Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཏཱ་ལའི་བླ་མའི་དགེ་རྩས་ཊན་ཌཱ་སྨན་ཁང་ལ་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་ཞལ་འདེབས་གནང་འདུག

ད་ལྟའི་ཆར་ཆེས་གཉན་འཕྲང་གི་དུས་སྐབས་འདིར་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་ཆེད་དུ་ཕྱག་ལས་གནང་མཁན་སྨན་པ་དང་སྨན་ཞབས། འབྲེལ་ཡོད་ལས་བྱེད་དང་བཅས་པར་ཉེ་བར་མཁོ་བའི་ཁ་རས་དང་ཉེན་སྲུང་ཡོ་ཆས་རང་འགྲིགས་སམ་ Personal Protective Equipment ཞེས་པ་དེ་རག་ཐབས་དཀའ་བའི་གནས་སྟངས་སུ་གྱུར་ཡོད་པ་མ་ཟད། ལྷག་དོན་རྒྱ་ནག་གིས་བཟོས་པའི་ཁ་རས་དང་ཉེན་སྲུང་ཡོ་ཆས་དེ་དག་སྤུས་ཚད་ཞན་རྐྱེན་རྒྱ་གར་གཙོས་རྒྱལ་ཁབ་གཞན་ཁག་གཅིག་གིས་རྒྱ་ནག་ལ་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། རྒྱ་གར་ལྟ་བུར་ཆ་མཚོན་ན་དེང་སྐབས་སྨན་ཁང་ཆེ་ཁག་ཏུ་ཕྱག་ལས་གནང་མཁན་སྨན་པ་དང་སྨན་ཞབས། དེ་བཞིན་ཞབས་ཞུ་བའི་འབྲེལ་ཡོད་ལས་བྱེད་ཁག་ལ་ཆེས་ཉེ་བར་མཁོ་བའི་ཉེན་སྲུང་ཡོ་ཆས་རང་འགྲིགས་ཀྱི་མཐུན་རྐྱེན་ཞན་པའི་ངལ་བ་འཕྲད་བཞིན་ཡོད་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༡༢ ཉིན་ཏཱ་ལའི་བླ་མའི་དགེ་རྩས་བཞུགས་སྒར་ཉེ་ཁྲིས་སུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་སྨན་ཁང་ཊན་ཌཱ་ལ་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་ཞལ་འདེབས་གནང་འདུགརླུང་འཕྲིན་ཁང་གིས་ཏཱ་ལའི་བླ་མའི་དགེ་རྩའི་ལས་འཆར་འགན་འཛིན་འཛུམ་ཆུང་བཀྲིས་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་གསོལ་བསྩལ་གནང་བའི་རྒྱབ་ལྗོངས་དང་བཅས་ངོ་སྤྲོད་གནང་བ་དང་སྦྲགས། དེ་བཞིན་ཏཱ་ལའི་བླ་མའི་དགེ་རྩའི་ངོས་ནས་རྒྱ་གར་ཡུལ་མི་ཉམ་ཐག་དང་དབུལ་ཕོངས་གྲོང་རྡེལ་གནས་སྡོད་རྒྱ་གར་མང་ཚོགས། དེ་བཞིན་ས་གནས་གཞན་ནས་ཡོང་བའི་ཉིན་གླར་བརྟེན་པའི་རྒྱ་གར་བ་རྣམས་ལ་ཐེམ་སྤང་གི་དུས་སྐབས་སུ་སྐམ་ཟས་སོགས་བགོ་འགྲེམས་མང་དག་ཅིག་གནང་ཡོད་སྐོར་གསུངས་སོང་། རྩ་བའི་༸གོང་ས་མཆོག་གིས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་ཆེད་ PM cares fund ཞེས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་ཕྱིར་ཉེ་ཆར་གསར་འཛུགས་གནང་བའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་མ་དངུལ་གྱི་ཞལ་འདེབས་གནང་བ་དང་། དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐབས་རྩར་ཞལ་འདེབས་གནང་ཡོད་པ་རེད།དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་འདིར་ང་ཚོས་བྱམས་བརྩེ་ཀུན་ནས་བླངས་པའི་ཐོག་རིམས་ནད་དེར་གདོང་ལེན་བྱེད་དགོས་པར་བཀའ་བསྩལ་བ་དང་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པའང་སྟོན་གྱི་ཡོད་སྐོར་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད།

