Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཌལ་ཧོར་ཁུལ་དུ་བོད་རིགས་རིམས་ནད་ཕོགས་མཁན་ཐོག་མ་བྱུང་བ།

ད་ལྟའི་ཆར། འདི་ལོར་རྒྱ་ནག་ནས་ཐོག་མར་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་རྒྱལ་སྤྱིའི་སྟེང་ཁྱབ་བརྡལ་གྱིས་སྤྱི་ཚོགས་གང་སར་དཀའ་ངལ་མང་དག་ཅིག་འཕྲལ་གྱི་ཡོད་པ་རེད།  སྐབས་འདིར་རྒྱ་གར་གྱི་ནང་དུ་ཡང་མི་གྲངས་འབུམ་གཉིས་ལྷག་ལ་རིམས་ནད་ཕོགས་ཡོད་པ་ལྟར།  ཁེ་ཉིན་ཟླ་བ་ལྔ་བའི་ཚེས་ ༣༡ ཉིན་རྒྱ་གར་བྱང་ཕྱོགས་ཌལ་ཧོར་ཁུལ་དུ་ལྡི་ལི་ནས་ཕྱིར་ལོག་བྱུང་བའི་མི་མང་ལ་རིམས་ནད་བརྟག་དཔྱད་བྱས་པའི་ཁྲོད།  བོད་རིགས་ལོ་ན་ ༦༣ ཅན་གྱི་བུད་མེད་ཅིག་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད་པར་བརྟེན། ད་ལྟའི་ཆར་ཁོང་ཁུལ་དེའི་རྒྱ་གར་གྱི་སྤྱི་མང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་པ་རེད་འདུག    གོང་གི་གནད་དོན་དང་དེ་དང་འབྲེལ་ནས།  དབུས་བོད་མིའི་སྒྲུག་འཛུགས་ཀྱི་རིམས་ནད་སྔོན་འགོག་གི་ལས་དོན་ཚོགས་ཆུང་གི་ཚོགས་མི། མཚམས་གཅོད་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས།  སྐྱེས་མ་དེར་རིམས་ནད་ཕོག་ཡོད་པ་གཏན་འཁེལ་བྱུང་ཡོད་ནའང་། ཁོང་མོར་ད་ལྟའི་ཆར་དཀའ་ངལ་གང་ཡང་མེད་པར་སྨན་བཅོས་བྱེད་བཞིན་པ་དང་། གང་མགྱོགས་ཁོང་མོ་དང་འབྲེལ་བ་བྱུང་བའི་ནང་མི་རྣམས་ལ་ཡང་རིམས་ནད་བརྟག་དཔྱད་བྱེད་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་སོང་། གཞི་རྩའི་ནུབ་ཕྱོགས་ཨ་རི་དང་ཡོ་རོབ་ཀྱི་ཁུལ་དུ་བོད་མི་གང་འཚམས་ཤིག་ལ་རིམས་ནད་ཕོག་ཡོད་ནའང་།  རྒྱ་བལ་འབྲུག་གསུམ་གྱི་ནང་དུ་བོད་མིར་རིམས་ནད་ཕོགས་མཁན་ཁ་ཤས་ཤིག་ལས་བྱུང་མེད་པ་རེད།  དེ་ཡང་མཚམས་གཅོད་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་སྔོན་ལྡི་ལིའི་ཁུལ་དུ་བོད་རིགས་སྨན་ཞབས་པ་སོགས་མི་བཞི་ཙམ་ལ་རིམས་ནད་ཕོག་པའི་གནས་ཚུལ་བྱུང་ཡོད་ནའང་། ད་ལྟའི་ཆར་ཁོང་རྣམས་དྲག་སྐྱེད་བྱུང་ཟིན་པ་རེད་འདུག

ཕོ་བྲང་པོ་ཏ་ལའི་གནས་གཟིགས་སྒོ་ཕྱེའི་གསལ་བསྒྲགས་སྤེལ་འདུག

