Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

 ཨ་རིའི་ཁྲིམས་འཆར་གྱི་ཁོངས་སུ་བོད་ཆོལ་ཁ་གསུམ་འཇུག་དགོས་བའི་བསྒྲགས་གཏམ་སྤེལ་སོང་།

དེ་རིང་སྔ་དྲོ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷནཚོགས་ཀྱི་ཚོགས་ཁང་གི་ནང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་མཉམ་རུབ་ཀྱི་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ།  ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ཀྱིས་ཨ་རིའི་ངོས་ནས་བོད་རང་སྐྱོང་ལྗོངས་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་བའི་ཁྲིམས་འཆར་ཞིག་བཏོན་པར་དགའ་བསུ་དང་ལྷན་དུ།  ཁྲིམས་འཆར་དེའི་ཁོངས་སུ་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་བོད་ཆོལ་ཁ་གསུམ་པོ་ཚུད་དགོས་བའི་སྙན་ཞུ་ཕུལ་ཡོད་པ་ལྟར། སྐུ་ཞབས་ Scott Perry ལགས་ཀྱིས་ཀྱང་ཞལ་བཞེས་ཐོབ་ནས་ཁྲིམས་འཆར་དེའི་ཚིག་དོན་ལ་བསྐྱར་ཞིབ་བྱ་འཆར་ཡོད་པར་བསྒྲགས་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་བོད་ཡིག་གི་བསྒྲགས་གཏམ་སྒྲོག་སྦྱངས་བྱས་པ་དང་།  བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དྲ་ཐོག་བརྒྱུད་ནསདབྱིན་ཡིག་གི་ལམ་ནས་དེ་རིང་གི་བསྒྲགས་གཏམ་སྒྲོག་སྦྱང་བྱས་སོང་།   བསྒྲགས་གཏམ་གྱི་ནང་དུ།  ཁྲིམས་འཆར་འདི་ནི་ལོ་ངོ་བདུན་ཅུའི་རིང་བོད་མིས་རང་དབང་རང་བཙན་གྱི་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ།  ཨ་རིའི་མི་མང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་དང་བོད་མིའི་བདེན་དོན་ལ་ངོས་འཛིན་ཞུས་པ་ནི་གལ་ཆེའི་གྲུབ་འབྲས་ཤིག་དང་ལོ་རྒྱུས་རང་བཞིན་ཅན་ཞིག་ལ་འགྱུར་ངེས་ཡིན་པར་བསྒྲགས་འདུག བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས།  རྒྱ་ནག་གིས་བོད་འདི་ཡུལ་མཐའ་འཁོབ་ཅིག་ཡིན་པར་བརྟེན་མི་རབས་ཁ་ཤས་ཤིག་གི་རྗེས་སུ། བོད་འདི་རྒྱལ་སྤྱིའི་སྒང་ནས་རྩ་བརླགས་སུ་འགྲོ་རྒྱུའི་རེ་བ་རྒྱག་གི་ཡོད་ནའང་།  གཞིས་བྱེས་བོད་མིའི་འཐབ་རྩོད་ཀྱི་ཁྲོད་ནས། བོད་དོན་འདི་རྒྱལ་སྤྱིའི་ཁྲོད་ཁྱབ་ཆེ་རུ་འགྲོ་བཞིན་པར་ངོ་སྤྲོད་གནང་བ་དང་སྦྲགས།  ཁྲིམས་འཆར་དེའི་ཚིག་དོན་ལ་བསྐྱར་ཞིབ་ཀྱིས་ཆོལ་གསུམ་བོད་ཁམས་ཡོངས་སུ་ཁྲིམས་འཆར་དེར་འཁོད་རྒྱུའི་འབད་བརྩོན་གནང་གི་ཡོད་པར་གསུངས་སོང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན། རྡོ་རྗེས་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་ཁྲིམས་འཆར་འདི་ནི་བོད་མི་རྣམས་ལ་མཚོན་ན་ཆེས་རྩ་ཆེ་བའི་གོ་སྐབས་ཤིག་ཡིན་པར་བརྟེན། བོད་མི་ཡོངས་ཀྱིས་ཨ་རིའི་འོས་བསྡུ་མ་རན་གྱི་བར་དུ་མཉམ་རུབ་ཀྱི་ཐོག་ནས་ཤུགས་རྒྱབ་ཏེ་བོད་དོན་གྱི་ཁྲིམས་འཆར་འདིར་རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུའི་དུས་ལ་བབ་ཡོད་པར་འདི་ལྟར་ངོ་སྤྲོད་གནང་སོང་། གཞི་རྩའི་ཟླ་འདིའི་ཚེས་༡༩ ཉིན།  ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཞེས་པ་དེ་ཐ་དད་དུ་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་པའི་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་སྟེ། ཨ་རིའི་སྲིད་འཛིན་མཆོག་ནས་བོད་རང་སྐྱོང་ལྗོངས་ཞེས་པ་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་པ་འཁོད་ཡོད་པ་རེད། ཉེ་སྔོན་འདི་ག་རླུང་འཕྲིན་ཁང་ནས་ཁྲིམས་འཆར་དེ་དང་འབྲེལ་ནས་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ལ་བཀའ་འདྲི་ཞུས་སྐབས།  ཁོང་གིས། སྐུ་ཞབས་པེ་རི་ལགས་ཀྱིས་ཆེད་འདོན་གནང་བའི་ཁྲིམས་འཆར་དེ་སྐུ་ཚབ་དོན་གཅོད་ཁང་ནས་ཞུ་གཏུགས་གནང་བ་ཞིག་མིན་པ་དང་།  སྤྱིར་ཁྲིམས་འཆར་དེ་བསྣམས་པ་ཙམ་གྱིས་བོད་དོན་ཐད་རྒྱབ་སྐྱོར་མཚོན་གྱི་ཡོད་སྟབས་དོན་གཅོད་ཁང་ངོས་ནས་དེར་དགའ་བསུ་ཞུ་རྒྱུ་ཡིན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་གཞིར་བཟུང་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་ཁེ་དབང་རྩོད་རྒྱུ་དེ་ཡིན་སྟབས་ང་ཚོའི་རྩ་བའི་ལངས་ཕྱོགས་ལ་འགྱུར་བ་མེད་སྐོར་གསུངས་གནང་སོང་།

སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་དགོངས་སེལ་བཟོད་གསོལ་ཞུས་འདུག

སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཉེ་སྔོན་དྲྭ་ཐོག་དབང་བསྐུར་ན་མི་འགྲིག་པའི་སྐོར་གསུངས་ཡོད་པའི་བཀའ་མོལ་ཆ་ཚང་ཕྱིར་འཐེན་གཙང་མ་ཞུས་པ་དང་འབྲེལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་དགོངས་གསོལ་ཞུས་འདུག རྩ་བའི་ཉེ་ཆར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་ཀྱི་རིང་ཏོག་དབྱིབས་གཉན་རིམས་རྐྱེན་པས་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་པའི་བོད་མི་གཙོས་བོད་བརྒྱུད་ནང་བསྟན་རྗེས་འཇུག་རྣམས་ལ་དྲྭ་ལམ་ཐད་གཏོང་བརྒྱུད་དེ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་གཏན་འཁེལ་བ་དང་འབྲེལ། བཞུགས་སྒར་དྷརྨ་ས་ལའི་ཉེ་འགྲམ་སྦིར་གཞིས་ཆགས་ནང་གནས་སྡོད་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་མགོན་པོ་༸གང་ཉིད་མཆོག་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་དབང་བསྩལ་རྒྱུ་དེ་ནི་གསང་སྔགས་ཁྲོམ་བསྒྲགས་གནང་བར་འགྲེལ་བརྗོད་དང་འབྲེལ་དེ་ནི་བསྟན་པ་བཤིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་རྗེས། བོད་མི་མང་ཚོགས་ཁྲོད་ནས་གནད་དོན་དེའི་ཐོག་བློ་འཚབ་དང་བཅས་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཚོར་ཤུགས་ཆེན་པོས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་སྐོར་གསུངས་པ་དང་། ཕྱོགས་མཚུངས་སུ་༸གོང་ས་མཆོག་ལ་མཚན་སྨད་ཞུས་ཡོད་པ་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་ཡིག་ངག་གཉིས་ཐོག་ནས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང། ཁོང་ནས་༸གོང་ས་མཆོག་ལ་དགོངས་གསོལ་ཞུ་དགོས་པར་ནན་བརྗོད་གནང་བ་མ་ཟད། རྒྱ་གར་གཙོས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མིའི་ཚོགས་སྐྱིད་འདྲ་མིན་དང་གཞུང་ཞབས་ཟུར་པ། ཚོགས་གཙོ་ཟུར་པ། དེ་བཞིན་དགོན་སྡེ་གྲྭ་ཚང་བཅས་ཀྱིས་བསྒྲགས་གཏམ་སྤེལ་བ་དང་སྤྱི་ཚོགས་དྲྭ་ལམ་སོགས་ཀྱི་ཐོག་ནས་ད་ལན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་དེར་ཆེས་བློ་ཕམ་ཡོད་པ་དང་མཐའ་གཅིག་ཏུ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་ཆེད་བཏོན་གནང་བཞིན་པའི་ཁྲོད། ཁ་ཉིན་ཕྱི་ཚེས་ ༣༠ ཉིན་༸དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུས་ས་སྐྱ་ཆོས་སྒར་འདུས་སྤྱི་ནས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་གང་ཟག་འགའ་རེས་སྒྲོ་སྐུར་སྐྱོན་བརྗོད་ཞུས་པ་འདི་ནི་ཆོས་དང་འཇིག་རྟེན་གང་ལ་བསམས་ཀྱང་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་དང་སེམས་ཕམ་ཚད་མེད་དགོས་པའི་གནས་ཚུལ་ཡིན་པ་དངོས་པོའི་ཆོས་ཉིད་ཀྱི་སྟེང་ནས་ར་སྤྲོད་ཐུབ་ངེས་ཡིན་པ་དང་། ལྷག་དོན་རྒྱལ་བསྟན་ཡོངས་སུ་རྫོགས་པའི་བསྟན་པའི་བདག་པོར་བཞུགས་བཞིན་པའི་མགོན་པོ་གང་ལ་དེ་ལྟར་སྨྲ་བར་སྤོབས་པ་ནི་བློའི་ཡུལ་ལས་འདས་པ་ཞིག་ཡིན་པ་སོགས་འཁོད་འདུག དེ་འབྲེལ་ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཕྱག་ཡིག་ཞིག་ཡོངས་གྲགས་གནང་བའི་ནང་སྤྱིར་ཁོང་གིས་ཉེ་ཆར་གནད་དོན་དེའི་སྐོར་གླེང་གློང་བྱེད་དགོས་དོན་ནི། རང་ངོས་ནས་གསང་ཆེན་སྔགས་ཀྱི་རྒྱུད་སྡེ་ཁག་ལ་སྦྱང་བརྩོན་མི་དམན་ཙམ་བྱེད་མྱོང་བས། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་ཐབས་ཁོ་ནའི་ཆེད་དུ་དམིགས་པ་ལས་རྒྱུ་མཚན་གཞན་གང་ཡང་མེད་ཀྱང། དེ་རིང་ས་སྐྱ་ཆོས་སྒར་གྱི་ཕྱག་ཡིག་དེ་མཇལ་བ་མ་ཟད། ༸སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེད་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཞལ་པར་ཐོག་ས་སྐྱ་ཆོས་སྒར་གྱི་ཕྱག་ཡིག་དེ་མཇལ་ཡོད་མེད་འདྲི་རྩད་དང་འབྲེལ་ནས། ཕྱག་ཡིག་དེ་ནི་ས་སྐྱ་༸བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་དང་༸སྐྱབས་རྗེ་བདག་ཁྲི་རིན་པོ་ཆེ་རྣམ་པ་གཉིས་ཀྱི་བཀའ་དགོངས་ཡིན་ངེས་ལ་བརྟེན། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ཁོང་ནས་དྲྭ་ལམ་ནས་བཀའ་དབང་གནང་ན་འགྲིག་མིན་དང་འབྲེལ་བའི་སྐད་ཆ་རྣམས་ཕྱིར་འཐེན་གནང་དགོས་པའི་བཀའ་ཕེབས་ཡོད་པ་ལྟར། ས་སྐྱ་༸བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་ས་སྐྱ་༸བདག་ཁྲི་རིན་པོ་ཆེ་མཆོག ༸སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་རྩེ་རིན་པོ་ཆེ་བཅས་ཀྱི་མདུན་ནས་ཁོང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་དབང་ཟབ་མོ་མང་དག་ཅིག་ཞུ་མྱོང་བའི་རྡོ་རྗེ་སློབ་དཔོན་ཡིན་པ་དང་། སྲོག་ལ་བབ་ཀྱང་རྡོ་རྗེ་སློབ་དཔོན་གྱི་བཀའ་བསྒྲུབ་རྒྱུ་ལས་གལ་ཆེ་བ་ཞིག་གཏན་ནས་མེད་སྟབས། ཉེ་སྔོན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་བཤད་པའི་སྐད་ཆ་ཚང་ཕྱིར་འཐེན་གཙང་མ་ཞུ་རྒྱུ་དང་། བོད་ཀྱི་ལྷ་སྐལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་དགོངས་སེལ་བཟོད་གསོལ་ཞུ་བ་དང་སྦྲགས་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན་ཅེས་དང་། སླད་ཕྱིན་གང་ཟག་སུ་ཡིན་ཡང་དྲྭ་ལམ་ནས་གསང་སྔགས་ཀྱི་བཀའ་དབང་ཟབ་མོ་དག་གནང་ན་ཁོང་ནས་དགག་བྱ་གང་ཡང་ཞུ་རྒྱུ་མིན་བཅས་གསུངས་འདུག

འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་འཕགས་པ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་བཀའ་དྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ནང་གི་དད་ལྡན་མང་པོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དྲྭ་ལམ་བརྒྱུད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་བཀའ་དབང་དངོས་གཞི་དང་འཕགས་པ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་བཅས་བཀའ་དྲིན་བསྐྱངས་ཏེ་ཐེངས་འདིའི་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་སོང་།དེ་རིང་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨༌༠༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཆོས་འབྲེལ་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སུ་དྲྭ་རྒྱ་བརྒྱུད་ནས་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག དེ་བཞིན་ཤར་བྱང་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་མཆོག་དང་དགོན་སྡེ་གྲྭ་ཚང་ཁག་གི་མཁན་བླ་སྤྲུལ་རྣམ་པ་བཅས། ཕྱི་ནང་གི་དད་ལྡན་མང་ཚོགས་ས་ཡ་གཅིག་ལྷག་ནས་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་བཀའ་དབང་དངོས་གཞི་དང་འཕགས་པ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ཡི་རྗེས་གནང་བཅས་ཞུས་ཡོད་པ་རེད།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་མ་ཎི་ཡིག་དྲུག་དེ་དག་བགྲང་གསོག་གནང་ན་རང་གཞན་སེམས་ཅན་ཐམས་ཅད་ལ་ཕན་པའི་དགེ་མཚན་དམིགས་བསལ་བ་ཞིག་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། འཕགས་པ་སྤྱན་རས་གཟིགས་ནི་བོད་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷག་པའི་ལྷ་སྐལ་ཆགས་ཡོད་པར་བཀའ་བསྩལ་སོང་།དེ་བཞིན་༸གོང་ས་མཆོག་གིས་དེ་རིང་འདིར་ང་ཚོ་ནང་པ་ཚོས་བྱང་ཆུབ་སེམས་ཀྱི་སྡོམ་པ་བཟུང་གི་ཡོད་པའི་སྐབས་འདི་དང་བསྟུན་ནང་པ་མིན་པའི་འཛམ་གླིང་གི་ཆོས་ལུགས་གཞན་གྱི་འཇུག་མང་ཚོགས་ཚོས་ཀྱང་རང་ཉིད་སོ་སོའི་སྐྱབས་གནས་བླ་མ་དེ་དག་ཡིད་ལ་བསྒོམ་དགོས་པ་དང་ཁོང་རྣམ་པས་བྱང་དོར་གྱི་བསླབ་བྱ་གང་གནང་བ་དེ་ལྟར་གང་ཐུབ་ཐུབ་ཀྱིས་ཉམས་ལེན་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།ལྷག་དོན་ཆོས་འབྲེལ་གྱི་མཇུག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་འགྲོ་བ་ཐམས་ཅད་ལ་གཉེན་དུ་གཟིགས་པ་ལས་དགྲ་འགེགས་ཞེས་དབྱེ་འབྱེད་མཛད་ཀྱི་མེད་པས་དད་ལྡན་མང་ཚོས་ཀྱང་དེ་ལྟར་འབད་གནད་ཡིན་པ་དང་། བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་ཞུས་རྗེས་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དགོས་པ་མ་ཟད། ཁྱད་པར་དུ་ཁྱེད་རང་ཚོ་སོ་སོ་རང་ཉིད་ཀྱིས་བཀའ་དབང་ཞུས་པ་དེ་དག་ཉམས་ལེན་གནང་བ་ལྟར་དགའ་གཉེན་གཞན་ཚོ་ལའང་བཟང་པོའི་བསམ་བློ་གཏོང་ཕྱོགས་རྣམས་རྒྱ་གང་ཆེ་སྤེལ་དགོས་གལ་ཡིན་པར་ཐུགས་བརྩེ་ཆེན་པོས་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།གཞི་རྩའི་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་འདེབས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྩེ་ཆེན་པོའི་ཐོག་ནས་ཁ་སང་ཕྱི་ཚེས་ ༢༩ ཉིན་བཀའ་དབང་གི་སྟ་གོན་དང་དེ་རིང་ཚེས་ ༣༠ ཉིན་དྲྭ་ལམ་ཐད་གཏོང་བརྒྱུད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་བཀའ་དབང་དངོས་གཞི་དང་འཕགས་པ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་བཅས་ཀྱི་བཀའ་ཆོས་འདི་རེ་ཞིག་ལེགས་གྲུབ་མཛད་ཡོད་པ་རེད། བཀའ་ཆས་དེའང་བོད་དབྱིན་རྒྱ་གསུམ་གྱིས་སྐད་ཡིག་གཙོས་པའི་ཁྱོན་སྐད་རིགས་འདྲ་མིན་བཅུ་བཞིའི་ཐོག་གསུང་སྒྱུར་གནང་ཡོད་པ་དང་བཀའ་དབང་དངོས་གཞི་དང་རྗེས་གནང་སྐབས་ཕྱི་ནང་གི་དད་ལྡན་མང་ཚོགས་ས་ཡ་གཅིག་ལྷག་ནས་བཀའ་དབང་དང་རྗེས་གནང་ཞུས་ཡོད་པ་རེད།