རྫོང་ཆོས་གྲྭ་ཚང་གིས་ས་གནས་རྒྱ་གར་དཔོན་རིགས་གདན་ཞུས་ཀྱིས་བསྔོ་སྨོན་གསུང་འདོན།

རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་ནང་རྟེན་གཞི་བྱས་པའི་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ས་གནས་ཀྱི་སྤྱི་ཁྱབ་རྒྱ་གར་དཔོན་རིགས་ MLA HP Manjunath མཆོག་དབུ་བཞུགས་ཀྱིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བསྔོ་སྨོན་གསུང་འདོན་དང་། རྒྱ་གར་ཡུལ་མི་ཚོར་སྐམ་ཟས་བགོ་བགྲེམས་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུགདེ་རིང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ཁ་སང་རྫོང་དཀར་ཆོས་སྡེ་གྲྭ་ཚང་གིས་ས་གནས་ཀྱི་སྤྱི་ཁྱབ་རྒྱ་གར་དཔོན་རིགས་སྐུ་ཞབས་མ་ཇུ་ནཱཐ་མཆོག་གདན་ཞུས་ཀྱིས་ད་བར་ཏོག་དབྱིབས་གཉན་རིམས་ཀྱིས་འཆི་རྐྱེན་བྱུང་བ་དག་ལ་བསྔོ་སྨོན་དང་ནད་མནར་བཞིན་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བ། གཉན་རིམས་གྱི་འཇིགས་པ་མྱུར་དུ་ཞི་ཕྱིར་རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མཛད་སྒོ་སྟབས་བདེ་ཞིག་ཚོགས་འདུགསྐབས་དེར་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་མཆོག་གིས་སྐུ་ཞབས་མ་ཇུ་ནཱཐ་མཆོག་ལ་འཚམས་འདྲི་དང་སྦྲགས། རྒྱ་གར་གཞུང་མང་ནས་བོད་མིར་རྒྱབ་སྐྱོར་དང་རོགས་རམ་མུ་མཐུད་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་ཞིག་ཕུལ་འདུག་པ་དང་། ལྷག་པར་དུ་ཉེ་ལམ་ཧིན་སྒོར་འབུམ་ ༢༠༠ ལྷག་གི་ལམ་བཟོའི་ལས་གཞིར་རོགས་སྐྱོར་དང་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་སླད་མར་བོད་མིར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུགད་ཆ་ཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་བཞིན་སྟབས་གྲྭ་ཚང་གི་ངོས་ནས་ད་བར་ཁྱིམ་ཚང་ ༢༢༠༠ ལྷག་ཙམ་ལ་སྐམ་ཟས་བགོ་འགྲེམས་དང་དབུས་དང་མངའ་སྡེའི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕུལ་ཡོད་པ་དང་། དེ་བཞིན་རྒྱ་གར་དང་ས་གནས་བོད་རིགས་རྒན་གསོ་ཁང་། དྭ་ཕྲུག་གསོ་སྐྱོང་ཁང་། ཉེན་རྟོག་པ་སོགས་ལ་གཉན་རིམས་སྔོན་འགོག་སླད་ཁ་རས་དང་ལག་ཤུབས། དེ་བཞིན་ལག་འཁྲུའི་དུག་སེལ་ཆུ་སོགས་མཐུན་འགྱུར་ཞུས་པ་རྣམས་སྙན་སེང་ཞུས་འདུགསྐུ་ཞབས་མ་ཇུ་ནཱཐ་མཆོག་གིས་སྐབས་དེར་རྫོང་ཆོས་གྲྭ་ཚང་ནས་ད་ལན་ཙམ་མིན་པར་དུས་ནས་དུས་སུ་ཉམ་ཐག་ཚོར་རོགས་རམ་གནང་རྒྱུ་དང་ལྷག་པར་བོད་མི་ཚོས་རྒྱ་གར་གྱི་ཡུལ་མིར་རོགས་སྐྱོར་གནང་བཞིན་པར་བསྔགས་བརྗོད་དང་སྦྲགས། ཧུན་སུར་རབ་རྒྱས་གླིང་གི་གཞིས་སྒར་གྱི་ལམ་བཟོ་དང་ཆུ་མཛོད་སོགས་ཀྱི་ལས་འཆར་གང་མགྱོགས་བསྒྲུབ་པར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུགབསྔོ་སྨོན་གྱི་མཛད་སྒོ་གྲུབ་མཚམས་སུ་གྲྭ་ཚང་ནས་རྒྱ་གར་ཡུལ་མི་ཉམ་ཐག་ཁྱིམ་ཚང་ ༡༠༠༠ ལྷག་ལ་སྐམ་ཟས་བགོ་བགྲེམས་གནང་ཡོད་པ་རེད།གཞི་རྩའི་ད་ལན་གཉན་རིམས་རྐྱེན་པས་རྒྱ་གར་རྒྱལ་ཡོངས་ནང་ཁྱིམ་སྡོད་བཀའ་རྒྱ་དང་མང་ཚོགས་ནས་ངེས་པར་དུ་སྤྱི་ཚོགས་རྒྱང་བཀྱེད་བསྟེན་དགོས་པའི་ལམ་སྟོན་སོགས་ཕེབས་ཡོད་པ་རེད། རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་སྐུ་ཞབས་མ་ཇུ་ནཱད་མཆོག་དང་མཁན་རིན་པོ་ཆེ་མཆོག་གཙོས་འབྲེལ་ཡོད་དགེ་འདུན་པ་དང་། ༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་མཛོད། དེ་བཞིན་ཧུན་སུར་རབ་རྒྱས་གླིང་ས་གནས་་འགོ་འཛིན། འབྲེལ་ཡོད་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་ལས་བྱེད་བཅས་པར་ཁ་རས་གྱོན་ཐོག་མཉམ་ཞུགས་གནང་འདུག

