Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཛུམ་ཐད་གཏོང་གླེང་སྟེགས་བཟོ་ལས་ཁང་གིས་རང་དབང་འཐབ་རྩོད་ཚོགས་པ་ཞིག་གི་མིང་བྱང་བཀག་འདུག

དེང་སྐབས་དར་སྲོལ་ཆེན་པོ་ཡོད་པའི་ Zoom ཐད་གཏོང་གླེང་སྟེགས་བཟོ་ལས་ཁང་གིས་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་གནད་དོན་དང་འབྲེལ་ཏེ་ Humanitarian China ཞེས་རྒྱ་ནག་འགྲོ་བ་མིའི་རང་དབང་འཐབ་རྩོད་ཚོགས་པའི་མིང་བྱང་སྒོ་བཀག་སྡོམ་བྱས་འདུགཉེ་ལམ་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ཨ་རིར་རྟེན་གཞི་བྱས་པའི་  Humanitarian China ཞེས་རྒྱ་ནག་འགྲོ་བ་མིའི་རང་དབང་འཐབ་རྩོད་ཚོགས་པས་ Zoom ཐད་གཏོང་གླེང་སྟེགས་བརྒྱུད་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༡ འཁོར་བའི་དུས་ཚིགས་དྲན་གསོ་དང་འབྲེལ་ཐད་སྟོང་གི་གླེང་མོལ་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་སྟབས། ཛུམ་ཐད་གཏང་གླེང་སྟེགས་བཟོ་ལས་ཁང་གིས་རྒྱ་ནག་འགྲོ་བ་མིའི་རང་དབང་འཐབ་རྩོད་ཚོགས་པའི་ངོས་ནས་ Zoom ཐད་གཏོང་གླེང་སྟེགས་སྒོ་བྱང་ཉིན་ཤས་རིང་སྤྱོད་རྒྱུ་མེད་པ་བཟོས་འདུག རྩ་བའི་སྐབས་དེའི་ཐད་སྟོང་གླེང་མོལ་གྱི་ལས་རིམ་ཐོག་དེ་སྔ་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་དངོས་སུ་ལས་འགུལ་ནང་ཞུགས་མྱོང་ཡོད་པ་རྒྱ་ནག་འགྲོ་བ་མིའི་རང་དབང་འཐབ་རྩོད་ཚོགས་པ་གསར་འཛུགས་གནང་མཁན་ Zhou Fengsuo ལགས་གཙོས་དོན་རྐྱེན་དེའི་ཁྲོད་ཚེ་སྲོག་ཤོར་བའི་སློབ་ཕྲུག་རྣམས་ཀྱི་ཨ་མ་ལགས། དེ་བཞིན་ཧོང་ཀོང་ནང་ཡོད་པའི་དྲུག་བཞི་དོན་རྐྱེན་རྗེས་དྲན་ཚོགས་པའི་སྐུ་ཚབ་སོགས་མི་སྣ་ ༢༥༠ ཙམ་ལྷན་ཞུགས་གནང་སྟེ་དུས་ཚིགས་དེ་དྲན་གསོ་ཞུས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་དོན་རྐྱེན་དེའི་སྐོར་ཕྱི་གསལ་ནང་གསལ་བཟོ་དགོས་པ་སོགས་གླེང་ཡོད་པ་རེད།སྐུ་ཞབས་ Zhou ལགས་ཀྱིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་གསལ་སྐབས་དེའི་ལས་རིམ་ཐོག་རྒྱ་ནག་ནང་ཡོད་པའི་འབྲེལ་ཡོད་མི་སྣ་མི་ཉུང་བ་ཞིག་གདན་ཞུ་གནང་ཡོད་ཀྱང་། Zoom ཐད་གཏོང་གླེང་སྟེགས་བཟོ་ལས་ཁང་གི་ངོས་ནས་ཁོང་རྣམ་པའི་གླེང་སྟེགས་ཀྱི་སྒོ་བྱང་སྤྱོད་རྒྱུ་མེད་པ་བཟོས་ཡོད་སྐོར་གསུངས་པ་དང་འདི་བཞིན་ཛུམ་ཐད་གཏོང་གླེང་སྟེགས་བཟོ་ལས་ཁང་གི་བྱེད་སྟངས་དེ་ནི་རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་མི་མང་གི་བསམ་བློ་ལས་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་དང་འབྲེལ་བའི་དྲན་ཤེས་རྣམས་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པར་གསུངས་འདུག དེ་མཚུངས་སུ་ Pen America ཞེས་པའི་ཨ་རིའི་སྨྱུ་གུ་ཚོགས་པས་ Zoom ཐད་གཏོང་གླེང་སྟེགས་བཟོ་ལས་ཁང་ནས་ད་ལྟའི་ཛ་དྲག་དུས་སྐབས་འདིར་མི་མང་ཕན་ཚུན་དབར་འབྲེལ་ལམ་མཐུད་སའི་བརྒྱུད་ལམ་བཟང་པོ་ཞིག་ཆགས་ཐུབ་པ་དགོས་ཡོད་ཀྱང་། དོན་དངོས་ཐོག་བརྒྱུད་ལམ་འདི་རྒྱ་ནག་སྲིད་གཞུང་གི་ལས་དོན་སྒྲུབ་བཞིན་ཡོད་པར་སྐྱོན་བརྗོད་བྱས་ཡོད།ད་ཆ་བརྒྱུད་ལམ་ཁག་ཏུ་གནད་དོན་དེ་སྐོར་གླེང་སློང་ཆེན་པོ་གནང་བཞིན་ཡོད་སྟབས་ཁ་སང་ཛུམ་ཐད་གཏོང་གླེང་སྟེགས་བཟོ་ལས་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་ཏེ་རྒྱལ་སྤྱིའི་ཚོང་གི་སྒྲིག་ལམ། རྒྱལ་ཁབ་སོ་སོའི་ཁྲིམས་སྒྲིག་གཞིར་བཟུང་ Humanitarian China ཞེས་རྒྱ་ནག་འགྲོ་བ་མིའི་རང་དབང་འཐབ་རྩོད་ཚོགས་པ་དང་ཚོགས་ཞུགས་པ་ཁག་ཅིག་གིས་ཛུམ་གླེང་སྟེགས་མིང་བྱང་བཀག་སྡོམ་བྱས་ཡོད་པ་དང་ད་ཆར་ཨ་རིར་ཡོད་པའི་ཚོགས་པ་དེའི་མིང་བྱང་བསྐྱར་གསོ་བྱེད་ཀྱི་ཡོད་ཅེས་གསལ་བཤད་བྱས་འདུག རྩ་བའི་ Zoom ཐད་གཏོང་གླེང་སྟེགས་དེ་ཨ་རིར་ཡོད་པའི་རྒྱ་རིགས་  Eric Yuan ཀྱིེས་གསར་བཟོ་བྱས་པ་ཞིག་དང་། འདས་པའི་དུས་ཚོད་ནང་ཛུམ་གླེང་སྟེགས་ཐོག་གི་ལས་རིམ་ནང་རྒྱ་ནག་གི་གསང་མྱུལ་བྱེད་བཞིན་ཡོད་པར་ཐེར་འདོན་དང་། རྒྱལ་སྤྱིའི་ངོས་ནས་བཟོ་ལས་ཁང་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད་ཐེ་ཝན་དང་འཇར་མ་ནི། དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་དོགས་ཟོན་གནང་བ་དང་། ཆབས་ཅིག་ཏུ་ཛུམ་ཐད་གཏོང་གླེང་སྟེགས་དེ་ལས་ཁུངས་དང་གཞུང་འབྲེལ་ལས་དོན་སོགས་གནང་སྐབས་སྤྱོད་རྒྱུ་མིན་ཞེས་གསུངས་ཡོད་པ་རེད།