བོད་མི་ཁེར་རྐྱང་གིས་བོད་དོན་གོམ་བགྲོད་ལས་འགུལ་སྤེལ་བ།

སུད་སི་ནང་གནས་སྡོད་རང་ལོ་ ༤༥ སོན་པའི་ཚེ་རིང་དབང་འདུས་ལགས་ཀྱིས་རྒྱབ་ཏུ་ཉལ་ཆས་བླུགས་པའི་ལྟོ་ཆས་དང་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། དེ་བཞིན་རྒྱབ་ཏུ་འཛམ་གླིང་གཞུང་མང་ནས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་དགོས་ཞེས་འབོད་ཚིག་འཁོད་པའི་ཤོག་སྦྱང་འཕྱང་ནས་སུད་སི་ནང་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་འདུག ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་ནང་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་དེ་ཟླ་བ་འདིའི་ཚེས་ ༢༧ ཉིན་རེས་གཟའ་ལྷག་པ་དང་བསྟུན་རང་ཉིད་ཀྱི་གནས་ཡུལ་སུད་སི་ས་གནས་ Winterthur ནས་དབུ་འཛུགས་གནང་འདུག་ཅིང་། ལས་འགུལ་དེ་གཙོ་བོ་ཉེ་བའི་ཆར་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དང་རྒྱ་གཞུང་གིས་རྫུན་བཟོ་ཧམ་བཤད་ཁྲོད་འཛམ་གླིང་མང་ཚོགས་ཧ་ཅང་མང་པོའི་ཚེ་སྲོག་ཤོར་བཞིན་པའི་གཉན་འཕྲང་གི་དུས་སྐབས་འདིར་འཛམ་གླིང་གཞུང་མང་ལ་རྒྱ་གཞུང་གིས་གདོང་རིས་ངོ་མ་གསལ་བཏོན་དང་། དེ་ལྟ་བུའི་ནག་ཉེས་ཀྱི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ནས་འཁྱེར་བཅུག་དགོས་པ། ཕྱིའི་རྒྱལ་ཁབ་ཀྱི་གཞུང་མང་ལ་རྒྱ་ནག་གི་དངོས་ཟོག་ཉེ་ཚོང་མཚམས་འཇོག་དང་རྒྱ་གཞུང་དང་འབྲེལ་ཐག་གཅོད་རོགས་ཞེས་ཞུ་འབོད་གནང་རྒྱུ་མ་ཟད། ལྷག་དོན་ས་གནས་མང་ཚོགས་ཁྲོད་ལ་བོད་ནང་གི་བོད་མིའི་རང་དབང་གི་གནས་སྟངས་གཙོས་པའི་དངོས་ཡོད་གནས་ཚུལ་ཁག་ངོ་སྤྲོད་གནང་རྒྱུ་བཅས་ལ་ཆེད་དམིགས་ཀྱིས་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་འདུགསྤྱིར་སུད་སི་ནང་དུ་གནས་སྡོད་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་མཁན་བོད་མི་ཚེ་རིང་དབང་འདུས་ལགས་ཆ་མཚོན་ན་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་ཙམ་མ་ཟད་དེ་སྔོན་ཁོང་ནས་སུད་སི་གྲོང་ཁྱེར་ཛུ་རིག་ནས་འཇར་མི་ནི་གྲོང་ཁྱེར་ Frankfurt བར་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དང་། དེ་བཞིན་སུད་སི་རྒྱལ་ས་ bern ནས་ཇི་ནི་ཝ་བར་གྱི་བོད་དོན་གོམ་བགྲོད་ལས་འགུལ་བཅས་ཀྱི་ནང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་ཡིན་པ་རེད།ལས་འགུལ་དེ་བརྒྱུད་ནས་སུད་སི་དང་རྒྱལ་སྤྱིའི་གཞུང་མང་ནས་ད་བར་རྒྱ་ནག་ལས་ཁྱབ་གདལ་བྱུང་བའི་ནད་ཡམས་རྐྱེན་པས་ད་བར་རྒྱལ་སྤྱིའི་ཁྲོད་མང་ཚོགས་དུ་མའི་ཚེ་སྲོག་ཤོར་དང་ཤོར་མུས་ཡིན་པ་ལྟར། སུད་སི་གཞུང་མང་ཚོས་ཀྱང་རྒྱ་ནག་གི་དངོས་ཟོག་ཉེ་ཚོང་གནང་རྒྱུ་མེད་པ་དང་ལྷག་དོན་རྒྱ་གཞུང་གིས་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་གོ་ལའི་ཁྱོན་ཡོངས་སུ་འགྲོ་བ་མི་སྟོང་ཕྲག་མང་པོའི་ཚེ་ཤོར་བའི་འགན་ཡོངས་རྫོགས་རྒྱ་གཞུང་རང་ནས་འཁུར་འཇུག་དགོས་ཞེས་འབོད་སྐུལ་གནང་ཡོད་པ་རེད།

འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་དབུ་འཛུགས་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གཉིས་ཀྱི་རིང་ལ་བསྐྱང་རྒྱུའི་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་བཀའ་དབང་སྟ་གོན་དབུ་འཛུགས་དང་འབྲེལ། འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་འདི་འཐོབ་རྒྱུ་ཡོད་ཅེས་བཀའ་བསྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ནང་གི་དད་ལྡན་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་འདེབས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༥ ཚེས་ ༢༩ ཉིན་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་སྟ་གོན་བཀའ་དྲིན་དབུ་འཛུགས་མཛད་པའི་སྐབས་དྲྭ་ཐོག་ནས་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག དེ་བཞིན་ཤར་བྱང་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་མཆོག་དང་དགོན་སྡེ་གྲྭ་ཚང་ཁག་གི་མཁན་བླ་སྤྲུལ་རྣམ་པ་བཅས། གཞན་ཡང་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་ཁྲི་ཚོ་བརྒལ་བས་བཀའ་དབང་ཞུས་ཡོད་པ་རེད།འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎ་དྲལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་དད་དམ་གཡོ་བ་མེད་པར་དྲྭ་ཐོག་བརྒྱུད་དེ་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་ཞུ་ཚེ་དེ་ལྟར་འཐོབ་རྒྱུ་ཡོད་པ་དང་དེ་མིན་རྣལ་འབྱོར་བླ་མེད་ཀྱི་བཀའ་དབང་དེ་དག་དམིགས་བསལ་ཡིན་སྐོར་ལམ་སྟོན་བསྩལ་སོང་།དེ་བཞིན་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གིས་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞི་པོ་ངོ་སྤྲོད་མཛད་དེ་དང་པོ་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བཀའ་བསྩལ་བ་དང་འབྲེལ་ནས་ཨ་རིའི་མི་ནི་སོ་ཊའི་ནང་ཉེན་རྟོག་པས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱིས་མི་རིགས་ནག་པོར་གཉའ་གནོན་ཚད་མེད་གཏོང་བཞིན་པའི་བརྙན་པར་གཟིགས་སྐོར་དང་འབྲེལ་ཏེ་དེ་ལྟར་མི་རིགས་དཀར་ནག་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་རྒྱུ་མེད་པར་ལམ་སྟོན་མཛད་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་འཕགས་པ་སྤྱན་རས་གཟིགས་དང་བོད་གངས་ཅན་ལྗོངས་ཀྱི་བོད་མིའི་དབར་ཐུན་མོང་མ་ཡིན་པའི་ལས་ཀྱི་འབྲེལ་བ་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། བོད་ལ་དུས་ལོག་བྱུང་སྐབས་ཇོ་བོ་ཝ་ཏི་བཟང་པོ་བལ་ཡུལ་ནས་དྷ་སར་གདན་ཞུ་གནང་ཡོད་པ་ལྟར། འཕགས་པ་ཝ་ཏི་བཟང་པོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྣང་བརྙན་ཐུན་མིན་ཞིག་ཡིན་སྐོར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་འདས་པའི་ལོ་ངོ་ ༦༠ ནང་ཇོ་བོ་ཝ་ཏི་བཟང་པོའི་དཀོན་གཉེར་དེ་མགོན་པོ་༸གང་ཉིད་མཆོག་གིས་མཛད་སྐོར་བཀའ་བསྩལ་དང་། ༸གོང་ས་མཆོག་ནས་ཉིན་ལྟར་ཇོ་བོ་ཝ་ཏི་བཟང་པོའི་སྐུ་མདུན་དུ་ཐུགས་སྨོན་མཛད་སྐབས་ཞལ་རས་ལ་འགྱུར་བ་འགྲོ་བར་གཟིགས་ཚུལ་བྱུང་ཞེས་བཀའ་བསྩལ་བ་མ་ཟད། ལྷག་དོན་མགོན་པོ་༸གང་ཉིད་མཆོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ཞིག་ཡིན་ཞེས་བཀའ་བསྩལ་ཡོད།༸གོང་ས་མཆོག་གི་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བསྩལ་གྲུབ་པའི་རྗེས་སུ་ཆོས་ཞུ་བ་ཚོར་དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་བསྩལ་བ་དང་འབྲེལ། རང་དོན་དང་གཞན་དོན། འཕྲལ་གྱི་ཚོགས་བསགས་སྒྲིབ་བྱང་། དེ་བཞིན་སེམས་ལ་སྤོབས་པ་དང་སྤྲོ་བ་འཕེལ་བར་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པས་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མེད་ཅེས་ལམ་སྟོན་མཛད་ཡོད།ལྷག་དོན་དེ་རིང་གི་ཆོས་འབྲེལ་མཇུག་ཏུ་༸གོང་ས་མཆོག་གིས་ཁྱེད་རང་ཚོས་དོ་ནུབ་རྨི་ལམ་བརྟག་དགོས་པར་བརྟེན་ཁྱེད་རང་ཚོ་མ་ཉལ་གོང་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་མ་ཎི་ཡིག་དྲུག་དང་རྟ་མགྲིན་གཟུངས་སྔགས། དེ་བཞིན་སྟོང་པ་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དགོས་ཞེས་བཀའ་ནན་བསྩལ་བ་དང་། ཆབས་ཅིག་ཏུ་ཐུགས་བརྩེ་ཆེན་པོས་ཁྱེད་རང་ཚོ་བློ་བདེ་པོ་བྱོས་ཨ་ཞེས་བཀའ་བསྩལ་ཡོད།གཞི་རྩའི་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་འདེབས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྩེ་ཆེན་པོའི་ཐོག་ནས་དེ་རིང་ཕྱི་ཚེས་ ༢༩ ཉིན་བཀའ་དབང་གི་སྟ་གོན་དང་སང་ཚེས་ ༣༠ ཉིན་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་དབང་གི་དངོས་གཞི་བཅས་བཀའ་ཆོས་དེ་བོད་དབྱིན་རྒྱ་གསུམ་གྱིས་སྐད་ཡིག་གཙོས་པའི་ཁྱོན་སྐད་རིགས་འདྲ་མིན་བཅུ་བཞིའི་ཐོག་གསུང་སྒྱུར་གནང་གི་ཡོད་པ་དང་། དེ་རིང་བཀའ་དབང་གི་སྟ་གོན་སྐབས་ཕྱི་ནང་གི་དད་ལྡན་མང་ཚོགས་ས་ཡ་གཅིག་དང་འབུམ་བདུན་ལྷག་གིས་གསན་གཟིགས་དང་བཀའ་དབང་ཞུས་ཡོད་པ་རེད།

