Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

 རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་འཆར་དངོས་སུ་གཏན་འབེབས་བྱུང་འདུག

ཉེ་ལམ་རྒྱ་གཞུང་ནས་འདོན་སྤེལ་བྱས་པའི་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་དེར་ད་ཆ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཁྲིམས་འཆར་དེ་དངོས་སུ་གཏན་འབེབས་བྱུང་འདུགདེ་ཡང་དེ་རིང་Hongkong Free Express གཙོས་པའི་བརྒྱུད་ལམ་གཞན་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན།  རྒྱ་ནག་གཞུང་ནས་འདོན་སྤེལ་བྱས་པའི་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་འཆར་དེར་ད་ཆ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་བཞིན་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་སྐུ་ཚབ་གཅིག་ནས་དེར་དགག་པ་དང་།  དེ་བཞིན་དྲུག་ནས་འོས་བླུག་མེད་པ་དང་།  དེ་མིན་འཐུས་མི་ ༢༨༠༠ ལྷག་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱིས་དངོས་སུ་གཏན་འབེབས་བྱུང་འདུག ཁྲིམས་འཆར་དེའི་ཐོག་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས་ཟླ་བ་རྗེས་མར་ཁྲིམས་འཆར་དེ་ཁྲིམས་སྒྲིག་འཆར་འགོད་ཐད་ལ་ཚོགས་འདུ་ཚོགས་རྒྱུ་དང་།  ཡང་སྒོས་པེ་ཅིན་ནས་དེ་འབྲེལ་གྱི་ལས་དོན་དག་གང་མགྱོགས་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད་འདུགགཞི་རྩའི་ཧོང་ཀོང་གི་གནད་དོན་དང་འབྲེལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཚོགས་དྲྭ་ལམ་ཐོག་དབྱིན་ཡུལ་དང་།  ཉི་ཧོང་།  ཨ་རི། རྒྱ་གར།  ཁེ་ན་ཌ།  ཧྥ་རན་སི་བཅས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་དང་།   དེ་བཞོན་ལྷོ་སོག་པོ་དང་རྒྱ་རིགས་སློབ་ཕྲུག་ལས་འགུལ་བ།    རྒྱལ་སྤྱིའི་ཡུ་གུར་ཚོ ཚོགས་སོགས་ཀྱི་ལས་འགུལ་བ་བཅས་ནས་ཧོང་ཀོང་ལ་རྒྱབ་སྐྱོར་གྱིས་བརྡ་ལན་སྤྲད་པའི་བརྙན་ཐུང་ཞིག་བཟོས་འདུག་པ་དང་།  བརྙན་ཐུང་དེའི་ནང་ལས་འགུལ་བ་རྣམ་པས། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད།  ད་ཆ་རྒྱ་ནག་གིས་ཧོང་ཀོང་གི་གནད་དོན་དང་འབྲེལ་ཁྲིམས་འཆར་གསར་པ་བཏོན་པ་དེས་ཧོང་ཀོང་གི་རང་དབང་ཉེབ་ཚབ་ཅན་དུ་བསྒྱུར་ཡོད་པ་དང་།  ཧོང་ཀོང་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་ཁྲོད་མང་གཙོའི་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་གསུངས་འདུག    ལྷག་པར་དུ་ད་ཆ་ཏོག་དབྱིབས་གཉན་རིམས་ཁྲོད་ང་ཚོས་གནས་ཚུལ་མཁྱེན་རྟོགས་བྱུང་བ་ཞིག་ནི།  རྒྱ་ནག་གཞུང་གིས་བཙན་འཛུལ་དང་།  དྲག་གནོན་དེ་བཞིན་དམ་དྲག་གི་བྱ་སྤྱོད་དག་གིས་འཛམ་བུ་གླིང་སྤྱི་ཡོངས་ལ་གནོད་འཚེ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག་ད་ལྟའི་ཧོང་ཀོང་གི་གནས་སྟངས་འདིར་རྒྱལ་སྤྱིའི་ཚོགས་པ་ཡོངས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་དགོས་སྐོར་གསུངས་འདུགགཞི་རྩའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་བཏོན་མ་ཐག་ཧོང་ཀོང་མང་ཚོགས་བརྒྱ་ཕྲག་ཁག་ཅིག་འདུ་འཛོམས་ཀྱིས་ཁ་སང་བསྐྱར་དུ་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དང་།  ངོ་རྒོལ་དེའི་ཁྲོད་ཉེན་རྟོག་པས་ལས་འགུལ་བ་ ༣༠༠ ཙམ་ཞིག་འཛིན་བཟུང་བྱས་འདུག  གཞན་ཡང་གནད་དོན་དེ་འབྲེལ་དེ་རིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ཁོང་གིས་ཨ་རིའི་གྲོས་ཚོགས་ལ་ཧོང་ཀོང་དེ་ད་ནས་བཟུང་རྒྱ་ནག་གི་རང་སྐྱོང་ས་ཁུལ་ཞིག་མིན་པ་དང་།  ཨ་རིས་ཧོང་ཀོང་མང་ཚོགས་ལ་རྒྱབ་སྐྱོར་ཡོད་ཅེས་སྤྱི་ཚོགས་དྲ་ལམ་དུ་གསུངས་འདུག   དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་པའི་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཁང་དང་།  བོད་དོན་དང་འབྲེལ་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ ༡༠༠ ལྷག་ཙམ་གྱིས་སྤྱི་མོས་ཐོག་ང་ཚོ་ཧོང་ཀོང་མཉམ་དུ་ཡོད་ཅེས་བརྗོད་པའི་ཐོག་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་།  བསྒྲགས་གཏམ་དེའི་ནང་།  པེ་ཅིན་ནས་འདོན་སྤེལ་བྱས་པའི་ཁྲིམས་འཆར་གསར་པ་དེ་བརྒྱུད་རྒྱ་ནག་ནས་ཧོང་ཀོང་ཡོངས་སུ་དབང་བསྒྱུར་ཐབས་བྱེད་ཀྱི་ཡོད་པས།  གལ་ཏེ་ཁྲིམས་འཆར་དེ་ཁྲིམས་ལ་གཏན་འབེབས་བྱས་ན་དེས་ཧོང་ཀོང་གི་རང་དབང་རྡོག་རོལ་གཏོང་རྒྱུ་ཡིན་པ་མ་ཟད།  ཁྲིམས་འཆར་དེའི་ནང་རྒྱལ་ཁབ་མགོ་རྟིང་སློག་རྒྱུ་དང་།  རང་རྒྱལ་ལ་ངོ་རྒོལ་གྱིས་བྱ་སྤྱོད་ཡོངས་བཀག་སྡོམ་བྱེད་རྒྱུ་ཡིན་པ་འཁོད་ཡོད་པས།   ཚིག་དེ་དག་རྣམ་ཀུན་ནས་རྒྱ་གཞུང་གིས་བོད་དང་།  ཤར་ཏུར་ཀི་སི་ཏན།  དེ་བཞིན་ལྷོ་སོག་དང་། རྒྱ་ནག་སྐམ་ས་ཆེན་པོའི་ནང་བེད་སྤྱོད་ཀྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་ཀྱི་ཡོད་པ་གསུངས་འདུག

 ཨ་རིའི་གྲོས་ཚོགས་འོག་མས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་གཏན་འབེབས་གནང་འདུག

ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། འོས་ཤོག་གཅིག་མ་གཏོགས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོག་ནས་ Uyghur Human Rights Policy Act ཞེས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་ཆར་དེ་གཏན་འབེབས་གནང་འདུག དེ་ཡང་ཨ་རིའི་གྲོས་ཚོགས་གོང་མས་སྔ་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡༡ དང་དེའི་རྗེས་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་གནང་བའི་ཐོག་ནས་གཏན་འབེབས་གནང་བའི་རྗེས་སུ། ཁ་སང་གྲོས་ཚོགས་འོག་མའི་ནང་དུའང་འོས་ཤོག་གཅིག་མ་གཏོགས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོག་ནས་ཁྲིམས་འཆར་དེ་གཏན་འབེབས་གནང་འདུག ཁྲིམས་འཆར་དེའི་ནང་དུ། ད་ལྟའི་ཤིན་ཅང་ནང་དུ་ཡུ་གུར་མང་ཚོགས་གཙོས་པའི་ཁ་ཆེ་མི་རིགས་གཞན་བཅས་མི་ས་ཡ་གཅིག་ལྷག་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་དུ་བཙོན་འཇུག་བྱེད་མུས་ཡིན་པ་སོགས་ཀྱི་དྲག་གནོན་འོག་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་མཁན་ཤིན་ཅང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo གཙོ་བོར་གྱུར་བའི་རྒྱ་ནག་དཔོན་རིགས་རྣམས་ཨ་རིའི་ནང་དུ་ཡོང་མི་ཆོག་པའི་དམ་དྲག་དང་། ཤིན་ཅང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་ཐོག་ལ་ཞིབ་འཇུག་གིས་སྙན་མཐོ་རིམ་པ་འདོན་དགོས་པ། དེ་བཞིན་ FBI ཞེས་པའི་ཨ་རིའི་གཞུང་གི་ཞིབ་དཔྱོད་ཁང་གིས་ཡུལ་དེའི་ནང་དུ་ཡོད་པའི་ཡུ་གུར་མང་ཚོགས་ཐོག་རྒྱ་ནག་གཞུང་གིས་ལྟ་སྲུང་དང་གནོན་བཙུར་སོགས་ཀྱི་བརྙས་བཅོས་བྱེད་བཞིན་པ་དང། ཤིན་ཅང་ནང་དུ་མང་ཚོགས་ཐོག་ཁྲིམས་འགལ་གྱི་ལྟ་སྲུང་བྱེད་བཞིན་པ་དང་འབྲེལ་ཏེ།  ལྟ་སྲུང་ཡོ་ཆས་བཟོ་བསྐྲུན་དང་ཉོ་ཚོང་བཅས་ཀྱི་ཐོག་ལ་ཞིབ་འཇུག་གི་སྙན་ཐོ་འདོན་རྒྱུ། དེ་བཞིན་ཤིན་ཅང་ནང་དུ་ཚོང་ལས་གཉེར་བཞིན་པའི་ཨ་རིའི་ཚོང་ལས་ཁང་ཁག་གི་བཅའ་དངོས་བཟོ་སྐྲུན་ཁྲོད་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་མེད་པ་ངེས་གཏན་བྱེད་དགོས་པ་སོགས་ཀྱི་གྲུབ་དོན་འཁོད་ཡོད་པ་རེད། དེ་རིང་སྲིད་འཛིན་ Trump མཆོག་གིས་ཁྲིམས་འཆར་དེར་མཚན་རྟགས་བཀོད་ཚེ། ཡུ་གུར་མང་ཚོགས་ཀྱི་གཉའ་གནོན་མྱོང་བཞིན་པའི་ཐོག་ལ་ཨ་རིའི་གཞུང་གིས་སེམས་འཚབ་ཡོད་པ་རྣམས་ཨ་རིའི་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ནང་དུ་འཁོད་རྒྱུ་ཡིན་པ་དང་འབྲེལ་ནས་ཨ་རི་གཞུང་གིས་ཡུ་གུར་མང་ཚོགས་ཐོག་དྲག་གནོན་བྱས་པར་རྒྱ་ནག་གཞུང་དང་དེ་དག་གི་དཔོན་རིགས་རྣམས་ལ་ཁྲིམས་ལྟར་གདོང་ལེན་གནང་རྒྱུའི་འགན་དབང་ཐོབ་རྒྱུ་ཡིན་པ་རེད། ཁ་སང་ཁྲིམས་འཆར་གཏན་འབེབས་དང་འབྲེལ། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས། ད་རེས་གྲོས་ཚོགས་ནང་དུ་ཆབ་སྲིད་ཚོགས་པ་དབྱེ་བ་མེད་པའི་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་གནང་བའི་ཐོག་ནས་ཁྲིམས་ཆར་དེ་གཏན་འབེབས་གནང་བ་བརྒྱུད། རྒྱ་ནག་གཞུང་གིས་ཡུ་གུར་མང་ཚོགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེད་བཞིན་པར་ཨ་རིའི་གྲོས་ཚོགས་ཀྱི་ངོ་རྒོལ་གྱི་ཇི་ཙམ་ཡོད་པ་གསལ་བསྟོན་གནང་ཡོད་གསུངས་འདུག ཁ་སང་ཨ་རིའི་གྲོས་ཚོགས་ཀྱིས་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་གཏན་འབེབས་དང་འབྲེལ། དེ་རིང་ CECC ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་འཛིན་སྐྱོང་ཚོགས་ཆུང་། USCIRF ཞེས་པའི་ ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་བཅས་ནས་གྲོས་ཚོགས་ཀྱི་ཐག་གཅོད་དེར་དགའ་བསུའི་རྣམ་པ་ཤུགས་ཆེར་བསྟན་འདུག མཚམས་འཕྲིན་དེའི་བར་དུ། ཉེ་ཆར་བོད་རིགས་བསྟན་འཛིན་རྡོ་རྗེ་ལགས་ཀྱི་ལས་གནས་དུས་ཡུན་རྫོགས་ཏེ་འཕོ་འགྱུར་བྱུང་བ་དང་འབྲེལ། ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་ཡུ་གུར་མི་རིགས་ཡིན་པའི་སྐུ་ཞབས་ Nury Turkel ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་འགན་འཛིན་གྲས་སུ་བསྐོ་བཞག་གནང་  

སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པར་བཀའ་ཤག་ནས་བློ་ཕམ་ཚད་མེད་ཡོད་ཅེས་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་ཀྱི་རིང་ཏོག་དབྱིབས་གཉན་རིམས་རྐྱེན་པས་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་པའི་བོད་མི་གཙོས་བོད་བརྒྱུད་ནང་བསྟན་རརྗེས་འཇུག་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་གཏན་འཁེལ་ཡོད་པའི་ཁྲོད་ཉེ་ལམ་བཞུགས་སྒར་དྷརྨ་ས་ལའི་ཉེ་འགྲམ་སྦིར་གཞིས་ཆགས་ནང་གནས་སྡོད་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་མགོན་པོ་༸གང་ཉིད་མཆོག་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་དབང་བསྩལ་རྒྱུ་དེ་ནི་གསང་སྔགས་ཁྲོམ་བསྒྲགས་གནང་བར་འགྲེལ་བརྗོད་དང་འབྲེལ་དེ་ནི་བསྟན་པ་བཤིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་རྗེས། བོད་མི་མང་ཚོགས་ཁྲོད་ནས་གནད་དོན་དེའི་ཐོག་བློ་འཚབ་དང་བཅས་ཁ་སང་ནས་བཟུང་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཚོར་ཤུགས་ཆེན་པོས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་ངོ་རྒོལ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་མཚན་སྙན་སྲུང་སྐྱོབ་ཞུ་དགོས་པ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་ཞིག་ཡིན་པའི་བསམ་ཚུལ་ཤུགས་ཆེ་སྤེལ་མཁན་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དེ་རིང་ཉིན་རྒྱབ་དེ་གའི་བོད་ཡིག་དྲྭ་གནས་ཐོག་གསལ་བསྒྲགས་ཤིག་སྤེལ་བར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་༸གོང་ས་མཆོག་གིས་དྲྭ་བརྙན་བརྒྱུད་བཀའ་དབང་བསྩལ་རྒྱུ་དེ་དཔེར་བཟུང་ནས་བླ་ཆེན་རྣམ་པས་སྤྱི་ཚོགས་དྲྭ་ལམ་ཐོག་བཀའ་དབང་དང་བྱིན་རླབས་གནང་བ་དེ་དག་བསྟན་པ་ཉམས་པ་དང་བཤིག་པའི་རྒྱུ་རྐྱེན་དུ་འགྲོ་ཚུལ་དང་བཅས་མཚན་སྨད་ཞུས་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་བྱ་སྤྱོད་དེ་བཞིན་ནོར་འཁྲུལ་དུ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་འདུག བཀའ་ཤག་གིས་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད་འཛམ་གླིང་སྤྱི་དང་ལྷག་དོན་རྒྱ་ནག་སྐམ་ས་ཆེན་མོའི་ནང་བོད་བརྒྱུད་ནང་བསྟན་ལ་དོ་དབྱིངས་ཡོད་མཁན་ཚོའི་ངོས་ནས་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཡོད་སྟབས་དེང་གཉན་འཕྲང་གི་དུས་དང་བསྟུན་དུས་ཀྱི་དགོས་མཁོ་ལ་ཆེད་དམིགས་ཀྱིས་ཐུགས་བརྩེ་ཆེན་པོས་ཕྱི་ནང་གི་དད་ལྡན་ཡོངས་ལ་བཀའ་དབང་དང་བྱིན་རླབས་བསྩལ་བར་སྙིང་དབུས་ནས་བཀྲིན་བླ་མེད་དུ་ཆེ་ཞེས་ཞུས་འདུག་པ་དང་འབྲེལ། སྒོ་རྒྱ་བསྡམས་པའི་དུས་འདིར་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་དང་བཀའ་ཤག་མཚན་འཁོད་ཞུ་སྙན་འབུལ་ལམ་ཞུས་པ་ལྟར་ས་ག་ཟླ་བའི་དུས་ཆེན་དང་བསྟུན་བཀའ་དབང་བཀྲིན་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་པ་འདི་ནི་སྐལ་བཟང་གི་གོ་སྐབས་རིན་ཐང་བྲལ་བ་ཞིག་ཡིན་པ་གསུངས་འདུགརྩ་བའི་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བཀའ་མོལ་དེ་ནི་ཉེ་ལམ་ཁོང་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་གཏེར་སྟོན་མཆོག་གྱུར་གླིང་པའི་མཛད་རྣམ་ངོ་སྤྲོད་དང་སྦྲགས་ཏེ་གསུངས་ཡོད་པ་ཞིག་དང་། དྲྭ་ལམ་ཐོག་བོད་མི་རྣམས་ནས་དེར་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་པ་དང་། ཆབས་ཅིག་ཏུ་འཛིན་སྐྱོང་བཀའ་ཤག་དང་ཆོས་ལུགས་སྤྱི་འཐུས་རྣམས་ནས་ཞལ་བཙུམ་ཏེ་བཞུགས་ན་འགྲིག་གི་མེད་པར་འགྲེལ་བརྗོད་གནང་མཁན་བྱུང་བ་མ་ཟད། ཁ་སང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གྱི་མཚན་ཐོག་ནས་གནད་དོན་དེའི་ཐོག་གསལ་བཤད་ཅིག་སྤེལ་བའི་ནང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནི་ནམ་རྒྱུན་རང་ནས་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་དང་རང་ལ་ཐུགས་ཚོར་གང་བྱུང་བ་རྣམས་ཞལ་ནས་ཐལ་བ་ཞིག་ཡིན་པ་ལས་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་མེད་ཀྱང་། དེར་རྟེན་མང་ཚོགས་ཁྲོད་དོན་མེད་བློ་ཕམ་དང་བསམ་ཚུལ་མི་ཉུང་བ་ཞིག་ཡོང་གཞིར་གྱུར་བར་འགྲེལ་བརྗོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་གཞན་སུ་དང་སུས་དྲྭ་བརྙན་བརྒྱུད་དབང་དང་བྱིན་རླབས་གནང་སྐབས་དྲྭ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུའང་མེད། ཉན་མཁན་སོ་སོའི་དབང་པོ་དང་དད་པས་ལྕོགས་ན་བླ་མའི་ཐུགས་རྗེ་དང་ཆོས་ཀྱི་བག་ཆགས་གཉིས་ལ་བརྟེན་ནས་དབང་དངོས་གཞི་མ་ཐོབ་ཀྱང་བྱིན་རླབས་ཁྱད་པར་ཅན་རེ་འཇུག་ཐུབ་པར་ཐེ་ཚོམ་དང་རྩོད་མེད་ཡིན་པ་མ་ཟད། གསང་སྔགས་ཁྲོམ་བསྒྲགས་མི་བྱེད་པའི་གསང་སྔགས་ཀྱི་དམ་ཚིགས་ཡོད་པ་བདེན་ནའང་། དེ་དག་ཐད་དུས་རབས་མང་པོའི་སྔོན་རོལ་ནས་འགལ་འཛོལ་ཉམས་ཆག་ཅི་ཆད་སོང་བཞིན་ཡོད་པ་དང་དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད་དེ་ལྟར་ཡང་དེ་དག་གི་ལེ་ཁག་དང་ཉེས་འགན་ཐབས་ཅད་༸གོང་ས་མཆོག་གིས་དབུས་པའི་ད་ལྟའི་བསྟན་བདག་རྣམ་པར་དཀྲི་རྒྱུ་ནི་ལོ་རྒྱུས་དང་རྒྱུ་མཚན་གནས་སྟངས་གང་ལ་གཞིགས་ཀྱང་འོས་འཚམས་ཤིག་རྩ་བ་ནས་མ་རེད་ཅེས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།ཆོས་རིག་བཀའ་བློན་མཆོག་གིས་གསལ་བཤད་དེ་སྤེལ་མ་ཐག་ཏུ་བོད་མི་རྣམས་ནས་གསལ་བཤད་དེ་ནི་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་དག་འབུད་བྱེད་པ་བཞིན་དུ་ངོས་འཛིན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་གནང་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་རྗེས། ཆོས་རིག་བཀའ་བློན་མཆོག་གིས་སླར་ཡང་ཆོས་རིག་ལས་ཁུངས་ཀྱི་ངོ་དེབ་ཐོག་གསལ་བསྒྲགས་འཕར་མ་ཞིག་སྤེལ་སྟེ་སྐུ་ཉིད་ནད་དགོངས་ཐོག་ཡོད་པ་དང་ད་རེས་ཆོས་ཕྱོགས་དང་འབྲེལ་བའི་གནས་ཚུལ་ཚབས་ཆེན་ཞིག་གློ་བུར་ཐོན་པ་དེ་སེམས་ཀྱིས་མ་བཟོད་པར་སྐབས་འབྲེལ་ཆོས་ཕྱོགས་ཀྱི་གླེང་གཞི་གང་ཡིན་དེ་ཁོ་ནའི་ཐོག་ལ་གསལ་བཤད་གནད་བསྡུས་ཤིག་ཆོས་རིག་བཀའ་བློན་གྱི་མཚན་ཐོག་ནས་སྤེལ་བ་ལས་དེ་འབྲེལ་གྱི་གནད་དོན་གཞན་གྱི་ཐོག་བཀའ་ཤག་ནས་ལན་འདེབས་གནང་ངེས་དང་། གསལ་བསྒྲགས་དང་པོ་དེ་ནི་ཆོས་རིག་བཀའ་བློན་སྒེར་གྱི་གསལ་བསྒྲགས་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད། དེའི་བར་ན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཆོས་རིག་བཀའ་བློན་མཆོག་གི་མཚན་ཐོག་ཁོ་པས་བཤད་པའི་སྐད་ཆ་དེ་དག་མི་གཞན་གྱིས་བཅད་གཏུབ་མང་པོ་བྱས་ནས་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་སྤེལ་བ་ཞིག་ཡིན་པ་དང་། རིང་མིན་༸གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་དང་དངོས་གཞི་བཅས་སོ་སོར་བསྩལ་བསྩལ་གཏན་འཁེལ་ཡོད་སྟབས་མ་འོངས་པར་དབང་གནང་མཁན་ཚོས་དེར་མིག་དཔེ་བལྟས་ན་རྒྱུད་སྡེ་ཁག་གི་དགོངས་དོན་དང་མི་མཐུན་པར་བསམ་ནས་བསམ་འཆར་ཙམ་ཞུས་པ་ཡིན་སྐོར་གསུངས་ཡོད་པ་རེད། གང་ལྟར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བཀའ་མོལ་དེར་བོད་མི་ཁག་ཅིག་གིས་སྐྱོན་བརྗོད་དང་བཅས་ཏེ་ཁོང་གིས་དབང་གི་ཆོ་ག་བསྩལ་ཕྱོགས་དང་འབྲེལ་བའི་སྐོར་བསམ་ཚུལ་མི་མཐུན་པ་བཤད་ཆོག་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་བཤིག་ཞེས་མཚན་སྨད་ཞུས་པ་དེ་བློ་ཡུལ་ལ་མ་ཤོང་པ་ཞིག་ཏུ་འགྲེལ་བརྗོད་གནང་མཁན་ཡོད་པ་དང་། དེ་བཞིན་སེར་མོ་བ་མང་དག་ཅིག་གིས་སྒེར་སོ་སོའི་ཉམས་རྟོགས་ཀྱིས་དཔྱད་ནས་དྲྭ་ལམ་བརྒྱུད་དབང་བསྩལ་ན་ཆོག་པའི་དག་སེལ་གནང་མཁན་འབྱུང་བཞིན་པ་མ་ཟད། ཁག་ཅིག་གིས་དེ་སྔ་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་སྐབས་སྔར་བཅོམ་ལྡན་འདས་ཞལ་བཞུགས་པའི་ཁ་ཐུག་ལ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་པའི་བཀའ་སློབ་བསྩལ་བ་ལུང་འདྲེན་གྱིས་ཚོར་ཤུགས་ཆེན་པོས་ཁུངས་སྐྱེལ་གནང་མཁན་ཡོད་པ་དང་ཆབས་ཅིག ཕྱོགས་གཞན་ཞིག་ནས་བོད་མི་ཉུང་ཤས་ཤིག་གིས་ད་རེས་ཀྱི་གནད་དོན་དང་འབྲེལ་མང་གཙོའི་སྤྱི་ཚོགས་ནང་གི་འདྲ་མཉམ་གྱི་གནས་བབ་དང་སྨྲ་བརྗོད་རང་དབང་སྐོར་ལ་དྲི་བ་གནང་མཁན་ཡང་འདུག  