ཆོས་ཞུ་བ་ཚོས་སྤྱི་ཚོགས་རྒྱང་ཁྱད་ཀྱི་བཀའ་རྒྱ་ལས་མི་འདའ་བ་གནང་དགོས་པའི་གཞེན་བསྐུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ ཉིན་གཉིས་ཀྱི་རིང་སྔ་དྲོར་རྒྱ་གར་གྱི་ཆུ་ཚོད་ ༨ ནས་ ༩༌༣༠ བར་བཀའ་ཆོས་ཞིག་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་ལྟར། ཆོས་ཞུ་བ་ཚོས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་བཀའ་ཆོས་གསན་གཟིགས་གནང་དགོས་པའི་གཞེན་བསྐུལ་འདུགདེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་བཀའ་ཆོས་དང་འབྲེལ་བའི་བཀའ་ཁྱབ་ཅིག་སྤེལ་བར་གཞིགས་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་ཀྱི་རིང་ལ་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ཏེ་ད་ལྟའི་ཆར་དུས་ཀྱི་ཆེས་གཉན་འཕྲང་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་ལྟར། སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བར་དང་ལྷག་པར་བཀའ་ཆོས་ཉིན་གཉིས་ཀྱི་རིང་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་སྒོས་སུ་ཆོས་ཞུ་བ་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བ་གནང་དགོས་པ་མ་ཟད། ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་བཀའ་ཆོས་ཀྱི་ཆེད་ཐོག་མར་ཡར་འཛོམས་པའི་སྐབས་དང་ཁྱད་པར་དངོས་གཞི་བཀའ་ཆོས་སྩོལ་སྐབས། དེ་བཞིན་མར་འགྲོལ་སྐབས་བཅས་ཀྱིས་གཙོས་བཀའ་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་བཏང་འཛིན་ཆེས་ཆེར་གནང་དགོས་པའི་གཞེན་བསྐུལ་གནང་འདུགདེ་བཞིན་ད་ལྟའི་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རང་གཞན་ཀུན་ནས་དོན་མེད་ཀྱི་གླེང་གཞི་མི་ཡོང་བ་དང་། ལྷག་དོན་གཉན་རིམས་སྔོན་འགོག་གི་ལག་ལེན་རྣམས་ལ་ལྷོད་ཡངས་མི་ཡོང་བའི་ཐུགས་འགན་ཆེ་བཞེས་གནང་དགོས་ཞེས་བསྐྱར་ནན་གནང་འདུག རྩ་བའི་གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྩེ་བའི་ཐོག་ནས་ཕྱི་ཚེས་ ༡༦ དང་ ༡༧ ཉིན་དྲྭ་ལམ་ཐད་གཏོང་བརྒྱུད་སྩལ་གཏན་འཁེལ་བའི་བཀའ་ཆོས་དེ་རྒྱ་སྐད་དང་ཧིན་སྐད། སོག་སྐད། དེ་བཞིན་ཝི་ཏི་ནམ་དང་ར་ཤཱི་ཡ། ཀོ་རི་ཡ། ཉི་ཧོང་། སི་པིན་། འཇར་མན། ཕོར་ཅི་གྷད། ཧྥ་རན། ཨི་ཏྲ་ལི་བཅས་ཀྱི་སྐད་ཐོག་གསུང་སྒྱུར་གནང་རྒྱུ་རེད་འདུག

རྒྱ་ནག་ལ་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐོག་འདྲི་རྩད་གནང་དགོས་པའི་ཞུ་སྐུལ།

༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་གསང་ཉར་བྱས་ཏེ་ལོ་ངོ་ ༢༥ འཁོར་བ་དང་བསྟུན་ཡོ་རོབ་ Lithuania རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Andrius Navickas ལགས་ཀྱིས་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Gitanas Nausėda མཆོག་དང་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Linas Linkevičius ལགས་གཉིས་ནས་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེས་གཙོས་པའི་སྐུ་འཁོར་རྣམས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཐོག་འདྲི་རྩད་གནང་དགོས་པའི་ཞུ་སྐུལ་གནང་འདུགསྐུ་ཞབས་ Andrius Navickas ལགས་ནས་འདས་པའི་ལོ་དུས་མང་པོའི་རིང་ནས་རྒྱལ་སྤྱིའི་གཞུང་དང་ཚོགས་སྐྱིད་ཁག་གིས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང་གང་ཉིད་མཆོག་གི་ནང་མིའི་གནས་སྟངས་སོགས་ཀྱི་ཐད་ཕྱི་གསལ་ནང་གསལ་གྱི་གསལ་བཤད་བྱེད་དགོས་པའི་ཞུ་སྐུལ་གནང་ཡོད་ཀྱང་། རྒྱ་གཞུང་ནས་རིན་པོ་ཆེའི་གནད་དོན་ཐོག་ད་བར་རྫུན་གཏམ་དང་འཁྱོག་བཤད་ཅན་གྱི་གསལ་བཤད་ཁོ་ན་བྱས་ཡོད་པ་དང་ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ཆབ་སྲིད་བཙོན་པའི་གནད་དོན་གླེང་སློང་སྐབས་སུ་རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་གཉེར་གང་ལེགས་གནང་བཞིན་ཡོད་སྐོར་ཙམ་བཤད་པ་ལས་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་་གང་ཡང་གསལ་བཤད་བྱེད་ཀྱི་མེད་སྟབས། ད་ལྟའི་ཆར་བོད་མི་གཙོས་རྒྱལ་སྤྱིའི་མང་ཚོགས་ཀྱིས་རིན་པོ་ཆེ་མཆོག་གི་དངོས་ཡོད་གནས་སྟངས་གང་ཡིན་པ་གསལ་པོ་ཤེས་ཐུབ་ཀྱི་མེད་པ་རེད་ཅེས་ནན་བརྗོད་གནང་འདུགལྷག་པར་དུ་ཁོང་གིས་རིན་མིན་ཕྱི་ཚེས་ ༡༧ ཉིན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་སྐབས་སུ་བོད་མི་རྣམས་ནས་ཆུང་སྲིད་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་སླད་སྒྲོན་མེ་མཆོད་འབུལ་སོགས་ཀྱི་ལས་འགུལ་སྤེལ་སྐབས་ལི་ཐོ་ནི་ཡའི་རྒྱལ་ཁབ་ཀྱིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་སྲིད་འཛིན་སྐུ་ཞབས་ Gitanas Nausėdam མཆོག་དང་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Linas Linkevičius ལགས་རྣམ་གཉིས་ཀྱིས་དུས་སྐབས་འདི་དང་བསྟུན་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེས་གཙོས་པའི་སྐུ་འཁོར་རྣམས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཐོག་འདྲི་རྩད་གནང་དགོས་པའི་ཞུ་སྐུལ་གནང་འདུག སྐུ་ཞབས་ Andrius Navickas ལགས་ཀྱིས་ཞུ་སྐུལ་དེའི་ནང་འདས་པའི་ལོ་དུས་མང་པོའི་རིང་ནས་རྒྱ་ནག་གཞུང་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་དང་། ཁྲིམས་མཐུན་མ་ཡིན་པའི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་ཏེ་བོད་མིའི་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ལ་དམ་དྲག་བྱས་པ་མ་ཟད། ཆོས་ཕྱོགས་དང་འབྲེལ་བའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པའི་རྒྱ་གཞུང་གི་བྱ་སྤྱོད་ཁག་ཅིག་ཐེར་འདོན་གནང་འདུག་པ་དང་། སྐུ་ཞབས་མཆོག་གི་ཞུ་སྐུལ་དེར་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Vytautas Landsbergis ལགས་དང་གྲོས་ཚོགས་འཐུས་མི་ ༡༤ དེ་བཞིན་ས་གནས་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བསྐྱོན་གནང་འདུགགཞི་རྩའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་རིན་པོ་ཆེ་མཆོག་གི་ད་ལྟའི་གནས་སྟངས་གང་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་བདུན་ཕྲག་འདིའི་རེས་གཟའ་ཉི་མ་སྟེ་ཕྱི་ཚེས་ ༡༧ ཉིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་ཞུ་གཏུག་དང་སྒྲོན་མེ་མཆོད་འབུལ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།