དྲྭ་ལམ་ནས་དབང་བསྐུར་ཐོབ་མིན་དང་བརྒྱུད་པར་སེལ་ཞུགས་མིན། གསང་སྔགས་ཁྲོམ་བསྒྲགས་རུང་མིན་སོགས་དང་འབྲེལ་བའི་གསལ་བཤད་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་སྒེར་ཡིག་ཚང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་དྲྭ་ལམ་ནས་དབང་བསྐུར་ཐོབ་མིན་དང་བརྒྱུད་པར་སེལ་ཞུགས་མིན། གསང་སྔགས་ཁྲོམ་བསྒྲགས་རུང་མིན་སོགས་དང་འབྲེལ་བའི་གསལ་བཤད་སྤེལ་འདུགདེའང་བར་སྐབས་འཇིག་རྟེན་ཁྱོན་ཡོངས་སུ་རིམས་ནད་ཀྱི་དབང་གིས་འདུ་འཛོམས་བྱེད་ཐབས་མེད་སྟབས་དད་ལྡན་མང་པོས་དྲྭ་ལམ་བརྒྱུད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་སྩོལ་ཡོང་བའི་གསོལ་འདེབས་ནན་ཞུའི་ངོར་ཞལ་བཞེས་བཀའ་དྲིན་ཐོབ་པ་དེ་ལྟར་ཡང་། དྲྭ་ལམ་ནས་དབང་བསྐུར་ཐོབ་མིན་དང་། བརྒྱུད་པར་སེལ་ཞུགས་མིན། གསང་སྔགས་ཁྲོམ་བསྒྲགས་རུང་མིན་སོགས་དྭོགས་འདྲི་སྣ་ཚོགས་ཤིག་འདུག་པར་གསལ་བཤད་མདོར་བསྡུས་ཤིག་ཞུ་རྒྱུར། སྤྱིར་གནའ་བོའི་དུས་སུ་མིག་དང་རྣ་བའི་མངོན་ཤེས་ཐོབ་པའི་གང་ཟག་རྣམས་ཀྱིས་གྲངས་མེད་འཇིག་རྟེན་ཁམས་ཀྱི་ཕ་རོལ་ནས་ཆོས་འཆད་ཉན་དང་། དེ་ལ་བརྟེན་ནས་ས་ལམ་གྱི་འབྲས་བུ་བརྙེས་པའི་བྱུང་བ་མདོ་ལས་གསལ་བར་གསུངས་པ་དེ་དག་སྒྲ་ཇི་བཞིན་པར་ཀུན་གྱིས་འདོད་བཞིན་པ་ལྟར། དེང་རབས་འཕྲུལ་ལས་དྲྭ་རྒྱ་དང་བརྙན་འཕྲིན་སོགས་ཀྱང་རང་བྱུང་འབྱུང་ཁམས་ལ་གནས་པའི་རྫས་ནུས་སྦྱོར་སྤྱད་ལས་བྱུང་བས། དེ་ལ་བརྟེན་པའི་མཐོང་ཐོས་ཀྱི་ཤེས་པའང་བསླུ་མེད་ཚད་མའི་བློར་འདོད་པ་ལ་སྐྱོན་གང་ཡང་མེད་པས་དྲྭ་ལམ་བརྒྱུད་ཆོས་བཀའ་སྩལ་རིགས་སློབ་མས་ཐོབ་མིན་ལ་དྭོགས་པ་བྱེད་དགོས་མ་མཆིས། སྤྱིར་རྒྱུད་སྡེ་དང་འཕགས་བོད་ཀྱི་དཀྱིལ་ཆོག་དགོངས་འགྲེལ་ཚད་མ་རྣམས་ནས་དབང་གི་རྣམ་གཞག་སྐོར། གང་གིས་དབང་སྐུར་བ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད། གང་དུ་དབང་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག གང་ལ་དབང་བསྐུར་བའི་སློབ་མའི་མཚན་ཉིད། གང་སྐུར་བའི་དབང་གི་ཆོ་གའི་རིམ་པ་བཅས་ཆེས་ཞིབ་པར་གསུངས་ཡོད། དེ་དག་ལས་སློབ་དཔོན་དང་སློབ་མ་མཚམས་གཅིག་ཏུ་ཡོད་དགོས་པར་གསུངས་པ་གཅིག་ཀྱང་མི་སྣང་། དབང་གི་དགོས་པ་ནི་སློབ་མའི་རྒྱུད་ལ་སྐུ་བཞིའི་ས་བོན་ཐེབས་ངེས་སུ་འཇོག་ཅིང་། ཡི་དམ་དེ་དང་དེའི་བསྙེན་སྒྲུབ་ལས་གསུམ་ལ་དབང་བར་བྱས་པ་ཡིན་ཞིང་། དབང་གི་ངོ་བོ་ནི་རྒྱུད་སྡེ་རང་རང་གི་ལམ་དང་མཐུན་པའི་རྟོགས་པའི་ཡོན་ཏན་ཁྱད་པར་བ་རེ་རྒྱུད་ལ་མ་མཐར་ཡང་མོས་པ་ཡིད་བྱེད་ཀྱི་ཚུལ་དུ་བསྐྱེད་པར་བྱེད་པ་དེ་ཡིན་ལ། དེ་ཡང་སློབ་དཔོན་གྱིས་ཆོ་གའི་ཚིག་རིས་ལྟར་བརྡ་ལེགས་པར་སྤྲད་པ་ན། སློབ་མས་དེ་བཞིན་དམིགས་རྣམ་བསྐྱངས་ཏེ་དྲི་མ་གང་དག་པ་དང་། ནུས་པ་གང་འཇོག་པ། ལམ་གང་བསྒོམ་པ་ལ་དབང་བར་བྱས་པ་རྣམས་ཡིད་ལ་གསལ་ངེས་བྱུང་ན་དབང་ངེས་པར་དུ་ཐོབ། དབང་རྫས་བུམ་ཆུ་སོགས་ནི་དབང་གི་ངོ་བོ་དེ་དག་བསྐྱེད་པའི་གྲོགས་སུ་གྱུར་པ་ལས་མེད་མི་རུང་གི་རྒྱུ་མིན། ཉན་ཐོས་ཀྱི་ཐེག་པར་ལུང་འབོགས་པ་གཙོ་བོ་ཡིན་ཞིང་། དེ་ལའང་འདུལ་བ་ལུང་གཞིར། ལུང་ནོད་པར་སློབ་མ་ཐོས་པའི་ཉེ་སྐོར་ལས་མཐོང་བའི་ཉེ་སྐོར་དུ་ཡོད་དགོས་པར་མ་གསུངས། སྤྱིར་དམ་ཆོས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་མངོན་སུམ་དུ་དགོས་པ་ཤ་སྟག་ཡིན་མོད། དགག་དགོས་ཁྱད་པར་བའི་དབང་གིས་བུ་མོ་ཆོས་སྦྱིན་མ་སྟོན་པ་རང་ཉིད་ཀྱིས་འཕྲིན་གྱི་སྒོ་ནས་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱིས་བསྙེན་པར་རྫོགས་པར་མཛད་ཡོད། མདོ་དཀོན་བརྩེགས་ལས་སངས་རྒྱས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སངས་རྒྱས་ཀྱི་གསུང་དབྱངས་ཀྱིས་གོ་བར་མཛད་དེ་’ཆོས་སྟོན་ནས་འབྲས་བུ་ལ་བཀོད་པར་གསུངས་ཤིང་། བྱང་སེམས་ཀྱི་སྡོམ་པ་ཡང་རྟེན་གྱི་དྲུང་ནས་ཐོབ་པ་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་རོ།། སྔགས་ཀྱི་ཐེག་པར་ཆོས་ཀྱི་ཆེ་བ་འདོན་སླད་སྐབས་རེ་སློབ་མའི་གྲངས་བཅད་གནང་བ་དང་། ཡང་སྐབས་རེ་ཁྲོམ་དབང་གི་ཕྱག་སྲོལ་སྔར་ནས་ཡོད་དེ། ཤམ་བྷ་ལར་དུས་ཀྱི་འཁོར་ལོ་ཁྲོམ་ཆོས་སུ་གནང་བ་དང་། སློབ་དཔོན་རིན་པོ་ཆེས་ཨོ་རྒྱན་ཡུལ་གྱི་རྒྱལ་འབངས་ཀུན་བཏུལ་ནས་བཀའ་དབང་ཁྲོམ་ཆོས་སུ་མཛད་པ། འཇིགས་མེད་གླིང་པ་དང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། གཏེར་བདག་གླིང་པ་སོགས་ཚད་ཐུབ་དུ་མས་ཁྲོམ་དབང་བསྐུར་བ་རང་རང་གི་རྣམ་ཐར་དུ་གསལ། གྲངས་ཚད་ཙམ་གྱིས་དབང་སྐུར་ཆོག་མི་ཆོག་གི་ས་མཚམས་འཛིན་ན་རྒྱུད་སྨིན་པའི་སློབ་མ་ཚད་ལྡན་སྟོང་ཕྲག་སོགས་དུས་གཅིག་ཏུ་འབྱུང་མི་ཆོག་པའམ་བྱུང་ཡང་དེ་དག་གི་དོན་བྱ་མི་རུང་བར་འགྱུར་བས་སྟོན་པའི་དགོངས་པ་དེ་ལྟ་བུའི་གུ་དོག་ཅན་ཞིག་ཡིན་ག་ལ་རིགས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེའི་རྣམ་ཐར་དུ་དབང་བསྐུར་བར་སེམས་བསྐྱེད་བཟང་པོ་དང་། ཆོ་ག་ཚང་བ་དང་། བསྐྱེད་རིམ་གསལ་བ་བརྟན་པ་དང་། ལྷ་སྐོན་ཚད་དུ་སྐྱོལ་བ་དང་། དེ་རྣམས་ཡོད་ན་དག་དེས་ཆོག་སྟེ། ཞེས་དང་། ཤི་བོ་ལ་དབང་བསྐུར་བ་ཡང་རྣམ་ཐར་དེ་ཉིད་དུ་བྱུང་བས་དགག་དགོས་དབང་གིས་ཕྱག་ལེན་ཡངས་དོག་ཅི་རིགས་པར་བྱུང་ངོ་། མདོར་ན། རྡོ་རྗེ་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་བ་གཞིར་བཅས། དྲྭ་ལམ་ནས་སྐུ་མངོན་སུམ་པ་ལྟ་བུའི་མདུན་དུ། སློབ་དཔོན་གྱིས་རང་གིས་དམིགས་འོག་ཏུ་བཅུག་པའི་སློབ་མ་དད་ཅན་རྣམས་ལ་དབང་བརྡ་འཕྲོད་ངེས་སུ་བསྐུར་ན་དབང་བསྐུར་བར་ཐོབ་སྟེ། དབང་གི་དགོས་པ་དེས་རྫོགས་པས་སོ། དེ་ལྟ་བུའི་སྒོ་ནས་དབང་ཞུ་ན་དྲྭ་ལམ་ནས་ཀྱང་བརྒྱུད་པ་ཚད་ལྡན་ཐོབ་ངེས་ཏེ། རྨི་ལམ་གྱི་སྣང་བའམ་དག་སྣང་དུ་བྱུང་བའི་བྱིན་རླབས་ཉེ་བརྒྱུད་ཀྱི་ཆོས་ཚན་དང་། ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་གཏེར་ནས་སྟོན་པའི་ཆོས་རྣམས་ལའང་ཆོས་མགོ་སྟོན་པ་ལ་ཐུག་པའི་བརྒྱུད་པ་ཚད་མར་གྱུར་པ་ཀུན་གྱིས་ཁས་ལེན་གནང་བཞིན་པ་ཡིན་པས་དྭོགས་གཞིར་བྱ་དགོས་མ་མཆིས་སོ།། འོན་ཀྱང་བླ་མ་ལ་དད་གུས་མེད་པའི་སྐྱེ་བོ་རྣམས་ནི་དབང་གྲལ་དུ་འཚང་རུང་དབང་མི་ཐོབ་པར་ངེས་པས་དེ་དོན་དགོངས་འཇགས་ཞུ་ཞེས་༸དཔལ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༩ ལ་ཞེས་གསལ་བཤད་ཀྱི་བཀའ་ཡིག་བསྩལ་འདུག

༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསལ་བཤད་གནང་འདུག

ཉེ་ལམ་སྤྱི་ཟུར་སྤྲུལ་སྐུ་ཨ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནད་དོན་དང་འབྲེལ་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་སུ་ཡིན་ཡང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་དེ་བཞིན་སྲིད་སྐྱོང་དང་བཀའ་ཤག་གི་བཞེངས་ཕྱོགས་གང་ཡིན་གསལ་བཤད་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྒྲ་བརྙན་གཏད་གཏོད་ལས་རིམ་བརྒྱུད་ཁ་སང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོ་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་སྲིད་སྐྱོང་དང་བཀའ་ཤག་གི་བཞེངས་ཕྱོགས་དེ་སྔ་ཡོད་པ་བཞིན་ད་ལྟའང་གནས་ཡོད་པ་དང་མ་འོངས་པར་ཡང་མུ་མཐུད་གནས་རྒྱུ་ཡིན་པ། འདི་ལོ་བཀའ་ཤག་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ༸གོང་ས་མཆོག་གིས་དགུང་ལོ་ ༡༦ ནས་བཟུང་སྟེ་ད་བར་ བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་གནང་བ། མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་མགོ་ཁྱག་ཁྱག་བྱ་རྒྱུ་བྱུང་ཡོད་སྐོར་དྲན་བསྐུལ་གནང་བ་དང་སྦྲགས། ༸གོང་ས་མཆོག་ནི་བསྟན་པ་དར་སྤེལ་གནང་མཁན་ཞིག་ལས་བསྟན་པ་བཤིག་མཁན་ཞིག་རྩ་བ་ནས་མིན་པ་སོགས་གསུངས་པ་མ་ཟད། ད་ལན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་དེར་ཧ་ལས་པའི་བློ་ཕམ་ཡོད་པ་དང་། མཐའ་གཅིག་ཏུ་ངོ་རྒོལ། མོས་མཐུན་རྩ་བ་ཉིད་ནས་མེད་པ་མ་ཟད། ལྷག་དོན་ཨོ་རྒྱན་སྟོབས་རྒྱལ་ནས་ཀྱང་༸གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་བྱེད་པའི་ཐོག་ནས་བཟོད་གསོལ་ཞུ་དགོས་པ་གསུངས་འདུགརྩ་བའི་ཐེངས་འདིའི་གནད་དོན་དང་འབྲེལ་བོད་མི་མང་ཚོགས་ནས་ཡིག་ངག་གཉིས་ཐོག་བློ་ཕམ་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་ཆེད་བཏོན་གནང་བཞིན་པ་མ་ཟད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་།  སྟོད་རྒྱུད་གྲྭ་ཚང། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། གཞུང་ཞབས་ཟུར་པ། སྤྱི་འཐུས་ཚོགས་གཙོ་ཟུར་པ་སོགས་ཚོགས་སྒེར་ཀུན་ནས་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེད་བཏོན་གན་ངབ་མ་ཟད། དེའི་ཐོག་ཆོས་རིག་བཀའ་བློན་གྱིས་གསལ་བཤད་ཅིག་ཕེབས་ཡོད་པ་དེས་སྤྱི་ཟུར་ཁོང་གིས་་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་ངོ་རྒོལ་བྱེད་རྒྱུ་ལས་ལྡོག་ཏེ་ཁོང་ལ་དག་འབུད་བྱ་ཐབས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ་ཏེ། མང་པོ་ཞིག་ནས་བཀའ་ཤག་ལ་ཐད་ཀར་ཕྱག་བྲིས་ཕུལ་བ་བརྒྱུད་ཆོས་རིག་བཀའ་བློན་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་གནང་མཁན་ཡང་མང་དག་ཅིག་ཡོང་བཞིན་ཡོད་པ་རེད། གང་ལྟར་ད་ལྟའི་ཆར་ཐད་ཀར་ཕྱག་བྲིས་ཕུལ་བ་དང་། བསྒྲགས་གཏམ་སྤེལ་བ། དེ་བཞིན་དྲྭ་རྒྱའི་བརྒྱུད་ལམ་སོགས་ཀྱི་ཐོག་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་འདོན་བཞིན་པའི་ཁྲོད། ཁག་ཅིག་གིས་སྙིང་རྗེ་བསྒོམ་ཐོག་གནད་དོན་དེར་གཟིགས་ཕྱོགས་མཁན་ཡང་འདུག དཔེར་ན་དེ་རིང་༸གོང་ས་མཆོག་གི་དྲྭ་ཐོག་བཀའ་ཆོས་དེ་ཞུ་བར་ཆེད་མངགས་ལ་དྭགས་བྱང་ཐང་ས་ཁུལ་ནས་རྒྱལ་ས་གླེ་རུ་དྲྭ་རྒྱའི་ཆ་རྐྱེན་སོགས་ལེགས་པར་དགོངས་ཏེ་ཕེབས་པའི་བོད་མི་རྒན་གྲས་ཤིག་གིས་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནད་དོན་དེ་ཐོས་སྐབས་སྤྲུལ་མིང་པ་ཁོང་ལ་སྙིང་རྗེ་ཚད་མེད་སྐྱེས་པའི་ཚོར་བ་བྱུང་ཞེས་གསུངས་པ་ད་ཆ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་འགྲོ་བཞིན་འདུག