དེའང་རྒྱ་ནག་གི་ Wuhan གྲོང་ཁྱེར་ནས་ Corona virus ཞེས་པའི་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་དེ་ཁྱབ་བརྡལ་བྱུང་སྟེ་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་གཉན་རིམས་དེ་ཁྱབ་སྤེལ་ཆེས་ཆེར་སོང་བའི་གནས་ཚུལ་རིམ་པ་ཐོན་དང་འཐོན་བཞིན་པའི་སྐབས་དེར་བོད་ནང་དུ་ནད་གཞི་སྔོན་འགོག་དང་ཁྱབ་བརྡལ་མི་ཡོང་བའི་ཕྱིར་ལྷ་ས་ནང་གི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གཉིས་ཀྱིས་གཙོས་པའི་བོད་ཀྱི་ས་ཁུལ་གང་སར་དགོན་པ་མང་དག་ཅིག་དུས་ཚོད་ངེས་མེད་བར་དུ་སྒོ་བརྒྱབ་པ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཡོངས་རྫོགས་སྤེལ་མཚམས་འཇོག་དགོས་བྱུང་ཡོད་པ་དེ་ལྟར་ཡང་། ཁ་སང་ཚེས་ ༢ ཉིན་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱིས་རྒྱ་ནག་རྒྱལ་ནང་གི་ནད་ཡམས་གནས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་པར་བརྟེན་གོང་རིམ་ནས་ཀྱང་ཕོ་བྲང་པོ་ཏ་ལ་སྒོ་ཕྱེ་ཆོག་པའི་ཆོག་མཆན་སྤྲད་པ་པ་བཞིན་གཉན་རིམས་འགོག་ཟོན་བྱ་ཐབས་ཀྱི་གནད་དོན་དག་དོན་འཁྱོལ་སྔོན་སོང་དང་སྦྲགས། དེ་རིང་ཕྱི་ཟླ་ ༦ ཚེས་ ༣ ཉིན་ནས་བཟུང་ཏོག་དབྱིབས་གཉན་རིམས་སྔོན་འགོག་འཐུས་ཚང་ཡོང་བར་ཆེད་དམིགས་ཀྱིས་དྲྭ་ཐོག་བརྒྱུད་གནས་མཇལ་གྱི་ཕྱག་འཁྱེར་བླུ་ཡོན་ཞུ་དགོས་པ་དང་། དེ་བཞིན་དུས་ཚོད་ཁག་དབྱེ་སོགས་ཀྱི་ཐོག་ནས་ཕོ་བྲང་པོ་ཏ་ལར་གནས་གཟིགས་སྒོ་ཕྱེ་རྒྱུ་ཡིན་པ་ལྟར་མཆོད་མཇལ་གྱི་དུས་ཚོད་སྔ་དྲོ་ཚོུད་ ༩ ནས་ ༤ བར་ཡིན་པ་ཡོངས་གྲགས་བྱས་འདུགདེའང་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱིས་ཕོ་བྲང་པོ་ཏ་ལར་གཟིགས་སྐོར་དང་མཆོད་མཇལ་ཞུ་བར་འགྲོ་ཆོག་པར་ཡོངས་གྲགས་བྱས་ཡོད་པ་ལྟར། གོང་ཚེས་བོད་ནང་གི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རང་གི་ངོ་དེབ་ཐོག་ཏུ་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྒྱ་མི་ཡུལ་སྐོར་བ་བརྒྱ་ཕྲག་མང་པོས་ཁ་རས་མ་གོན་པར་འཚང་ཁ་བརྒྱབ་ནས་བསྡད་ཡོད་པའི་བརྙན་ཐུང་ཞིག་ཆེད་བཀོད་ཀྱིས་ཁ་རས་མ་བརྒྱབ་པ་ཡུལ་སྐོར་བ་དུ་མ་ཞིག་ས་གནས་གཅིག་ཏུ་འཚང་ཀ་རྒྱག་བཞིན་འདུག་སྟབས། ཏོག་དབྱིབས་གཉན་རིམས་ཞི་བ་རེད་ཅེས་གང་ཟག་སུས་གསལ་བསྒྲགས་བྱེད་ཡོད་དམ། ཅི་སྟེ་སླར་ཡང་ཀྲང་མིང་ཅན་གྱི་ནད་པ་གཞན་ཞིག་འབྱུང་ཚེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་པ་དང་སྨན་ཞབས་༡༥༠ ལྷག་གིས་མི་གཅིག་ལ་སྨན་བཅོས་བྱ་རྒྱུ་ཡིན་ནམ་ཞེས་དྲི་བའི་ཚུལ་དུ་མཆན་བཀོད་གནང་འདུགགཞན་ཡང་འདས་པའི་ཟླ་ཤས་གོང་དུ་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་གནང་སྒོ་སྤེལ་ཡུལ་གྱི་གནས་སྟངས་དང་གཞི་ཁྱོན། ཤུགས་རྐྱེན། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ལ་གཞིགས་ཏེ་སྔོན་ལ་ཐག་རིང་དང་དེ་ནས་རྫོང་གྲོང་། དེ་རྗེས་ལྟེ་བའི་གྲོང་ཁྱེར་བཅས་ཀྱི་གོ་རིམ་ལྟར་ཞིབ་འཇུག་བྱས་རྗེས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་ལྷ་ས་གྲོང་ཁྱེར་གྱི་ཐག་རིང་དགོན་སྡེ་ ༢༡༤ ཙམ་བསྐྱར་དུ་སྒོ་ཕྱེ་འབྱེད་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་དང་། སེ་འབྲས་དགེ་གསུམ་གཙོས་པའི་ལྷ་སའི་ནང་གི་དགོན་སྡེ་ཁག་གཅིག་ད་དུང་སྒོ་ཕྱེ་རྒྱུ་མིན་པར་བསྒྲགས་སྤེལ་ཡོད་པ་རེད། སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་རྒྱ་ནག་གིས་བོད་ཁུལ་གྱི་དགོན་སྡེ་ཁག་བསྐྱར་དུ་སྒོ་འབྱེད་བྱས་པ་དེ་ནི་ནང་པའི་སྤྱི་ཚོགས་ལ་སེམས་གསོ་ཕྲན་ཙམ་བཏང་བ་ལྟ་བུ་ཞིག་ཡིན་ཀྱང་རྒྱ་ནག་གིས་ད་དུང་ནང་པའི་དགོན་སྡེ་ཁག་ལ་དམ་དྲག་སྟངས་འཛིན་བྱེད་རྒྱུར་འགྱུར་བ་གང་ཡང་ཕྱིན་མེད་ལུགས་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་བོད་ཁུལ་དུ་དགོན་སྡེ་ཁག་སྒོ་འབྱེད་བྱས་པ་དེ་ནི་རྒྱལ་སྤྱིའི་ཐོག་བོད་ཁུལ་དུ་ཞི་འཇགས་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པའི་རྣམ་པ་ཕྱིར་སྟོན་ཐབས་གཙོ་བོ་ཞིག་ཡིན་པ་དང་། དོན་དུ་བོད་ཁུལ་དུ་བོད་རིགས་སློབ་ཕྲུག་དང་གཞུང་ཞབས་པ་རྣམས་དགོན་པ་གྲྭ་ཚང་ཁག་གི་ཆོས་ལུགས་ཀྱི་གནང་སྒོར་ཞུགས་མི་ཆོག་པར་སྟངས་འཛིན་བྱེད་བཞིན་པར་མ་ཟད་སྤྱི་ཡོངས་ཀྱི་ཆ་ནས་དགོན་སྡེ་ཁག་ལ་དམ་དྲག་བྱེད་བཞིན་པའི་གནས་སྟངས་དེ་ནི་རྒྱུན་