ཁྱིམ་སྡོད་བཀའ་རྒྱ་གྲོལ་པའི་རྗེས་ཀྱི་རྒྱལ་ཚོགས་མདུན་གྱི་བོད་དོན་ལས་འགུལ།

སུད་སི་ནང་ཁྱིམ་སྡོད་བཀའ་རྒྱ་ཡོངས་རྫོགས་གྲོལ་པའི་རྗེས་སུ་འདིར་གནས་སྡོད་བོད་མི་ཁྱིམ་ཚང་ལྔས་མ་སྐུལ་དང་བླངས་ཀྱིས་སྤེལ་བཞིན་ཡོད་པའི་རྒྱལ་ཚོགས་ལ་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་ལས་འགུལ་མུ་མཐུད་རྒྱུན་སྐྱོང་གནང་འགོ་བཙུགས་སོང་། ལས་འགུལ་དེ་ཡང་ཕྱི་ལོ་༢༠༡༢ ཟླ་ ༡༢ ཚེས་ ༡༠རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སུད་སི་གནས་སྡོད་བོད་མི་སྟག་ཚང་དཀོན་མཆོག་ལགས་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ལགས་བཅས་ཁྱིམ་ཚང་གཉིས་ཀྱིས་འགོ་བཙུགས་གནང་ཏེ།  ད་ལྟའི་ཆར་སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཙོས་འདི་གར་གནས་སྡོད་མདུན་ཆུ་ཚེ་རིང་རྒྱལ་པོ་ལགས་དང། ངག་དབང་ཚང་ངག་དབང་དཔལ་ལྡན་ལགས། རྒྱལ་བ་ཚང་བཀྲིས་ལྷ་མོ་ལགས། དེ་བཞིན་ཡེ་ཤེས་ལྷ་མོ་ལགས་བཅས་བོད་མི་ཁྱིམ་ཚང་ལྔས། ལས་ཀ་དང་དུས་ཚོད། འགྲོ་གྲོན་སོགས་ལ་མ་ལྟོས་པར་འདི་ག་ཇི་ནི་ཝའི་རྒྱལ་ཚོགས་མདུན་ངོས་སུ་ཟླ་རེར་རེས་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་རྒྱུན་མི་ཆད་པར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ཀྱང་། ཕྱི་ཟླ་གསུམ་པར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་རྐྱེན་པས་ལས་འགུལ་རེ་ཞིག་མཚམས་འཇོག་གནང་དགོས་བྱུང་ཡོད་པ་རེད། འོན་ཀྱང་བདུན་ཕྲག་སྔོན་མ་ནས་བཟུང་སུད་སི་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱ་ཡོངས་རྫོགས་གྲོལ་པའི་རྗེས། ཁོང་རྣམས་ནས་ཁ་སང་རེས་གཟའ་ལྷག་པའི་ཕྱི་ཚེས་༡༠ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པའི་རྐུབ་སྟེགས་རྐང་ཆག་གི་མདུན་ཐང་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་ ༡༠༡ དེ་སྤེལ་གནང་སོང་།  སྐབས་དེར་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་སྟག་ཚང་ཆོས་སྒྲོན་ལགས་ཀྱིས་ད་ཆ་རང་ཉིད་རང་དབང་ལུང་པའི་ནང་སླེབས་ཡིན་དུས་རང་དབང་གི་གོ་སྐབས་ལོངས་སུ་སྤྱོད་དེ་བོད་ཀྱི་གནད་དོན་ཐོག་ལས་དོན་སྒྲུབ་རྒྱུ་ནི་བོད་མི་ཞིག་ཡིན་པའི་འགན་འཁྲི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་བ་རྣམས་ནས་རྒྱལ་ཚོགས་ནང་བཞག་པའི་བོད་དོན་གྲོས་ཆོད་ཁག་ལག་བསྟར་དོན་འཁྱོལ་དགོས་པ་དང་། བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་གཙོས་གཞི་བཞུགས་བོད་མིའི་མངོན་འདོད་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་བྱ་རྒྱུ་དང་།  བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་དགོས་པ། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་དོན་གསལ་ཐབས་སོགས་དགོས་འདུན་དོན་ཚན་བརྒྱད་ཀྱི་ཐོག་ད་བར་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེ་ཡང་སྐབས་དེར་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ངག་དབང་དཔལ་ལྡན་ལགས་ཀྱི་འགྲེལ་བརྗོད་གནང་ཡོད་པ་རེད།ཡང་བོད་མིའི་ལས་འགུལ་འདིའི་ཐོག་རྒྱུན་དུ་རྒྱབ་སྐྱོར་མཚོན་ཆེད་དུ་མཉམ་ཞུགས་གནང་ནས་ཕེབས་མཁན་དགུང་གྲངས་༨༤ སོན་པའི་སུད་སི་མི་སེར་ཡིན་པའི་ཨ་མ་ Elizabeth ལགས་ཀྱིས་ང་ཕྱི་ལོ་༡༩༧༠ཙམ་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་ད་བར་བཙན་བྱོལ་ནང་དུ་བོད་ཕྲུག་ཧ་ཅང་མང་པོ་ཞིག་ལ་སྦྱིན་བདག་བྱེད་མྱོང་། ད་ཆ་ཁོང་ཚང་མ་ཆེན་པོ་ཆགས་ཚར་བ་རེད། བོད་ཀྱི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཅིག་རེད། རྒྱ་ནག་གི་བོད་མིའི་ཐོག་སྤེལ་བའི་བྱ་སྤྱོད་འདི་ཚོ་མི་སྤྱོད་ལས་འདས་པ་རེད། ད་བར་བོད་དོན་ལས་འགུལ་གང་དུ་སྤེལ་བ་ཡིན་ན་ང་རང་རྒྱབ་སྐྱོར་གྱིས་མཉམ་ཞུགས་བྱེད་ཀྱི་ཡོད།སྤྱིར་ལས་འགུལ་དེའི་ཁྲོད་ཁོང་རྣམས་ནས་ད་བར་བོད་ཕྱི་ནང་གཉིས་སུ་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་འདྲ་པར་དང་འབོད་སྒྲ། ཞལ་ཆེམས། བོད་ནང་གི་དངོས་ཡོད་གནས་སྟངས་གསལ་བའི་ཤོག་བྱང། དེ་བཞིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ལོ་རྒྱུས་རྒྱབ་ལྗོངས་སོགས་བོད་དོན་དང་འབྲེལ་བའི་ཡིག་ཆ་བཅས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་གཤམས་ནས། དེའི་མཐའ་དཀྱིལ་དུ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་མཚོན་ཆེད་དུ་བོད་ཀྱི་རྒྱལ་དར་ཆུང་ཆུང་གྲངས་༡༧༠ ལྷག་སྒྲེང་འཛུགས་དང་། གཞན་ཡང་རྒྱལ་ཚོགས་གཙོས་གྲོང་ཁྱེར་ཇི་ནི་ཝའི་མེ་འཁོར་དང་རླང་འཁོར་འབབ་ཚུགས་ཁག་ཏུ་ཆེད་བསྐྱོད་ཀྱིས་ཕྱི་ནང་གི་མང་ཚོགས་ཁྲོད་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་བགོ་འགྲེམས་སོགས་གནང་གི་འདུག  

རྒྱ་ནག་གི་དངོས་ཟོག་ཉོ་ཚོང་གནང་རྒྱུ་མིན་པའི་ལས་འགུལ་དེ་ལག་བསྟར་ཐུབ་ཚེ་རྒྱ་ནག་ལ་འགྱུར་བ་གཏང་ཐུབ།

རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ད་ཆ་རྒྱལ་སྤྱིའི་ཁྱོན་ཡོངས་ལ་དཀའ་ངལ་དང་། ལྷག་པར་དུ་ཉེ་ཆར་རྒྱ་གར་འབྲས་ལྗོངས་དང་ལ་དྭགས་ཁུལ་དུ་ཆགས་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྩོད་རྙོག་ཆེན་པོ་འཕྲད་བཞིན་པའི་ཁྲོད་འདིར་རྒྱ་གར་ལ་དྭགས་ནས་ཡིན་པ་ཤེས་ཡོན་སློབ་གསོ་བ་དང་གསར་གཏོད་པ། དེ་བཞིན་ཁོར་ཡུལ་སྲུང་སྐྱོབ་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ Boycott China ཞེས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་ཞེས་རྒྱ་གར་མང་ཚོགས་ལ་འབོད་སྐུལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད།རྩ་བའི་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་ཞེས་པའི་ལས་འགུལ་འདི་ནི་བཙན་བྱོལ་བོད་མིའི་རང་དབང་འཐབ་རྩོད་ཁྲོད་དེ་སྔ་སྤེལ་ཟིན་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཀྱང་། ད་ཆ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ལས་འགུལ་དེའི་འབོད་སྒྲ་དང་མེ་ལྕེ་སླར་གསོ་གནང་སྟེ་རྒྱ་གར་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་མང་ཚོགས་རྣམས་ནས་ལས་འགུལ་འདིར་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་བཞིན་པ་ལྟར་ལས་འགུལ་དེ་དེང་སྐབས་རྒྱ་གར་མང་ཚོགས་ཁྲོད་ལ་ཚོར་ཤུགས་ཆེན་པོའི་ཐོག་ནས་ཁྱབ་འཕེལ་འགྲོ་བཞིན་པ་རེད། བསོད་ནམས་དབང་ཕྱུག་ལགས་སུ་རླུང་འཕྲིན་ཁང་གིས་ད་རེས་ Boycott China ཞེས་རྒྱ་ནག་གྱི་ཅ་ལག་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་པའི་ལས་འགུལ་སྤེལ་བའི་རྒྱུ་མཚན་སོགས་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་ཡོད། ཐོག་མར་ངས་ད་རེས་བོད་སྐད་ཐོག་ནས་བཤད་མ་ཐུབ་པ་དེར་དགོངས་གསལ་ཞུ་རྒྱུ་དང་། མ་འོངས་པར་བོད་སྐད་ཐོག་ནས་ཞུ་རྒྱུར་འབད་བརྩོན་ཞུ་ཡི་ཡིན། ད་རེས་ཀྱི་ལས་འགུལ་འདི་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་དང་དེ་ནས་རིམ་པས་ ༡༩༦༢ ནས་ད་བར་ལ་དྭགས་ཀྱི་ས་མཚམས་ས་ཁུལ་དུ་ཡང་ཡང་རྩོད་རྙོག་བླངས་ཏེ་རྒྱ་གར་མི་མང་རྣམས་ལ་སུན་པོ་བཟོས་པ་མ་ཟད་ལྷག་པར་ལ་དྭགས་ཡུལ་མི་དང་སྒོ་ཕྱུག་སེམས་ཅན་གསོ་སྐྱོང་ཐོག་འཚོ་བ་སྐྱེལ་བཞིན་པའི་མི་མང་གི་འཚོ་བར་དཀའ་ངལ་བསྟུད་མར་སྤྲོད་བཞིན་པ། དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་སྤེལ་བཏང་བའི་འགན་འཁུར་རྩ་བ་ནས་མ་འཁུར་བ་སོགས་ཀྱི་བྱ་སྤྱོད་ལ་གཞིགས་ཏེ་ད་རེས་རྒྱ་ནག་ལ་དཔལ་འབྱོར་གྱི་གྱོང་གུད་བཏང་ནས་གདོང་ལན་གནང་རྒྱུའི་ལས་འགུལ་འདི་དབུ་འཛུགས་གནང་བ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག ལས་འགུལ་འདི་དང་ཐོག་རྒྱ་གར་མི་མང་ལ་འབོད་སྐུལ་ཞུས་ནས་དབུ་འཛུགས་གནང་རྒྱུ་དང་དེ་ནས་རིམས་པས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྤེབས་ཏེ་རྒྱལ་སྤྱི་ཁྱོན་ཡོངས་ནས་རྒྱ་ནག་གྱི་དངོས་ཟོག་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མེད་པ་བཟོ་ཐབས་ཤིག་ཡིན་པ་སོགས་གསུངས་ཡོད།ཁོང་གིས་ལས་འགུལ་འདིར་རྐང་རྒྱ་གར་གྱི་མི་མང་རྣམས་ནས་ཆ་ཤས་བཞེས་དགོས་པའི་འབོད་སྐུལ་ཞུ་དགོས་དོན་ནི་མི་མང་གི་ལས་འགུལ་དེར་ཆ་ཤས་ཆེན་པོ་བཞེས་ཚེ་རིམ་པས་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ལས་པོ་ཆགས་པ་མ་ཟད་གཞུང་གི་ངོས་ནས་ཀྱང་མི་མང་གི་མངོན་འདོད་དང་མཐུན་པས་སྲིད་བྱུས་གཏན་འབེབས་གནང་ངེས་ཡིན་སྟབས། ངའི་ལས་འགུལ་གྱི་ཐབས་བྱུས་དེ་གོང་མས་དམངས་ལ་བཀའ་བཏང་རྒྱུ་མིིན་པར་འོག་མའི་ནུས་སྟོབས་ཀྱིས་གཞུང་ལ་རང་དབང་མེད་པར་མཉམ་ཁྲིད་ཐུབ་པ་ཞུ་རྒྱུ་དེ་རེད་ཅེས་གསུངས་སོང་། དེ་བཞིན་བསོད་ནམས་དབང་ཕྱུག་ལགས་སུ་ Boycott China ཞེས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་བྱེད་རྒྱུ་མེད་ཅེས་པའི་ལས་འགུལ་འདི་བཙན་བྱོལ་བོད་མིའི་མང་ཚོགས་ནང་དེ་སྔ་ནས་སྤེལ་བཞིན་པའི་གནས་སྟངས་ལུང་འདྲེན་དང་སྦྲགས། ལས་འགུལ་འདི་ལྟ་བུ་སྤེལ་བ་བརྒྱུད་རྒྱ་ནག་གྱི་དཔལ་འབྱོར་ཐོག་དོན་དམ་པའི་དོ་ཕོག་གང་འདྲ་ཞིག་གཏང་ཐུབ་དམ་ཞེས་བཀའ་འདྲི་ཞུས་བོད་མིའི་ལས་འགུལ་དེ་དག་གི་མང་ཉུང་དང་ཆེ་ཆུང་ལ་མ་བལྟོས་པར་རྒྱ་ནག་གི་དཔལ་འབྱོར་ལ་དོ་ཕོག་བཏང་ཐུབ་ཡོད་པ་དེ་གསལ་པོ་རེད། འོན་ཀྱང་ད་ལྟའི་རྒྱ་ནག་གི་གནས་བབས་དེ་ལ་བོད་པ་གཅིག་པོ་དང་ཡང་ན་རྒྱ་གར་གཅིག་པོས་ལས་འགུལ་སྤེལ་བས་འདངས་ཀྱི་མ་རེད། ང་ཚོས་རྒྱལ་སྤྱིའི་མི་མང་དང་ད་ལྟ་ཚོར་བ་རྣོ་བའི་དུས་སྐབས་འདིར་རྒྱ་ནག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་པའི་རྒྱལ་ཁབ་ཁག་གི་མི་སེར་ལ་ Boycott China ཞེས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་བྱེད་རྒྱུ་མེད་ཅེས་པའི་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུ་དགོས་པ་དང་འདི་ནི་དུས་ཚོད་ཀྱི་ཆ་ནས་འོས་འཚམས་ཤིག་ཀྱང་རེད་ཅེས་གསུངས་ཡོད། ད་དུང་ལས་འགུལ་འདི་ནི་མི་མང་གི་རང་དབང་རྡོག་རོལ་བཏང་མཁན་རྒྱ་ནག་སྲིད་གཞུང་ལ་དམིགས་པ་ཞིག་ཡིན་སྟབས་སྲིད་གཞུང་དེའི་འོག་ཐད་ཀར་དཀའ་སྡུག་མྱོང་བཞིན་པའི་རྒྱ་རིགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ཁོང་རྣམ་པ་ཚོ་ལ་ཐེ་ཝེན་དང་སིངྒྷ་པུར་ལྟ་བུ་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་འོག་ལ་མིན་པར་མང་གཙོ་དང་རང་དབང་ལྡན་པའི་གཞུང་འཛིན་འོག་ལ་དཔལ་འབྱོར་གྱི་གནས་བབས་ཚད་མཐོ་པོ་ཆགས་ཐུབ་རྒྱུ་ཡོད་པའི་རེ་བ་དང་ཡིད་ཆེས་དེ་བསྐྲུན་དགོས་པ་དང་། དེ་ལྟར་ཐུབ་ཚེ་རྒྱ་ནག་མི་མང་གི་ངོས་ནས་ཀྱང་རྒྱ་ནག་སྲིད་གཞུང་གི་བྱེད་སྟངས་ལ་མི་འདོད་པའི་འགྱུར་དང་ངོ་རྒོལ་གྱི་རྣམ་པ་ཆེ་རུ་འགྲོ་ངེས་རེད་ཅེས་གསུངས་སོང་།བསོད་ནམས་དབང་ཕྱུག་ལགས་སུ་དོན་ངོ་མའི་ཐོག་ལ་ Boycott China ཞེས་རྒྱ་ནག་གྱི་ཅ་ལག་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་ཞེས་པའི་ལས་འགུལ་འདི་དངོས་སུ་ཡོང་སྲིད་པ་ཞིག་རེད་དམ་ཞེས་བཀའ་འདྲི་ཞུས་པར་དུས་ཚོད་གང་འཚམས་ཤིག་འགོར་སྲིད་ཀྱང་། ང་ཚོས་དང་ཐོག་དེར་བྱེད་ཐུབ་པ་དེ་ནི་རྒྱ་ནག་གྱི་མཉེན་ཆས་ཁག་སོ་སོའི་ལག་ཐོགས་ཁ་པར་ནས་ཕྱིར་འཐེན་བྱེད་རྒྱུ་དང་། རིམ་པས་དངོས་སུ་སྤྱི་ཚོགས་ནང་ཡོད་པའི་ཅ་ལག་ཁག་མེད་པ་བཟོ་ཚེ་དེ་ལྟར་རྩ་བ་མེད་པ་བཟོ་ཐུབ་རྒྱུ་ཡོད་པའི་ལས་འགུལ་ཞིག་ཡིན་པ་དང་། རྒྱ་གར་གྱི་ཁྲོམ་རའི་འཁོར་ཡུག་ཀྱང་མི་མང་གི་འདོད་མོས་ལ་གཞིགས་ཏེ་རང་བཞིན་གྱིས་འགྱུར་བ་འགྲོ་ངེས་རེད་ཅེས་གསུངས་སོང་། གཞི་རྩའི་བསོད་ནམས་དབང་ཕྱུག་ལགས་ནི་ལ་དྭགས་ཀྱི་ཡུལ་མི་ཞིག་དང་རང་ཉིད་ཀྱི་སློབ་སྦྱོང་ཁག་གནང་གྲུབ་མཚམས་ས་གནས་ཀྱི་སློབ་མ་དང་། ཞིང་པའི་བདེ་དོན། དེ་བཞིན་འཁོར་ཡུལ་སྲུང་སྐྱོབ་སོགས་ཀྱི་ཐོག་ཕྱག་ལས་སྣ་མང་གནང་ཡོད་པ་མ་ཟད། ཁོང་གི་ཕྱག་ལས་དེ་དག་ལ་རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན་ནས་ཆེ་བསྟོན་ཀྱི་གཟེངས་རྟགས་ཀྱང་ཕུལ་ཡོད་པ་རེད། ད་རེས་ཁོང་གིས་ Boycott China ཞེས་རྒྱ་ནག་གྱི་ཅ་ལག་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་ཞེས་པའི་ལས་འགུལ་གྱི་འབོད་སྒྲ་སླར་གསོ་གནང་སྟེ་བདུན་ཕྲག་གཉིས་ཙམ་འགྲོ་བཞིན་པའི་ཁྲོད་དེར་རྒྱ་གར་གྱི་གློག་བརྙན་ཁྲབ་རྩེད་པ་དང་། ཤེས་ལྡན་མི། དེ་བཞིན་མང་ཚོགས་མང་དག་ཅིག་ནས་རྒྱབ་སྐྱོར་གྱིས་ལག་ཐོགས་ཁ་པར་ནས་རྒྱ་ནག་གི་མཉེན་ཆས་ཕྱིར་འཐེན་དང་། ཅ་ལག་བེད་སྤྱོད་མི་གནང་བའི་ཁས་ལེན་གནང་བཞིན་འདུག ལྷག་པར་དུ་བརྒྱུད་རིམ་འདིའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མིའི་རང་དབང་འཐབ་རྩོད་པ་ཁག་ཅིག་རྒྱ་གར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་བགྲོ་གླེང་ལས་རིམ་ཁག་ཅིག་གི་ཐོག་ལྷན་ཞུགས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ད་ཆ་རྒྱ་ནག་གིས་ས་མཚམས་ས་ཁུལ་ཁག་ཏུ་བཙན་འཛུལ་བྱེད་བཞིན་པ་དེ་ནི་དེ་སྔ་ལོ་ ༦༠ ལྷག་གི་གོང་ལ་བོད་ནང་ལག་བསྟར་བྱས་ཟིན་པ་ཞིག་ཡིན་སྟབས། རྒྱ་གར་གཙོས་པའི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་བོད་ཀྱི་གནད་དོན་ཐོག་ནས་སློབ་གསོ་བླངས་དགོས་པ་དང་། ད་ཆ་རྒྱ་གར་ནང་ཚོར་ཤུགས་ཆེན་པོས་སྤེལ་བཞིན་པའི་ Boycott China ཞེས་རྒྱ་ནག་གྱི་ཅ་ལག་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་ཞེས་པའི་ལས་འགུལ་ཐད་རྒྱ་གར་གཞུང་ནས་དེ་འབྲེལ་སྲིད་བྱུས་གཏན་འབེབས་སོགས་གནང་ཆོག་ཀྱང་། དང་ཐོག་དེར་རྒྱ་གར་གྱི་གློག་བརྙན་ཁྲབ་རྩེད་པ་སོགས་ སྙན་གྲགས་ཡོད་པའི་མི་སྣ་ཚོས་རྒྱ་ནག་གི་ཅ་ལག་ཁྱབ་བསྒྲགས་གནང་མཚམས་འཇོག་དགོས་པ་སོགས་གསུངས་ཡོད།མཐར་བསོད་ནམས་དབང་ཕྱུག་ལགས་ཀྱིས་ཐེངས་འདིའི་བཀའ་འདྲི་ལེ་ཚན་བརྒྱུད་དེ་བོད་མིའི་འཐབ་རྩོད་འདི་ནི་འཛམ་གླིང་ཐོག་དངོས་སུ་མཐོང་རྒྱུ་ཡོད་པའི་འཐབ་རྩོད་ངོ་མ་ཞིག་ཆགས་ཀྱི་ཡོད་པ་སྟབས། བོད་མི་རྣམས་ནས་སེམས་ཤུགས་མ་ཆག་པར་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་གནང་དགོས་པའི་སྐུལ་མ་གནང་བ་མ་ཟད། ད་ལྟའི་ཆར་རྒྱ་ནག་སྲིད་གཞུང་ལ་ངོམས་རྒྱུ་གཅིག་ཡོད་པ་དེ་ནི་དཔལ་འབྱོར་ཆགས་ཀྱི་ཡོད་པར་བརྟེན་བོད་མི་གཙོས་རྒྱལ་སྤྱིའི་མང་ཚོགས་ནས་ Boycott China ཞེས་རྒྱ་ནག་གྱི་ཅ་ལག་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་པའི་ལས་འགུལ་འདི་ཁྱབ་སྤེལ་དང་ལག་བསྟར་ནན་པོ་གནང་ཐུབ་ཚེ་རྒྱ་ནག་ལ་འགྱུར་བ་ཞིག་གཏང་ཐུབ་ངེས་རེད་ཅེས་གསུངས་ཡོད།  