ཁེ་ན་ཌ་གཞུང་ནས་ལ་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས།

 ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Sweet ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་ཁེ་ན་ཌ་གཞུང་ནས་བོད་ཀྱི་གནད་དོན་གསལ་ཆེད་གྲོས་མོལ་ཡོང་རྒྱུར་བཟང་ཕྱོགས་ཀྱི་རེ་བ་ཙམ་གནང་ནས་མ་བཞུགས་པར་དེ་སྔ་ལས་ལྷག་པའི་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུགཟླ་བ་འདིའི་ཕྱི་ཚེས་ ༢༥ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་ལམ་སྐོར་གྱི་དམིགས་བསལ་ལྷན་ཚོགས་ཐོག་ས་གནས་ཀྱི་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Sweet ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་དམར་ཤོག་ཚོགས་པས་ད་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་འཚབས་ཆེན་བཏང་དང་གཏོང་བཞིན་པ་མ་ཟད། བོད་མི་དང་ཤར་ཏུར་ཀི་སི་ཐན་། ཤིན་ཅང་ཡུ་གུར་མི་རིགས་རྣམས་ཀྱི་ཐོག་ཚད་ལས་འགལ་བའི་དྲག་གནོན་བྱེད་མུས་ཡིན་པའི་གནས་སྟངས་སོགས་ལུང་འདྲེན་གནང་སྟེ་ཁེ་ན་ཌ་འདི་འཛམ་གླིང་ནང་མང་གཙོའི་རིང་ལུགས་སྣེ་འཁྲིད་གནང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་ངེས་པར་དུ་གྲངས་ཉུང་མི་རིགས་རྣམས་ཀྱི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག ལྷག་པར་དུ་ཁོང་གིས་བོད་མི་ནི་རྒྱ་གཞུང་གི་དྲག་གནོན་འོག་དཀའ་སྡུག་མང་ཤོས་མྱངས་དང་མྱོང་མཁན་མི་རིགས་ཤིག་ཆགས་ཀྱི་ཡོད་པར་མ་ཟད། ད་བར་བོད་ནང་རང་ལུས་མེར་བསྲེགས་གནང་བའི་གནད་དོན་ ༡༥༤ ཙམ་བྱུང་ཡོད་པ་དེ་ནི་གཙོ་བོ་རྒྱ་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་སོགས་ལ་བརྟེན་ནས་ཡིན་སྟབས་ཁེ་ན་ཌ་གཞུང་ནས་རྒྱ་གཞུང་གི་དྲག་གནོན་དང་དམ་དྲག་གི་བྱེད་བབ་དེར་བཟོད་མེད་ཀྱིས་སྐྱོན་བརྗོད་གནང་མ་ཐུབ་པར་དེ་མུར་བཞུགས་དོན་གང་ཡིན་ནམ་ཞེས་འདྲི་རྩད་གནང་འདུགསྐུ་ཞབས་ཁོང་གིས་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཚང་མས་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་གལ་ཆེས་ཆེར་གུས་བརྩི་ཞུས་ཏེ་སྲུང་སྐྱོབ་ཐུབ་པར་རྒྱབ་སྐྱོར་གནང་དགོས་ཞེས་གསུངས་འདུག རྩ་བའི་སྐུ་ཞབས་ David Sweet ལགས་ནི་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་དང་ལྷག་དོན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོག་ཐང་གི་ཚོགས་ཆུང་ཐོག་བོད་ཀྱི་ཚོར་བ་རྣོ་བའི་གནད་དོན་ཁག་ལ་ཞལ་གསང་པོས་གླེང་སློང་གནང་མཁན་གཙོ་གྲས་ཤིག་ཡིན་པ་རེད།

རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གདོང་ཐུག་ཛ་དྲག་ཏུ་འགྲོ་བཞིན་འདུག

  ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་སྒོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་ ༢༥༠ ཙམ་གྱི་དབར་ལ་གདོང་ཐུག་གི་གནད་དོན་བྱུང་སྟེ་དམག་མི་༡༠༠ ལྷག་ལ་རྨས་སྐྱོན་བྱུང་པའི་གནད་དོན་ཀྱི་རྐྱེན་གྱིས་ད་ཆ་ལ་དྭགས་ཁུལ་གྱི་རྒྱ་དཀར་ནག་གི་ས་མཚམས་ས་ཁུལ་ཁག་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་འདུག དེ་ཡང་ཁ་སང་རྒྱ་གར་དང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཚེས་ ༥ ཉིན་བྱུང་བའི་གདོང་ཐུག་གི་གནད་དོན་དེའི་རྐྱེན་གྱིས་ད་ཆ་ལ་དྭགས་གྷལ་ཝན་ལུང་གཤོངས་དང་། ཊེམ་ཆོག་དང་དེ་བཞིན་ Daulat Beg Oldie སོགས་རྩོད་གཞི་ཅན་གྱི་རྒྱ་དཀར་ནག་གི་ས་མཚམས་ས་ཁུལ་ཁག་གི་གནས་སྟངས་ཛ་དྲགས་ཏུ་ཕྱིན་ཏེ། རྒྱ་ནག་ཕྱོགས་ནས་ས་ཁུལ་དེ་དག་ཏུ་དམག་མི་ ༢༥༠༠ ལྷག་ཁ་སྣོན་བྱས་པ་མ་ཟད། དམག་མི་སྡོད་སའི་སྡོད་གུར་ ༡༠༠ ལྷག་ཆེད་འཛུགས་དང་དམག་དང་འབྲེལ་བའི་གོ་མཚོན་མང་དག་ཅིག་འབོར་འདྲེན་བྱས་ཡོད་འདུག གནད་དོན་དེའི་ཐད་རྒྱ་གར་བྱང་པྱོགས་ཁུལ་གི་དམག་སྤྱི་ཟུར་པ་ DS Hooda ལགས་ཀྱིས། གྷལ་ཝན་ལུང་གཤོང་དུ་རྒྱ་ནག་དམག་མིས་སིམ་འཛུལ་བྱས་པ་དེ་ནི་ད་རེས་ཐེངས་དང་པོ་ཡིན་སྟབས། གནད་དོན་འདི་ནི་སེམས་འཚབ་བྱ་ཡུལ་ཞིག་རེད་ཅེས་གསུངས་འདུག་པ་མ་ཟད། རྒྱ་གར་གྱི་དམག་ཇུས་ལྷན་ཁང་གི་སྐུ་ཚབ་ Ashok Kantha ལགས་ཀྱིས།  ཐེངས་འདིའི་གདོང་ཐུག་གི་གནད་དོན་དེ་ནི་དེ་སྔར་ལས་ཛ་དྲག་ཏུ་ངོས་འཛིན་ཞུས་པའི་ཐོག་ད་ཆ་ས་ཁུལ་དེ་དག་ཏུ་རྒྱ་གར་གི་དམག་མི་རྣམས་ནས་ལྟ་སྲུང་ནན་པོ་བྱེད་བཞིན་པ་གསུངས་འདུག འོན་ཀྱང་ཁྲིན་ཏོ་རྒྱལ་སྤྱིའི་ལས་དོན་ལྟེ་གནས་ཁང་གི་འགན་འཛིན་ Long Xingchun གྱི་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་Global Times བརྒྱུད། རྒྱ་གར་གཞུང་ནས་གྷལ་ཝན་ལུང་གཤོངས་དེ་རྒྱ་ནག་གི་ས་ཁུལ་ཡིན་པ་ཤེས་བཞིན་དུ་དམག་མི་བཏང་པ་དེ་ནི་རྒྱ་གར་གྱི་ནོར་འཁྲུལ་ཡིན་པ་དང་། གལ་ཏེ་རྒྱ་གར་གྱི་མུ་མཐུད་ཕྱོགས་གཉིས་ཀྱི་ས་མཚམས་ས་ཁུལ་དུ་འཁྲུག་རྐྱེན་བསླངས་བ་ཡིན་ན།  ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་རེད་ཅེས་བརྗོད་འདུག ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེའི་ཁྲོད་ཁ་སང་རྒྱ་ནག་གཞུང་ནས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་རྒྱ་གར་ནང་ཡོད་པའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་ཕྲུག དེ་བཞིན་ཚོང་པ་དང་གནས་མཇལ་སོགས་ལ་ཕེབས་པ་རྣམས་ཕྱིར་རྒྱ་ནག་ལ་ལོག་རྒྱུའི་གནམ་གྲུ་གྲ་སྒྲིག་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉེ་ཆར་ཐེ་ཝན་གྱི་སྲིད་འཛིན་ལྕམ་  Tsai Ing-wen ལགས་ཀྱི་ལས་ཡུན་གཉིས་པ་དབུ་འཛུགས་ཀྱི་དམ་འབུལ་མཛད་སྒོའི་ཐོག་རྒྱ་གར་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ Meenakshi Lekhi ལགས་དང་ Rahul Kaswan ལགས་གཉིས་དྲ་ཐོག་ནས་མཉམ་ཞུགས་གནང་པ་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་བཀུར་མ་ཞུས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག འོན་ཀྱང་རྒྱ་གྱི་གྲོས་ཚོགས་འཐུས་མི་ Rahul Kaswan ལགས་ནས། ཐེ་ཝན་གྱི་སྲིད་འཛིན་ལ་འཚམས་འདྲི་ཞུས་པ་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་བ་མེད་པ་དང་། རྒྱ་ནག་གཞུང་ཚབ་པས་གནད་དོན་དེ་དང་འབྲེལ་བ་བཏངས་སྟེ་གནས་ཚུལ་འཁྱོག་བཤད་བྱེད་ཀྱི་འདུག་ཅེས་ལན་འདེབས་བྱས་འདུག གཞི་རྩའི་ཉེ་བའི་ཆ་ལ་དྭགས་ཁུལ་དུ་ཆགས་པའི་རྒྱ་དཀར་ནག་དབར་གྱི་ས་མཚམས་ཁུལ་ཙམ་མ་ཟད། ཉིན་ཤས་གོང་ལ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ཆགས་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་དུ་མཐའ་སྲུང་དམག་མིའི་བར་ལ་འཁྲུག་འཛིང་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་ཕོགས་པའི་གནས་སྟངས་བྱུང་ཡོད་པ་རེད།  

གནམ་གྲུའི་ནང་ཕེབས་མཁན་ཚོར་མངའ་སྡེ་སོ་སོའི་ནང་ཕེབས་ཆོག་པའི་ཡིག་ཆ་དེ་གལ་ཆེན་པོ་ཆགས་འདུག

རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲགས་གནས་སྟངས་ཁྲོད་འདས་པའི་ཟླ་བ་གཉིས་ལྷག་གི་རིང་ལ་རྒྱ་གར་རྒྱལ་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བཏང་པའི་ཐོག་མི་མང་རྣམས་གང་བྱུང་ཕྱིར་ཐོན་མི་ཆོག་པ་མ་ཟད། མེ་འཁོར་དང་གནམ་གྲུ་སོགས་འགྲུལ་བཞུད་ཀྱི་བརྒྱུད་ལམ་ཡོངས་རྫོགས་སྒོ་རྒྱབ་ཡོད་པ་རེད།   འོན་ཀྱང་འདས་པའི་ཉིན་ཤས་གོང་ནས་ཁྱིམ་སྡོད་ཀྱི་བཀག་བརྒྱ་མུ་མཐུད་གནས་མུས་ཐོག་ཚོང་གི་ལྟེ་གནས་ཁག་དང་འགྲུལ་བཞུད་ཀྱི་བརྒྱུད་ལམ་ཁག་རེ་རེ་སྒོ་འབྱེད་འགོ་བཙུགས་ཡོད་པ་དང་། ཁ་སང་ཕྱི་ཙེས་ ༢༥ ཉིན་རྒྱ་གར་རྒྱལ་ཡོངས་སུ་གནམ་གྲུའི་འགྲུལ་བཞུད་ཀྱང་འགོ་བཙུགས་པ་དང་འབྲེལ། རྒྱལ་ས་ལྡི་ལི་ནས་རྡ་ས་Kangra གནམ་ཐང་དུ་འཕུར་མཁན་གྱི་གནང་གྲུའི་ནང་ཁྱོན་མི་༢༨ ཙམ་ཡོད་པའི་ཁོངས་སུ་བོད་མི་གཉིས་ཙམ་ཡོད་འདུག འདི་ག་རླུང་འཕྲིན་ཁང་ནས་དེའི་ཁོངས་སུ་ཡོད་པ་བོད་པ་བློ་བཟང་ཚེ་བསྟན་ལགས་སུ་ཛ་དྲག་གི་དུས་སྐབས་འདིར་གནམ་གྲུའི་ནང་བསྐྱོད་སྐབས་དགོས་ངེས་ཀྱི་ཡིག་ཆ་ག་རེ་དགོས་མིན་དང་། ས་གནས་སོ་སོར་སྐྱོད་སྐབས་འཕྲོད་བསྟེན་བརྟག་དཔྱད་དང་ཟུར་བཀག་ཉིན་གྲངས་ག་ཚོད་བཞུགས་དགོས་མིན་སོགས་ཀྱི་ཐད་ལ་བཀའ་དྲི་ཁག་ཅིག་ཞུས་ཡོད།

  རྒྱ་ནག་གི་བདེ་འཇགས་ཀྱི་ཁྲིམས་འཆར་ཁྲོད་ཧོང་ཀོང་གི་ཞི་རྒོལ་བསྐྱར་ལོག་བྱུང་བ།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གི་འདི་ལོའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་གྲོས་ཚོགས་ཚོགས་ཐེངས་ ༣ པ་འགོ་འཛུགས་ཀྱིས།   ཚོགས་ཐོག་ཏུ་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཀྱི་ཁྲིམས་ཡིག་བཏོན་པར་བརྟེན། ཁེ་ཉིན་ཕྱི་ཚེས་ ༢༤ ཉིན་ཧོང་ཀོང་གི་གྲོང་ཁྱེར་ལྟེ་བར་དམངས་གཙོ་དོན་གཉེར་བ་དང་སློབ་ཕྲུག་སྟོང་ཕྲག་མང་པོས་ཁྲིམས་འཆར་དེར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་དང་། སྐབས་དེར་ཧོང་ཀོང་ཉེན་རྟོག་པས་ལས་འགུལ་བར་དྲག་རྡུང་བྱས་ཏེ་ལས་འགུལ་བ་༡༨༠ ལྷག་འཛིན་བཟུང་དང་ཁག་ཅིག་ཛ་དྲག་གི་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག ཐེངས་འདིའི་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཆར་དེ་དང་འབྲེལ་ནས། རྒྱལ་སྤྱིའི་ཐོག་གི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ ༢༠༠ ལྷག་གིས་མཉམ་རུབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཀྱི་ཁྲིམས་འཆར་དེ་ནི་ཕྱོགས་ཡོངས་ནས་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་དང་ཁྲིམས་སྒྲིག  ད་དུང་གཞི་རྩའི་ཐོབ་ཐང་སོགས་ལ་རྒོལ་རྡུང་གཏོང་བྱེད་ཅིག་ཡིན་པར་ཡོངས་གྲགས་གནང་འདུག ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ Robert O’brien ལགས་ཀྱིས་ཁྲིམས་ཡིག་དང་འབྲེལ་ནས་ NBC གསར་ཁང་ལ་འགྲེལ་བརྗོད་བྱེད་དོན།  ཐེངས་འདིའི་ཧོང་ཀོང་དང་འབྲེལ་བའི་རྒྱ་ནག་གི་བདེའཇགས་ཀྱི་ཁྲིམས་ཡིག་དེ་ཧོང་ཀོང་རྒྱ་ནག་གི་གི་སྟངས་འཛིན་འོག་སླེབས་ཆེད་བཟོས་པ་ཞིག་རེད། གལ་ཏེ་རྒྱ་ནག་གཞུང་གིས་དེ་ལྟར་བྱས་ཚེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ Mike Pompeo ཡིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་ཡོད་པར་ངོས་འཛིན་བྱེད་ཐབས་མེད་སྟབས།  ཨ་རིས་རྒྱ་ནག་དང་ཧོང་ཀོང་གཉིས་ལ་བཀག་སྡོམ་བྱེད་སྲིད་པར་བསྒྲགས་འདུག ལོ་ན་ ༣༠ ཡིན་པའི་ཞི་རྒོལ་བ་  Chan ཟེར་བ་ཞིག་གིས།  ལས་འགུལ་གྱི་ཁྲོད་ནས་ཁོང་ཧོང་ཀོང་གི་ཉེན་རྟོག་པའི་འཛིན་བཟུང་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་ནའང་། ཁོང་ད་དུང་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་བྱེད་ཀྱི་ཡོད། དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་མུ་མཐུད་ནས་རྒྱ་ནག་གི་ཁྲིམས་འཆར་དེར་ངོ་རྒོལ་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་དང་།  དེ་བཞིན་མིང་བརྗོད་འདོད་མེད་པའི་ལོ་ ༡༦ ཅན་གྱི་སློབ་ཕྲུག་ཅིག་གིས།   རྒྱ་ནག་གིས་ཁྲིམས་འཆར་དེ་གཏན་འབེབས་བྱས་བ་བརྒྱུད་ནས་སྔོན་ཆད་ཞུ་གཏུག་བྱས་པའི་མི་དག་རྗེས་འདེད་གཏོང་ངེས་ཡིན་པ་དང་། སྐབས་དེར་ཉེན་རྟོག་པས་བཀག་འགོག་མི་ཐུབ་པའི་གནས་སྟངས་ཤིག་ཤར་སྲིད་པར་སེམས་འཚབ་ཆེན་པོ་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཧོང་ཀོང་གི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ།  ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་ཚོགས་ཁག་ཅིག་གིས་ངོ་རྒོལ་བྱས་ཏེ། རྒྱ་ནག་གི་བདེ་འཇགས་ཀྱི་ཁྲིམས་འཆར་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་འཛིན་དེ་འཕྲོ་བརླགས་སུ་གཏོང་གི་འདུག་ཅེས་སྐད་འབོད་བྱས་ཡོད་པ་མ་ཟད།  ངོ་རྒོལ་བ་ཞིག་གིས་རྒྱ་ནག་གིས་མ་འོངས་པར།  ཁྲིམས་འཆར་དེའི་མིང་ཐོག་ནས་དམར་ཤོག་ཚོགས་པའི་འདོད་མོས་ལྟར་མི་མང་འཛིན་བཟུང་དང་བཀག་སྡོམ་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་སྔར་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཟེར་བ་ཞིག་གཏན་འབེབས་བྱེད་འཆར་དང་བསྟུན་ནས་ཧོང་ཀོང་གི་ནང་དུ་ཡུལ་མི་ས་ཡ་མང་པོས་དུས་གཅིག་ལ་ཞི་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བར་བརྟེན་གནས་ཚུལ་དེ་རེ་ཞིག་ལྷིང་འཇགས་ཀྱི་ངང་གནས་ཡོད་ནའང་།   ད་ཆ་རྒྱ་ནག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་སླར་ཡང་གནད་དོན་དེ་གླེང་སློང་བྱུང་བ་བརྒྱུད་ནས་ཧོང་ཀོང་གི་ཞི་རྒོལ་ལ་བསྐྱར་ལོག་བྱུང་ཡོད་པ་ཞིག་རེད།    