ལྡན་ཞིག་པར་ཡོངས་གྲགས་གནང་ཡོད་པ་རེད།གཞི་རྩའི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་དེ་བྱུང་ལྡན་པའི་ཕོ་བྲང་པོ་ཏ་ལ་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ནས་ད་བར་ཏོག་དབྱིབས་ཁྱབ་བརྡལ་རྐྱེན་པས་སྒོ་རྒྱག་ནས་གནས་གཟིགས་བཅར་བའི་མང་ཚོགས་ནས་མཆོད་མཇལ་སོགས་གནང་བར་མི་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་ཁྱོན་ཡོངས་ནས་གནའ་བོའི་ཁང་པའི་བཟོ་བཀོད་ཀྱི་རིག་པའམ་སྒྱུ་རྩལ་ཁྱད་པར་བ་དང་གནའ་བོའི་རིག་གནས་འབུམ་གཅིག་ལྷག་ཡོད་པའི་ཕོ་བྲང་ཞིག་ཡིན་པ་རེད། ཕོ་བྲང་དེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་ཆོས་རྒྱལ་སྲོང་བཙན་སྒམ་པོས་དུས་རབས་ ༧ ནང་བཞེངས་པ་དང་དེ་རྗེས་༸རྒྱལ་མཆོག་༸སྐུ་ཕྲེང་ལྔ་པ་ཆེན་པོས་རྒྱ་བསྐྱེད་མཛད་ཡོད་པ་དང་། UNESCO འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་ཁོངས་སུ་ཕྱི་ལོ་ ༡༩༩༤ ལོར་ངོས་འཛིན་བྱས་ཡོད་པ་རེད།

མཚོ་སྔོན་ཚ་མཚོའི་ཁུལ་དུ་ཧཱོ་པེ་གྲོང་ཁྱེར་གྱི་ཡུལ་སྐོར་བ་ནང་འདྲེན་བྱེད་བཞིན་པ།

ཉེ་ཆར་རྒྱ་ནག་གིས་ས་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་མི་མང་སྲིད་གཞུང་ཟེར་བའི་དྲ་རྒྱའི་ཐོག་གསར་འགྱུར་སྤེལ་བ་ལྟར་ན། འདི་ལོར། མཚོ་སྔོན་བོད་རིགས་རང་སྐྱོང་ཁུལ། དབུས་ལམ་རྫོང་། ཚ་མཚོ་གྲོང་བརྡལ་གྱི་ཁུལ་དུ་ཡུལ་སྐོར་སྤྲོ་འཁྱམ་པ་མང་དུ་གཏོང་འཆར་ཡོད་པའི་ཁྲོད་ནས། ལོ་གཅིག་ཧྲིལ་པོའི་རིང་ཁུལ་དེར་ལྟ་སྐོར་དུ་འགྲོ་བར་འཛིན་བྱང་ཉོ་མི་དགོས་བའི་མི་ཚོགས་ཀྱི་རྣམས་གྲངས་རིགས་བཞི་ཟུར་འདོན་བྱས་ཡོད་པ་དང་། དེའི་ཁོངས་སུ་འདི་ལོའི་རྒྱ་ནག་ནང་གི་ཏོག་དབྱིབས་རིམས་ནད་ཐོག་མར་ཁྱབ་བརྡལ་བྱུང་སའི་ཞིང་ཆེན་ཧཱོ་པཱེ་ཡི་མི་མང་ལྟ་སྐོར་བ་མིང་འདོན་བྱས་འདུག གནས་ཚུལ་དེའི་ནང་དུ། མཚོ་སྔོན་མཚོ་ནུབ་ཏུ་ཆགས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་མཚོ་སྔོན་ཚ་མཚོ་ཁུལ་དུ་སྔར་ལོའི་ནང་ཡུལ་སྐོར་སྤྲོ་འཁྱམས་པ་ཁྲི་སུམ་བརྒྱ་ཙམ་བསྡུས་ཡོད་པ་དང་། འདི་ལོར་གྲོང་ཁྱེར་ཧཱོ་པེ་ཁུལ་གྱི་མི་དང་མཚོ་སྔོན་གྱི་མི། དེ་བཞིན་རྒྱལ་ཡོངས་ཀྱི་སློབ་མ་དང་སྨན་ཞབས་པ་རྣམས་ཚ་མཚོའི་ཁུལ་དུ་ལྟ་སྐོར་ལ་སོང་བ་ཡིན་ན་ལོ་གཅིག་རིང་འཛིན་བྱང་ཉོ་མི་དགོས་བར་རིན་མེད་ཀྱི་སྒོ་ནས་ཡུལ་སྐོར་ལྗོངས་རྒྱུར་རོལ་ཆོག་པར་འཁོད་འདུག