༸གོང་ས་མཆོག་གི་མཚན་སྔགས་དང་ཐུགས་སྨོན་ལས་གྲུབ་པའི་རོལ་དབྱངས་ཀྱི་འཁོར་ཐག་འདོན་སྤེལ་གནང་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་ཀྱི་ཡོད་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། མགོན་པོ་༸གང་ཉིད་མཆོག་གི་མཚན་སྔགས་དང་ཐུགས་སྨོན་ལས་གྲུབ་པའི་  Inner World འམ་ནང་སེམས་ཀྱི་འཛམ་གླིང་ཞེས་པའི་རོལ་དབྱངས་ཀྱི་འཁོར་ཐོག་ཆེས་ཐོག་མ་འདོན་སྤེལ་གནང་རྒྱུ་རེད་འདུགརོལ་དབྱངས་ཀྱི་འཁོར་ཐག་དེ་ New Zealand ནང་གི་རོལ་མོ་བ་ Junelle ལགས་དང་ཁོང་གི་སྐུ་ཟླ་ Abraham Kunin ལགས་གཉིས་ཀྱིས་ཕྱག་རོགས་ཞུས་པའི་ཐོག་ནས་བཟོ་སྐྲུན་གནང་བ་ཞིག་ཡིན་པ་དང་། དེའི་ནང་ཆེས་སྙན་འཇེབས་ལྡན་པའི་རོལ་དབྱངས་སྣ་མང་དང་རྔ་སྒྲ་བཅས་ལྷན་སྦྱར་གྱིས་དེང་དུས་དང་མཐུན་པའི་རོལ་དབྱངས་བཅིུག་ཡོད་པ་རེད། རྩ་བའི་འདས་པའི་ལོ་ཤས་སྔོན་ནས་རོལ་མོ་བ་ལྕམ་ Junelle Kunin ལགས་ཀྱིས་འགྲོ་བ་མི་རྣམས་སེམས་ངལ་སེལ་ཐབས་སུ་ཆེད་དམིགས་ཀྱིས་༸དཔལ་ལྡན་དགའ་ཕོ་བྲང་ཡིག་ཚང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟུངས་སྔགས་དང་ཐུགས་སྨོན་མཛད་ཁག་རྣམས་རོལ་ཆ་དང་མཉམ་སྦྱར་ཐོག་རོལ་དབྱངས་ཀྱི་འཁོར་ཐག་ཞིག་ཆེད་འདོན་གནང་རྒྱུའི་དགོངས་འཆར་ཕུལ་ཡོད་པ་རེད། འོན་ཀྱང་འགོ་སྟོད་དུ་ཁོང་གི་དགོངས་འཆར་དེར་ཞལ་བཞེས་མཛད་མེད་པ་རེད། ཕྱིས་སུ་ཕྱི་ལོ་ ༢༠༡༥ ལོར་རོལ་མོ་བ་ཁོང་སླར་ཡང་རྒྱ་གར་ནང་འགྲུལ་བཞུད་གནང་བ་དང་བསྟུན་ཁོ་མོའི་དེ་སྔའི་དགོངས་འཆར་སྐོར་གྱི་ཕྱག་ཡིག་ཞིག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ལས་བྱེད་བརྒྱུད་ཕུལ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེར་སྐལ་བཟང་གི་ཞལ་བཞེས་སྨིན་བསྩལ་མཛད་འདུགInner World འམ་ནང་སེམས་ཀྱི་འཛམ་གླིང་ཞེས་པའི་རོལ་དབྱངས་ཀྱི་འཁོར་ཐག་དེ་བཟོ་སྐྲུན་དང་འབྲེལ་ལྕམ་ Kunin ལགས་ཀྱིས་ཐོག་མར་༸གོང་ས་མཆོག་ལ་བྱམས་བརྩེ་དང་ཤེས་པ། སྙིང་སྟོབས། ནད་སོགས་གསོ་བ། དེ་བཞིན་འགྲོ་བ་མིའི་རིགས་སོགས་དང་འབྲེལ་བའི་བརྗོད་གཞི་ཁག་ཅིག ལྷག་དོན་སངས་རྒྱས་བདུན་གྱི་གཟུངས་སྔགས་ཡོད་པའི་རེའུ་མིག་ཞིག་འདོན་སྤེལ་གནང་ཐོག་མགོན་པོ་༸གང་ཉིད་མཆོག་ལ་གཟུངས་སྔགས་དེ་ལྗགས་ཀློག་མཛད་རྒྱུའི་གསོལ་འདེབས་ཞུས་འདུག དེ་འབྲེལ་ཐོག་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་ལམ་སྟོན་ཕེབས་པ་རྣམས་སྒྲ་འཇུག་གནང་སྟེ་དེ་མཐུན་རོལ་ཆ་སོགས་གསར་སྐྲུན་གནང་འདུག ཁོང་གིས་༸གོང་ས་མཆོག་དང་ལྷན་དུ་རོལ་དབྱངས་ཀྱི་འཁོར་ཐོག་དེའི་ཆེད་མགོན་པོ་༸གང་ཉིད་མཆོག་གི་གསུང་སྒྲ་འཇུག་གནང་བའི་དུས་ཚོད་དེ་ཕྱིར་དྲན་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་ཐུགས་དགྱེས་དང་བཅས་རོལ་དབྱངས་ཀྱི་གལ་འགངས་དང་ལྷག་དོན་དེས་སེམས་ངལ་སེལ་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་བཀའ་བསྩལ་ཡོད་པ་ལུང་འདྲེན་གནང་འདུག འདོན་སྤེལ་གནང་རྒྱུའི་༸གོང་ས་མཆོག་གི་རོལ་དབྱངས་འཁོར་ཐོག་གི་ཡོང་བབ་རྣམས་མགོན་པོ་༸གང་ཉིད་མཆོག་གི་སེམས་དང་སྲོག་བསྟི་གནས་ཁང་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་ལས་འཆར་གཉིས་ལ་གནང་གཏན་འཁེལ་ཡོད་པ་རེད།

བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་གནས་གཟིགས་རྒྱལ་སྒོ་ཕྱེ་རྒྱུ།

ཁ་ཉིན་ཕྱི་ཚེས་ ༨ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་ཆེའི་མཚན་ཐོག་ནས་སྤྱི་བསྒྲགས་ཤིག་སྤེལ་བར་ཟླ་ ༦ ཚེས་ ༡༠ ནས་བཟུང་ཆ་རྐྱེན་དོན་ཚན་ ༡༦ གི་ཐོག་བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་ གནས་གཟིགས་ཞུ་ཕྱིར་སྒོ་ཕྱེ་རྒྱུ་ཡིན་པ་བཀོད་འདུགབྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་མཆོད་མཇལ་གྱི་དུས་ཚོད་སྔ་དྲོ་ཚོུད་ ༥ ནས་ ༩ བར་དང་ཉིན་རྒྱབ་ཚོུད་  ༤ ནས་དགོང་མོ་ཚོུད་ ༨ བར་སྒོ་ཕྱེ་གནང་གི་འདུག སྔ་དྲོ་ ༥ ནས་ ༥༌༣༠ བར་གཙང་བཟོ་གནང་རྒྱུ་དང་དེ་རྗེས་སྔ་དྲོ་ ༥༌༣༠ ནས་ ༦ དང་ཕྱི་དྲོ་ཚོུད་ ༦ ནས་ ༧ བར་ཞལ་འདོན་གསོག་སྒྲུབ་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུག དད་ལྡན་མང་ཚོགས་རྣམས་ནས་མཆོད་རྟེན་རིན་པོ་ཆེར་མཆོད་མཇལ་དང་ཞབས་སྐོར་ཕེབས་རྒྱུའི་དུས་ཡུན་ནི་སྔ་དྲོ་ཚོུད་ ༦ ནས་ ༩ དང་དེ་བཞིན་ཕྱི་དྲོ་ཚོུད་ ༤ ནས་ ༦ བཅས་རེད་འདུགམཆོད་རྟེན་རིན་པོ་ཆེར་གནས་གཟིགས་སུ་ཕེབས་སྐབས་ངེས་པར་དུ་མཇལ་མི་ཚོའི་དབར་རྒྱང་ཐག་ཕི་ཊི་ ༦ འཇོག་དགོས་པ་དང་། ཁ་རས་བརྒྱབ་ནས་རྒྱལ་སྒོར་འཇོག་པའི་དུག་སེལ་སྨན་ཆུ་ངེས་སྤྱད་ཀྱིས་ཕྱག་གཙང་མ་བཟོ་དགོས་པ། དེ་བཞིན་མཆོད་རྟེན་རིན་པོ་ཆེའི་གཡས་གཡོན་དུ་ཁ་ལུད་གང་སར་གཡུག་ན་འཕྲོད་བསྟེན་ལ་གནོད་པ་མ་ཟད། ལོ་ངོ་ ༦༥ ཡན་གྱི་རྒན་རབས་དང་ལོ་ངོ་ ༡༠ མན་གྱི་བྱིས་པ་རྣམས་མཆོད་རྟེན་ཆེན་མོར་མཆོད་མཇལ་སླད་མ་ཕེབས་རོགས་ཞེས་སོགས་ཆ་རྐྱེན་དོན་ཚན་ ༡༦ ཆེད་བཏོན་གནང་འདུགརྩ་བའི་རྒྱ་གར་དབུས་གཞུང་གི་ལམ་སྟོན་ལྟར་ན་ཟླ་ ༦ ཚེས་ ༨ ཉིན་ནས་བཟུང་མི་མང་ཚོ་གསན་གཟིགས་ཞུ་ཡུལ་ལྟེ་གནས་ཁག་སྒོ་ཕྱེ་ཆོག་པའི་གསལ་བསྒྲགས་གནང་བ་ལྟར། རྒྱ་གར་གྱི་ས་གནས་ཁག་གི་ཧིཾ་དུའི་དགོན་པ་དང་ཡེ་ཤུའི་དགོན་པ་སོགས་ཆོས་ལུགས་ཁག་གི་མཆོད་མཇལ་ཞུ་ཡུལ་གཙོ་གྲས་རྣམས་རིམ་བཞིན་སྒོ་འབྱེད་བཞིན་ཡོད་པ་རེད།  འོན་ཀྱང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གཙོས་བཙན་བྱོལ་ནང་གི་དགོན་སྡེ་ཁག་གིས་དུས་ཚོད་ངེས་མེད་བར་དུ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་རིམ་པ་གནང་ཡོད་པ་རེད།

