གྱི་བོད་མི་ཚོས་ད་བར་གཞུང་གི་བཀའ་རྒྱར་བརྩི་སྲུང་དང་ལེན་གང་ལེགས་གནང་གི་འདུག་པ་ལྟར་སླད་མར་དེ་ལྟར་གནང་བའི་རེ་བ་ཡོད་ཅེས་གསུངས་སོང་། ས་གནས་ཉེན་རྟོག་པ་རྣམས་ནས་རང་གི་ལས་དོན་གང་ལེགས་གནང་བཞིན་པ་རེད། ཕྱིའི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མི་སྣ་ཁག་གཅིག་ས་གནས་མང་ཚོགས་ཀྱི་ཁྱིམ་དུ་བཞག་ཡོད་པ་དང་ཕྱི་མི་དེ་དག་གི་ངོས་ནས་ CForm ཞེས་པའི་འགེངས་ཤོག་བསྐང་དགོས་པ་བཞིན་ཁག་གཅིག་ནས་དེ་ལྟར་ཐོ་འགོད་གནང་མེད་སྟབས། དྷ་སར་བཞུགས་པའི་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་ཚོས་ངེས་པར་དུ་ཐོ་འགོད་གནང་དགོས་པའི་འབོད་སྐུལ་དང་སྦྲགས། དེའང་ས་གནས་གཞུང་དང་ཐད་ཀར་འབྲེལ་བ་གནང་སའི་ཞལ་པར་ཨང་གྲངས་ ༡༠༤ དང་ ༡༠༧༧ གཉིས་ཀྱི་ཐོག་གནང་ཆོག་གི་ཡོད་པ་གསུངས་སོང་བར་མ་ཟད། དེ་ལྟར་གནང་ཚེ་སོ་སོའི་རྒྱལ་ཁབ་དང་ཁྱིམ་ཚང་། དེ་བཞིན་རང་ཉིད་ཀྱི་བདེ་འཇགས་བཅས་པ་སྲུང་སྐྱོབ་ཐུབ་པའི་དགེ་མཚན་ལྡན་ཡོད་པ་གསུངས་ཡོད། དེ་བཞིན་ཁོང་གིས་མང་ཚོགས་ནས་ཐེམ་སྤངས་ཀྱི་ཁྲིམས་སྒྲིག་ལག་བསྟར་མ་གནང་ཚེ་ཁྲིམས་སྒྲིག་ལྟར་ཕྱག་བསྟར་གནང་རྒྱུ་ཡིན་པ་གསུངས་སོང་བ་དང་། རང་ཁྱིམ་དུ་བཞུགས་ཏེ་རང་གི་བདེ་འཇགས་ཐད་སྲུང་སྐྱོབ་གནང་གནད་ཡིན་པ་མ་ཟད་ལྷག་དོན་བཟའ་ཆས་གཙོས་མཁོ་ཆས་ཉོ་ཁག་རྣམས་ངེས་པར་དུ་གཙང་བཟོ་གནང་སྟེ་ཁྱིམ་དུ་འཁྱེར་དགོས་པར་ལམ་སྟོན་གནང་ཡོད། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་དེའི་འོག་རྒྱ་ནག་ནང་མི་ཁྲི་ ༨ ལྷག་ལ་རིམས་ནད་དེ་ཕོག་པ་དང་མི་ ༣༠༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་གཙོས་འཛམ་གླིང་ཁྱོན་ལ་ད་བར་མི་འབུམ་ ༡༠ མ་ཟིན་ཙམ་ཞིག་ལ་རིམས་ནད་དེ་འགོས་ཁྱབ་བྱུང་སྟེ་ད་བར་མི་ ༤༥༠༠༠ ཙམ་རྐྱེན་འདས་སུ་གྱུར་ཡོད་པ་རེད། དེ་བཞིན་ད་བར་རྒྱ་གར་ནང་རིམས་ནད་དེ་ཕོག་པ་མང་ཚོགས་ ༢༠༠༠ ལྷག་བྱུང་ཡོད་པའི་ཁྲོད་ནས་མི་ ༥༠ འདས་གྲོངས་སུ་གྱུར་ཡོད་པ་རེད།