དེ་བཞིན་རྒྱལ་ཡོངས་ནས་སླེབས་པའི་ཡུལ་སྐོར་བ་མང་པོ། འདི་ལོའི་ཟླ་བ་ ༤ བའི་ཚེས་ ༢༦ ནས་ཟླ་བ་ ༦ པའི་ཚེས་ ༣༠ བར་དབུས་ཚ་མཚོ་ཁུལ་དུ་འགྲོ་སྐྱོད་བྱེད་རྒྱུའི་འཛིན་བྱང་ཆག་ཡང་གཏོང་རྒྱུ་ཡིན་པ་དང་། དམིགས་བསལ་དུ་སྤྱི་ཟླ་ ༧ པའི་ཚེས་ ༡ ནས་བཟུང་རྒྱ་ནག་སྲིད་གཞུང་གི་དུས་ཆེན་གལ་ཆེན་ཁག་ནམ་ཡིན་ལ་དབུས་ཚ་མཚོའི་ཁར་ལྟ་སྐོར་དུ་འགྲོ་མཁན་གྱི་འཛིན་བྱང་ཕྱེད་བཅག་གིས་ཕྱིར་བཙོང་བྱེད་རྒྱུ་ཡིན་པར་བསྒྲགས་འདུག རྒྱ་ནག་གིས་དྲིལ་བསྒྲགས་བྱས་པར་གཞིགས་ན། ཐེངས་འདིའི་མཚོ་སྔོན་ཚ་མཚོའི་ཁར་ཡུལ་སྐོར་སྤྲོ་འཁྱམ་པ་ནང་འདྲེན་བྱེད་རྒྱུ་དེ་ནི་འདི་ལོར་ནད་ཡམས་ཀྱི་རྐྱེན་གྱིས་མི་མང་ཕྱིར་འགྲོ་སྐྱོད་མ་ཐུབ་པ་དང་། དམིགས་བསལ་དུ་སྨན་ཞབས་སོགས་ཀྱིས་རིམས་ནད་སྔོན་འགོག་གི་བྱ་བའི་ཐད་ནས་ཤུགས་སྣོན་བྱས་ཡོད་པར་བརྟེན་མི་མང་ལ་བཀའ་དྲིན་རྗེས་དྲན་དང་། དེ་བཞིན་བོད་ཁུལ་གྱི་རང་བྱུང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་ཆེད་དུ་ཡིན་པར་བྲིས་འདུག གཞི་རྩའི་རྒྱ་ནག་གིས་འདི་ལོར་རྒྱ་ནག་རྒྱལ་ཡོངས་སུ་རིམས་ནད་ཀྱི་རྐྱེན་གྱིས་ཝུ་ཧན་གྲོང་ཁྱེར་ནས་རྒྱ་ནག་གི་ས་ཁུལ་གཞན་དུ་འགྲོ་སྐྱོད་བྱེད་རྒྱུའི་གནམ་གྲུ་དང་མེ་འཁོར་སོགས་འཕྲལ་དུ་བཀག་འགོག་བྱས་ཡོད་ནའང་། ཉིན་ཁ་ཤས་རིང་ཁུལ་དེ་ནས་བོད་ཁུལ་དུ་འགྲུལ་བཞུད་བྱེད་བཞིན་པའི་གནམ་གྲུ་དང་མེ་འཁོར་སོགས་བཀག་འགོག་བྱས་མེད་པའི་ཐད་ནས་རྒྱལ་སྤྱིའི་ཐད་གླེང་སློང་མང་པོ་བྱུང་ཡོད་པ་རེད།  ཐེངས་འདིར་ཡང་རྒྱ་ནག་གིས་ཆེད་དུ་མཚོ་སྔོན་ཚ་མཚོའི་ཁར་ཧཱོ་པཱེ་ཞིང་ཆེན་གྱི་ཡུལ་སྐོར་སྤྲོ་འཁྱམ་པ་ནང་འདྲེན་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་ཐོན་འཕྲལ། སྤྱི་ཚོགས་དྲྭ་ལམ་ཁྲོད་ལས་གཞི་འདིས་སྤྱི་ཡོངས་ཀྱི་ཁུལ་དེའི་བོད་རིགས་མི་མང་ལ་རིམས་ནད་འགོས་ཁྱབ་ཀྱི་སེམས་ཁྲེལ་ཆེན་པོ་ཡོང་ངེས་བ་ཞིག་ཆགས་ཡོད་པ་མ་ཟད། རང་བྱུང་སྐྱེ་ཁམས་ལ་གཏོར་བཅོམ་ཐེབས་རྒྱུ་ཡིན་པའི་སེམས་ཚབ་གནང་མཁན་མང་པོ་ཡོད་པ་རེད།