མཁན་ཟུར་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་སུ་ཨོ་གླིང་གི་གཟེངས་རྟགས་ཐོབ་འདུག

ཨོ་གླིང་གི་ Brisbane གྲོང་ཁྱེར་ནང་དུ་གནས་སྡོད་གནང་མཁན་རྒྱུད་སྨད་མཁན་ཟུར་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་སུ་ Australia Medal for Service ཞེས་པའི་ཡུལ་དེའི་ནང་གི་ཆེས་སྙན་གྲགས་ཆེ་བའི་རྒྱལ་ཁབ་ཀྱི་གཟེངས་རྟགས་ཐོབ་འདུག དེ་ཡང་་ཨོ་གླིང་དུ་ལོ་ལྟར་དབྱིན་ཡུལ་གྱི་རྒྱལ་མོ་ Elizabeth གཉིས་པ་མཆོག་གི་འཁྲུངས་སྐར་དང་བསྟུན། ཡུལ་དེའི་ནང་དུ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན། སྒྱུ་རྩལ་དང་ཚན་རིག་སོགས་སྡེ་ཚན་འདྲ་མིན་ནང་དུ་གཟེངས་སུ་ཐོན་པའི་ཞབས་ཞུའི་གྲུབ་འབྲས་ཐོབ་མཁན་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་སྲོལ་ཡོད་པ་ལྟར། འདི་ལོའི་གཟེངས་རྟགས་ཀྱི་ཁོངས་སུ་ཡུལ་དེའི་ནང་བཞུགས་མཁན་གྱི་རྒྱུད་སྨད་མཁན་ཟུར་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་སུ་བོད་བརྒྱུད་ནང་བསྟན་དང་ཤེས་ཡོན་ཐད་སྤྱི་ཚོགས་ལ་སྨན་པའི་ཞབས་ཞུ་བླ་མེད་བསྒྲུབས་པར་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་ཐོབ་འདུགརྩ་བའི་མཁན་ཟུར་དགེ་བཤེས་བཀྲིས་ཚེ་རིང་ལགས་ཕྱི་ལོ་ ༡༩༩༠ གཡས་གཡོན་དུ་ཨོ་གླིང་དུ་འབྱོར་རྗེས་ཡུལ་དེའི་ Queensland མངའ་ཁུལ་དུ་རྟེན་གཞི་བྱས་པའི་སྤྱན་རས་གཟིགས་ལྟེ་གནས་ཁང་དུ་བོད་བརྒྱུད་ནང་བསྟན་སློབ་ཁྲིད་གནང་བ་སོགས་ལོ་ངོ་ ༢༠ ཙམ་གྱི་རིང་ལ་ཕྱག་ལས་གནང་བའི་རྗེས་སུ་ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་ལ་ཕྱིར་ལོག་གནང་བ་དང་འབྲེལ། རིམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྨད་མཁན་པོར་བསྐོ་བཞག་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ བར་རྒྱུད་སྨད་མཁན་པོའི་འགན་ཁུར་བཞེས་རྗེས་ཨོ་གླིང་དུ་ཕྱིར་ལོག་གནང་སྟེ། ད་ལྟའི་ཆར་ Brisbane གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ Tashi Khangmar Samdrup Ling ཆོས་ཚོགས་དང་ Langri Tangpo ལྟེ་གནས་ཁང་། དེ་བཞིན་ Good Fortune ཐེབས་རྩ་ཁང་བཅས་སུ་ནང་ཆོས་སློབ་ཁྲིད་གནང་གི་ཡོད་པ་རེད་འདུག མཁན་ཟུར་རིན་པོ་ཆེ་མཆོག་ལ་ཨོ་གླིང་དང་ NewZealand གཙོས་པའི་ཐེ་ཝན་དང་རྒྱ་གར། དེ་བཞིན་བོད་བཅས་ཀྱི་ནང་དུ་སློབ་མ་མང་དག་ཅིག་ཡོད་པ་རེད་འདུགཁོང་ལ་ད་རེས་ཨོ་གླིང་ནང་གི་ཆེས་མཐོའི་གཟེངས་རྟགས་དེ་ཐོབ་པའི་གནས་ཚུལ་ཐོན་མ་ཐག་ཁོང་ལ་དགའ་བསུའི་འཚམས་འདྲི་ཞུ་མཁན་མང་དག་ཅིག་ཡོང་བཞིན་པའི་ཁྲོད། དེ་རིང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་རྟེན་གཞི་བྱས་པའི་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་མཁན་བླ་འདུས་མང་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་པ་དང་འབྲེལ། མཁན་ཟུར་རིན་པོ་ཆེ་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་འདུགརྩ་བའི་ཨོ་གླིང་ནང་འདི་ལོ་དབྱིན་ཇིའི་རྒྱལ་མོའི་འཁྲུངས་སྐར་དང་བསྟུན་ཡུལ་དེའི་རྒྱལ་ཁབ་ཀྱི་གཟེངས་རྟགས་བཞེས་མཁན་ཁོངས་སུ་མཁན་ཟུར་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ཀྱི་གཙོས་པའི་ཨོ་གླིང་སྲིད་བློན་ཟུར་པ་ Tony Abbot མཆོག་དང་། ཡུལ་དེའི་ནང་དར་སྲོལ་ཆེ་བའི་ Cricket འམ་གཡུག་རྩེ་སྤོ་ལོའི་རུ་ཁག་གི་འགོ་ཁྲིད་ཟུར་པ་ Michael Clark བཅས་ཆབ་སྲིད་དང་སྒྱུ་རྩལ། སྤྱི་ཚོགས་ཞབས་ཞུ་སོགས་སྡེ་ཚན་འདྲ་མིན་ནང་དུ་གཟེངས་སུ་ཐོན་པའི་ཞབས་ཞུ་སྒྲུབ་མཁན་མི་གྲངས་ ༩༣༣ ལ་རྒྱལ་ཁབ་ཀྱི་གཟེངས་རྟགས་ཕུལ་ཡོད་པ་རེད་འདུག

ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ཏོག་དབྱིབས་ནད་དུག་ཕོག་པའི་མི་གསུམ་ཐོན་འདུག