དྷརྨ་ས་ལར་གནས་སྡོད་བོད་མི་གསུམ་གྱིས་ཏོག་དབྱིབས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་འབྲས་སུ་ནད་རྟགས་ཐོན་མི་འདུག

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་སླར་ཡང་རྒྱ་གར་དབུས་གཞུང་གིས་རིམས་ནད་སྔོན་འགོག་ལ་དམིགས་ཏེ་ཐེམ་སྤང་གི་བཀའ་རྒྱ་རིམ་པ་གསུམ་པ་དེ་བཏང་སྟེ་ཟླ་བ་འདིའི་ཕྱི་ཚེས་ ༡༧ བར་ཁྱོན་གཟའ་འཁོར་གཉིས་ཀྱི་རིང་ལ་མུ་མཐུད་ཕྱི་ལ་གང་བྱུང་མི་འགྲོ་བར་སོ་སོའི་ནང་དུ་སྡོད་དགོས་པའི་གནས་སྟངས་སོར་གནས་བྱུང་ཡོད་པ་རེད། ཧི་མཱ་མངའ་སྡེ་གཞུང་གིས་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་གང་ཟག་གང་ཞིག་རང་ཉིད་གཏན་སྡོད་བྱེད་ཡུལ་ཧི་མཱ་ཅལ་མངའ་སྡེའི་ཕྱི་ཕྱོགས་མངའ་སྡེ་གཞན་ནང་དུ་ལྷག་མཁན་ཚོར་ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་ནས་གནས་ཡུལ་མངའ་སྡེའི་ནང་དུ་ཡོང་ཆོག་པའི་བཀའ་རྒྱ་ཡོངས་གྲགས་གནང་དོན་ལྟར་མངའ་སྡེ་གཞན་ནང་ལུས་པའི་ཧི་མཱ་ཅལ་མངའ་སྡེ་ནང་དུ་གནས་སྡོད་བྱེད་མཁན་རྒྱ་གར་ཡུལ་མི་གཙོས་པའི་བོད་མི་མི་ཉུང་བ་ཞིག་གོང་ཚེས་ཉིན་ནས་བཟུང་སྟེ་ཉིན་རེ་བཞིན་ཡོང་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་རེད། འོན་ཀྱང་ཉེ་ཆར་མངའ་སྡེའི་ཕྱི་ཕྱོགས་མངའ་སྡེ་གཞན་ནང་དུ་ལྷག་མཁན་ཚོ་ས་མཚམས་རང་དུ་ཟུར་བཀག་དང་ཏོག་དབྱིབས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་ཡོད་པ་རེད།ཧི་མཱ་ཅམ་མངའ་སྡེའི་ནང་གནས་བཞུགས་བོད་མི་དག་ལས་རྒྱལ་ས་ལྡི་ལི་ནས་ཆེས་ཐོག་མ་ཧི་མཱ་ཅལ་མངའ་སྡེར་ཕྱིར་ཡོང་བའི་བོད་མི་གཅིག་དང་། དེ་བཞིན་དྷརྨ་ས་ལར་གནས་བཞུགས་བོད་མི་གཉིས་བཅས་བོད་མི་གསུམ་དང་བླངས་ཐོག་ནས་རང་གཞན་ཀུན་གྱི་བདེ་འཇགས་ལ་དམིགས་ཏེ་ཏོག་དབྱིབས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་འདུག་པ་དང་། གཉན་རིམས་ཀྱི་ནད་རྟགས་ཡོད་མེད་བརྟག་འབྲས་སུ་ནད་རྟགས་དེ་ཐོན་མེད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་མི་དེ་དག་གསུམ་པོ་ལས་རྒྱལ་ས་ལྡི་ལི་ནས་ཆེས་ཐོག་མ་ཧི་མཱ་ཅལ་མངའ་སྡེར་ཕྱིར་ཡོང་བའི་བོད་མི་གཅིག་ལ་ཁོང་གི་ངོས་ནས་དང་བླངས་ཀྱིས་གཉན་རིམས་དེ་ཡོད་མེད་བརྟག་དཔྱད་གནང་དོན་གང་ཡིན་སོགས་དང་འབྲེལ་བའི་བཅར་འདྲི་ཁག་གཅིག་ཞུས་ཡོད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ནས་བཞུགས་སྒར་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་མངའ་སྡེ་དང་རྫོང་གཞན་ནས་ཕྱིར་ཕེབས་པའི་བོད་མི་དག་ལ་བཞུགས་གནས་དང་ཞལ་ལག་བཅས་གོ་སྒྲིག་གནང་ཡོད་པ་དང་། ད་ལྟའི་ཆར་བོད་ཀྱི་གསོལ་མགྲོན་ཁང་དུ་རྫོང་གཞན་ནས་ཕྱིར་ཕེབས་པའི་བོད་མི་ཉུང་ཤས་ལས་བཞུགས་མཁན་མི་འདུག འོན་ཀྱང་རིང་མིན་བོད་མི་དེ་དག་གངས་སྐྱིད་ཉེ་འདབས་སུ་ཡོད་པའི་ཤུག་གསེབ་ལས་ཤག་ཏུ་གནས་སྤོ་གནང་རྒྱུ་རེད་འདུག རྩ་བའི་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་གི་བཀའ་རྒྱ་རིམ་པ་གསུམ་པ་འདི་ཟླ་བ་འདིའི་ཕྱི་ཚེས་ ༡༧ བར་གནས་ཀྱི་ཡོད་པ་དང་། རྒྱ་གར་ནང་ལ་ད་ལྟའི་ཆ་ལ་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་ ༧༠༧༥༦ ལྷག་དང་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༢༢༩༣ ལྷག དེ་བཞིན་དྲག་སྐྱེད་བྱུང་བ་མི་གྲངས་ ༢༢༤༥༥ ཆགས་ཀྱི་ཡོད་པ་རེད། ཧི་མཱ་ཅལ་མངའ་སྡེ་ནང་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་ ༥༩ དང་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༢ དེ་བཞིན་དྲག་སྐྱེད་བྱུང་བ་མི་གྲངས་ ༣༩ ཆགས་ཀྱི་ཡོད་པ་རེད།