ལྷ་ས་ཁུལ་དུ་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་གནང་བཞིན་འདུག

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་གནང་སྒོ་སྤེལ་ཡུལ་གྱི་གནས་སྟངས་དང་གཞི་ཁྱོན། ཤུགས་རྐྱེན། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ལ་གཞིགས་ཏེ་སྔོན་ལ་ཐག་རིང་དང་དེ་ནས་རྫོང་གྲོང་། དེ་རྗེས་ལྟེ་བའི་གྲོང་ཁྱེར་བཅས་ཀྱི་གོ་རིམ་ལྟར་ཞིབ་འཇུག་བྱས་རྗེས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་ལྷ་ས་གྲོང་ཁྱེར་གྱི་ཐག་རིང་དགོན་སྡེ ༢༡༤ ཙམ་བསྐྱར་དུ་སྒོ་འབྱེད་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་དང་། ད་ལྟའི་འཆར་སེ་འབྲས་དགེ་གསུམ་གཙོས་པའི་ལྷ་སའི་ནང་གི་དགོན་སྡེ་ཁག་གཅིག་ད་དུང་སྒོ་ཕྱེ་རྒྱུ་མིན་པར་བསྒྲགས་འདུག གནས་ཚུལ་དེ་དང་འབྲེལ་ནད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མཚན་མཐོང་ཆེ་རུ་གཏོང་ཐབས་དང་ཏོག་དབྱིབས་ནད་རིམས་ནད་ཁྱབ་བརྡལ་གྱི་རྗེས་སུ་ཡང་འཚོ་བའི་གནས་སྟངས་རང་འཇགས་ཡིན་པར་སྟོན་ཐབས་སུ་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་བྱེད་ཀྱི་ཡོད་པར་བསྒྲགས་ཡོད་ལུགས་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་རྒྱ་ནག་གིས་བོད་ཁུལ་གྱི་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་བྱས་པ་དེ་ནི་ནང་པའི་སྤྱི་ཚོགས་ལ་སེམས་གསོ་ཕྲན་ཙམ་བཏང་བ་ལྟ་བུ་ཞིག་ཡིན་ཀྱང་རྒྱ་ནག་གིས་ད་དུང་ནང་པའི་དགོན་སྡེ་ཁག་ལ་དམ་དྲག་སྟངས་འཛིན་བྱེད་རྒྱུར་འགྱུར་བ་གང་ཡང་ཕྱིན་མེད་ལུགས་འགྲེལ་བརྗོད་གནང་འདུག རྒྱ་ནག་གིས་བོད་ཁུལ་དུ་དགོན་སྡེ་ཁག་སྒོ་འབྱེད་བྱས་པ་དེ་ནི་རྒྱལ་སྤྱིའི་ཐོག་བོད་ཁུལ་དུ་ཞི་འཇགས་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པའི་རྣམ་པ་ཕྱིར་སྟོན་ཐབས་གཙོ་བོ་ཞིག་ཡིན་པ་དང་། དོན་དུ་བོད་ཁུལ་དུ་བོད་རིགས་སློབ་ཕྲུག་དང་གཞུང་ཞབས་པ་རྣམས་དགོན་པ་གྲྭ་ཚང་ཁག་གི་ཆོས་ལུགས་ཀྱི་གནང་སྒོར་ཞུགས་མི་ཆོག་པར་སྟངས་འཛིན་བྱེད་བཞིན་པར་མ་ཟད་སྤྱི་ཡོངས་ཀྱི་ཆ་ནས་དགོན་སྡེ་ཁག་ལ་དམ་དྲག་བྱེད་བཞིན་པར་སྤྱིར་སྟངས་ཤིག་མིན་པར་ཡོངས་གྲགས་གནང་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་བོད་ཁུལ་གྱི་དགོན་སྡེ་ཁག་ལ་སྟངས་འཛིན་བྱེད་བཞིན་པ་དེར་རྣམ་དབྱེ་མང་དུ་ཡོད་པར་འགྲེལ་བརྗོད་ཀྱིས་ཕྱི་ལོ་ ༢༠༡༡ ལོའི་རྒྱ་ན་ནག་གིས་དགོན་སྡེ་ཁག་ཡུན་རིང་དོ་དམ་བྱེད་ཕྱོགས་ཀྱི་སྲིད་བྱུས་ཟེར་བ་ཞིག་གཏན་འབེབས་བྱས་པ་བརྒྱུད་ནས་སྲིད་གཞུང་གིས་དགོན་པ་ཁག་ཏུ་མི་སྐྱ་སུམ་ཅུ་ལས་གྲུབ་པའི་དོ་དམ་ཚོགས་ཆུང་ཟེར་བ་ཞིག་རྩ་འཛུགས་ཀྱིས་དགོན་པའི་ཆོས་ལུགས་ཀྱི་གནང་སྒོ་སྤྱི་དང་དགོན་པའི་སྲོལ་རྒྱུན་གྱི་སློབ་གཉེར་གྱི་རིམ་པར་འགྱུར་བ་བཏང་བར་མ་ཟད། དགོན་པའི་ནང་དུ་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་བསླབ་གཞི་གསར་པ་གཏན་འབེབས་བྱས་ཡོད་པར་ཡོངས་གྲགས་གནང་འདུག གཞན་ཡང་ལས་འགུལ་ཁང་གིས་ ༢༠༡༩ ལོར་ལྷ་སའི་སློབ་གྲྭ་ཞིག་གིས་བོད་རིགས་སློབ་མ་རྣམས་ཀྱི་དགུན་ཁའི་གུང་གསེང་དང་འབྲེལ་བའི་སྒྲིག་ཡིག་ཅིག་ཕྱི་ལ་བཀྲམས་པའི་ནང་བོད་རིགས་སློབ་མ་རྣམས་གུང་གསེང་སྐབས་སུ་དགོན་སྡེ་ཁག་གི་ཆོས་ལུགས་གནང་སྒོ་ཁག་ལ་ཞུགས་མི་ཆོག་པ་དང་། ཕ་མ་ཚོས་ཀྱང་བོད་རིགས་སློབ་མ་རྣམས་ཐག་རིང་དུ་ཁྲིད་མི་ཆོག་པའི་བཙན་བཀའ་བཏང་སྟེ་ཕ་མ་སུ་ཞིག་གིས་སྒྲིག་འགལ་ཚེ་མཇུག་འབྲས་ངན་པ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད་པ་ལུང་འདྲེན་གནང་འདུག རྩ་བའི་གསར་ལམ་ཁག་ཏུ་ཉིན་ཤས་གོང་ནས་གནས་ཚུལ་ཐོན་པ་ལྟར་ན། སྲིད་གཞུང་གིས་མང་ཚོགས་དང་བཟོ་ཚོང་ཁག་ལ་བཙན་བཀའ་བཏང་ནས་ཚོང་ལས་དང་བཟོ་ལས་བསྐྱར་དུ་སྒོ་འབྱེད་བྱས་ནས་མི་མང་གིས་རྒྱུན་ལྡན་ལྟར་ལས་ཞུགས་བྱེད་དགོས་པའི་ཉེན་བརྡ་གཏོང་བཞིན་པའི་ཁྲོད། ས་གནས་མི་མང་དང་བཟོ་ཚོང་ཁང་སོགས་ནས་སྲིད་གཞུང་གིས་སྲིད་བཙན་དབང་བྱས་པ་དེར་ཡ་ལན་སྤྲོད་ཐབས་མེད་པར་ལས་ཞུགས་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་ལྟར་ཁ་སང་ནས་བོད་ཁུལ་གྱི་དགོན་སྡེ་ཁག་ཀྱང་སྒོ་འབྱེད་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་ཞིག་རེད་འདུག

༸གོང་ས་མཆོག་གིས་ PM cares fund ཞེས་པའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་ཞལ་འདེབས་བསྩལ་འདུག