རིམས་ནད་ཟུར་བཀག་གི་སྐབས་སུ་སྒོམ་སྒྲུབ་གནང་དགོས་བའི་ལམ་སྟོན་མཛད་འདུག

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་  ABC གསར་ཁང་གིས་བརྙན་ལམ་བརྒྱུད་ནས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ཏོག་དབྱིབས་རིམས་ནད་ཀྱི་དུས་སྐབས་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པའི་བཀའ་ལན་དུ།   མགོན་པོ་གང་གིས་ད་ལྟའི་ཆར་འཛམ་གླིང་གི་ས་ཕྱོགས་གང་སར་རིམས་ནད་ཀྱི་རྐྱེན་གྱིས་མི་མང་པོ་ཞིག་ཟུར་བཀག་གི་ངང་གནས་ཡོད་སྟབས།   མི་མང་གིས་དུས་སྐབས་འདིར་སྒོམ་རྒྱག་ཐུབ་ན་ལེགས་ཚུལ་གྱི་ལམ་སྟོན་གནང་སྟེ། དང་ཐོག་སྐར་ཆ་གཅིག་ནས་འགོ་འཛུགས་ཀྱི་ཡོད་ནའང་། རིམ་བཞིན་སྐར་མ་ལྔ་ནས་བཅུའི་བར་སྤར་དགོས་བའི་ལམ་སྟོན་མཛད་འདུག དེ་བཞིན་མགོན་པོ་གང་གིས།  མི་མང་གིས་དུས་རྒྱུན་རང་གཅེས་འཛིན་གྱི་བློ་དེ་དོར་ནས་བྱམས་སྙིང་རྗེ་ལག་ལེན་དུ་བསྟར་བ་བརྒྱུད་ནས་ཕན་ཚུན་ལ་རོགས་འདེགས་གནང་སྟེ་སྤྱི་ཚོགས་གསར་འཛུགས་གནང་དགོས་བའི་ལམ་སྟོན་མཛད་དེ། གཞན་ལ་ཕན་སེམས་སྐྲུན་པ་དེ་ནི་དོན་དུ་རང་ལ་ཕན་སེམས་སྐྲུན་པ་དང་གཅིག་མཚུངས་ཡིན་ལུགས་བཀའ་གནང་བ་དང་འབྲེལ།  རང་གཅིག་པོར་ཕན་སེམས་སྐྲུན་འདོད་ཀྱི་བློ་དེ་ནི་གུ་དོག་པའི་བླུན་རྟགས་ཤིག་ཡིན་པ་མ་ཟད། མིག་རྒྱང་ཐུང་བའི་བྱ་བ་ཞིག་ཡིན་པར་བཀའ་འགྲེལ་གྱིས།  རང་ཉིད་ལ་ཅི་ཙམ་གཅེས་བར་འདོད་པ་དེ་ཙམ་གྱིས་གཞན་ལ་བདག་གཅེས་མཛད་རྒྱུའི་ལམ་སྟོན་གནང་འདུག དེ་བཞིན་མགོན་པོ་གང་གིས་ཁ་སང་དེ་རིང་གི་རིམས་ནད་ཁྱབ་བརྡལ་གྱི་དུས་སྐབས་འདིར་སྐུ་སྒེར་གྱི་སྐབས་བབ་ཀྱི་གནས་སྟངས་ཀྱི་ཐད་ནས་བཀའ་གནང་སྐབས།  གང་ཉིད་ཀྱིས་དུས་རྒྱུན་ནས་མང་ཚོགས་ལ་གསུངས་ཆོས་མང་པོ་སྩོལ་གྱི་ཡོད་ནའང་། ད་ཆ་རིམས་ནད་ཀྱི་རྐྱེན་གྱིས་སྐུ་སྒེར་ལ་སྲུང་སྐྱོབས་སླད་ཟླ་ངོ་ཁ་ཤས་ཀྱི་རིང་ལ་ཁེར་རྐྱང་དུ་བཞུགས་ཡོད་སྟབས་གསུངས་ཆོས་གནང་རྒྱུའི་གོ་སྐབས་མ་བྱུང་བར་བཀའ་གནང་བ་དང་འབྲེལ།  གང་ཉིད་ཀྱིས་དུས་རྒྱུན་ནས་ཕྱག་ཚོད་གཅིག་ནས་གཉིས་ཙམ་གྱི་རིང་་བརྙན་འཕྲིན་ལ་གཟིགས་ཀྱི་ཡོད་པ་དང་། མཚམས་ལན་རེར་དཔེ་ཀློག་མཛད་ཀྱིན་ཡོད་ཚུལ་། དེ་བཞིན་ཉིན་ལྟར་ཕྱག་ཚོད་བཞི་ནས་ལྔ་ཡི་བར་དུ་སྒོམ་སྒྲུབ་མཛད་ཀྱི་ཡོད་པར་བཀའ་གནང་འདུག དེ་བཞིན་སྐབས་འགར་སྲོག་ཆགས་ཀྱི་བརྙན་མང་པོར་གཟིགས་བཞིན་ཡོད་པར་བཀའ་གནང་བ་དང་འབྲེལ། སྲོག་ཆགས་ཀྱི་བརྙན་དེ་དག་ནི་ཁོང་ཉིད་ཐུགས་གསོ་གནང་རྒྱུའི་འབྱུང་ཁུངས་ལྟ་བུ་ཞིག་ཡིན་པའི་བཀའ་འགྲེལ་གནང་སྟེ། སྟག་གཟིག་སོགས་ལ་གཟིགས་སྐབས་ཅུང་མི་བདེ་བའི་ཚོར་བ་བྱུང་གི་ཡོད་ནའང་། རི་དྭགས་ཤ་བ་སོགས་ཀྱི་མཚོན་པའི་རིགས་མཐུན་གྱི་སེམས་ཅན་གཞན་རྣམས་ནི་རང་བཞིན་གྱིས་ཞི་བདེ་བག་ཕེབས་ཀྱི་ངང་གནས་བཞིན་ཡོད་སྟབས་དེར་གཟིགས་རྒྱུར་ཐུགས་མཉེས་བོ་གནང་གི་ཡོད་པར་བཀའ་གནང་འདུག དེ་བཞིན་ཐེངས་འདིའི་རིམས་ནད་དང་འབྲེལ་རྒྱ་ནག་གི་གནས་སྟངས་སྐོར་ལ་བཀའ་ལན་མཛད་སྐབས། མགོན་པོ་གང་གིས་དུས་རྒྱུན་ནས་རྒྱ་ནག་གི་མི་གྲངས་ཐེར་འབུམ་གཅིག་གི་བདེ་རྩར་སྨོན་ལམ་སྐྱོན་བཞིན་ཡོད་པར་བཀའ་གནང་སྟེ།  རྒྱ་རིགས་དེ་དག་ལ་རང་དབང་མང་ཙམ་ཡོད་པའི་ཐོག་ནས་ཆོས་ལུགས་སློབ་གཉེར་ལག་བསྟར་གནང་ཐུབ་པར་ཐུགས་སྨོན་གནང་གི་ཡོད་པ་དང་། དེ་ཡིང་ཁོང་ལ་འཆམ་མཐུན་གྱི་སེམས་ཚོར་ཤིག་སྐྲུན་གྱི་ཡོད་པ་ཡང་བཀའ་གནང་སྟེ། ཐེངས་འདིའི་རིམས་ནད་ཀྱི་རྐྱེན་གྱིས་འགྲོ་བ་མིའི་རང་བཞིན་གྱི་གཤིས་རྒྱུད་ལ་འགྱུར་བ་འགྲོ་སྲིད་པའི་ལམ་སྟོན་མཛད་འདུག དེ་བཞིན་ཁོང་གིས། ཨ་རིའི་སྲིད་འཛིན་ Trump ཡིས་ America First ཞེས་པའི་ཨ་རིར་གཙོ་བོ་འཛིན་དགོས་བའི་ལང་ཕྱོགས་དེས་རིན་པོ་ཆེ་ཁོང་གི་ཐུགས་ཅུང་མི་བདེ་བ་ཞིག་བཟོས་ཡོད་པར་བཀའ་གནང་སྟེ། རྒྱལ་དབང་གང་ཉིད་ཀྱིས་དུས་རྒྱུན་ནས་ཨ་རི་ནི་རང་དབང་གི་རྒྱལ་ཁབ་རྣམས་ཀྱི་སྣ་འདྲེན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་སྟེ།  སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་ལ་མ་བལྟས་པར་རྒྱལ་ཁབ་གཞན་ལ་ཕན་སེམས་སྐྲུན་པའི་རྒྱལ་ཁབ་ཅིག་ལ་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་བ་དང་འབྲེལ། གལ་ཏེ་ཁྱེད་ཀྱི་ཨ་རི་ཁོ་ནར་བསམ་བློ་བཏང་སྟེ། རང་ཉིད་གཞན་ལས་ཐ་དད་དུ་བཀར་བ་ཡིན་ན།  མཚམས་མཚམས་རང་ཉིད་ཁེར་རྐྱང་ཡིན་པའི་ཚོར་བ་འབྱུང་སྲིད་པའི་ལམ་སྟོན་གནང་བ་དང་འབྲེལ། འགྲོ་བ་མི་ནི་སྤྱི་ཚོགས་སེམས་ཅན་ཡིན་ཞིག་ཡིན་སྟབས།  ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་རེད། ད་ནི་ང་ཚོས་འགྲོ་བའི་མིའི་གཅིག་གྱུར་གྱི་འདུ་ཤེས་ལ་ཐུགས་བསམ་བཞེས་ཏེ། ཕན་ཚུན་ཐག་ཉེ་བར་བཅར་དགོས་པའི་དུས་ལ་བབ་ཡོད་ཅེས་ལམ་སྟོན་མཛད་འདུག གཞི་རྩའི་ཐེངས་འདིའི་ཏོག་དབྱིབས་རིམས་ནད་ཁྲོད་ཀྱི་མགོན་པོ་གང་གི་དམིགས་བསལ་གྱི་བཅར་འདྲི་འདི་ནི། ཨ་རིར་རྟེན་གཞི་བྱས་པའི་ University of Wisconsin ཞེས་པའི་གཙུག་ལག་སློབ་ཁག་གི་སེམས་ཀྱི་འཕྲོད་བསྟེན་ལྟེ་གནས་བརྒྱུད་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། བཅར་འདྲི་འདིའི་བརྙན་ཆ་ཚང་དེ་རིང་ཨ་རིའི་ནང་གི་དགོང་མོའི་ཕྱག་ཚོད་༡༢ སྟེང་  ABC གསར་ཁང་གི་ Nightline ཞེས་པའི་དྲ་བརྙན་ཐོག་རྒྱང་སྲིང་ཞུ་རྒྱུ་རེད།  

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་མང་ཚོགས་ལ་དགོངས་སེལ་ཞུས་འདུག

སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་དྲྭ་ལམ་བརྒྱུད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པའི་གནད་དོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསལ་བཤད་དོན་ཚན་གསུམ་ཞིག་སྤེལ་ཡོད་པའི་ཐོག་ལ་མང་ཚོགས་ཁྲོད་བློ་ཕམ་ཆེན་པོས་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་པ་ལྟར། དེ་རིང་ཆོས་རིག་བཀའ་བློན་མཆོག་གིས་གསལ་བཤད་གཞན་ཞིག་སྤེལ་ཏེ། ཁོང་གིས་ཁ་ཉིན་སྤེལ་བའི་གསལ་བཤད་ཡི་གེ་དེར་ཞིབ་བལྟས་བྱེད་སྐབས་མང་ཚོགས་ལ་དགོངས་ཚོར་བྱུང་བར་ཐུགས་ཁག་གཏན་ནས་མི་འདུག་པར་འགྲེལ་བརྗོད་ཀྱིས།  ཆ་རྐྱེན་གང་ཡང་མེད་པར་སྙིང་ནས་བཟོད་གསོལ་ཞུ་རྒྱུ་དང། དེའི་སླད་རང་ཉིད་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱ་དགོས་གྱུར་ཀྱང་ངེས་པར་དུ་བྱུ་རྒྱུ་ཡིན་པར་གསུངས་འདུག གཞི་རྩའི་ཆོས་རིག་བཀའ་བློན་མཆོག་གིས་ཉེ་སྔོན་ཕྱི་ཚེས་ ༢༦ ཉིན་སྤེལ་བའི་གསལ་བསྒྲགས་དེའི་ནང་དུ་གཙོ་བོ་དོན་ཚན་གསུམ་བཀོད་ཡོད་པའི་ནང་ནས། གླེང་བརྗོད་ཀྱི་ཚུལ་དུ་བཀོད་པའི་དོན་ཚན་དང་པོ་དེའི་ནང་དུ། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ནི་ནམ་རྒྱུན་རང་ནས་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་དང་རང་ལ་ཐུགས་ཚོར་གང་བྱུང་བ་རྣམས་ཞལ་ནས་ཐལ་བ་ཞིག་ཡིན་པ་ལས་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་མེད་ཀྱང་། དེར་བརྟེན་མང་ཚོགས་ཁྲོད་དོན་མེད་བློ་ཕམ་དང་བསམ་ཚུལ་མི་ཉུང་བ་ཞིག་ཡོང་གཞིར་གྱུར་བར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་དོན་མང་ཚོགས་ཁྲོད་ནས་བཀའ་བློན་གྱི་གསལ་བཤད་འདི་བརྒྱུད་ནས་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་ངོ་རྒོལ་བྱེད་རྒྱུ་ལས་ལྡོག་སྟེ། དག་འབུད་བྱས་པའི་ཚོར་བ་ཤུགས་ཆེན་བྱུང་བ་དང་འབྲེལ་ནས་སྐྱོན་བརྗོད་བྱེད་མཁན་མང་དག་ཅིག་བྱུང་ཡོད་པ་རེད། དེ་རིང་ཆོས་རིག་ལས་ཁུངས་ཀྱི་ངོ་དེབ་དྲ་ལམ་བརྒྱུད་ཆོས་རིག་བཀའ་བློན་མཆོག་གིས་བཟོད་གསོལ་གྱི་ཕྱག་བྲིས་ཤིག་སྤེལ་འདུག་པའི་ནང་དུ། སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས་༸གོང་ས་མཆོག་ལ་ཚབས་ཆེའི་མཚན་སྨད་ཞུས་པར། ཁོང་ནས་སྐབས་འཕྲལ་གླེང་གཞི་ཆོས་ཕྱོགས་ཀྱི་གནད་དོན་དེའི་ཐོག་བྲེལ་སྟབས་ཀྱིས་གསལ་བཤད་དོན་ཚན་གསུམ་ཅན་ཞིག་སྤེལ་ཡོད་པ་དང། དེའི་དོན་ཚན་ཕྱི་མ་གཉིས་གསལ་བཤད་དངོས་དང་། དོན་ཚན་དང་པོ་སྔོན་གླེང་མཚམས་སྦྱོར་གྱི་ཚུལ་དུ་བཀོད་ཡོད་སྐོར་དང་འབྲེལ། གསལ་བཤད་གཟིགས་མཁན་ཕལ་མོ་ཆེས་དོན་ཚན་དང་པོ་དེའི་ཐོག་དགོངས་ཚོར་ཆེན་པོ་བྱུང་ཡོད་ཚོད་འདུག་ཅིང་། དེར་ད་ལྟ་ཞིབ་བལྟ་གནང་སྐབས་དགོངས་ཚོར་བྱུང་བར་ཐུགས་ཁག་གཏན་ནས་བྱུང་མི་འདུག་ཅེས་གསུངས་པ་དང་འབྲེལ། ཁོང་ནས་ཆ་རྐྱེན་གང་ཡང་མེད་པར་སྙིང་ནས་བཟོད་གསོལ་ཞུ་རྒྱུ་དང་། དེའི་སླད་རང་ཉིད་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱ་དགོས་གྱུར་ཀྱང་ངེས་པར་བྱ་རྒྱུ་ཡིན་པ། དེ་དོན་ཚང་མར་ཐུགས་ཡིད་གཙང་དྭངས་ཡོང་སླད་གནས་ཚུལ་དེ་ཆགས་སྟངས་བཅོས་ལྷད་རྩ་བ་ནས་མེད་པའི་གསལ་བཤད་གནང་འདུག ཁོང་གི་ད་དུང། དེ་སྔོན་གྱི་གསལ་བཤད་དེའི་ནང་གི་ཚིགས་བརྗོད་འབྲི་འགོད་སྐབས། བྲེལ་འཚུབ་སོགས་ཀྱི་དབང་གིས་དགོས་ངེས་བསམ་ཞིབ་མ་ཐུབ་པར་སྤྱིར་བཏང་འགྲོ་ལུགས་ལྟར་ཤོར་འདུག་པ་དང་། ཕ་རོལ་གྱི་གང་ཟག་དེའང་གལ་ཆེའི་ཆོས་བརྒྱུད་ཅིག་གི་བླ་མ་རྒན་གྲས་ཤིག་ཡིན་པར། ཁྲོ་བའི་ལན་དུ་ཁྲོ་བ་དང་ཚིག་རྩུབ་ཀྱི་ལན་དུ་ཚིག་རྩུབ་བྱ་མི་རུང་བའི་བསླབ་བྱ་ཉམས་བསྟར་ཞུས་ཁུལ་བྱས་པ་མ་གཏོགས། ཁོང་ནས་མཚན་སྨད་ཞུ་མཁན་ངག་ཟག་ལ་སྐྱོབ་ཐབས་དང་དག་འབུད་བྱ་ཐབས་ཀྱི་བསམ་བློ་དང་ཀུན་སློང་རྩ་བ་ནས་མིན་པའི་གསལ་བཤད་དང་འབྲེལ། གནད་དོན་དེ་ནི་ཁོང་སྐུ་ཉིད་ལ་ཀླུང་རྟ་རྒུད་པའི་བར་ཆད་ཀྱི་ཆོ་འཕྲུལ་བྱུང་བ་ལྟ་བུ་ཞིག་ཏུ་ཚོར་བཞིན་ཡོད་པ་སོགས་གསུངས་འདུག རྩ་བའི་ཉེ་སྔོན་གནད་དོན་དེ་ཐོག་མར་བྱུང་བའི་རྗེས་སུ། ད་ལྟའི་ཆར་སྤྱི་ཚོགས་ཁྲོད་མུ་ཐུད་སྤྱི་ཟུར་ཁོང་གི་གསུངས་པར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་སྟོན་མཁན་མང་པོ་ཡོད་པའི་ཁྲོད། ཁ་སང་བཀའ་ཤག་གི་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད། སྤྱི་ཟུར་གང་ཟག་དེས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་བྱ་སྤྱོད་དེ་ནོར་འཁྲུལ་དུ་ངོས་འཛིན་ཞུ་བཞིན་ཡོད་པར་བསྒྲགས་ཡོད་པ་མ་ཟད།  བཙན་བྱོལ་བོད་མིའི་ཚོགས་སྐྱིད་འདྲ་མིན་དང་སྒེར་བཅས་ནས་བསྒྲགས་གཏམ་སྤེལ་བ་དང་། སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་ནས་སྤྱི་ཟུར་གང་ཟག་དེར་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་སྟོན་བཞིན་འདུག དེ་དོན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་བརྒྱུད་ལམ་ཐོག་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟབས་རྒྱལ་ལགས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེ་རྩ་བ་ནས་འགྲིག་གི་མེད་པ་དང་།  ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་དང་འབྲེལ། བོད་མི་ཡོངས་རྫོགས་༸གོང་ས་མཆོག་གིས་བཀའ་དྲིན་བྱིན་རླབས་འོག་འཚོ་བཞིན་ཡོད་པ་ལྟར། འདི་ལོ་ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་འདྲེན་གྱི་ལོར་སྲུང་བརྩི་གནང་བཞིན་པ་དྲན་སྐུལ་དང་འབྲེལ། སྤྱིར་ཟུར་ཁོང་གིས་༸གོང་ས་མཆོག་དང་བོད་མི་མང་ཚོགས་བཟོད་གསོལ་ཞུ་དགོས་པར་གསུངས་འདུག དེ་བཞིན་ད་ལན་གྱི་གནས་སྟངས་འདིའི་ཁྲོད། སྤྱི་འཐུས་ཁག་ཅིག་ནས་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ་བ་དང་། ཁག་ཅིག་གིས་བཀའ་ཤག་ལ་སྙན་ཞུ་ཕུལ་ཏེ་ཆོས་རིགས་བཀའ་བློན་ཁོང་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་གནང་འདུག   དེ་བཞིན་དགེ་ལུགས་སྤྱི་འཐུས་ནས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དྲ་རྒྱ་བརྒྱུད་དབང་བསྩལ་བ་འདི་གསང་སྔགས་ཁྲོམ་བསྒྲགས་ཆགས་ཀྱི་མེད་པ་ཁུངས་སྐྱེལ་དག་འབུད་དང་སྦྲགས་སྤྱིར་ཟུར་གང་ཟག་དེའི་གནང་ཕྱོགས་ལ་ངོ་རྒོལ་གནང་འདུག་པ་དང་།  ལྷག་པར་དུ་༸གོང་ས་མཆོག་གི་དཀའ་དབང་བསྩལ་བར་དད་པ་དམ་ཚིགས་ཡོད་པ་མ་གཏོགས་གཞན་རྣམས་ནས་གསན་དགོས་པའི་བཙན་ཤེད་སོགས་གང་ཡང་གནང་མེད་པ་ནན་བརྗོད་གནང་འདུག

Latest news