རྒྱ་གཞུང་གིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བོད་མིའི་ཁྱིམ་ཚང་ ༤༠༠༠ ལྷག་ལ་ཞིབ་བཤེར་བྱས་འདུག

རྒྱ་ནག་གཞུང་གིས་བོད་དིང་རི་དང་གཞིས་ཀ་རྩེ་ནང་དུ་ཡོད་པའི་བོད་མིའི་ཁྱིམ་ཚང་ཁྲོད་རྒྱ་གར་དང་བལ་ཡུལ། དེ་བཞིན་རྒྱལ་ཁབ་གཞན་གྱི་ནང་དུ་གཉེན་ཉེ་འབྲེལ་ཡོད་པའི་ཁྱིམ་ཚང་ ༤༠༠༠ ནས་ ༥༠༠༠ བར་ལ་ཞིབ་བཤེར་བྱས་འདུག དེ་ཡང་ཉེ་ཆར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ཟེར་བའི་ནང་གི་དིང་རི་དང་གཞིས་ཀ་རྩེ་ས་ཁུལ་གྱི་བོད་མིའི་ཁྱིམ་ཚང་ཁྲོད། ཕྱིའི་རྒྱལ་ཁབ་ནང་དུ་གཉེན་ཉེ་འབྲེལ་ཡོད་པའི་ཁྱིམ་ཚང་ ༤༠༠༠ བརྒལ་བར་ཞིབ་བཤེར་བྱས་པ་མ་ཟད། བོད་མི་དེ་དག་གི་ Wechat འམ་སྐད་འཕྲིན་ཐོག་རང་གི་མིང་ངོ་མ་དང་ལག་ཁྱེར་ཨང་གྲངས་སོགས་ངོ་མ་བཀོད་དགོས་པའི་བཙན་དཀའ་བཏང་འདུག བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱི་གསུངས་པར་གཞིགས་ན། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ལ་མི་གྱར་བའི་ཆེད་དུ་ལས་གཞི་དེ་སྤེལ་བཞིན་ཡོད་པ་དང་། དེའང་རྒྱ་གཞུང་གིས་ནག་སེད་གཤེད་བཅོམ་ཞེས་པའི་ལས་གཞིའི་འོག་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བོད་མི་སྒེར་དང་ཚོགས་པ་སོགས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་མཁན་རྣམས་ཉེས་ཅན་པར་ངོས་འཛིན་གྱིས་བོད་མི་དེ་དག་དང་ཁོང་རྣམ་པའི་ནང་མི་རྣམས་ལ་དུས་རྟག་ཏུ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་དང་། འདི་ལོའི་ ༡ པོའི་ནང་བོད་ནང་གི་གཞུང་འབྲེལ་དྲ་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་དུ། ད་བར་བོད་ནང་ནག་སེད་གཤེད་བཅོམ་ཞེས་པའི་ལས་གཞི་འདིའི་འོག་ནས་བོད་མི་ ༤༠༠ ཙམ་འཛིན་བཟུང་བྱས་ཟིན་ཡོད་པ་རེད་འདུག དེ་བཞིན་བོད་གནས་ཉམས་ཞིབ་ཁང་གི་ཉེ་ཆར་ཟླ་བ་འདིའི་འགོ་སྟོད་དུ་གནས་ཚུལ་སྤེལ་བའི་ནང་དུ། བོད་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་མང་ཤོས་བྱུང་སའི་དཀར་མཛེས་ཁུལ་གྱི་བོད་མི་ཞིང་འབྲོག་མང་ཚོགས་རྣམས་ལ་དམིགས་བསལ་གྱིས་མཚན་སྦྱོང་སློབ་གྲྭའི་ནང་དུ་མཉམ་ཞུགས་བྱད་དུ་བཅུག་སྟེ་ཁོང་རྣམས་ལ་ཆབ་སྲིད་སློབ་གསོ་སྤེལ་བ་དང། རྒྱལ་ཁབ་དང་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་དགོས་པའི་སློབ་གསོ་སྤེལ་བཞིན་ཡོད་པ་མངོན་གསལ་གནང་འདུག

