Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ནད་ཡམས་ཁྲོད་ཨི་ཊ་ལི་ནང་གི་བོད་མིའི་གནས་སྟངས་རྒྱུས་ལོན།

ཏོག་དབྱིབས་ནད་ཡམས་དེ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཆེས་ཐོག་མར་མཆེད་པའི་རྗེས་སུ་འཛམ་གླིང་རྒྱལ་ཁབ་རྣམས་ལས་ཁྱབ་གདལ་ཤུགས་ཆེ་ཤོས་ཕོག་ཡུལ་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་ཆགས་ཡོད་ཅིང་། ད་བར་ཟླ་བ་གཉིས་མན་ཙམ་ནང་ཨི་ཊ་ལི་ནང་མི་གྲངས་ ༡༦༨༩༤༡ ལ་ཏོག་དབྱིབས་ནད་ཡམས་ཕོག་པའི་གནས་ཚུལ་བྱུང་བ་མ་ཟད་གཉན་རིམས་རྐྱེན་པས་མི་གྲངས་ ༢༢༡༧༠ འདས་གྲོངས་ཕྱིན་ཡོད་པ་དང་དེ་བཞིན་དྲག་སྐྱེད་བྱུང་བ་ ༤༠༡༦༤ ལྷག་ཆགས་ཀྱི་འདུགད་ཆ་ཨི་ཊ་ལི་རྒྱལ་ཁབ་འདི་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་མང་ཤོས་ཕོག་ཡུལ་རྒྱལ་ཁབ་ཨང་གསུམ་པ་དེ་ཆགས་ཀྱི་ཡོད་སྟབས། རླུང་འཕྲིན་ཁང་གིས་ནད་ཡམས་ཁྱབ་གདལ་ཆེས་ཆེར་འགྲོ་རྐྱེན་ཛ་དྲག་གནས་སུ་འགྱུར་བཞིན་པའི་དུས་སྐབས་འདིར་ཨི་ཊ་ལི་ནང་གནས་སྡོད་བོད་མི་ཚོའི་གནས་སྟངས་ཇི་ཆགས་སྐོར་ལ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་བཟོད་པ་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་ཡོད།

༸གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ Moon Jae-In མཆོག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་སྐུ་ཞབས་ Moon Jae-In མཆོག་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་བསྩལ་འདུགམགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་སྲིད་འཛིན་མཆོག་ལ་སྐུ་ཉིད་མཆོག་གིས་ཀོ་རི་ཡ་གླིང་ཕྲན་ནང་ཞི་བདེ་བརྟན་ལྷིང་ཡོང་བར་མུ་མཐུད་ཐུགས་བསྩོན་གནང་བཞིན་པར་ཡི་རངས་བསྔགས་བརྗོད་མཛད་པ་དང་སྦྲགས། སྐུ་ཉིད་མཆོག་གིས་ཀོ་རི་ཡའི་མི་མང་གི་མངོན་འདོད་ཁག་བསྒྲུབ་ཕྱིར་ངལ་བ་ཁྱད་གསོད་གནང་བར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་ཟླ་ཤས་གོང་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་ཡོད་སྟབས་འཛམ་གླིང་ཡོངས་ལ་སྔར་མ་གྲགས་པའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་དེ་ལྟར་ཡང་། སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་ཀོ་རི་ཡའི་ནང་ནད་རིམས་སྔོན་འགོག་ལས་གཞི་མིག་དཔེ་འོས་པ་ཞིག་སྤེལ་དང་སྤེལ་མུས་ལ་དགའ་བསུའི་འཚམས་འདྲི་མཛད་འདུག དེ་བཞིན་མགོན་པོ་༧གང་ཉིད་མཆོག་གིས་ངེད་ཅག་བོད་མི་ཚོར་ཆ་མཚོན་ན་ཀོ་རི་ཡའི་ངོ་ཤེས་པ་གྲོགས་པོ་མང་པོ་ཡོད་པ་དང་། ལྷག་དོན་ཀོ་རི་ཡར་སྲོལ་རྒྱུན་གྱི་ནང་པའང་མང་པོ་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་ནས་བཟུང་ཀོ་རི་ཡའི་ནང་པའི་ཁྲོད་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་པའི་ནང་ཆོས་སློབ་གཉེར་ཁང་ཁག་ཏུ་སློབ་གཉེར་གནང་སྟེ་བཞུགས་མཁན་ཇེ་མང་དུ་འགྲོ་གི་ཡོད་པར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་རྒྱ་གར་ནང་གནས་མཇལ་དུ་ཕེབས་མཁན་ཀོ་རི་ཡའི་ནང་པའི་གྲོགས་ཕོ་མོ་ཚོ་དང་འཆར་ཅན་ལྟར་མཇལ་མོལ་མཛད་ཀྱི་ཡོད་སྐོར་བཀའ་བསྩལ་འདུག དགའ་བསུའི་འཚམས་འཕྲིན་དེའི་མཚམས་སུ་མགོན་པོ་མཆོག་གིས་སྲིད་འཛིན་གསར་པ་སྐུ་ཞབས་ Moon Jae-In མཆོག་གི་མ་འོངས་བྱ་གཞག་མཐའ་དག་ཀོ་རི་ཡའི་མང་ཚོགས་ཀྱི་མངོན་འདོད་ལྟར་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག

རྒྱ་བལ་འབྲུག་གསུམ་ནང་གནས་བཞུགས་བོད་མིའི་ཁྲོད་ནས་ཏོག་དབྱིབས་ནད་པ་གཅིག་ཀྱང་མི་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་གནང་བར་བསྔགས་བརྗོད་ཀྱིས་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གནས་བཞུགས་བོད་མིའི་ཁྲོད་ནས་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་པ་གསུངས་སོང་།ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ Covid19 