རྒྱ་གར་དུ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་དུག་དེ་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་རྒྱ་གར་གྱི་ས་གནས་གཞན་ནས་ཕྱིར་ལོག་གནང་མཁན་གྱི་བོད་རིགས་གསུམ་ལ་ནད་དུག་དེ་ཕོག་ཡོད་པ་རེད་འདུག དེ་ཡང་ད་རེས་ཏོག་དབྱིབས་ནད་རྟགས་ཐོན་པའི་བོད་རིགས་གསུམ་པོ་ནི་བྱང་ཐང་ཆུ་ཤུལ་གྱི་ཁྱབ་ཁོངས་ནས་ཡིན་པའི་སྐྱེས་པ་ལོ་ངོ་ ༦༨ ལ་སོན་པ་ཞིག་དང་། བྱང་ཐང་ས་སྨད་ཀྱི་ཁྱབ་ཁོངས་ནས་ཡིན་པའི་རང་ལོ་ ༡༩ ལ་སོན་པའི་མཐོ་སློབ་ཀྱི་སློབ་མ་གཅིག དེ་བཞིན་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་མ་བྱན་གཅིག་བཅས་ཁྱོན་བོད་རིགས་གསུམ་ལ་ནད་རྟགས་དེ་ཐོན་འདུག་པ་མ་ཟད། གཞན་ཡང་སློབ་གྲྭ་དེའི་སློབ་མ་སྟེ། ལ་དྭགས་ཡུལ་མིའི་སློབ་ཕྲུག་ཡིན་པ་རང་ལོ་ ༡༠ ལ་སོན་པའི་སློབ་ཕྲུག་གཅིག་ལའང་ནད་རྟགས་ཐོན་འདུག ཁོང་རྣམ་པ་ད་ལྟའི་ཆར་ལ་དྭགས་དབུས་གཞུང་གི་ཏོག་དབྱིབས་ནད་དུག་གི་སྨན་བཅོས་ཁང་ Maha Bodhi སྨན་ཁང་གི་ནང་དུ་སྨན་བཅོས་གནང་མུས་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་ཁོང་གིས། ཏོག་དབྱིབས་ནད་རྟགས་ཐོན་པའི་བོད་རིགས་དེ་དག་ཉེ་ལམ་རྒྱ་གར་གྱི་ས་གནས་གཞན་ཁག་ནས་ཕྱིར་ལོག་གནང་བ་ཞིག་ཆགས་ཀྱི་ཡོད་སྐོར་དང་། ད་ལྟའི་ཆར་ཁོང་རྣམ་པའི་གནས་སྟངས་དེ་ཛ་དྲག་མེད་པ་བརྗོད་སོང་། རྩ་བའི་དེ་རིང་སྔ་དྲོའི་བར་རྒྱ་གར་རྒྱལ་ཡོངས་ཀྱི་ནང་དུ་ནད་པ་ཁྱོན་མི་གྲངས་ ༢༦༦༠༠༠ ལྷག་ཙམ་བྱུང་འདུག་པ་དང་དེ་དག་གི་ཁྲོད་ནད་པ་གྲངས་༡༢༩༠༠༠ ལྷག་དྲག་སྐྱེད་བྱུང་འདུག་པ་མ་ཟད། མི་གྲངས་༧༤༦༦ ཙམ་ནད་དུག་དེས་རྐྱེན་པའི་འདས་གྲོངས་སུ་གྱུར་འདུག དེ་བཞིན་རྒྱ་གར་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་ལ་དྭགས་ཀྱི་ས་གནས་སུ་ད་བར་ནད་པ་གྲངས་ ༡༠༣ བྱུང་འདུག་པ་དང་། དེ་དག་གི་ཁྲོད་ནད་པ་གྲངས་༥༢ དྲག་སྐྱེད་བྱུང་འདུག་པ་མ་ཟད། ནད་པ་གཅིག་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁུལ་དེར་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་ནད་དུག་དེ་ཕོག་པ་ད་རེས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོ་གཞིར་བཟུང་བྱས་ན། ད་བར་བཙན་བྱོལ་བོད་མིའི་ཁྲོད་ཕྱི་རྒྱལ་ཁག་ཏུ་བོད་མི་ཉིས་བརྒྱ་ལྷག་ཙམ་ལ་ནད་དུག་དེ་ཕོག་ཡོད་པ་དང་། རྒྱ་གར་གྱི་ནང་དུ་ས་གནས་ལ་དྭགས་ཕུད་པའི་བོད་མི་བཅུ་ཙམ་ལ་ནད་དུག་དེ་ཕོག་ཡོད་པའི་ཁོངས་མི་གྲངས་བཞི་ཙམ་དྲག་སྐྱེད་བྱུང་ཡོད་པ་རེད།

མི་རིགས་ནག་པོའི་འཐབ་རྩོད་ལ་བོད་མིའི་འཛུལ་ཞུགས་བྱེད་རུང་མིན།

ཉེ་སྔོན་ཨ་རིའི་ནང་དུ་ཉེན་རྟོག་པས་མི་རིགས་ནག་པོ་ཞིག་གི་སྐེ་ལ་པུས་མོ་བཙུགས་ནས་རྐྱེན་ལམ་དུ་བཏང་བའི་གནད་དོན་དང་འབྲེལ་ནས།  ད་སྐབས་ཨ་རིའི་ནང་དུ་མི་རིགས་ནག་པོ་མང་པོ་ཞིག་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་གྱི་རྣམ་པ་འདྲ་མིན་སྤེལ་བཞིན་པའི་ཁྲོད། བོད་མི་ཁག་ཅིག་གིས་མི་རིགས་ནག་པོའི་རྒྱབ་ཀྱི་བོད་མི་ཞེས་པའི་འཕྲེད་དར་སྒྲེང་ནས་ལས་འགུལ་དེར་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པར་བརྟེན། སྤྱི་ཚོགས་དྲ་རྒྱའི་ནང་དུ་བོད་མིས་ལས་འགུལ་དེར་འཛུལ་ཞུགས་བྱེད་རུང་མིན་གྱི་ཐད་ནས་གླེང་སློང་བྱེད་མཁན་མང་པོ་ཡོང་གི་ཡོད་པ་རེད། དེ་རིང་འདི་གའི་གསར་འགོད་པས་གནད་དོན་དེར་དོ་སྣང་ཆེན་པོ་བྱེད་མཁན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་དང་བུད་མེད་ལས་འགུལ་བ་བསྟན་འཛིན་དཔལ་ཡོན་གཉིས་སུ་ཕྱོགས་གཉིས་ཀྱི་ངོས་འཛིན་གྱི་ཐད་ནས་བཀའ་འདྲི་ཁག་ཅིག་ཞུས་ཡོད།   དབང་ལྡན་སྐྱབས་ལགས་ཀྱིས་སྤྱིར་བོད་མི་རྣམས་ཀྱིས་མི་རིགས་གཞན་གྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མི་སྟོན་དེ་མི་སྒེར་གྱི་གནད་དོན་ཞིག་རེད།   ཡིན་ནའང་བོད་མིའི་ཚབ་མཚོན་རང་བཞིན་གྱི་ཐོག་ནས་ད་རེས་ཀྱི་ལས་འགུལ་དེའི་ནང་ཞུགས་ན་འགྲིག་གི་མེད་པའི་དགོངས་ཚུལ་གསུང་བ་མ་ཟད། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་སུ་བོད་མིའི་ཁྲིམས་འཆར་གཉིས་འགྲོ་བཞིན་པའི་དུས་སྐབས་འདིར། བོད་མི་རྣམས་ཀྱིས་སྤྱི་བའི་རྩ་དོན་ལ་གནོད་པའི་ལས་འགུལ་གྱི་རིགས་ལ་འཛུལ་ཞུགས་བྱེད་རྒྱུར་གཟབ་གཟབ་གནང་དགོས་བའི་དྲན་སྐུལ་གནང་སོང་། ཡིན་ཡང་། བསྟན་འཛིན་དཔལ་ཡོན་ལགས་ཀྱིས། བོད་མིའི་རྩ་དོན་དང་འབྲེལ་ནས་མི་རིགས་དབྱེ་འབྱེད་ཀྱི་དྲང་བདེན་གྱི་འཐབ་རྩོད་དེར་རྒྱབ་སྐྱོར་མ་བྱས་པ་ཡིན་ན་སོ་སོའི་ཁོག་རྒྱ་ཆུང་དྲག་པ་ཡིན་པར་གསུངས་སོང་།