བསྟན་འཛིན་ཆོས་འཕེལ་ལགས་བཙན་དབང་གིས་གར་སོང་ཆ་མེད་བཟོ་བཞིན་པ་མྱུར་དུ་མཚམས་འཇོག་དགོས།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་རིག་གཞུང་དོན་གཉེར་གནང་མཁན་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ པའི་ཟླ་མཇུག་ཏུ་རྒྱ་གཞུང་གིས་བཙན་ཁྲིད་འོག་ད་བར་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་བསྟན་འཛིན་ཆོས་འཕེལ་ལགས་གར་ཡོད་ཅི་བྱས་དང་ཤི་གསོན་གྱི་དངོས་ཡོད་གནས་སྟངས་ངེས་པར་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་འདུག རྩ་བའི་བསྟན་འཛིན་ཆོས་འཕེལ་ལགས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་གསུམ་པའི་ཟླ་མཇུག་ཏུ་རྒྱ་ནག་ནས་ལྷ་སར་ལོག་པའི་ལམ་བར་དུ་ལྷོ་ཁ་གོང་དཀར་གནམ་ཐང་ནས་རྒྱ་གཞུང་གིས་གློང་བུར་དུ་འཇུ་བཟུང་བྱས་ནས་ཅ་དངོས་སྔོག་བཤེར་སྐབས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་དང་སྡོད་ཁྱིམ་དུ་སྔོག་བཤེར་སྐབས་༸གོང་ས་མཆོག་གི་༸སྐུ་པར་བཅས་ཐོན་པའི་གནས་ཚུལ་ཙམ་ལས་འཛིན་བཟུང་བྱེད་དོན་གང་ཡིན་ཤེས་རྟོགས་ཐུབ་མེད་པར་མ་ཟད། ད་ལྟའི་ཆར་ཁོང་བཀག་ཉར་བྱས་ནས་མི་ལོ་༢ དང་ཟླ་བ་གཉིས་ཙམ་འགྲོ་མུས་ཁྲོད་ཁོང་ས་གནས་གང་གང་ཞིག་ཏུ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་ཐབས་བྲལ་བ་རེད། གནས་ཚུལ་དེ་དང་འབྲེལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་དུ་ད་ཆ་རྒྱ་གཞུང་གིས་ཡུལ་མི་ཚོས་ཚོང་པ་བསྟན་འཛིན་ཆོས་འཕེལ་སྐོར་གྱི་གནས་ཚུལ་གླེང་སློང་བྱས་མི་ཆོག་པ་དང་ཁོང་གི་འདྲ་པར་རིགས་ཁ་པར་དང་འཕྲིན་ཕྲན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་བའམ་བསྐུར་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད་འདུག གཞན་ཡང་ཁོང་གིས་རྒྱ་ནག་གཞུང་ནས་བཙན་དབང་གིས་བསྟན་འཛིན་ཆོས་འཕེལ་ལགས་གར་སོང་ཆ་མེད་བཟོས་པ་དེ་ནི་སོ་སོའི་རྩ་ཆེའི་རིག་གཞུང་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡོང་ཆེད་རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞིའི་གཏོར་བཤིག་ལ་འགོག་རྒོལ་གནང་མཁན་ས་གནས་བོད་མི་ཚོར་འཕྲད་པའི་ཡ་ང་སྙིང་རྗེ་མེད་པའི་སྡུག་བསྔལ་མནར་གཅོད་ཀྱི་དཔེ་མཚོན་གཞན་ཞིག་ཡིན་པར་མ་ཟད། འདས་པའི་མི་ལོ་བཅུ་ཕྲག་རིང་རྒྱ་གཞུང་གི་མགོ་མཇུག་ལྡོག་པའི་འཛུགས་སྐྲུན་སྲིད་བྱུས་ལག་བསྟར་ཁྲོད་ཆུ་གློག་དང་ཐོན་ཁུངས་ལ་བཤུ་གཞོག་བཏང་བ་དེ་ས་གནས་བོད་མིའི་ཁོར་ཡུག་ཡུན་གནས་དང་འཚོ་རྟེན་རྒྱུན་གནས་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པར་སྐྱོན་བརྗོད་གནང་སོང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ང་ཚོའི་ངོས་ནས་རྒྱ་གཞུང་གིས་བོད་མིའི་སྤྱི་ཚོགས་དང་མང་ཚོགས་ཀྱི་འཚོ་རྟེན་དོན་གཉེར་གནང་མཁན་བསྟན་འཛིན་ཆོས་འཕེལ་ལགས་གར་སོང་ཆ་མེད་བཟོས་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་ཁོང་ཁྲིམས་འགལ་བཀག་སྐྱིལ་གྱིས་གར་སོང་ཆ་མེད་བཟོ་བཞིན་པ་དེས་རྒྱ་གཞུང་གིས་ས་གནས་བོད་མིའི་ཁེ་ཐོབ་སྲུང་སྐྱོབ་དང་ཡར་རྒྱས་ཀྱི་ལས་སུ་གཞོལ་མཁན་ཚོང་པ་ཁོང་གྲགས་འགུལ་མེད་པར་བཟོ་ཐབས་ཀྱི་དྲག་གནོན་དང་གདུག་རྩུབ་ཀྱི་བསམ་སྦྱོར་གསལ་བོར་མཚོན་ཡོད་ཅེས་ནན་བརྗོད་གནང་འདུག ཆོས་འཕེལ་ལགས་ནི་རྒྱུན་དུ་རང་རིགས་ལ་ཞེན་པ་དཀར་ཞིང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བོད་མི་ཉམ་ཐག་ལ་རོགས་སྐྱོར་དང་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གང་ཞིག་ཡོད་ཀྱང་དེའི་ཐད་དཔལ་འབྱོར་གྱི་ཞལ་འདེབས་འབུལ་བ་དང་བོད་མི་ནང་ཁུལ་ལ་མཐུན་སྒྲིལ་སོགས་ཀྱི་ཆེད་དུ་ལྷག་བསམ་གཡོ་བ་མེད་པར་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་ལྷག་དོན་ལོ་ཤས་སྔོན་ནས་ནག་ཆུ་བྱི་ནགས་འཁོར་གསུམ་རྒྱུད་ཀྱི་གཏེར་ཆུ་དང་གཏེར་ཁང་སོགས་ལ་སྲུང་སྐྱོབ་ཆེད་དུ་རྫོང་དང་ལྗོངས་རིམ་པ་བརྒྱུད་ནས་གནས་རི་དང་གནས་ས་མང་པོ་ཞིག་རྒྱ་ནག་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡིག་ཆ་བཞག་པ་དང་ལོ་རྒྱུས་ཀྱི་རྡོ་རིང་སློང་བ་སོགས་ཀྱི་ལས་གཞིའི་ཐད་ལའང་དཔལ་འབྱོར་གྱི་འགྲོ་གྲོན་མང་དག་ཅིག་བཏང་མྱོང་འདུག    