འམ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ད་བར་བོད་མི་བརྒྱ་ཙམ་ལ་གཉན་རིམས་དེ་ཕོག་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་ཁྲོད་ནས་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་པ་གསུངས་སོང་།སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དབུས་གཉན་རིམས་སྔོན་འགོག་གི་ཛ་དྲག་ཚོགས་ཆུང་གི་ལས་ཀྱི་སྣེ་མོ་ཁག་ཅིག་བཅས་དབུ་བཞུགས་ཐོག་དྲྭ་ཐོག་བརྒྱུད་དེ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་འབྲེལ་ཡོད་ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་སྐོར་གསར་འགོད་ལྷན་ཚོགས་ཤིག་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དམིགས་བསལ་ལས་དོན་ཚོགས་ཆུང་བརྒྱུད་གཉན་རིམས་སྔོན་འགོག་དང་སྲུང་སྐྱོབ་ཐད་འབད་བཞིན་ཡོད་པ་ངོ་སྤྲོད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཧི་མཱ་ཅལ་མངའ་སྡེ་དེ་བཞིན་ཏོག་དབྱིབས་གཉམ་རིམས་ཀྱི་ཉེན་ཁ་ཆེ་བའི་ས་ཁོངས་སུ་ཚུད་མེད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ད་བར་བོད་མི་བརྒྱ་ཕྲག་ལ་གཉན་རིམས་དེ་ཕོག་ཡོད་ཀྱང་དེའི་ཁོངས་ནས་མང་ཆེ་བ་དྲག་སྐྱེད་འབྱུང་བཞིན་ཡོད་སྟབས་བོད་མི་ཚོས་ཐུགས་ཁྲལ་མ་གནང་མི་དགོས་ཞེས་གསལ་བཤད་གནང་སོང་།སྲིད་སྐྱོང་མཆོག་གིས་ད་དུང་ཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་ཁྱོན་ལ་ཛ་དྲག་གི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པའི་ཁྲོད་འདིར་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་དགོན་སྡེ་ཁག དེ་བཞིན་བོད་པའི་ཚོགས་སྒེར་སོ་སོ་ནས་རྒྱ་གར་དབུས་དང་མངའ་སྡེ་གཞུང་མང་གཉིས་ཀྱི་གཉན་རིམས་ངལ་སེལ་ཐེབས་རྩར་རྒྱབ་སྐྱོར་སླད་ཞལ་འདེབས་རྒྱ་གང་ཆེ་གནང་བཞིན་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་ཀྱི་ཉིན་གི་གསོལ་ཕོགས་ཞལ་འདེབས་སུ་ཕུལ་ཡོད་པ་གསུངས་འདུག གཞན་ཡང་འཕྲོད་བསྟེན་བཀའ་བློན་མཆོག་གིས་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་མནར་བཞིན་པའི་བོད་མི་གཅིག་ཀྱང་མེད་ཅེས་དང་ལྷག་དོན་ཉེ་ལམ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་གནང་བར་བསྔགས་བརྗོད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གཉན་རིམས་སྔོན་འགོག་གི་ལས་དོན་མུ་མཐུད་གནང་མུས་ཡིན་པ་སོགས་ངོ་སྤྲོད་གནང་སོང་།རྩ་བའི་དེང་སྐབས་འཛམ་གླིང་ཡུལ་གྲུ་མང་པོར་ཏོག་དབྱིབས་གཉན་རིམས་རྐྱེན་པས་མི་རྒྱུ་གཉིས་ཀར་གོད་ཆག་ཤུགས་ཆེན་ཕོག་བཞིན་པའི་ཁྲོད་འདིར་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་ནང་ཆགས་པའི་དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་ནས་རྒྱ་གར་དབུས་དང་མངའ་སྡེ། དེ་བཞིན་ས་གནས་མོན་གྷོ་གཞིས་ལས་ཁང་བཅས་ལ་ཧིན་སྒོར་འབུམ་ཅུ་དགུ་དང་བཞི་སྟོང་ཐམ་པ་ཕུལ་འདུག ཀུན་བདེ་གླིང་དགེ་རྩ་ཚོགས་པས་ཀྱང་རྒྱ་གར་དབུས་གཞུང་ལ་ཧིན་སྒོར་འབུམ་གཅིག་དང་ཨ་རུ་ནཱ་ཅལ་མངའ་སྡེར་ཧིན་སྒོར་འབུམ་བཞི། དབུས་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་འབུམ་གཉིས་དང་དེ་མིན་མོན་གྷོ་ཕྱོགས་ཀྱི་རྒྱ་གར་བ་དཔལ་འབྱོར་ཞན་པའི་ཁྱིམ་ཚང་ཆིག་སྟོང་ཙམ་ལ་ཧིན་སྒོར་འབུམ་བརྒྱད་ཀྱི་བཟའ་ཆས་སོགས་ཀྱི་རོགས་སྐྱོར་གནང་མུས་རེད་འདུགཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་འབྲེལ་ཡོད་མངའ་སྡེའི་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་བཞི་དང་དེ་བཞིན་སྲིད་བློན་མོ་དཱི་མཆོག་གི་མཚོན་ཐོག་ལ་ཧིན་སྒོར་འབུམ་དྲུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཉན་རིམས་ངལ་སེལ་ཐབས་རྩར་ཧིན་སྒོར་འབུམ་གསུམ་དང་ཧུན་སུར་གཞིས་ལས་ཁང་བརྒྱུད་ས་གནས་ཡན་ལག་སྨན་ཁང་ལ་འབུམ་གཅིག་བཅས་ཧིན་སྒོར་འབུམ་ཉི་ཤུ་རྩ་གཅིག་ཞལ་འདེབས་ཕུལ་ཡོད་པ་རེད།འདི་ག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་གནས་ཆུང་སྒྲ་དབྱངས་གླིང་གི་གྲྭ་ཚང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་ཀིརྟི་བྱེས་པ་གྲྭ་ཚང་། དེ་བཞིན་རིགས་ལམ་སློབ་གཉེར་ཁང་བཅས་ནས་མངའ་སྡེའིསྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཁྱོན་ཧིན་སྒོར་འབུམ་བཞི་དང་ཀཱངྒ་རཱ་རྫོང་དཔོན་གྱི་ངལ་སེལ་ཐེབས་རྩར་ཁྱོན་ཧིན་སྒོར་འབུམ་བཅུ། དེ་བཞིན་སྲིད་བློན་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གཅིག་བཅས་ཕུལ་ཡོད་པ་མ་ཟད། དེ་རིང་གནས་ཆུང་སྒྲ་དབྱངས་གླིང་གི་གྲྭ་ཚང་གིས་དྷ་ས་ཁུལ་དུ་ཉིན་སླ་ལ་བརྟེན་མཁན་ཡུལ་མི་ཉམ་ཐག་ཁྱིམ་ཚང་ ༨༠༠ ལ་བཟའ་ཆས་སྦྱིན་གཏོང་གནང་སོང་།གཞན་ཡང་བཞུགས་སྒར་ཉེ་འདབས་སྦིར་རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་འདུས་སྤྱི་ཡིས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་མཉན་རིམས་སྔོན་འགོག་གི་ངལ་སེལ་ཐེབས་རྩར་ཁྱོན་ཧིན་སྒོར་འབུམ་ལྔ། ལ་དྭགས་བོད་ཕྲུག་ཁྱིམ་སྡེ་ཡིས་འབུམ་གཅིག་དང་སྟོང་ཕྲག་བརྒྱད་བཅུ། དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་གར་དབུས་གཞུང་ལ་ཧིན་སྒོར་འབུམ་བཞི་དང་ཁུལ་དེའི་མགོན་མེད་ཉམ་ཐག་བརྒྱ་སྐོར་ཞིག་ལ་བཟའ་ཆས་སྦྱིན་གནང་ཡོད་པ་རེད།

རྒྱ་ནག་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་དགོས་པའི་ཞུ་གཏུག

ཡོ་རོབ་དང་ཨེ་ཤ་ཡ། དེ་བཞིན་ཨ་རི་བཅས་ཀྱི་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༨༢ ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་གིས་གཙོས་པའི་འབྲེལ་ཡོད་ལྷན་ཁང་ཁག་ཏུ་ཟུང་འབྲེལ་ཐོག་ཞུ་སྙན་གྱི་ཕྱག་ཡིག་ཞིག་ཕུལ་ཏེ་ཉེ་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བསྐོ་གཞག་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བའི་མིའི་ཐོབ་ཐང་སློབ་སྟོན་རུ་ཁག་གི་ཚོགས་མི་ Jiang Duan ལས་དོན་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་གནང་དགོས་པའི་ཞུ་གཏུག་གནང་འདུག རྒྱ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ལོ་ལྟར་ཨ་ཕི་རི་ཀ ཤར་ཡོ་རོབ། ལྷོ་ཨ་མི་རི་ཀ་དེ་བཞིན་ནུབ་ཡོ་རོབ། ཨེ་ཤ་ཡ་དང་ཞི་བདེ་མངའ་ཁུལ་བཅས་ས་ཁུལ་ཁག་ལྔ་ནས་སྐུ་ཚབ་ཚོགས་མི་ལྔ་ལས་གྲུབ་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སློབ་སྟོན་རུ་ཁག་ཞེས་པ་ཆེད་འཛུགས་གནང་ཡོད་ཅིང་། འདི་ལོའི་སློབ་སྟོན་རུ་ཁག་དེའི་ཁོངས་སུ་ཨེ་ཤ་ཡ་དང་ཞི་བདེ་མངའ་ཁུལ་ཁོངས་ནས་སུད་སི་གྲོང་ཁྱེར་ཇི་ཝར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་གི་ངོ་ཚབ་ Jiang Duan བསྐོ་གཞག་བྱས་ཡོད་པ་རེད། ད་ལན་ Jiang Duan བསྐོ་གཞག་བྱས་པའི་གནད་དོན་དང་འབྲེལ་ཁ་སང་ཕྱི་ཚེས་ ༡༦ ཉིན་ཡོ་རོབ་དང་ཨེ་ཤ་ཡ། དེ་བཞིན་ཨ་རི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་རིགས་དང་སོག་རིགས། བོད་རིགས། ཡུ་གུར་བ་མི་རིགས་ཀྱི་ཚོགས་པ། ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོགས་པ་བཅས་ཁྱོན་འཛམ་གླིང་ཡུལ་གྲུ་ཁག་ཏུ་ཡོད མི་པའི་ཚོགས་པ་ ༨༢ ཀྱིས་རྒྱལ་ཚོགས་ནས་ Jiang Duan རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སློབ་སྟོན་རུ་ཁག་གི་ཚོགས་མིའི་ཁོངས་སུ་བསྐོ་གཞག་བྱས་པར་སྐྱོན་བརྗོད་དང་འབྲེལ། ཚོགས་པ་དེ་དག་ཐུན་མོང་གིས་གློག་འཕྲིན་བརྒྱུད་དེ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་གིས་གཙོས་པའི་ཨེ་ཤ་ཡའི་ཞི་བདེ་མངའ་ཁུལ་ཚོགས་མི་རྒྱལ་ཁབ་ ༥༥ ཡི་གཞུང་ཚབ་ཁག་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་གཙོ་ Elisabeth Tichy མཆོག་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Michelle Bachelet མཆོག རྒྱལ་ཚོགས་སྤྱི་ཁྱབ་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Christian Braun མཆོག་བཅས་ཁོང་རྣམ་པར་ཕྱག་ཡིག་ཞིག་ཕུལ་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སློབ་སྟོན་རུ་ཁག་གི་ཚོགས་མི་ Jiang Duan ལས་དོན་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་གནང་དགོས་པ་དང་ལྷག་དོན་ཚོགས་ཆུང་དེར་བསྐྱར་ཞིབ་གནང་དགོས་གལ་ཡིན་པའི་ཞུ་གཏུག་གནང་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་དེར་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ད་ལན་རྒྱལ་ཚོགས་ནས་ Jiang Duan འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་རུ་ཁག་ལ་བསྐོ་གཞག་བྱས་པ་འདི་ནི་རྐུ་མར་ནང་གི་ལྡེ་མིག་སྤྲད་པ་དང་བཤན་པར་ལུག་རྩིས་སྤྲད་པ་དང་གཅིག་མཚུངས་རེད་ཅེས་གསུངས་སོང་། ཐེངས་འདིའི་ཚོགས་པ་ ༨༢ ཀྱིས་ཕུལ་བའི་ཞུ་སྙན་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སློབ་སྟོན་རུ་ཁག་གི་ཚོགས་མིའི་ལྔའི་ཁོངས་སུ་སུད་རྒྱ་ནག་གཞུང་འབྲེལ་མི་སྣ་ Jiang Duan ལས་དོན་རུ་ཁག་གི་ཚོགས་མིའི་ཁོངས་སུ་བསྐོ་གཞག་བྱས་པ་འདི་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་གཞི་རྩའི་ལྟ་གྲུབ་དང་ལས་དོན། དེ་བཞིན་དགོས་དམིགས་བཅས་པར་སྣང་ཆུང་དང་ཁྱད་གསོད་བྱས་པ་ཞིག་ཆགས་ཡོད་པ་མ་ཟད་རྒྱལ་ཚོགས་ཀྱི་འགྲོ་བའི་མིའི་ཐོབ་ཐང་སློབ་སྟོན་རུ་ཁག་གི་ཚོགས་ཆུང་འདི་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཚོགས་ཆུང་གལ་འགངས་ཆེ་ཤོས་ཀྱི་གྲས་ཤིག་ཆགས་ཀྱི་ཡོད་ཅིང་། དེ་ལྟ་བུའི་ལས་དོན་ཚོགས་ཆུང་ནང་རྒྱལ་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་པོ་གཏང་མཁན་རྒྱལ་ཁབ་རྒྱ་ནག་ལྟ་བུའི་གཞུང་འབྲེལ་སྐུ་ཚབ་ཞིག་བསྐོ་གཞག་བྱས་པ་འདིས་མ་འོངས་པར་བོད་དང་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ས་གནས་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་གནད་དོན་ཁག་རྒྱལ་ཚོགས་ནང་གླེང་སློང་འགོག་རྐྱེན་དང་མངའ་ཁུལ་དེ་དག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་གཉེར་རྒྱུར་དོ་ཕོག་ཡོང་ཉེན་ཡོད་པར་བརྗོད་འདུག གཞན་ཡང་ཞུ་སྙན་ནང་ད་བར་བོད་ནང་བྱུང་བའི་བོད་མིའི་རང་ལུས་མེར་བསྲེགས་གནང་བའི་གནད་དོན། དེ་བཞིན་འདས་པའི་ལོ་ ༦༠ ནང་དུ་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་མངའ་འོག་ཏུ་ཡོད་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་དང་རྡོག་རོལ་ཚབས་ཆེན་བཏང་ཡོད་པའི་གནད་དོན་གསལ་འདོན་གནང་འདུག་པ་མ་ཟད། ད་ཆ་འཛམ་གླིང་ནང་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་ཡམས་སྐོར་རྒྱ་གཞུང་གིས་འཛམ་གླིང་གཞུང་མང་ལ་མགོ་སྐོར་བཏང་ཡོད་པ་དང་འབྲེལ་ཡོད་གནས་ཚུལ་ཁག་གི་ཐོག་དམ་དྲག་བྱས་སྐོར་དང་། ད་ཆ་རྒྱ་གཞུང་གིས་འཛམ་གླིང་ཁྲོད་རང་ཉིད་ལ་ཕོག་པའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ནག་ཉེས་དེ་ལོག་འགྲེལ་གྱིས་ཁ་ལོ་སྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་ཀྱང་གསལ་འདོན་བྱས་འདུག

རིམས་ནད་ཁྲོད་བལ་ཡུལ་བོད་མིའི་གནས་སྟངས་ལ་རྒྱུས་ལོན།

རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ Covid19 ཞེས་པའི་ཏོག་དབྱིབས་རིམས་ནད་དེ་རྒྱལ་སྤྱིའི་སྟེང་ཆེས་ཆེར་འགོས་ཁྱབ་འགྲོ་བཞིན་པའི་གནས་སྟངས་ཁྲོད་འདིར་རླུང་འཕྲིན་ཁང་གིས་བཙན་བྱོལ་བོད་མིའི་འདུས་སྡོད་ཆེ་ཁག བལ་ཡུལ་རྒྱལ་ཁབ་ཀྱི་ནང་དུ་བཞུགས་པའི་བོད་མི་རྣམས་ཀྱི་གནས་སྟངས་ཀྱི་ཐོག་བལ་ཡུལ་བོད་མིའི་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་བོད་མི་སུ་གཅིག་ལ་ཡང་རིམས་ནད་འགོས་པའི་གནས་ཚུལ་བྱུང་མེད་པར་ངོ་སྤྲོད་གནང་སོང་།

རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར་གཏོང་བཞིན་པར་སྐྱོན་བརྗོད།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཐོག་གི་འགན་འཛིན་ Sophie Richardson ལགས་ཀྱིས་ད་ཆ་རྒྱ་ནག་གིས་བོད་མི་རྣམས་ཀྱིས་ཕ་སྐད་སློབ་གསོ་ཐད་ནས་གླེང་མོལ་བྱས་ན་ཆབ་སྲིད་ཀྱི་ནག་ཉེས་ཡིན་ལུགས་ཀྱིས་བཀག་སྡོམ་བྱེད་ཀྱི་ཡོད་པ་ཡོངས་གྲགས་ཀྱིས་ཕྱི་ལོག་གི་སྲིད་གཞུང་རྣམས་ཀྱིས་པེ་ཅིང་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་མིར་དྲག་གནོན་བྱེད་མཚམས་འཇོག་ཏུ་མ་བཅུག་པ་ཡིན་ན་བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་གཙོས་པའི་མི་རིགས་ཀྱི་ངོ་བོ་བརླག་ཉེན་ཡོད་པར་མངོན་གསལ་གནང་འདུགཁོང་གི་དཔྱད་རྩོམ་དེའི་ནང་དུ་ལོ་གཅིག་གི་སྔོན་ལ་རྒྱ་ནག་གིས་བོད་སྟོད་ཕྱོགས་ཀྱི་ཚེ་རིང་རྡོ་རྗེ་ལགས་འཛིན་བཟུང་གིས་ཟླ་བ་གཅིག་རིང་བཀག་སྐྱིལ་བྱས་པ་མ་ཟད་ཁོང་ལ་འདྲི་གཅོད་སྣ་མང་དང་གཅར་རྡུང་རིམ་པ་བཏང་ཡོད་ལུགས་ཡོངས་གྲགས་གནང་སྟེ་རྡོ་རྗེ་ལགས་འཛིན་བཟུང་བྱེད་དོན་ནི་ཕྱི་ལོག་ཏུ་ཡོད་པའི་ཁོང་གི་ཕུ་བོ་དང་མཉམ་དུ་བྱིས་པ་རྣམས་ལ་བོད་སྐད་བོད་ཡིག་སློབ་ཁྲིད་བྱེད་དགོས་པའི་ཁ་བརྡ་བྱས་པ་དེ་ཡིན་ལུགས་ངོ་སྤྲོད་ཀྱིས་སྲིད་གཞུང་གིས་ཁོང་གི་ནང་མི་རྣམས་ལ་བོད་སྐད་བོད་ཡིག་སློབ་ཁྲིད་དང་འབྲེལ་བའི་ཁ་བརྡ་བྱེད་ཚེ་ཆབ་སྲིད་ཀྱི་ཐོག་ནས་ནག་ཉེས་ཤིག་ཡིན་པར་ངོ་སྤྲད་བྱས་ཡོད་པར་འཁོད་འདུགགཞན་ཡང་ཁོག་གིས་བོད་ནང་ལོ་རབས་དྲུག་ཅུ་ནས་བཟུང་སློབ་ཆུང་དང་སློབ་ཆེན་གྱི་གཙོ་རྒྱུགས་ཀྱི་སྐད་ཡིག་ནི་རྒྱ་ཡིག་ཡིན་པར་མངོན་གསལ་གནང་བ་དང་འབྲེལ་ཏེ་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་ཉམས་ཞིབ་གནང་བར་གཞིགས་ན་འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་རྒྱ་ནག་གིས་བོད་ཁུལ་གྱི་སློབ་ཆུང་དང་སྔོན་འགྲོ་སློབ་གྲྭ་མང་པོར་རྒྱ་ཡིག་དང་རྒྱ་སྐད་གཙོ་བོར་སློབ་བཞིན་ཡོད་པ་ཡོངས་གྲགས་གནང་བ་དང་ལྷན་འདི་ལྟ་བུའི་སྣང་བརྙན་འདི་ནི་ད་ཆ་བོད་ཁུལ་གྱི་གྲོང་སྡེ་ཡོངས་སུ་གཅིག་གྱུར་གྱིས་ལག་བསྟར་བྱེད་བཞིན་པའི་སྒྲིག་སྲོལ་ཞིག་ཡིན་པ་མ་ཟད། རིམ་བཞིན་བོད་ཁུལ་གྱི་གྲོང་གསེབ་ཁག་ཏུ་ཡང་ཁྱབ་བརྡལ་འགྲོ་བཞིན་ཡོད་པར་གསུངས་འདུགད་ཆ་ཕྱི་ལོག་ཏུ་རྒྱ་ནག་གིས་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་གྲངས་ཉུང་ས་ཁུལ་ཁག་ཏུ་གདུག་རྩུབ་ཀྱིས་བྱ་འགུལ་སྤེལ་གྱི་ཡོད་པ་གསལ་པོ་ཆགས་ཡོད་པ་ལུང་འདྲེན་གྱིས་ཤིན་ཅང་ས་ཁུལ་དུ་མི་ས་ཡ་གཅིག་ཙམ་བཀག་སྐྱིལ་བྱས་ཏེ་སློབ་གསོ་བཅོས་བསྒྱུར་ཁང་ཞེས་པར་མནར་གཅོད་གཏོང་གི་ཡོད་པ་ཡོངས་གྲགས་གནང་བ་མ་ཟད། བཀག་སྐྱིལ་ཁང་དུ་རྒྱ་སྐད་དང་རྒྱ་ཡིག་སྦྱོང་དགོས་པའི་བཙན་བཀའ་བཏང་སྟེ་མི་མང་གིས་སྲིད་གཞུང་གི་དབང་ཤུགས་ཡུ་གུར་བའི་སྲོལ་རྒྱུན་གྱི་རིག་གཞུང་རྩ་བརླག་གཏོང་དུ་འཇུག་གི་ཡོད་པ་ཕྱིར་བསྒྲགས་གནང་བ་དང་སྦྲགས། རྒྱ་ནག་གིས་བོད་དང་ཤིན་ཅང་གཉིས་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྐད་གཉིས་སློབ་གསོ་ཞེས་པ་འོས་སྦྱོར་གྱིས་བོད་ཁུལ་དུ་བོད་སྐད་དང་བོད་ཡིག་མི་ཤེས་བའི་རྒྱ་ནག་གི་དགེ་རྒན་མང་པོ་ནང་འདྲེན་བྱེད་བཞིན་པ། དེ་བཞིན་བོད་རིགས་སློབ་མ་རྣམས་རྒྱ་རིགས་ཀྱི་སློབ་རྣམས་དང་བསྲེས་སྦྱོར་བྱེད་བཞིན་པ། བོད་ཀྱི་སློབ་མ་རྣམས་བོད་སྐད་བོད་ཡིག་ཤུགས་ཆེར་སྤྱོད་བཞིན་པའི་ས་ཁུལ་དུ་གཏོང་གི་མེད་པ་མ་ཟད་རང་གི་ཕ་དང་གཉེན་ཉེ་རྣམས་ལ་འབྲེལ་འདྲེས་བྱེད་མཚམས་ཀྱང་ཉུང་དུ་གཏོང་གི་ཡོད་པ་སོགས་ཀྱིས་ཕྱོགས་ཡོངས་ནས་རྒྱ་སྐད་དང་རྒྱ་ཡིག་གཙོར་འཛིན་གྱི་ཁོར་ཡུག་སྐྲུན་གྱི་ཡོད་པར་བསྒྲགས་འདུགདེ་བཞིན་ཁོང་གིས་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་བོད་ཁུལ་གྱི་བརྟན་ལྷིང་ནི་གྲངས་ཉུང་མི་རིགས་བསྲེས་སྦྱོར་དང་བོད་མི་རྣམས་ཀྱིས་སྲིད་གཞུང་ལ་བློ་སེམས་དཀར་བའི་ངོ་བོ་སོགས་བརྒྱུད་ནས་ཡོང་དགོས་པ་ཞིག་ལས་སོ་སོའི་ཤེས་རིག་དང་རིག་གཞུང་གི་ཐོབ་ཐང་སོགས་ནས་བརྒྱུད་སྤེལ་བྱེད་ཐུབ་པ་ཞིག་མིན་པར་འཁོད་པ་དང་ལྷན་ད་ཆ་བོད་ཁུལ་རྒྱ་ནག་གི་ཤེས་ཡོན་སྲིད་བྱུས་ཀྱི་འོག་ནས་བོད་རིགས་མི་རབས་གསར་པ་རྣམས་ཀྱིས་བོད་སྐད་དང་བོད་ཡིག་གི་ཤེས་ཚད་མདའ་རུ་འགྱུར་བཞིན་པ་མ་ཟད་སྲིད་གཞུང་གིས་གཞོན་སྐྱེས་རྣམས་ལ་སྲིད་གཞུང་གི་བཀའ་རྒྱའི་འོག་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་སྟབས། ས་གནས་ཀྱི་བོད་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་སྣང་བརྙན་དེར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་འདུག རྩ་བའི་བོད་མི་རྣམས་ཀྱིས་རྒྱ་ནག་གི་ཆབ་སྲིད་རང་བཞིན་གྱི་བྱེད་བབ་དེར་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད་མཚོ་སྔོན་ཁུལ་གཙོས་པའི་བོད་ཁུལ་གྱི་ས་ཆ་མང་པོར་རྒྱ་ནག་གི་སྐད་གཉིས་ཀྱི་སློབ་གསོ་བཅོས་བསྒྱུར་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ནའང་། རྒྱ་ནག་གིས་དེར་བཙན་ཤེད་ཀྱིས་ལག་བསྟར་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་ཀྱིས་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱང་འཛིན་བཟུང་བྱས་ཡོད་ལུགས་ངོ་སྤྲོད་གནང་བ་དང་མཉམ་དུ་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་དུ་བོད་ཀྱི་སྐད་ཡིག་ཁྱབ་སྤེལ་གྱི་ཚོགས་པ་བཙུགས་པ་ཡིན་ན་ནག་ཚོགས་རྩ་འཛུགས་བྱས་ཡོད་པར་ངོས་འཛིན་ཞུ་རྒྱུ་ཡིན་པར་བསྒྲགས་ཡོད་པ་ཕྱིར་བསྒྲགས་གནང་བ་དང་ལྷན་ད་ཆ་ཕྱི་ཕྱོགས་ཀྱི་སྲིད་གཞུང་རྣམས་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་དེ་བོད་མི་རྣམས་ཀྱིས་རང་ས་ནས་རང་གི་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་པའི་གནས་འབབ་ལ་བརྩོན་གནང་དགོས་པའི་སྐུལ་མ་གནང་འདུག  

ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་འགན་ཡོངས་རྫོགས་རྒྱ་ནག་ལ་ཡོད།

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ COVID19 དེའི་འོག་ད་བར་འཛམ་གླིང་ཁྱོན་ཡོངས་སུ་མི་ས་ཡ་གཉིས་ལྷག་ལ་ནད་གཞི་དེ་ཕོག་པ་དང་མི་འབུམ་གཅིག་དང་ཁྲི་གསུམ་ལྷག་རྐྱེན་འདས་སུ་ཕྱིན་པའི་ཛ་དྲག་གནས་སྟངས་ཁྲོད། རྒྱལ་སྤྱི་ཁྱོན་ཡོངས་ཀྱི་གཞུང་ཚོགས་ཁག་གིས་རྒྱ་ནག་གཞུང་ལ་རིམས་ནད་ཐོག་མར་བྱུང་སྐབས་ལྷོད་ཡངས་བཏང་བ་དང་དངོས་ཡོད་གནས་ཚུལ་སྦས་བསྐུངས་ཀྱིས་རྫུན་གཏམ་ཁོ་ན་བཤད་རྐྱེན་ད་ལྟའི་ཆར་རྒྱལ་སྤྱིའི་ཁྲོད་མིའི་ཚེ་སྲོག་ཤོར་བ་དང་དཔལ་འབྱོར་གྱི་གྱོང་གུད་ཤུགས་ཆེ་ཕོག་པ་ལ་སོགས་པའི་ཆེས་ཛ་དྲག་གནས་སྟངས་སུ་གྱུར་ཡོད་པར་སྐྱོན་བརྗོད་གནང་མུས་ཡིན་པ་ལྟར། དེ་རིང་ Raoul Wallenberg འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་ད་ལྟའི་རྒྱལ་སྤྱིའི་ཛ་དྲག་རང་བཞིན་གྱི་གནས་སྟངས་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པར་གསུངས་འདུག དེ་རིང་ 2GB ཞེས་པའི་ཨོ་སི་ཊོ་ལི་ཡའི་རླུང་འཕྲིན་ཁང་གིས་དེ་རིང་ཁེ་ན་ཌར་རྟེན་གཞི་བྱས་པའི་ Raoul Wallenberg འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་ཚོགས་གཙོ་དང་ཡུལ་དེའི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ Irwin Cotler ལགས་ཀྱིས་བཅར་འདྲི་དང་ལེན་དང་འབྲེལ་བཀའ་མོལ་ཁག་ཅིག་གསུངས་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་ཡུ་གུར་དང་བོད་མི། ཧྥ་ལུང་གྷོང་། ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པ་མ་ཟད་རྒྱལ་སྤྱིའི་ཁྲོད་བཙན་དབང་ཐོག་ཆབ་སྲིད་བཙོན་པའི་ཐད་ཁྲིམས་འགལ་གྱི་བྱ་སྤྱོད་ཤུགས་ཆེ་སྤེལ་བཞིན་པ་མ་ཟད་རྒྱ་ནག་དེ་བཞིན་འཛམ་གླིང་ནང་གསར་འགོད་པ་འཛིན་བཟུང་བྱེད་མཁན་རྒྱལ་ཁབ་ཆེས་སྡུག་ཤོས་ཆགས་ཡོད་པ་དེ་ལྟར་ཡང་། གནད་དོན་དེ་དག་ཐོག་ད་བར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དེ་ཙམ་མ་གནང་བ་མ་ཟད། རྒྱ་ནག་ལ་འགན་འཁྲིད་མ་སྤྲད་པར་བཞག་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་ཐོག་ལའང་རྒྱ་ནག་གཞུང་གིས་རྫུན་གཏམ་འབའ་ཞིག་བཤད་པ་དང་གནས་ཚུལ་སྦས་བསྐུངས་བྱས་པ་སོགས་ཀྱི་རྐྱེན་པས་རྒྱལ་སྤྱིའི་ཁྲོད་ཛ་དྲགས་ཀྱི་གནས་སྟངས་འདི་ལྟ་བུ་གྱུར་ཡོད་པ་དང་། དེའི་ཐོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་གི་རིམས་ནད་དེའི་ཐོག་རྟོག་ཞིབ་ནན་པོ་བྱེད་རྒྱུ་ལས་རྒྱ་ནག་གི་འཁྱོག་བཤད་དྲིལ་དྲིལ་བསྒྲགས་ནང་ལག་འབྲེལ་གྱིས་རྒྱའི་གཞུང་ཚོགས་ཁག་ལ་ཚུལ་མཐུན་ལམ་སྟོན་མ་གནང་རྐྱེན་གྱིས་ད་ལྟའི་ཆར་ཛ་དྲག་གི་གནས་སྟངས་འདི་བྱུང་ཡོད་པ་དང་། དེ་བཞིན་རྒྱ་གཞུང་ལ་འདྲི་གཅོད་ནན་པོ་གནང་རྒྱུ་ལས་ལྡོག་ཏེ་ཉེ་ཆར་རྒྱ་ནག་གི་སྐུ་ཚབ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་བསྐོ་གཞག་བྱས་པ་སོགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས། གལ་སྟེ་རྒྱ་ནག་གཞུང་གིས་རིམས་ནད་ཐོག་མར་བྱུང་སྐབས་སུ་འགོག་ཐབས་དོན་འཁྱོལ་བྱས་ཡོད་ཚེ་ཁྱབ་བརྡལ་གྱི་ཚད་གཞི་དེ་བརྒྱ་ཆ་ ༩༥ ཙམ་ཉུང་དུ་གཏང་ཐུབ་ཀྱི་ཡོད་པར་མངོན་གསལ་གནང་བ་དང་ཆབས་ཅིག་ཏུ་རིམས་ནད་སྐོར་ཉེན་བརྡ་གནང་མཁན་གྱི་སྨན་པ་རྣམས་འཛིན་བཟུང་གིས་གནས་ཚུལ་སྦས་བསྐུངས་བྱས་ཡོད་པར་བརྟེན་ཁྱབ་གདལ་ཤུགས་ཆེར་སོང་བ་མ་ཟད། རིམས་ནད་ཁྱབ་གདལ་གྱི་འགན་འཁྲི་དེ་གཞན་པ་གཡོགས་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་དང་སྦྲགས། ཐེངས་འདིའི་གཉན་རིམས་ཞི་བའི་རྗེས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་ཁུར་བླངས་ཕྱོགས་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་པའམ་རྒྱ་ནག་གི་འགན་ལ་གཞིགས་པའི་དེ་ལྟར་བྱེད་འཇུག་དགོས་པའི་ཕྱོགས་སུ་བསྐྱོད་རེའི་འདུན་པ་ཤུགས་ཆེ་ཡོད་པ་གསུངས་ཡོད། ཡང་དེའི་བར་ན་ཁ་ཉིན་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌ་ཊམ་མཆོག་གིས་དེ་སྔོན་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཡང་རང་ཉིད་ཀྱི་འགན་ཁུར་ལྟར་ཕྱག་ལས་མ་གནང་བར་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལག་ཆ་ལྟ་བུ་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། ཨ་རིའི་ངོས་ནས་ལོ་ལྟར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རོགས་དངུལ་སྤྲོད་བཞིན་པ་དེ་མཚམས་འཇོག་གནང་རྒྱུ་ཡིན་སྐོར་གསུངས་པ་ལྟར། ཚེས་ ༡༤ ཉིན་སྲིད་འཛིན་ཊམ་མཆོག་གི་ངོས་ནས་ཡོངས་ཁྱབ་གསར་འགོད་ལྷན་ཚོགས་ཐོག་འདི་ལོར་ཨ་རིའི་གཞུང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རོགས་དངུལ་ཨ་སྒོར་ས་ཡ་ ༥༠༠ ཙམ་དབུལ་འཆར་ཡོད་པ་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པ་ཡོངས་ཁྱབ་གནང་འདུག སྐབས་དེར་ཊམ་མཆོག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་རང་གི་གཞི་རྩའི་ལས་འགན་བསྒྲུབ་རྒྱུའི་ཐད་འཐུས་ཤོར་བཏང་ཡོད་པ་བཞིན་དེ་ལྟར་འགན་འཁུར་དགོས་པ་དང་ཨ་རིའི་ངོས་ནས་ལྷན་ཚོགས་ཀྱི་རིམས་ནད་འགོག་ཐབས་ཐོག་ཕྱག་ལས་གནང་ཕྱོགས་ལ་ཞིབ་དཔྱོད་མཐིལ་ཕྱིན་གནང་རྗེས་སླད་མར་དེ་ལྟར་རོགས་དངུལ་གནང་དགོས་མིན་གཟིགས་རྒྱུ་ཡིན་སྐོར་གསུངས་འདུག རྩ་བའི་ཨ་རི་ནི་ལོ་ལྟར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལས་དོན་ཆེད་དུ་རོགས་དངུལ་ཤུགས་ཆེ་གནང་མཁན་ཞིག་ཆགས་ཀྱི་ཡོད་པའི་ཁྲོད་སྔ་ལོ་ ༢༠༡༩ ལོར་ཨ་རིས་ལྷན་ཚོགས་ལ་ཨ་སྒོར་ས་ཡ་ ༤༥༢ ཙམ་གྱི་རོགས་རམ་གནང་ཡོད་པ་དང་། ༢༠༡༨ ལོར་ཨ་སྒོར་ས་ཡ་ ༩༠༠ ཙམ་གནང་ཡོད་པ་རེད། ཨ་རིའི་རོགས་དངུལ་མཚམས་འཇོག་གནང་རྒྱུ་ཐོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ Tedros ལགས་ཀྱི་ད་བར་འགྲེལ་བརྗོད་གང་ཡང་གནང་མེད་ཀྱང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་དང་རྒྱལ་སྤྱིའི་ཁྲོད་སྤྱི་ཚོགས་ཡར་རྒྱས་དང་འཕྲོད་བསྟེན་སྲུང་སྐྱོབ་ཐད་རོགས་དངུལ་ཕོན་ཆེན་པོ་གནང་མཁན་སྐུ་ཞབས་ Bill Gates ལགས་སོགས་ཀྱིས་ཨ་རིའི་སྲིད་འཛིན་མཆོག་གི་གནང་ཕྱོགས་དེར་བློ་ཕམ་གནང་འདུག

ནད་ཡམས་ཁྱབ་གདལ་ཁྲོད་སེ་པན་ནང་གི་བོད་མིའི་གནས་སྟངས་རྒྱུས་ལོན།

ད་ལྟའི་ཆར་ཡོ་རོབ་རྒྱལ་ཁབ་སེ་པན་འདི་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་ཤོས་ཕོག་ཡུལ་འཛམ་གླིང་ནང་གི་རྒྱལ་ཁབ་ཨང་གཉིས་པར་གྱུར་ཡོད་ཅིང་། ཡུལ་འདིའི་ནང་ད་ཆ་ནད་ཡམས་ཕོག་པའི་ནད་པའི་གྲངས་འབོར་ཆིག་འབུམ་བདུན་ཁྲི་ལྷག་དང་འདས་གྲོངས་སུ་ཕྱིན་པ་ཆིག་ཁྲི་བརྒྱད་སྟོང་ལྷག་ཟིན་ཡོད་པ་རེད། རླུང་འཕྲིན་ཁང་གི་གསར་འགོད་པས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སུ་གྱུར་བའི་དུས་སྐབས་འདིར་སེ་པན་ཁུལ་དུ་གནས་སྡོད་བོད་མི་ཚོའི་གནས་སྟངས་སྐོར་ས་གནས་བོད་རིགས་ཚོགས་པའི་རྒྱུན་ལས་མིག་དམར་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།

༸གོང་ས་མཆོག་གིས་རིམས་ནད་ཞི་བར་སྨོན་ལམ་ཁོ་ནས་འདང་གི་མེད་པར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡོངས་སུ་ COVID-19 ཞེས་པའི་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་ང་ཚོས་བྱམས་བརྩེ་ཀུན་ནས་བླངས་བའི་ཐོག་རིམས་ནད་དེར་གདོང་ལེན་བྱེད་དགོས་པ་མ་གཏོགས་ནད་དེ་ཞི་བར་སྨོན་ལམ་ཁོ་ནས་འདང་གི་མེད་པར་བཀའ་བསྩལ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ TIME དུས་དེབ་ཐོག་དཔྱད་གཏམ་ཞིག་སྤེལ་བའི་ནང་ནང་པའི་ལྟ་སྤྱོད་ལ་ཆ་བཞག་པ་ཡིན་ན་འཛམ་གླིང་འདིའི་སྐྱེ་འགྲོ་ཚང་མས་གཅིག་གྱུར་གྱི་སྐྱེ་རྒ་ན་འཆི་བརྒྱུད་དགོས་པ་ཡིན་ནའང་། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཀླད་པ་བེད་སྤྱོད་བརྒྱུད་རང་གི་ཁོང་ཁྲོ་དང་འཇིགས་དངངས། དེ་བཞིན་འདོད་རྔམ་སོགས་དབང་བསྒྱུར་བྱེད་རྒྱུའི་ནུས་པ་ཡོད་པ་དང་། གལ་ཏེ་དཀའ་ངལ་གང་ཞིག་བཅོས་སུ་ཡོད་ན་ནི་དེར་ངང་གིས་འཇུག་དགོས་པ་ལས་དཀའ་ངལ་གང་ཞིག་སེལ་བའི་ལམ་ཁ་མེད་པ་ཡིན་ན་དེར་སེམས་ཁྲེལ་གྱིས་ཆུ་ཚོད་འཕྲོད་བརླག་གཏོང་དོན་མེད་པ་རེད་ཅེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