ནང་སེམས་ཀྱི་ཤེས་ཡོན་དང་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ལ་འབད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཁ་སང་ཟླ་ ༦ ཚེས་ ༧ ཉིན་དྲྭ་ལམ་ཐད་གཏོང་བརྒྱུད་ཨེ་ཤ་ཡའི་གཞོན་སྐྱེས་རྣམས་ལ་བཀའ་སློབ་བསྩལ་བ་དང་འབྲེལ་ཏེགཞོན་སྐྱེས་ཚོས་ནང་སེམས་ཀྱི་ཤེས་ཡོན་དང་འགྲོ་བ་མི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་སླད་འབད་བརྩོན་བྱེད་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་པ་སྦྱིན་པ་རྒྱ་མཚོ་ལགས་དང་ཁུལ་དེར་ཡོད་པའི་ཚོགས་པ་བཅུ་གསུམ་མཉམ་སྦྲེལ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་རེས་གཟའ་ཉི་མའི་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨེ་ཤ་ཡའི་རྒྱལ་ཁབ་སིངྒ་པོར་དང་མ་ལེ་ཤཱི་ཡ། ཐེ་ལན་ཌི། ཝེ་ཏི་ནམ། མེག་མར། ཁམ་པོ་ཌི་ཡ། ལའོ་སི། ཧོང་ཀོང་བཅས་ཀྱིས་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་གཞོན་སྐྱེས་སྟོང་ཕྲག་བརྒལ་བར་དྲྭ་རྒྱའི་བརྒྱུད་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་ཐུགས་བརྩེ་ཆེན་པོས་བཀའ་ལན་བསྩལ་ཡོད་པ་རེད།སྐབས་དེར་ལྷོ་ཤར་ཨེ་ཤ་ཡའི་ཚོགས་པ་བཅུ་གསུམ་གྱི་སྐུ་ཚབ་ཚོས་བཀའ་འདྲི་ཞུ་རྒྱུའི་མཛད་རིམ་དངོས་སུ་དབུ་འཛུགས་མ་གནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་ཐོག་མར་གོ་སྒྲིག་ཚོགས་ཆུང་ལ་འདི་ལྟ་བུའི་མཛད་རིམ་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་ནས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པོ་རྣམས་ངོ་སྤྲོད་དང་འབྲེལ། སྤྱིར་འགྲོ་བ་མིས་གཙོས་པའི་སེམས་ཅན་ཀུན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་འཕྲལ་ཕུགས་བདེ་སྡུག་ཐོག་ལ་བསམ་བློ་བཏང་ཐུབ་པའི་རྣམ་དཔྱོད་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་མ་ཟད། རྣམ་དཔྱོད་དེས་འཕྲུལ་ཆས་དང་ཚན་རིག་སོགས་གསར་གཏོད་གནང་ཐུབ་ཡོད་ཀྱང་། རྣམ་དཔྱོད་དེ་ཉོན་མོངས་པ་དང་ཟུང་སྦྲེལ་ཐོག་གོ་མཚོན་འདྲ་མིན་བཟོས་ཏེ་འཛམ་གླིང་ནང་དམག་འཁྲུག་དང་འཚེ་བའི་གནད་དོན་འཕེལ་ཡོད་སྟབས། དཀའ་ངལ་དེ་དག་སེལ་རྒྱུར་ང་ཚོ་ཚང་མར་འགན་ཡོད་ཅེས་བཀའ་ནན་བསྩལ་ཡོད་པ་རེད།མགོན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་དེ་དག་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་བྱམས་བརྩེའི་བསླབ་བྱ་གནང་མཁན་གཅིག་མཚུངས་ཡིན་པ་རེད། དེང་སྐབས་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་མི་གཅིག་གིས་གཅིག་ལ་གསོད་རེས་བཏང་བའི་གནས་སྟངས་ཤིག་ཡོང་སྐབས་དེར་ཆོས་ལུགས་ནང་ཕན་ཚུན་དབར་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་ཕན་ཚུན་གུས་བརྩི་དང་སློབ་སྦྱོང་གནང་བ་བརྒྱུད་དེ་ཆོས་ལུགས་མཐུན་སྒྲིལ་ལ་དགོངས་པ་བཞེས་དགོས་པར་གཞེན་བསྐུལ་གནང་འདུགབཀའ་སློབ་ཀྱི་མཚམས་སུ་མགོན་པོ་༸གང་ཉིད་མཆོག་ལ་གསོལ་འདེབས་ཞུ་མཁན་ཚོགས་པ་ཚོའི་སྐུ་ཚབ་རིམ་པས་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད་གཞོན་སྐྱེས་སློབ་མ་ཞིག་གི་བཀའ་འདྲིར་བཀའ་ལན་བསྩལ་བར་མགོན་པོ་༸གང་ཉིད་མཆོག་དགུང་ལོ་བདུན་བརྒྱད་ལ་ཕེབས་སྐབས་ནས་བཟུང་སློབ་གཉེར་གནང་ཡོད་པ་དང་ལྷན་ཉམས་ལེན་མཛད་རྒྱུ་དབུ་འཛུགས་གནང་ཡོད་སྟབས་སློབ་གཉེར་དང་ཉམས་ལེན་གཉིས་མཉམ་དུ་འགྲོ་ཐུབ་རྒྱུ་ཡོད་པ་༸སྐུའི་མྱོང་བའི་ཐོག་ནས་ལམ་སྟོན་མཛད་པ་མ་ཟད། ༸གོང་ས་མཆོག་ད་ཆ་དགུང་གྲངས་ ༨༦ ལ་ཕེབས་སྐབས་འདིར་གོ་སྐབས་ནམ་བྱུང་ལ་བཀའ་བསྟན་གསུང་རབ་རྣམས་ལྗགས་ཀློག་མཛད་བཞིན་ཡོད་པར་བཀའ་བསྩལ་དང་ཆབས་ཅིག་ཏུ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སློབ་གཉེར་གནང་གནད་ཡིན་པའི་སྐུལ་ལྕགས་མཛད་ཡོད།ཐེངས་འདིའི་དྲྭ་ཐོག་གླེང་མོལ་གྱི་མཛད་རིམ་གོ་སྒྲིག་པས་༸གོང་ས་མཆོག་ལ་སླད་མར་གཞོན་སྐྱེས་རྣམས་དང་ལྷན་དུ་འདི་ལྟ་བུའི་བགྲོ་གླེང་གི་གོ་སྐབས་བཀའ་བཞེས་བཟང་པོ་ཅི་ནས་ཀྱང་སྨིན་བསྩལ་ཡོང་བའི་གསོལ་བ་བཏབ་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་མགོན་པོ་མཆོག་ནང་ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་བདག་གི་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བསྔོས་ཟིན་པས་ཡིན་དང་ཡིན་ཞེས་དང་། ལྷག་དོན་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ས་གནས་གཞན་དུ་འགྲོ་མི་དགོས་པར་འདིར་བདེ་བར་བསྡད་ནས་དགོངས་ཚུལ་གསུངས་པ་ལས་དཀའ་ངལ་མེད་སྟབས་ནམ་ཡིན་ཡང་གྲ་སྒྲིག་ཨང་སར་ཡིན་ཞེས་བཀའ་བཞེས་བཟང་པོ་བཀྲིན་ཆེ་བ་བསྩལ་འདུགཐེངས་འདིའི་དྲྭ་ལམ་ཐད་གཏོང་གི་བགྲོ་གླེང་དེ་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་གཙོས་ཝི་ཏི་ནམ་དང་ཀོ་རི་ཡ། རུ་སུ་སྐད་བཅས་ཁྱོན་སྐད་རིགས་འདྲ་མིན་བཅིུག་ཐོག་གསུང་སྒྱུར་གནང་ཡོད་པ་རེད།

Latest news