  རྒྱ་ནག་གིས་མཚོ་སྔོན་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཉིན་དགུའི་འཛིན་གྲྭ་འཚོགས་བཞིན་འདུག

རྒྱ་ནག་གི་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན།  ཁེ་ཉིན་ཚེས་༨ གྱི་ཉིན། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གོ་སྒྲིག་གི་འོག  མཚོ་སྔོན་ཞིང་ཆེན་བོད་སྐད་ཡིག་ནང་བསྟན་སློབ་གླིང་དུ། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིའི་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་འཛིན་གྲྭ་ཞེས་ཉིན་ ༩་རིང་གི་ཟབ་ཁྲིད་ཀྱི་འཛིན་གྲྭ་ཞིག་སློབ་འགོ་ཚུགས་པ་དང་འབྲེལ་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེར་སློབ་སྦྱོང་དཔྱད་ཡིག་ཅེས་པ་ཞིག་གསར་དུ་བཀྲམས་ཡོད་པའི་གནས་ཚུལ་བཀོད་འདུག ཐེངས་འདིའི་རྒྱ་ནག་གི་ཉིན་དགུའི་རིང་རྒྱལ་གཅེས་ཆོས་གཅེས་ཀྱི་ཟབ་ཁྲིད་དེའི་ཁྲོད་དུ།   མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་གྲས་ཁག་གི་སྤྲུལ་སྐུ་དང་། འཆད་ཁྲིད་དགེ་རྒན་དང་མཁན་པོ། དེ་བཞིན་དགོན་སྡེ་ཁག་གི་ལས་བྱེད་པ་བརྒྱ་ལྷག་ཙམ་འཛིན་གྲྭར་ཞུགས་ཏེ། ཆོས་ལུགས་སྲིད་ཇུས་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སོགས་ཀྱི་ཐད་ནས་རྒྱ་ནག་གི་ལམ་སྟོན་ལྟར་སློབ་སྦྱོང་བྱེད་བཞིན་ཡོད་པར་འཁོད་འདུག རྒྱལ་གཅེས་ཆོས་གཅེས་ཀྱི་ཟབ་ཁྲིད་སྐབས་སུ།   རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ལས་བྱེད།  བོད་རིགས་མགོན་པོ་བཀྲ་ཤེས་ཟེར་བས་བོད་མི་རྣམས་ཀྱིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་དོ་དམ་གྱི་ཕྱོགས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱི་གཏན་སྲོལ། རྒྱ་ནག་སྲིད་གཞུང་་གི་ཆོག་མཆན་བཅས་རྩ་དོན་ཆེན་པོ་གསུམ་ལ་བརྩི་སྲུང་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་སོགས་ཀྱི་ཐད་ནས་ཚོགས་ཞུགས་ཀྱི་གྲྭ་བཙུན་ཚོར་གཏམ་བཤད་བྱས་ཏེ། ཕྱོགས་ཡོངས་ནས་རྒྱ་ནག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལག་བསྟར་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་འདུག གོང་གི་གནས་ཚུལ་དེ་དང་འབྲེལ་ནས།  འདི་ག་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་གསར་འགོད་པས་ཐེ་ཝན་གྱི་དོན་གཅོད།  ཟླ་བ་ཚེ་རིང་ལགས་སུ་རྒྱ་ནག་གི་སློབ་སྦྱོང་འཛིན་གྲྭ་ཞེས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཟབ་ཁྲིད་དེའི་སྐོར་ལ་བཀའ་འདྲི་གནང་བར་ཁོང་གིས།   དགོན་སྡེར་བཅའ་སྡོད་ལས་བྱེད་པ་ནི་དོན་དངོས་ཐོག་ཆུ་ཚོད་ཉི་ཤུ་རྩ་བཞི་ཙམ་ལ་བོད་ཀྱི་དགེ་འདུན་པར་ལྟ་ཞིབ་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཤིག་ཡིན་པ་དང་། རྒྱ་ནག་གིས་དུས་རྒྱུན་ནས་བོད་ཀྱི་དགོན་སྡེ་དང་དགེ་འདུན་པ་ཚོས་དེང་རབས་ཅན་གྱི་ལྟ་ཞིབ་ཡོ་ཆས་སྤྱད་དེ་ལྟ་སྐུལ་ཚོད་འཛིན་བྱེད་པ་མ་ཟད། ད་དུང་དགོན་སྡེ་ཚང་མར་མངགས་གཏོང་ཁང་བཙུགས་ནས་ལྟ་ཞིབ་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་་གནང་བ་དང་འབྲེལ།  རྒྱ་ནག་གི་སློབ་སྦྱོང་འཛིན་གྲྭ་ཟེར་བ་དེ་ནི་དོན་དངོས་ཐོག་བོད་བཙན་བཟུང་བྱས་པ་དང་འབྲེལ་བོད་ཀྱི་གྲྭ་བཙུན་གྱི་བྱ་སྤྱོད་རང་དབང་ལ་ལྟ་སྐུལ་ཚོད་འཛིན་ནན་པོ་བྱས་པ་དང་དུས་མཚུངས་བོད་ཀྱི་གྲྭ་བཙུན་གྱི་གཏམ་བརྗོད་དང་བསམ་བློ། ཡང་ན་དད་མོས་རང་དབང་བཅས་ལ་སྔར་བས་ཚོད་འཛིན་བྱེད་པའི་བྱ་སྤྱོད་ཅིག་ཡིན་པ་དང་།  དེའི་ནང་ཆོས་ཕྱོགས་ཀྱི་ཆོས་ཕྱོགས་ཀྱི་ཐ་སྙད་མང་པོར་ཁ་བསླུས་རྒྱག་པ། འཁྱོག་བཤད་བྱེད་པ་བཅས་ནི་རྒྱ་ནག་སྲིད་གཞུང་གི་གཡོ་སྒྱུའི་བྱ་ཐབས་ཤིག་རེད་ཅེས་ངོ་སྤྲོད་གནང་འདུག