དྷརྨ་ས་ལའི་ཁུལ་དུ་བོད་མི་ལྔ་བཅུ་ང་བཞི་ཙམ་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མུས།

བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བཞུགས་སྒར་དྷརྨ་ས་ལའི་གཡས་གཡོན་དུ་ཕྱི་ཕྱོགས་ནས་ཕེབས་པའི་བོད་མི་རྣམས་ཟུར་འཇོག་གནང་སའི་ས་ཚིགས་གསུམ་ཙམ་གྲ་སྒྲིག་གནང་བའི་ནང་ད་ལྟའི་ཆར་ཁྱོན་བོད་མི་ ༥༤ ཙམ་གནས་བཞུགས་མུས་ཡིན་པ་དེ་ལྟར་ཡང་། ས་ཚིགས་དེ་དག་ནང་གཏན་བཞུགས་གནང་མཁན་བོད་མི་ཁག་ཅིག་གིས་རང་ཉིད་ཀྱི་བདེ་འཇགས་ཐད་བློ་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་བཞིན་འདུགས་ཁུལ་གཞན་ནང་ལ་ལུས་པའི་ཧི་མཱ་ཅལ་མངའ་སྡེའི་ཡུལ་མི་རྣམས་རང་གནས་སུ་ཕྱིར་ལོག་ཆོག་པའི་བཀའ་རྒྱ་ཡོངས་བསྒྲགས་གནང་བ་དང་འབྲེལ། བཞུགས་སྒར་དྷརྨ་ས་ཁུལ་དུ་ཕྱིར་ལོག་གནང་བའི་བོད་མི་རྣམས་རང་ཁྱིམ་དུ་མ་ཕེབས་གོང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་དགོས་པ་ལྟར་དེང་ཆར་གངས་སྐྱིད་ཉེ་འདབས་སུ་ཡོད་པའི་ཤུག་གསེབ་ལས་ཤག་ཏུ་གོ་སྒྲིག་གནང་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བོད་མི་ ༢༠ དང་ཤེས་རབ་དགའ་ཚལ་སློབ་གླིང་གྱི་བུ་མོའི་ཉལ་ཁང་དུ་གོ་སྒྲིག་གནང་དོན་བཞིན་སློབ་ཕྲུག་ ༢༥ དེ་བཞིན་དབུས་སྣེ་ལེན་ཁང་དུ་བོད་མི་ ༩ བཅས་ཁྱོན་བོད་མི་ ༥༤ ཙམ་ཞིག་འགོག་དབྱེ་ཟུར་འཇོག་ཁང་ཁག་གསུམ་པོར་བཞུགས་བཞིན་འདུགདེ་རིང་ཕྱི་ཟླ་ ༥ ཚེས་ ༢༥ ཉིན་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་འགོག་དབྱེ་ཟུར་འཇོག་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་བཟང་ལགས། དེ་བཞིན་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་བསྐྲུན་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་འགོག་དབྱེ་ཟུར་འཇོག་ཁང་དེར་ཆེད་ཕེབས་ཀྱིས་ད་ལྟ་བྷ་རོ་ཌ་མཐོ་སློབ་ཀྱི་སློབ་མ་གྲངས་ ༡༥ དང་སེ་ལ་ཁུའི་སློབ་ཕྲུག་གྲངས་ ༣ དེ་བཞིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་གྲངས་ ༧ བཅས་བོད་པའི་སློབ་མ་ཁྱོན་མི་གྲངས་ ༢༥ ཡོད་པ་དེ་དག་དང་ཐུག་འཕྲད་གནང་སྟེ། ཁོང་རྣམ་པའི་གནས་སྟངས་རྒྱུས་ལོན་གནང་བ་དང་ཆབས་ཅིག སློབ་ཕྲུག་རྣམས་ལ་ད་རེས་ཀྱི་དུས་ཡུན་ཁྲོད་གཙོ་བོ་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་བ་མ་ཟད། གསར་འགོད་པའི་བཅར་འདྲི་ཞུས་པར་དང་ལེན་གྱིས་བོད་མི་སུ་འདྲ་ཞིག་རྒྱ་གར་གྱི་ས་གནས་གང་དུ་བཞུགས་ཡོད་པ་དེར་སོར་བཞུགས་དགོས་པ་ལས་འགྲིམ་འགྲུལ་རིགས་མ་རོགས་ཞེས་འབོད་སྐུལ་གནང་སོང་། སྐབས་དེར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཀྱང་སློབ་ཕྲུག་ཚོའི་ངོས་ནས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་འབད་དགོས་སྐོར་སོགས་གསུངས་པ་དང་། ལྷག་དོན་ཟུར་བཞུགས་ཀྱི་དུས་སྐབས་དམ་འཛིན་གྱིས་རང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་ཡོད་པ་རེད། རྩ་བའི་ཉེ་སྔོན་གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་བཞུགས་སྒར་ཁུལ་དུ་ཕྱི་ཕྱོགས་ནས་ཕེབས་མཁན་བོད་མི་མང་རུ་འགྲོ་བཞིན་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱིས་འགོག་དབྱེ་ཟུར་འཇོག་ཁང་གསུམ་གོ་སྒྲིག་ཡོད་ཀྱང་། སློབ་ཁག་ནས་ཡོང་བའི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་དྷ་ཤོད་བོད་ཁྱིམ་དུ་འགོག་དབྱེ་ཟུར་འཇོག་ཆེད་མཐུན་རྐྱེན་སྦྱར་འཆར་ཡོད་སྐོར་གསུངས་སོང་། འོན་ཀྱང་ད་ལྟའི་ཆར་སློབ་གྲྭ་ནང་དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༡༥༠ ཙམ་བཞུགས་མུས་ཡིན་སྟབས། དེར་ཟུར་འཇོག་ཁང་ཆེད་འཛུགས་གནང་ཚེ་དེར་བཞུགས་ཚོར་ཉེན་ཁ་ཡོད་པར་ཐུགས་ཁྲལ་གནང་མཁན་ཁག་ཅིག་ཡོད་པའི་ཐོག་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་ཚོས་ཀྱང་དེར་གདོང་ལེན་གནང་བཞིན་པའི་གནད་དོན་ཞིག་ཐོས་རྒྱུ་ཡོད་པ་མ་ཟད། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མའི་ཁྲོད་ནས་ཀྱང་ཁོང་རྣམས་ཕལ་མོ་ཆེ་བ་བོད་ནས་ཕེབས་མཁན་ཤ་སྟག་ཡིན་པ་དང་། ཅི་སྟེ་ཁོང་རྣམས་ལ་རིམས་ནད་ཕོག་པ་སོགས་ཀྱི་གནད་དོན་འབྱུང་ཚེ་ངལ་བ་ཆེན་པོ་འཕྲད་ཉེན་ཡོད་པར་སེམས་ཁྲལ་གནང་བཞིན་འདུགསྲིད་སྐྱོང་མཆོག་གིས་དེ་རིང་འགོག་དབྱེ་ཟུར་འཇོག་ཁང་གཉིས་ཀྱི་ནང་གཟིགས་སྐོར་དང་དེར་བཞུགས་བོད་མི་དག་ལ་མཇལ་འཕྲད་སོགས་གནང་བ་དང་འབྲེལ། དབུས་སྣེ་ལེན་ཁང་དུ་གོ་སྒྲིག་གནང་བའི་ Covid Care Center ཞེས་མ་འོངས་པར་བཞུགས་སྒར་ཁུལ་དུ་བོད་མིར་ཏོག་དབྱིབས་རིམས་ནད་ཕོག་མཁན་འབྱུང་ཚེ་ཟུར་བཀག་འོག་སྨན་བཅོས་གནང་ཡུལ་ཁང་དེ་ལའང་གཟིགས་སྐོར་གནང་བ་མ་ཟད། དེ་རྗེས་དྷ་ཤོད་བོད་ཁྱིམ་དུ་ཆེད་ཕེབས་ཀྱིས་ཟུར་འཇོག་ཁང་ཆེད་འཛུགས་གནང་འཆར་དང་འབྲེལ་བའི་གྲོས་བསྡུར་གནང་ཡོད་པ་རེད།

ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་ཁག་ཚོས་གནས་ཡུལ་རྒྱལ་ཁབ་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ།

དེང་སྐབས་འཛམ་གླིང་ཁྱོན་དུ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་འདིར་བོད་མི་ཚོགས་སྒེར་ཁག་ནས་རང་རེའི་གནས་ཡུལ་རྒྱལ་ཁབ་གཞུང་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་རོགས་དངུལ་ཞལ་འདེབས་ཕུལ་བ་དང་ཟས་གོས་སྦྱིན་གཏོང་སོགས་ཀྱི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་པ་ལྟར། ཡོ་རོབ་རྒྱལ་ཁབ་ཁུལ་དུ་གནས་སྡོད་བོད་རིགས་ཚོགས་ཁག་ཅིག་གིས་རང་རེའི་གནས་ཡུལ་རྒྱལ་ཁབ་ནང་གི་འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་དངུལ་ཞལ་འདེབས་ཕུལ་བའི་ཐོག་ནས་ནད་ཡམས་ཁྲོད་ཕྱག་ལས་གནང་མཁན་ཡོངས་ལ་ལ་ཆེ་བསྟོད་དང་དེ་བཞིན་ཚེ་སྲོག་ཤོར་བའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུགསུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་རང་རེའི་གནས་ཡུལ་ཡུལ་རྒྱལ་ཁབ་ནང་དུ་ཐེངས་འདིའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་འཕྲོད་བསྟེན་ཞབས་ཞུ་བ་དང་དེ་བཞིན་སྤྱི་ཚིགས་ཀྱི་ཕན་བདེར་ལས་དོན་གཉེར་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མི་འདྲ་བ་གསུམ་ལ་སུད་སྒོར་ཁྱོན་ ༡༢༥༦༧ ཞལ་འདེབས་ཕུལ་འདུག་ཅིང། ཡོ་རོབ་ཨོ་སི་ཀྲི་ཡ་བོད་རིགས་ཚོགས་པས་ཁུལ་དེའི་ནང་གི་ནད་ཡམས་ངལ་སེལ་རོགས་སྐྱོར་ལས་དོན་གཉེར་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པར་ཡོ་རོབ་སྒོར་ ༧༩༤༧ ཞལ་འདེབས་ཕུལ་བ་དང། དེ་བཞིན་ཨི་ཊ་ལི་བོད་རིགས་ཚོགས་པས་ཁུལ་དེའི་རྒྱ་གྲམ་དམར་པོ་ཚོགས་པར་ཡོ་རོབ་སྒོར་ ༡༤༦༥ བཅས་ཕུལ་ཏེ་གོང་གསལ་བོད་རིགས་ཚོགས་པ་དེ་དག་གིས་གནས་ཡུལ་གཞུང་གི་ད་བར་བོད་མི་སྐྱབས་བཅོལ་བ་ཚོར་བདག་སྐྱོང་གནང་བར་བཀྲིན་ཆེ་ཞུས་པ་དང། ནད་ཡམས་ཁྲོད་གཡུལ་སའི་མདུན་དུ་སྐྱོད་མཁན་འཕྲོད་ལས་ཞབས་ཞུ་བ་ཚོར་ཆེ་བསྟོད་དང། ད་བར་ནད་ཡམས་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་གདུང་སེམས་བསྐྱེད་ཞུས་ཡོད་པ་རེད། སུད་སི་དོན་གཅོད་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར་དོན་ཁང་ཁྱབ་ཁོངས་བོད་མི་གནས་སྡོད་བྱེད་ཡུལ་རྒྱལ་ཁབ་དྲུག་པ་ཡོད་པས་ཐེངས་འདིའི་ནང་རྒྱལ་ཁབ་བཞིའི་ནང་གི་བོད་མི་ཚོས་མཉམ་ཞུགས་གནང་ཡོད་པ་གསུངས་སོང་། དེ་མཚུངས་སུ་དབྱིན་ཡུལ་དོན་ཁང་ཁྱབ་ཁོངས་བོད་རིགས་ཚོགས་པ་ཁག་གིས་ནད་ཡམས་ཁྱབ་གདལ་ཁྲོད་དངོས་སུ་གནས་ཡུལ་གཞུང་ལ་དངུལ་གྱི་ཞལ་འདེབས་ཕུལ་བར་ས་གནས་ཀྱི་གནས་བབ་དང་ཁ་ཐོར་བོད་མིའི་གནས་སྟངས་བཅས་ཀྱི་ཐོག་ནས་བྱུང་མེད་ཀྱང། དབྱིན་ཡུལ་བོད་རིགས་ཚོགས་པའི་ངོས་ནས་འཕྲོད་བསྟེན་ཞབས་ཞུ་བར་ཐུགས་རྗེ་ཆུ་ཞུའི་མཛད་སྟོན་གཉེར་རྒྱུ་ཡིན་པ་སོགས་གསུངས་སོང་། རྩ་བའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཉེ་སྔོན་ནད་ཡམས་དང་འབྲེལ་ནས་གཞུང་གི་ཁྱབ་ཁོངས་མཛད་གཙོ་རྣམ་པ་དང་ལས་བྱེད་པའི་ཉིན་གཅིག་གི་ཕོགས་ཐོབ་རྒྱ་གར་གྱི་སྲིད་བློན་གི་མཚན་ཐོག་ཛ་དྲག་ངེལ་སེལ་མ་དངུལ་ལ་ཞལ་འདེབས་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་པ་མ་ཟད། དེ་བཞིན་དོན་གཅོད་ཁག་གིས་གནས་ཡུལ་རྒྱལ་ཁབ་གཞུང་མང་ནས་རང་རེའི་སྤྱི་ཚོགས་ལ་གནང་བའི་བཀྲིན་ལ་བསམ་ཤེས་ཀྱིས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་དཀའ་ངལ་སེལ་བར་ཕན་ཆེད་དོན་ཁང་ཁག་གི་ལས་བྱེད་དང་ཁྱབ་ཁོངས་བོད་རིགས་མི་མང་ལས་ཞལ་འདེབས་བསྡུ་རུབ་ཀྱིས་སོ་སོའི་རྫོང་ངམ་འབྲེལ་ཡོད་ལས་ཁུངས་ལ་དེ་ལྟར་གནང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

Latest news