༸གོང་ས་མཆོག་གིས་ PM cares fund ཞེས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་ཆེད་ཉེ་ལམ་རང་གསར་འཛུགས་གནང་བའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་མ་དངུལ་གྱི་ཞལ་འདེབས་གནང་བ་མ་ཟད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐབས་རྩར་ཞལ་འདེབས་གནང་རྒྱུ་ཡིན་པ་བཀའ་བསྩལ་འདུག དེ་རིང་སྔ་དྲོ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཏེ་སྲིན་བློན་མཆོག་གིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་གར་གྱི་ནང་དུ་རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་གནང་བཞིན་པར་རྒྱབ་སྐྱོར་མཛད་འདུགའཚམས་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་གོ་ལ་འདིའི་འགྲོ་བ་སྤྱི་ཡོངས་ལ་གོད་ཆག་ཆེན་པོ་ཕོག་པར་གདོང་ལེན་གྱིས་ཐབས་ཤེས་བྱེད་རྒྱུར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་པ་དང་། སྲིད་བློན་མཆོག་གིས་ལྷོ་ཨ་ཤ་ཡིའི་ཁུལ་གྱི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་ཛ་དྲག་གི་མ་དངུལ་ཆེད་འཛུགས་དང་གནས་ཚུལ་བརྗེ་ལེན། ཤེས་ཡོན་དང་འཇོན་རྩལ་སོགས་བརྒྱུད་ནས་རིམས་ནད་ཁྱབ་བརྡལ་ལ་སྔོན་འགོག་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་བ་དང་སྦྲགས། འདི་ལྟ་བུའི་མཉམ་ལས་ཀྱི་རིགས་འདིས་མ་འོངས་པའི་དུས་སྐབས་སུ་ཡང་ཐེངས་འདིའི་དཀའ་ངལ་དང་འདྲ་བའི་དུས་སྐབས་སུ་གདོང་ལེན་གནང་ཕྱོགས་མིག་དཔེ་བཟང་པོ་ཞིག་བསྐྲུན་ཡོད་ཅེས་བཀའ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཐེངས་འདིའི་རིམས་ནད་ཁྱབ་བརྡལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པར་བཀའ་གནང་སྟེ། ༸གང་ཉིད་མཆོག་གིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གིས་ PM cares fund ཞེས་པའི་སྲིད་བློན་མཆོག་གི་ཐེབས་རྩར་ངལ་སེལ་གྱི་ཞལ་འདེབས་གང་འཚམས་ཤིག་གནང་རྒྱུ་ཡིན་པར་ཡོངས་གྲགས་གནང་བ་དང་འབྲེལ། ༧དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཀྱང་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐེངས་འདིའི་སྲིད་བློན་མཆོག་གི་ཛ་དྲག་གི་མ་དངུལ་གསོག་སྒྲུབ་ཀྱི་ལས་གཞི་དེར་ཞལ་འདེབས་སུ་འབུལ་རྒྱུ་ཡིན་པར་བཀའ་བསྩལ་འདུགགཞན་ཡང་མགོན་པོ་གང་གིས་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་ཁྲོད། འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་གི་བྱེད་ལས་དང་འགྲོ་འདུག་ལ་སྟངས་འཛིན་བྱེད་དགོས་པའི་དུས་སྐབས་ཤིག་ཤར་བའི་མཇུག་འབྲས་སུ་མི་མང་པོ་ཞིག་གི་འཚོ་གནས་བརླགས་ཏེ་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། སྒོས་སུ་གཏན་འཇགས་ཀྱི་ཡོང་འབབ་ཡག་པོ་མེད་པའི་མི་རྣམས་ལ་དཀལ་ངལ་འཕར་མ་ཞིག་འཕྲད་ཀྱི་ཡོད་སྟབས། སྲིད་བློན་མཆོག་གི་ཐེབས་རྩ་གཙོས་པའི་ཁེ་མེད་ཀྱི་ཐེབས་རྩ་ཁང་རྣམས་ཀྱིས་དཀའ་ངལ་ཁྲོད་ཀྱི་མི་རྣམས་ལ་རོགས་སྐྱོར་གནང་ཐུབ་པར་ཐུགས་རེ་གནང་གི་ཡོད་ཅེས་བཀའ་བསྩལ་འདུགམཇུག་ཏུ་མགོན་པོ་མཆོག་གིས་རྒྱ་གར་དབུས་གཞུང་གིས་རིམས་ནད་ཁྱབ་བརྡལ་སྔོན་འགོག་ལ་དམིགས་པའི་བྱེད་ལས་དེར་ཡིད་ཆེས་བརྟན་པོ་ཡོད་པ་དང་དེ་བཞིན་མགོན་པོ་མཆོག་གིས་རིམས་ནད་དེ་ཁྱབ་བརྡལ་མི་འགྲོ་བའི་ཐུགས་སྨོན་མཛད་འདུག

ཁམས་ཚ་བ་མཛོ་སྒང་དུ་ཕ་བུ་གཉིས་འཛིན་བཟུང་།

བོད་ཆབ་མདོ་ས་ཁུལ་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་དགུང་ལོ་༧༥ ཡིན་པའི་ཕ་འཇམ་དཔལ་རྡོ་རྗེ་ལགས་དང་ཁོང་གི་བུ་ཚེ་རིང་འགྱུར་མེད་གཉིས་སྔར་ལོའི་ལོ་མཇུག་ཏུ་རྒྱ་ནག་གིས་འཛིན་བཟུང་བྱས་འདུག གོང་གི་གནས་ཚུལ་དེ་དང་འབྲེལ་ནས། ལྷོ་ཕྱོགས་ཀྱི་དགེ་བཤེས་བྱམས་པ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  སྔར་ལོའི་ལོ་མཇུག་སྟེ།  དགའ་ལྡན་ལྔ་མཆོད་དང་ཉེ་བའི་སྐབས་སུ་རྒྱ་ནག་གིས་ཁོང་ཕ་བུ་གཉིས་ཀྱིས་ཁ་པར་བརྒྱུད་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུས་བ་དང་། དེ་བཞིན་རྒྱ་གར་དུ་ཡོད་པའི་ཁོང་གི་བུ་མོ་དང་འབྲེལ་བ་བྱས་པའི་དོགས་གཞིའི་འོག   སྔར་ལོ་༢༠༡༩་ལོའི་ཟླ་༡༢་བའི་ཟླ་མཇུག་ཏུ་ཁོང་ཕ་བུ་གཉིས་ཚ་བ་མཛོ་སྒང་རྫོང་གི་རྒྱ་ནག་གི་ཉེན་རྟོག་པས་ཁྱིམ་ནས་བཙན་ཁྲིད་ཀྱིས་མཛོ་སྒང་རྫོང་དུ་དོ་དམ་བཀག་ཉར་འོག་འདྲི་རྩད་བྱས་བ་བརྒྱུད་ནས།  ཕྱིས་སུ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མི་ཆོག་པའི་བཙན་དབང་གི་གན་ཡིག་ལ་མིང་རྟགས་བཀོད་དུ་བཅུག་པ་མ་ཟད།    སྲིད་གཞུང་གིས་ཁོང་ཕ་བུ་གཉིས་ཀྱི་ཁ་པར་བཙན་འཕྲོག་བྱས་ཏེ་འབྲེལ་ཡོད་ཀྱི་ཁ་པར་ཨང་གྲངས་རྣམས་ཀྱང་ཐོ་འགོད་བྱས་རྗེས་ཁོང་གཉིས་གློད་བཀྲོལ་བཏང་ཡོད་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས།  ཚ་བ་མཛོ་སྒང་དུ་ས་གནས་ཀྱི་ལོག་སྐད་ཅིག་བེད་སྤྱོད་ཆེན་པོ་གཏོང་གི་ཡོད་པར་བརྟེན།   དབུས་སྐད་ཡག་པོ་གོ་ཐུབ་ཀྱི་མེད་ནའང་། ཕ་ཡུལ་གྱི་ཡུལ་མི་རྒན་པ་རྣམས་ཀྱིས་༸གོང་ས་མཆོག་གི་གསུང་ཆོས་གོ་མིན་ལ་མ་བལྟས་པར་ཁ་པར་བརྒྱུད་ནས་གསུང་ཆོས་ཞུ་མཁན་མང་པོ་ཡོད་པ་མ་ཟད།   དད་པ་དམ་ཚིག་གི་དབང་གིས་མགོན་པོ་གང་གི་གསུང་ཆོས་ལ་ཉན་པ་ཡིན་ན་ཡིད་སེམས་ལྷོད་ལྷོད་དང་གཉིད་ཀྱང་མ་འདྲ་བ་ཞིག་ཁུག་གི་ཡོད་པར་འགྲེལ་བརྗོད་གནང་མཁན་ཡོད་ཚུལ་གསུངས་སོང་། གཞན་ཡང་ཁོང་གིས། ཕྱི་ལོ་ ༢༠༡༤ ནང་རྒྱ་ནག་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ། གཏེར་ཁ་སྔོག་འདོན་གྱི་ལས་འཆར་གསར་འཛུགས་བྱས་པའི་སྐབས་སུ།  ཚ་བ་མཛོ་སྒང་གི་ཡུལ་མི་རྣམས་ཀྱིས་རང་ས་སྲུང་སྐྱོབ་ཀྱིས་ངོ་རྒོལ་ཤུགས་ཆེར་བྱས་བརྟེན་བོད་མི་ཁག་ཅིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང་།  སྐབས་དེའི་ངོ་རྒོལ་གྱི་ཁྲོད། ཕོ་གསར་ཞིག་གིས་རང་ལུས་ལ་གྲིས་བརྒྱབ་ནས་རང་སྲོག་བཅད་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་བ་དང་། དེ་བཞིན་ཚ་བ་མཛོ་སྒང་དུ་བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་དོལ་རྒྱལ་བསྟེན་སྲོལ་བྱེད་རྒྱུ་མེད་པར་བརྒྱུད་སྐུལ་བྱེད་མཁན་མང་པོ་བྱུང་ཡོད་པའི་ཁྲོད།   རྒྱ་ནག་གིས་གྲོང་པ་ནང་གི་རྒན་པ་ཁག་ཅིག་འཛིན་བཟུང་གིས་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་སྟབས།   ད་ཆ་ཚ་བ་མཛོ་སྒང་དེ་རྒྱ་ནག་གི་མིག་ནང་གི་ཚེར་མ་ལྟ་བུ་ཞིག་ཏུ་ཡོད་པར་གསུངས་སོང་། གཞི་རྩའི་རྒྱ་ནག་གིས་ལོ་མང་པོའི་གོང་ནས་ཚ་བ་མཛོ་སྒང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་པར་བརྟེན།  ཕྱི་ལོག་ཏུ་ཡོད་པའི་བོད་མི་རྣམས་ཀྱིས་རང་གི་ཡུལ་མི་རྣམས་ལ་ལོ་གསར་ལ་འཚམས་འདྲི་ཙམ་ཡང་ཞུ་ཐབས་མེད་པ་མ་ཟད།   ཁ་སང་དེ་རིང་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་གྱི་སྐབས་འདིར་ཡུལ་མི་རྣམས་ཀྱི་གནས་སྟངས་ལ་རྒྱུས་ལོན་ཙམ་ཡང་བྱེད་ཐབས་མེད་པར་ལྷག་ཡོད་པ་མ་ཟད།  ཕ་ཡུལ་དུ་འབྲེལ་བ་བྱེད་དགོས་བྱུང་ན།  ལྷ་ས་དང་ཆ་མདོ་སོགས་བརྒྱུད་ནས་འབྲེལ་བ་བྱེད་བཞིན་པ་ལས།  ཐད་གར་ཚ་བ་རྫོང་སྒང་དུ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་རེད་འདུག