གཉན་རིམས་རྐྱེན་པས་དཀའ་ངལ་འཕྲད་མཁན་བོད་རིགས་ཚོར་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ།

ཁ་སང་ཉིན་ཕྱི་དྲོ་ཆུ་ཚོད་ ༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་འབྲེལ་དྲུང་ཆེ། དེ་བཞིན་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་སོགས་ལྷན་ཞུགས་ཐོག་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་གཉན་རིམས་རྐྱེན་པས་ཛ་དྲག་གི་གནས་སྟངས་ཁྲོད་མངའ་སྡེ་དང་རྫོང་གཞན་ནང་དུ་ལྷག་པ་དང་ལས་ཤོར་བོད་རིགས་ཆིག་སྟོང་ཙམ་ལ་འཚོ་སྣོན་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ་ཡིན་པ་གསུངས་སོང་།སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid 19 འམ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གོད་ཆག་ཁྲོད་བོད་མི་མང་དག་ཅིག་རྒྱ་གར་གྱི་མངའ་སྡེ་གཞན་ནང་ལྷག་པའི་རྐྱེན་གྱིས་རང་གནས་མངའ་སྡེར་ཕྱིར་ཕེབས་མ་ཐུབ་པའི་གནས་སྟངས་སུ་གྱུར་པ་དང་ཁག་ཅིག་ལས་ཀ་ཤོར་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཆེས་ཛ་དྲག་གི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ནས་དེ་འབྲེལ་དཀའ་ངལ་འོག་ལྷུང་པའི་བོད་མི་རེ་རེ་ལ་འཚོ་སྣོན་ཆེད་ཧིན་སྒོར་ལྔ་སྟོང་རེ་གནང་གི་ཡོད་པ་བཞིན་ཁྱོན་བོད་མི་ཆིག་སྟོང་ཙམ་ལ་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ་ཡིན་པ་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟླ་བ་སྔོན་མའི་ཕྱི་ཚེེས་ ༢༦ ཉིན་རྒྱ་གར་དབུས་གཞུང་གིས་མངའ་སྡེ་གཞན་ནང་ལྷག་པའི་གང་ཟག་དེ་རྣམས་རང་གནས་མངའ་སྡེར་ཕྱིར་འགྲོ་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་ཀྱང་། ད་ལྟའི་ཆར་ས་ཁུལ་གཞན་ནང་ལྷག་པའི་བོད་མི་དེ་དག་རིམ་བཞིན་རང་གནས་མངའ་སྡེ་སོ་སོར་ཕྱིར་ཕེབས་ཐུབ་སླད་དུ་འབད་བརྩོན་གང་ཐུབ་གནང་མུས་ཡིན་པ་དང་། འོན་ཀྱང་རྒྱ་གར་གྱི་ཡུལ་ཁྲིམས་ཀྱི་གནས་སྟངས་རྐྱེན་པས་ Adhar card ཡོད་མཁན་བོད་མི་རྣམས་ནས་རང་ཉིད་ཀྱི་ Adhar card དེ་ས་གནས་གང་ནས་བཟོས་པ་བཞིན་མངའ་སྡེ་དེར་བསྐྱོད་ཆོག་པ་ལས་དེ་མིན་དཀའ་བའི་གནས་ཡིན་པ་ལྟར། ད་ལྟའི་ཆར་རྒྱ་གར་ Gujarat མངའ་སྡེའི་གྲོང་ཁྱེར་བྷ་རི་ཌ་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་ཉེན་འོག་ཁུལ་དེར་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་རྣམས་རང་ཉིད་ཀྱི་སྡོད་ཁང་ནས་ཕྱིར་ཐོན་དགོས་པའི་བཀའ་རྒྱ་བསྒྲགས་པར་བརྟེན་བོད་མིའི་སྒྲིག་འཛུགས་ནས་མངའ་སྡེ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་ལམ་ཞུས་པ་བརྒྱུད་གོང་གསལ་བོད་རིགས་སློབ་མ་རྣམས་རང་ཉིད་ཀྱི་ Adhar card ཐོག་འཁོད་པའི་ཁ་བྱང་ལྟར་ཕྱིར་སློག་དང་དེ་མིན་སློབ་མ་གཞན་རྣམས་ལྡི་ལིར་བཞུགས་གནས་གྲ་སྒྲིག་གནང་རྒྱུ་ཡིན་པ་གསུངས་སོང་།སྐབས་དེའི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་བདུན་ཕྲག་རྗེས་མའི་ནང་བོད་གཞིས་སྒར་ཁག་ཡོངས་རྫོགས་སུ་ Sanitization ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་གཙང་བཟོ་གནང་རྒྱུ་ཡིན་པ་གསུངས་སོང་བ་མ་ཟད། དེ་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་དྲོ་ཕྱག་ཚོད་ ༧ ཐོག་དྷ་ས་གནས་ཆུང་གྲྭ་ཚང་དུ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་རྐྱེན་འདས་གྲོངས་སུ་གྱུར་པའམ་ནད་ཀྱིས་མནར་བཞིན་པ་རྣམས་ཀྱི་སླད་དུ་ཞབས་རིམ་གསོག་སྒྲུབ་གནང་རྒྱུ་ཡིན་པ་རེད། གཞན་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཉན་རིམས་དང་འབྲེལ་བའི་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་སླེབས་ལ་ཉེ་བའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ཚེས་ ༡༧ ཉིན་དྲྭ་ལམ་བརྒྱུད་བོད་སྐད་ཐོག་མཁས་པའི་བགྲོ་གླེང་གཙོས་ལས་འགུལ་ཁག་གཅིག་སྤེལ་རྒྱུ་ཡིན་པ་གསུངས་སོང་། འབྲེལ་ཡོད་པར་བོད་མིའི་སྒྲིག་འཛུགས།

Latest news