་ནང་པ་རྣམས་ཀྱིས་འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་འབྱུང་ཡིན་པར་ཡིད་ཆེས་གནང་གི་ཡོད་པ་དང་མགོན་པོ་༸གང་ཉིད་ཀྱིས་དུས་རྒྱུན་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་འགན་འཁྲིའི་སྐོར་ལ་བཀའ་གནང་གི་ཡོད་པའི་སྙིང་པོ་ཡང་དེ་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ། ཐེངས་འདིའི་རིམས་ནད་བརྒྱུད་འཛམ་གླིང་འདིའི་ནང་གི་མི་སུ་འདྲ་ཞིག་ལ་གང་བྱུང་བ་དེས་གཞན་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ར་སྤྲོད་གསལ་པོ་བྱུང་བ་དེ་ལྟར་ཡང་། ཕྱོགས་གཞན་ཞིག་ནས་ནད་ཡམས་དེའི་ཁྲོད་དུ་བྱམས་བརྩེའི་ཀུན་ནས་བླངས་པའི་ལས་དོན་ཏེ་སྨན་ཁང་ནས་ཕྱག་ལས་གནང་བའམ་ཡང་ན་ཕན་ཚུན་འབྲེལ་འདྲིས་ཉུང་དུ་གཏོང་བ་སོགས་ལས་དོན་སྤྱི་ཅི་ཞིག་སྤེལ་ཡང་དེས་མི་མང་པོར་ཕན་ཐོགས་བསྒྲུབ་ཐུབ་ཀྱི་ཡོད་པ་གསལ་པོ་ཡིན་སྐོར་བཀའ་ལམ་སྟོན་མཛད་འདུག ཕྱོགས་མཚུངས་ཝུ་ཧན་ནས་རིམས་ནད་ཁྱབ་བརྡལ་ཕྱིན་པ་ནས་བཟུང་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་གི་ནང་གི་གཅེན་གཅུང་རྣམས་ཀྱིས་གཙོས་པའི་འཛམ་གླིང་ནང་གི་འགྲོ་བ་སྤྱི་ཡོངས་ཀྱི་བདེ་རྩའི་ཆེད་དུ་ཞལ་འདོན་གསོག་སྒྲུབ་གནང་གི་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག རིམས་ནད་འདིས་སུ་གང་ལ་ཡང་གུ་ཡངས་བྱེད་མི་སྲིད་པས་ད་ཆ་མི་མང་པོ་ཞིག་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་མི་སྒེར་གྱི་ཁྱིམ་དང་མ་འོངས་པའི་གནས་བབ་སོགས་ལ་སེམས་ཁྲལ་བྱེད་ཀྱི་ཡོད་ཀྱང་རིམས་ནད་ལས་ཐར་ཐབས་སུ་སྨོན་ལམ་རྒྱག་པ་ཁོ་ནས་འདང་གི་མེད་པར་ལམ་སྟོན་བསྩལ་འདུགད་ཆ་སྨན་པ་དང་སྨན་ཞབས་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ང་ཚོ་ནད་ཡམས་ལས་སྐྱོབ་ཆེད་ཕྱག་ལས་རྒྱ་ཆེར་གནང་བཞིན་པའི་དུས་སྐབས་འདིར་ང་ཚོས་ཀྱང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་འགན་མཉམ་འཁུར་གནང་དགོས་པར་སྐུལ་མ་གནང་བ་དང་སྦྲགས། མཁའ་དབྱིངས་ནས་ང་ཚོའི་གོ་ལ་འདིར་པར་བླངས་པར་བལྟས་པ་ཡིན་ན་ང་ཚོའི་འཛམ་གླིང་འདིར་ས་མཚམས་མེད་པ་གསལ་སྟོན་བྱས་ཡོད་ལུགས་བཀའ་འགྲེལ་གྱིས་ང་ཚོས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་སྟེ་ཐུན་མོང་གི་འཛམ་གླིང་འདིའི་གནམ་གཤིས་འགྱུར་ལྡོག་དང་གོད་ཆག་ཡོངས་ལ་སྔོན་འགོག་གནང་དགོས། ད་ཐེངས་ཀྱི་ནད་ཡམས་འདི་ནི་ང་ཚོས་གོ་ལ་འདིར་མཉམ་རུབ་བྱས་ན་མ་གཏོགས་ཁ་གཏད་གཅོག་མི་ཐུབ་པའི་ཉེན་བརྡ་ལྟ་བུ་ཞིག་རེད་ཅེས་བཀའ་བསྩལ་མཛད་ཡོད། མགོན་པོ་མཆོག་གིས་ང་ཚོ་འགྲོ་བ་མི་ཚང་མ་སྡུག་བསྔལ་ལས་གྲོལ་ཐབས་མེད་པར་ལུང་འདྲེན་གྱིས་དཀའ་སྡུག་གི་དུས་སྐབས་འདིར་ནང་མེད་པ་དང་འཚོ་བའི་མཐུན་རྐྱེན་ཞན་པ་རྣམས་ལ་རོགས་འདེགས་བྱས་ནས་ཁོང་ཅག་སྲུང་སྐྱོབ་བྱེད་དགོས་པ་དང་ནད་ཡམས་འདིས་ང་ཚོ་རང་སར་འཚོ་བའི་གནས་སྐབས་སུ་ཡང་། མི་ཚང་མ་གཞི་གཅིག་ཏུ་འབྲེལ་ནས་ཡོད་པ་གསལ་སྟོན་བྱས་ཡོད་པར་བརྟེན་མང་ཚོགས་ཀྱིས་འགན་མཉམ་བཞེས་ཀྱིས་གཞན་ལ་བྱམས་བརྩེ་ལྡན་པའི་རོགས་འདེགས་བྱེད་དགོས་ཞེས་བཀའ་བསྩལ་ཕེབས་ཡོད་པ་རེད། ༸གོང་ས་མཆོག་གིས་དཔྱད་གཏམ་དེའི་མཐའ་མཇུག་ཏུ་༧གང་ཉིད་མཆོག་ནང་པ་ཞིག་ཡིན་པར་བརྟེན་འཇིག་རྟེན་གྱི་ཆོས་ཐམས་ཅད་མི་རྟག་པ་ཡིན་པའི་ལྟ་གྲུབ་དེར་དགོངསབཞེས་གནང་མཁན་ཞིག་ཡིན་པར་བཀའ་བསྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོ་དེའི་ཁྲོད་དམག་འཁྲུག་དང་ཉེན་ཚབན་ཆེ་བའི་གནད་དོན་མང་པོ་གཟིགས་མྱོང་ཡོད་པ་བཞིན་ནམ་ཞིག་ནད་ཡམས་འདི་ཡང་ཞི་བར་འགྱུར་ངེས་ཡིན་པ་དང་། ང་ཚོས་སྔོན་ཆད་འཛམ་གླིང་འདིའི་སྤྱི་ཚོགས་ཧྲིལ་པོ་རྡོག་གཅིག་ཏུ་སྒྲིལ་མྱོང་བ་ལྟར་ད་ཆ་སླར་ཡང་ནུས་པ་གཅིག་ཏུ་སྤུངས་རྒྱུའི་གོ་སྐབས་ཡོད་སྐོར་བཀའ་གནང་བ་མ་ཟད་༸གང་ཉིད་མཆོག་ནས་ད་ཆ་མང་ཚོགས་ཡོད་དོ་ཅོག་གནས་སྐབས་སུ་བདེ་འཇགས་ཀྱི་ངང་ནས་རང་སོར་གནས་རྒྱུར་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་དང་ངེས་གཏན་མེད་པའི་དུས་སྐབས་འདིར་ང་ཚོའི་རེ་བ་དང་སྤོབས་པ་མི་བརླག་པར་རིམས་ནད་འདིར་ཁ་གཏད་གཅོག་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་འདུག

Latest news