ཏོག་དབྱིབས་རིམས་ནད་སྔོན་འགོག་དང་འབྲེལ་བའི་རྒྱ་ནག་གིས་བཟོས་པའི་ཅ་དངོས་རྣམས་ལ་ངོས་ལེན་གནང་མི་འདུག

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid 19 འམ་ཏོག་དབྱིབས་རིམས་ནད་དེ་ད་ཆ་འཛམ་བུ་གླིང་གི་རྒྱལ་ཁབ་ ༡༩༠ ལྷག་ནང་ཁྱབ་གདལ་ཆེས་ཆེར་དུ་འགྲོ་བཞིན་པའི་ཁྲོད་འདིར་འགོས་ཁྱབ་སླ་བའི་ནད་དུག་སྔོན་འགོག་སླད་རྒྱལ་ཁབ་མང་པོའི་ནང་ཁ་རས་དང་དུག་སེལ། དེ་བཞིན་གཉན་རིམས་བརྟག་དཔྱད་གནང་རྒྱུའི་མཁོ་ཆས་རྣམས་ཉུང་དྲག་རྐྱེན་མ་འདང་བའི་ངལ་བ་ཆེས་ཆེ་བའི་གནས་སྟངས་སུ་གྱུར་ཡོད་ཀྱང་། ཡོ་རོབ་རྒྱལ་ཁབ་གཙོ་བོར་གྱུར་པའི་གཞན་ཁག་གཅིག་གིས་རྒྱ་ནག་གིས་བཟོས་པའི་རིམས་ནད་བརྟག་དཔྱད་དང་འབྲེལ་བའི་ཅ་དངོས་རྣམས་ལ་ངོས་ལེན་གནང་མེད་པ་རེད་འདུགཁ་སང་ BBC གསར་ཁང་གཙོས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་ཡོ་རོབ་རྒྱལ་ཁབ་སེ་པིན་དང་ཊར་ཀི། དེ་བཞིན་ནི་ཐ་ལན་ཌི་སོགས་ཀྱིས་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་བརྟག་དཔྱད་གནང་རྒྱུའི་མཁོ་ཆས་ཅ་དངོས་དང་ཁ་རས་རྣམས་སྤུས་ཚད་ལེགས་པོ་མེད་པར་བརྗོད་འདུག ལྷག་པར་དུ་རེས་གཟའ་སྤེན་པའི་ཉིན་ Dutch འཕྲོད་བསྟེན་ལས་ཁུངས་ཀྱིས་ཟླ་ ༣ ཚེས་ ༢༡ ཉིན་རྒྱ་ནག་ནས་བྱུང་བའི་ཁ་རས་འབུམ་དྲུག་ལྷག་དེ་གའི་སྨན་ཁང་ཁག་ཏུ་བགོ་འགྲེམས་གནང་འདུག་ཀྱང་། ཁ་རས་དེ་དག་གཉན་རིམས་སྔོན་འགོག་སླད་འོས་འཚམས་པ་མེད་པ་ཤེས་རྟོགས་བྱུང་བར་བརྟེན་ཁ་རས་དེ་དག་བེད་སྤྱོད་གནང་རྒྱུ་དང་འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་བྱེད་ཚོར་བགོ་འགྲེམས་གནང་མཚམས་བཞག་འདུག གཞན་ཡང་སེ་པེན་གཞུང་གིས་ཀྱང་རྒྱ་ནག་གི་བཟོ་ཚོང་ཁང་ནས་རིམས་ནད་བརྟག་དཔྱད་བྱེད་རྒྱུའི་ཅ་དངོས་སྟོང་ཕྲག་མང་པོ་མངགས་ཡོད་པ་དེ་དག་ཁྲོད་ཁྲི་དྲུག་མན་ཙམ་ཞིག་ནད་པར་ཏོག་དབྱིབས་ནད་དུག་ཕོག་ཡོད་མེད་ཤེས་ཐུབ་ཀྱི་མེད་པ་ཤེས་རྟོགས་བྱུང་བ་དང་ཆབས་ཅིག་ཏུ་རེས་གཟའ་ཕུར་བུའི་ཉིན་སི་པེན་གྱི་གྲོང་ཁྱེར་མེཌ་རིཌ་ལ་རིམས་ནད་བརྟག་དཔྱད་ཀྱི་ཅ་དངོས་ ༨༠༠༠ ལྷག་གཏང་རྒྱུ་ཕྱིར་འཐེན་དང་དེ་བཞིན་ཅ་དངོས་སྟོང་ཕྲག་མང་པོ་ཞིག་རྒྱ་ནག་གི་བཟོ་བསྐུན་ཁང་ལ་ཕྱིར་སློག་གནང་འདུག མེཌ་རིཊ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སི་པེན་ནས་ཅ་དངོས་དེ་དག་མངགས་ཉོ་བྱེད་སའི་རྒྱ་ནག་བཟོ་ཚོང་ཁང་ Shenzhen Bioeasy Biotechnology ཞེས་པ་དེ་རྒྱ་ནག་གཞུང་ནས་སྨན་དང་འབྲེལ་ཡོད་ཅ་དངོས་ཚོང་འགྲེམས་བྱ་བར་ཆོག་མཆན་སྤྲད་མེད་པར་བརྗོད་འདུག དེ་དང་ཕྱོགས་མཚུངས་ཊར་ཀིས་ཀྱང་རྒྱ་ནག་ནས་བྱུང་བའི་རིམས་ནད་དེར་བརྟག་དཔྱད་གནང་རྒྱུ་དང་འབྲེལ་བའི་ཅ་དངོས་འབུམ་གསུམ་ལྷག་ཞིག་ཚད་ལྡན་ཡོད་པར་བརྗོད་ཡོད་ཀྱང་མང་པོ་ཞིག་ནད་པར་ནད་ཕོག་ཡོད་མེད་བརྟག་དཔྱད་ཚད་ལྡན་ཞིག་གནང་ཐུབ་ཀྱི་མེད་པ་བརྗོད་འདུགརྒྱ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཡིས་རྒྱ་ནག་ནང་ནད་ཡམས་ཐོག་མར་དར་བའི་སྐབས་རྒྱལ་ཁབ་གཞན་ནས་རོགས་སྐྱོར་ཚུལ་དུ་ཅ་དངོས་འབྱོར་བ་རྣམས་རྒྱ་ནག་གི་ཚད་གཞི་དང་མཐུན་གྱི་མེད་ཀྱང་རྒྱ་ནག་ནས་རྒྱལ་ཁབ་གཞན་གྱི་མཐུན་འབྲེལ་ལ་ཡིད་ཆེས་དང་གུས་བརྩི་ཞུས་ཡོད་པ་བརྗོད་འདུག གཞི་རྩའི་སི་པིན་ནི་ཨི་ཊ་ལི་རྗེས་སུ་རིམས་ནད་ཕོག་མཁན་གྱི་ཡོ་རོབ་རྒྱལ་ཁབ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། སི་པེན་ནང་ད་ཆ་རིམས་ནད་དེ་རྐྱེན་མི་ ༧༠༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་པར་མ་ཟད་མི་གྲངས་ ༨༥༠༠༠ ལྷག་ལ་གཉན་རིམས་དེ་ཕོག་ཡོད་པ་རེད།  

ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དམིགས་བསལ་གསུང་འཕྲིན།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Covid-19 འམ་ཏོག་དབྱིབས་རིམས་ནད་དེ་ད་ལྟའི་ཆར་རྒྱལ་སྤྱིའི་རྒྱལ་ཁབ་ཁྱོན་ཡོངས་སུ་དར་ཁྱབ་ཆེས་ཆེར་འགྲོ་བཞིན་པར་མ་ཟད། ལྷག་པར་དུ་རྒྱ་གར་ནང་ལ་རིམ་བཞིན་རིམས་ནད་དེ་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དུས་སྐབས་འདིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་དམིགས་བསལ་ལམ་སྟོན་གྱི་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་དུ་མགོན་པོ་༧གང་ཉིད་མཆོག་གིས་དེང་སང་འཛམ་གླིང་གང་སར་ནད་ཡམས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་མུས་དང་། སྤྱིར་ནས་འཛམ་གླིང་སྤྱིའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཏུ་གྱུར་པ་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད།འོན་ཀྱང་རྒྱ་གར་གཞུང་གིས་མཚོན་འཛམ་གླིང་གང་ས་ནས་གདོང་ལེན་གནང་མུས་ལ་ཡི་རང་དང་བསྔགས་བརྗོད་ཞུ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཆགས་གནས་འཇིག་སྟོང་བར་མ་ཆད་དུ་བྱུང་དང་འབྱུང་མུས་དང་། འཇིག་རྟེན་འདི་འཇིག་པ་ན་མཚོན་དང་ནད་དག་གིས་འཇིག་པར་ཡང་གསུངས་པ་དེ་དག་ནི་ད་ཆར་མངོན་སུམ་ལྟ་བུར་སྣང་། གང་ལྟར་ཡང་འཇིག་རྟེན་འདིར་གོད་ཆགས་སྣ་ཚོགས་འབྱུང་བའི་སྐབས་སོ་སོར་སྲོག་ཆགས་སྤྱི་དང་། མིའི་རིགས་ཀྱིས་གདོང་ལེན་གྱིས་མུ་མཐུད་འཚོ་བཞིན་ཡོད། ཞུམ་པས་སྡུག་བསྔལ་ལས་མི་གྲོལ་བས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་བསྐྱེད་དེ་མིའི་རྣམ་དཔྱོད་དང་། དེང་དུས་རིག་འཕྲུལ་ཟུང་འབྲེལ་གྱིས་སེལ་ཐབས་བྱེད་དགོས། ཅི་སྟེ་སེལ་དུ་མེད་པའི་དཀའ་ངལ་ཞིག་འཕྲད་ནའང་། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགར་བྱས་ཅི་ཕན།། ཞེས་པ་ལྟར་ཡིན་པས་དངངས་སྐྲག་བྱ་དགོས་མེད། ནད་ཡམས་ནི་མིའི་རིགས་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་དང་། འཛམ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཚང་མས་ནུས་པ་མཉམ་སྤུངས་བྱ་དགོས། སྤྱིར་སྤྱི་སྒེར་ཀུན་གྱིས་སྔོན་འགོག་ལ་ཧུར་ཐག་དང་། རིམས་ནད་འདི་འགོག་སླད་རྒྱལ་ཁབ་དུ་མས་མཉམ་ལས་དང་། རང་རེ་གནས་ཡུལ་རྒྱ་གར་ནས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་བརྒྱད་དང་མཉམ་ལས་བྱ་འཆར་དེ་དག་ནི་ཆེས་དགོས་གལ་དུ་མཐོང་། སླད་མར་དཀའ་ངལ་གཞན་སེལ་བ་ལའང་མིག་དཔེར་འོས་པ་ཞིག་ཏུ་མངོན། དུས་འདིར་ང་ཚོས་སྣང་མེད་དུ་ཤོར་མི་རུང་བ་ཞིག་ནི། ད་ཐེངས་ནད་ཡམས་སྔོན་འགོག་གི་རྐྱེན་པས་བཟོ་པ་སོགས་དང་འཚོ་རྟེན་ངེས་མེད་ཀྱི་ཉམ་ཐག་རྣམས་ལ་དཀའ་ངལ་འཕར་མ་འཕྲད་པར་ཀུན་གྱིས་ཡིད་གཟབ་ལྟ་སྐྱོང་ལྷོད་མེད་ཡོང་བ་དང་། དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་གནང་བཞིན་པའི་སྨན་པ་དང་སྨན་ཞབས་སོགས་འབྲེལ་ཡོད་ལས་བྱེད་ཀུན་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་ཆབས་ཅིག འཛམ་གླིང་ས་ཕྱོགས་གང་སར་དཀའ་ངལ་གྱི་གནས་སུ་ལྷུང་བའི་མཆེད་གྲོགས་ཕོ་མོ་རྣམས་ལ་དེ་བས་གདུང་སེམས་མཉམ་བསྐྱེད་དང་། ནད་ཡམས་འདི་མྱུར་དུ་ཆད་ནས་འཛམ་གླིང་སྔར་བཞིན་བདེ་སྐྱིད་དང་ལྡན་པར་ཡོང་བའི་རེ་བ་དང་གསོལ་འདེབས་སྨོན་ལམ་རྟག་ཏུ་བྱེད་མུས་བཅས་ཏཱ་ལའི་བླ་མས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠  ཉིན་ལ་ཞེས་གཉན་རིམས་དང་འབྲེལ་བའི་དམིགས་བསལ་གསུང་འཕྲིན་བསྩལ་ཡོད་པ་རེད།

དྷ་སར་ཏོག་དབྱིབས་རིམས་ནད་ཕོག་མཁན་ནད་པ་གཅིག་མ་གཏོགས་མི་འདུག

ཉེ་ཆར་དྷརྨ་ས་ལར་ཏོག་དབྱིབས་རིམས་ནད་འོག་བོད་མི་ཞིག་འདས་གྲོངས་སུ་གྱུར་བའི་གནས་སྟངས་བྱུང་བའི་ཁྲོད་འདིར་བོད་མི་དེའི་ནང་མི་གཙོས་པའི་འབྲེལ་ཡོད་ཚོར་ནད་རྟགས་ཐོན་མེད་པར་མ་ཟད། ད་ཆ་དྷ་སར་གཉན་རིམས་འདི་ཕོག་མཁན་ནད་པ་གཅིག་མ་གཏོགས་མེད་པ་རེད་འདུགཟླ་ ༣ ཕྱི་ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་བརྙན་འཕྲིན་བརྒྱུད་བཙན་བྱོལ་ནང་གནས་བཞུགས་བོད་མིར་རྒྱ་ནག་ཝུ་ཧན་གྱི་གཉན་རིམས་དེ་ཕོག་ཡོད་པའི་ཁྲོད་ནས་བོད་མི་གཉིས་འདས་གྲོངས་སུ་གྱུར་ཡོད་པ་གསུངས་པ་དང་སྦྲགས། གཉན་རིམས་དེ་རྐྱེན་དྷ་སར་འདས་གྲོངས་སུ་གྱུར་བའི་བོད་མི་དེའི་ནང་མི་གཙོས་པའི་འབྲེལ་ཡོད་ཚོར་ནད་རྟགས་དེ་ཐོན་མེད་པ་གསལ་བསྒྲགས་གནང་ཡོད། གཞི་རྩའི་ཧི་མཱ་ཅལ་ཀཱངྒ་ར་རྫོང་ཁོངས་སུ་ད་བར་ཏོག་དབྱིབས་རིམས་ནད་ཕོག་མཁན་ནད་པ་ཁྱོན་གསུམ་བྱུང་ཡོད་པའི་ཁོངས་ནས་བོད་མི་གཅིག་བྱུང་ཡོད་པ་དེ་འདས་གྲོངས་སུ་གྱུར་ཟིན་པ་དང་། དེ་མིན་རྒྱ་གར་བ་ནད་པ་གཉིས་པ་ལས་གཅིག་ཉེ་ཆར་རིམ་པ་དང་པོའི་བརྟག་དཔྱད་ནང་ནད་རྟགས་ཐོན་མེད་པ་དང་སླར་རིམ་པ་གཉིས་པའི་བརྟག་དཔྱད་གནང་མུས་ཡིན་པ་ལྟར། ནད་རྟགས་མ་འཐོན་ཚེ་སྨན་ཁང་ནས་ཕྱིར་རང་ཁྱིམ་དུ་ལོག་རྒྱུ་ཡིན་པ་རེད།ད་ལྟའི་ཆར་ཀཱངྒ་རཱ་རྫོང་དཔོན་ལ་རྫོང་འདིའི་ནང་འདས་པའི་ཉིན་གྲངས་ ༢༨ ནང་ཚུད་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕར་འགྲོ་ཚུར་འོང་གནང་བའི་འགྲུལ་བཞུད་པ་གྲངས་ ༡༢༧༢ ཀྱི་གྲངས་རག་སོན་བྱུང་ཡོད་པའི་ཁོངས་མི་ ༣༡༥ ནས་ཉིན་གྲངས་ ༢༨ རིང་གི་ཟུར་བཀག་གནང་ཟིན་པ་དང་ ༢༤༤ མངའ་སྡེ་དེ་ནས་ཕྱིར་ཐོན་གནང་ཟིན་པ་དག་། ད་ཆ་མི་ ༥༦༦ རང་ཁྱིམ་དུ་ཟུར་བཀག་གནང་ཡོད་པར་མ་ཟད་མི་ ༢༡ གཞུང་གི་སྨན་ཁང་ནང་ཟུར་བཀག་གནང་བཞིན་ཡོད་པ་རེད། སྤྱིར་འདས་པའི་ལོ་མཇུག་ཙམ་ལ་རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ Covid 19 འམ་ཏོག་དབྱིབས་རིམས་འདི་ད་ཆ་རྒྱལ་སྤྱིའི་རྒྱལ་ཁབ་ ༡༩༩ ལྷག་གི་ནང་ལ་ཁྱབ་བཞིན་ཡོད་པ་དང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོར་གཞིགས་ན་ད་ལྟའི་ཆར་རྒྱལ་སྤྱི་ཁྱོན་ཡོངས་སུ་རིམས་ནད་དེ་ཕོག་པ་ ༦༣༨༡༤༦ བྱུང་པའི་ཁྲོད་ནས་མི་ ༣༠༡༠༥ འདས་གྲོངས་སུ་གྱུར་འདུག་པ་དང་རྒྱ་གར་ནང་རིམས་ནད་དེ་ཕོག་པའི་མི་ ༡༠༢༤ དང་འདས་གྲོངས་སུ་གྱུར་བ་མི་ ༢༧ བཅས་ཆགས་ཀྱི་འདུག

རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་དུ་ཕྱི་ནས་ཕེབས་བའི་བོད་མི་༢༥༠ལྷག་ཙམ་ཟུར་བཀག་བྱས་འདུག

རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་དེའི་རྐྱེན་གྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དང་། ཧུན་སུར་རབ་རྒྱས་གླིང་། དེ་བཞིན་བྱེས་ཀྱི་གདན་ས་ཆེན་མོ་ཁག་ཏུ་ཕྱི་ནས་ཕེབས་པའི་བོད་མི་ཁྱོན་ ༢༥༠ ལྷག་ཙམ་ཟུར་བཀག་བྱས་འདུག་པ་མ་ཟད། བྱེས་ཀྱི་གདན་ས་ཆེན་མོ་ཁག་ཅིག་གིས་ནད་ཡམས་སྔོན་འགོག་དང་འབྲེལ་ནས་སྤྱི་ཐབ་ཁང་སྒོ་རྒྱབ་སྟེ་ཁང་ཚན་སོ་སོར་སྐམ་ཟས་བགོ་འགྲེམས་གནང་འདུག དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་བྱེས་ཀྱི་གདན་ས་ཆེན་མོ་ཁག་ཅིག་གི་མཁན་པོ་དང་ཕྱག་མཛོད་བཅས་ལ་འབྲེལ་བ་ཞུས་སྐབས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕྱི་ནས་འབྱོར་བའི་དགེ་འདུན་པ་དང་། སློབ་ཕྲུག་བཅས་ཁྱོན་བོད་མི་ ༢༠༠ མ་ཟིན་ཙམ་ཞིག་འདོད་རྒུ་གླིང་པདྨ་ཚལ་སྡོད་ཁང་དང་། གཞན་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱི་གྲྭ་ཚང་ཁག་བཞིའི་མགྲོན་ཁང་དང་སློབ་གྲྭ་སོགས་ཀྱི་ནང་བདུན་ཕྲག་གཉིས་ཀྱི་རིང་ལ་ཟུར་བཀག་གིས་བོད་མི་དེ་དག་ལ་ནད་ཡམས་དེའི་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་བཞིན་ཡོད་ནའང་ད་བར་ནད་རྟགས་ཐོན་པའི་ཛ་དྲག་གི་གནས་སྟངས་གཅིག་ཀྱང་བྱུང་མེད་པའི་ཐད་ནས་གདན་ས་ཆེན་མོ་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་། དེ་བཞིན་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ཁྱབ་ཁོངས་སུ་ཕྱི་ནས་ཕེབས་པའི་བོད་རིགས་བཅུ་བཞི་ཙམ་ཟུར་བཀག་གནང་འདུག་པ་དང་། དེ་ཡང་རྒྱུད་སྨད་གྲྭ་ཚང་གི་ནང་དུ་བོད་མི་བརྒྱད་དང་། ཨོ་རྒྱན་གླིང་དུ་བོད་མི་བཞི། དེ་བཞིན་རྫོང་སར་ཆོས་སྡེར་བོད་མི་གསུམ་བཅས་ཕྱི་ནས་ཕེབས་པའི་རྒྱུ་མཚན་གྱིས་སྔོན་འགོག་གི་སླད་དུ་ཟུར་བཀག་གནང་ཡོད་ནའང་དེ་དག་གི་ཁོངས་སུ་བོད་མི་ཁག་ཅིག་ཟུར་བཀག་གི་དུས་ཡུན་ཚང་ནས་རང་ཁོངས་སུ་ཕྱིར་ཕེབས་རྒྱུ་ཡིན་པའི་ཐད་ནས་ས་གནས་འགོ་འཛིན་ཐུབ་བསྟན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།  ཕྱོགས་མཚུངས་བྱེས་ཀྱི་གདན་ས་ཆེན་མོ་སེ་ར་བྱེས་ཀྱི་ཁྱབ་ཁོངས་སུ་ཕྱི་ནས་ཕེབས་པའི་དགེ་འདུན་པ་ ༣༠ ལྷག་ཙམ་ཞིག་བཀྲ་ཤིས་ཆོས་གླིང་གི་ནང་དུ་ཟུར་བཀག་གནང་ཡོད་མ་ཟད། སེ་ར་བྱེས་གྲྭ་ཚང་གི་སྤྱི་ཐབ་ཁང་སྒོ་རྒྱབ་ནས་དེ་རིང་ཁང་ཚན་སོ་སོར་སྐམ་ཟས་བགོས་འགྲེམས་གནང་རྒྱུ་ཡིན་པ་སེ་ར་བྱེས་ཀྱི་ཕྱག་མཛོད་ཆེན་མོ་དགེ་བཤེས་དཔལ་ལྡན་ལགས་ཀྱི་ངོ་སྤྲོད་གནང་སོང་། དེ་བཞིན་བྱེས་ཀྱི་གདན་ས་ཆེན་མོ་སེ་ར་སྨད་ཀྱི་མཁན་རིན་པོ་ཆེ་མཆོགག་གིས་གསུང་དོན་ལྟར་ན། སེ་ར་སྨད་ཀྱི་ཁྱབ་ཁོངས་སུ་ཕྱི་ནས་ཕེབས་པའི་དགེ་འདུན་པ་ཁག་ཅིག་ཟུར་བཀག་གནང་ཡོད་སྐོར་དང་། སྤྱིར་བྱེས་ཀྱི་གདན་ས་ཆེན་མོ་ཁག་ཅིག་གིས་སྤྱི་ཐབ་ཁང་སྒོ་རྒྱབ་པའི་གནས་ཚུལ་ཐོན་ཡོད་རུང་སེ་ར་སྨད་གྲྭ་ཚང་གིས་རྒྱུ་མཚན་ཁག་ཅིག་ལ་བརྟེན་ནས་གནས་སྐབས་རིང་སྤྱི་ཐབ་ཁང་སྒོ་རྒྱབ་མེད་པར་གསུངས་སོང་། ལྷོ་ཕྱོགས་བོད་མི་གཞི་ཆགས་ཀོ་ལི་གྷལ་དོན་ལྡན་གླིང་དང་། སྦེལ་ཀོབ་བདེ་སླར་དང་ལུགས་བསམ་བཅས་ཀྱི་གཞིས་གྲོང་ཁག་དང་། དེ་བཞིན་བྱེས་ཀྱི་གདན་ས་ཆེན་མོ་བཀྲིས་ལྷུན་པོ་ནང་དུ་ད་བར་བོད་མི་ཟུར་བཀག་བྱས་པའི་གནད་དོན་གཅིག་ཀྱང་མེད་པ་འབྲེལ་ཡོད་ས་གནས་འགོ་འཛིན་དང་ཕྱག་མཛོད་ཀྱིས་འགྲེལ་བརྗོད་གནང་གི་འདུག་པ་མ་ཟད། བྱེས་ཀྱི་གདན་ས་ཆེན་མོ་ཁག་ལས་འབྲས་སྤུངས་བློ་གསལ་གླིང་དང་སེ་ར་བྱེས་གྲྭ་ཚང་གཉིས་ནས་ནད་ཡམས་སྔོན་འགོག་དང་འབྲེལ་ནས་སྤྱི་ཐབས་ཁང་སྒོ་རྒྱབ་པའི་གནས་ཚུལ་ཐོན་པ་ལས་གཞན་དགའ་ལྡན་བྱང་རྩེ་དང་ཤར་རྩེ།  སྒོ་མང་གྲྭ་ཚང་། དེ་བཞིན་སེ་ར་སྨད་བཅས་ནས་གནས་སྐབས་རིང་སྤྱི་ཐབ་ཁང་སྒོ་རྒྱབ་མེད་པ་རེད། གཞི་རྩའི་རྒྱ་གར་རྒྱལ་ཡོངས་སུ་ཕྱི་ཚེས་ ༢༤ ཉིན་གྱི་ཐོ་རེངས་ཚོུད་ ༡༢ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༢༡ རིང་མང་ཚོགས་ཕྱི་ལ་བསྐྱོད་མི་ཆོག་པའི་བཀོད་ཁྱབ་འོག་རིམས་ནད་ཁྱབ་བརྡལ་འགོག་ཐབས་གནང་བཞིན་ཡོད་པ་མ་ཟད། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཀྱི་ཁུལ་དུའང་རྒྱ་གར་གྱི་ཁྲིམས་གཞི་དོན་ཚན་ ༡༤༤ འོག་མི་ལྔ་ལྷག་འདུ་འཛོམས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

ཧི་མཱ་ཅལ་མངའ་སྡེ་གཞུང་གིས་རིམས་ནད་སྔོན་འགོག་སླད་ཐབས་ཤེས་གང་ཡོང་གནང་བཞིན་པར་བསྔགས་བརྗོད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་ངོས་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ Covid19 སྔོན་འགོག་སླད་ཐབས་ཤེས་གང་ཡོང་གནང་བཞིན་པར་བསྔགས་བརྗོད་པ་དང་སྦྲགས། རིམས་ནད་དེའི་ཁྲོད་མང་ཚོགས་དབུལ་ཕོངས་རྣམས་ལ་ཟ་ཆས་དང་སྨན་སོགས་ཀྱི་མཐུན་རྐྱེན་སྦྱོར་ཆེད་མ་དངུལ་གསོལ་བསྩལ་མཛད་འདུགདེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་བའི་ནང་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཧི་མཱ་ཅལ་མངའ་ཁུལ་དུ་རྟོག་དབྱིབས་རིམས་ནད་སྔོན་འགོག་སླད་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་བཞིན་པར་རྒྱབ་སྐྱོར་ཡོད་པར་བཀའ་བསྩལ་འདུགམངའ་སྡེ་འདི་ནི་འདས་པའི་ལོ་ངོ་ ༦༠ རིང་ལ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་གནས་ཆགས་ཡོད་པ་དང་། མངའ་སྡེ་འདིའི་མང་ཚོགས་དང་སེམས་ཐག་ཉེ་བོ་ཞིག་ཚོར་གྱི་ཡོད་སྟབས་མངའ་སྡེའི་མང་ཚོགས་ལ་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཚུལ་དུ་༧དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩས་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ལ་ཡོད་པའི་ངལ་སེལ་རོགས་སྐྱོར་ཐེབས་རྩར་མ་དངུལ་གསོལ་བསྩལ་གནང་རྒྱུ་ཡིན་པ་བཀའ་བསྩལ་འདུག དེའང་དཀའ་ཚེགས་ཆེ་བའི་དུས་ཚིགས་འདིར་མང་ཚོགས་དབུལ་ཕོངས་རྣམས་ལ་ཟ་ཆས་དང་སྨན་སོགས་ཀྱི་མཐུན་རྐྱེན་སྦྱོར་ཆེད་ཡིན་པར་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ད་དུང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་དབུ་ཁྲིད་ནས་རྒྱ་གར་དབུས་གཞུང་གིས་ཀྱང་རིམས་ནད་སྔོན་འགོག་སླད་ཛ་དྲག་གི་ཁྲིམས་སྒྲིག་ཁག་ཕྱག་བསྟར་གནང་བཞིན་པ་དེ་དག་ནུས་ཕན་སོན་ངེས་ཡིན་སྐོར་བཀའ་བསྩལ་ཡོད།གཞི་རྩའི་ཧི་མཱ་ཅལ་ཀཱངྒ་རཱ་རྫོང་ཁོངས་སུ་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་ཕོག་མཁན་ནད་པ་ཁྱོན་གསུམ་བྱུང་ཡོད་པའི་ཁོངས་ནས་བོད་མི་གཅིག་བྱུང་ཡོད་པ་དེ་འདས་གྲོངས་སུ་གྱུར་ཟིན་རྗེས། ད་ལྟའི་ཆར་ནད་པ་གཉིས་ཡོད་པ་དེ་དྷརྨ་སཱ་ལཱའི་ཉེ་འཁྲིས་ཊན་ཌ་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་རེད། ཛ་དྲག་གི་གནས་སྟངས་འོག་ད་ཆ་ཧི་མཱ་ཅལ་མངའ་སྡེ་ཙམ་མ་ཟད་རྒྱ་གར་རྒྱལ་ཡོངས་སུ་ཕྱི་ཚེས་ ༢༤ ཉིན་གྱི་ཐོ་རེངས་ཚོུད་ ༡༢ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༢༡ རིང་མང་ཚོགས་ཕྱི་ལ་བསྐྱོད་མི་ཆོག་པའི་བཀོད་ཁྱབ་འོག་རིམས་ནད་ཁྱབ་བརྡལ་འགོག་ཐབས་གནང་བཞིན་ཡོད་པ་རེད།

Latest news