སུད་སི་གྲོང་ཁྱེར་བཞིའི་ནང་གོམ་བགྲོད་སྐོར་སྐྱོད་ཟིན་འདུག  

རྒྱ་ནག་ཚོང་ཟོག་ཉོ་ཚོང་འཚམས་འཇོག་དགོས་པའི་རེ་འདུན་ཐོག་ཟླ་ ༥ ཚེས་ ༢༧ ཉིན་སུད་སི་གྲོང་ཁྱེར་ Winterthur ནས་དབུ་འཛུགས་ཀྱིས་རྒྱབ་ཏུ་ཉལ་ཆས་བླུགས་པའི་ལྟོ་ཆས་དང་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། དེ་བཞིན་རྒྱབ་ཏུ་འཛམ་གླིང་གཞུང་མང་ནས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་དགོས་ཞེས་འབོད་ཚིག་འཁོད་པའི་ཤོག་སྦྱང་འཕྱང་ནས་སུད་སི་ནང་ཁེར་རྐྱང་གིས་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་ཚེ་རིང་དབང་འདུས་ལགས་སུད་གྲོང་ཁྱེར་ཆེ་ཁག་བཞིའི་ནང་བོད་དོན་གོམ་བགྲོད་སྐོར་སྐྱོད་གནང་ཟིན་ཡོད་པ་དང་། ད་ལྟའི་ཆར་ཁོང་ཉིད་བདེ་ཐང་ངང་སུད་སི་གྲོང་ཁྱེར་ Fribourg ཕྱོགས་སུ་མུ་མཐུད་ནས་སྐོར་སྐྱོད་གནང་བཞིན་འདུགཁ་སང་རླུང་འཕྲིན་ཁང་གིས་བོད་དོན་བོད་དོན་གོམ་བགྲོད་པ་ཚེ་རིང་དབང་འདུས་ལགས་སུད་སི་རྒྱལ་ས་ Bern ནས་ཐོན་ནས་གྲོང་ཁྱེར་ Fribourg དུ་གོམ་བགྲོད་གནང་བཞིན་པ་དང་བསྟུན་ཞལ་པར་བརྒྱུད་བཅར་འདྲི་ཞུས་ཡོད།སྤྱིར་སུད་སི་ནང་དུ་གནས་སྡོད་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་མཁན་བོད་མི་ཚེ་རིང་དབང་འདུས་ལགས་ཀྱིས་རྒྱབ་ཏུ་ཉལ་ཆས་བླུགས་པའི་ལྟོ་ཆས་དང་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། དེ་བཞིན་རྒྱབ་ཏུ་འཛམ་གླིང་གཞུང་མང་ནས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་དགོས་ཞེས་འབོད་ཚིག་འཁོད་པའི་ཤོག་སྦྱང་འཕྱང་ནས་སུད་སི་ནང་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་པར་མ་ཟད། རྒྱལ་སྤྱིའི་གཞུང་མང་ལ་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་གོ་ལའི་ཁྱོན་ཡོངས་སུ་འགྲོ་བ་མི་སྟོང་ཕྲག་མང་པོའི་ཚེ་ཤོར་བའི་འགན་ཡོངས་རྫོགས་རྒྱ་གཞུང་ལ་འཁུར་འཇུག་དགོས་ཞེས་འབོད་སྐུལ་ཡང་གནང་བཞིན་ཡོད་པ་རེད། དང་བླངས་ཐོག་བོད་དོན་གོམ་བགྲོད་གནང་མཁན་ཚེ་རིང་དབང་འདུས་ལགས་ཀྱིས་ཟླ་ ༥ ཚེས་ ༢༧ ཉིན་ནས་དབུ་འཛུགས་གནང་དོན་ལྟར་ད་བར་སུད་སི་གྲོང་ཁྱེར་ Winterthur དང།  Zurich དེ་བཞིན་ Luzern རྒྱལ་ས་ Bern བཅས་ནང་བོད་དོན་གོམ་བགྲོད་གནང་ཟིན་འདུག་པ་མ་ཟད། ཁོང་ནས་སུད་སི་གྲོང་ཁྱེར་ Fribourg ནས་མུ་མཐུད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གནས་ཚུལ་ཇི་ནི་ཝའི་གྲོང་ཁྱེར་བར་གོམ་བགྲོད་གནང་སྟེ་ཇི་ནི་ཝའི་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་བ་དང་ཆབས་ཅིག་ཏུ་ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་རྒྱུ་རེད་འདུགད་ཆ་དབང་འདུས་ཚེ་རིང་ལགས་ཀྱི་བོད་དོན་གོམ་གྲོས་འགུལ་འདིར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཧ་ཅང་མང་པོས་ངོ་དེབ་བརྒྱུད་རྒྱབ་སྐྱོར་དང་ཡི་རང་བསྔགས་བརྗོད་གནང་མཁན་འདུག་པ་མ་ཟད། དེ་བཞིན་ཚོགས་སྡེ་དང་སྒེར་པ་ཁག་ཅིག་གིས་གོམ་བགྲོད་ཆེད་དུ་ཁོང་ལ་ཞབས་ལྷམ་དང་ཞལ་པར་གློག་གསོག་ཆས། དེ་བཞིན་ལམ་བར་ལ་ཞལ་ལག་དང་བཞུགས་གནས་ཆེད་དུ་དངུལ་ཞལ་འདེབས་གནང་མཁན་ཡང་བྱུང་འདུག དབང་འདུས་ཚེ་རིང་ལགས་ནས་བོད་མི་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་བསྔགས་བརྗོད་དེ་ལྟར་གནང་སྐབས་རང་ཉིད་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་སེམས་ཤུགས་འཕར་མ་ཞིག་བསྐྱེད་བ་མ་ཟད་སླད་མར་རང་ཉིད་ཇི་སྲིད་འཚོ་བའི་བར་དེ་སྲིད་དུ་བོད་དོན་ལས་འགུལ་མུ་མཐུད་སྤེལ་ངེས་ཡིན་གསུངས་སོང་། སྤྱིར་སུད་སིར་གནས་སྡོད་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་མཁན་བོད་མི་ཚེ་རིང་དབང་འདུས་ལགས་ཆ་མཚོན་ན་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་ཙམ་མ་ཟད་དེ་སྔོན་ཁོང་ནས་སུད་སི་གྲོང་ཁྱེར་ཛུ་རིག་ནས་འཇར་མི་ནི་གྲོང་ཁྱེར་ Frankfurt བར་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དང་། དེ་བཞིན་སུད་སི་རྒྱལ་ས་ bern ནས་ཇི་ནི་ཝ་བར་གྱི་བོད་དོན་གོམ་བགྲོད་ལས་འགུལ་བཅས་ཀྱི་ནང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་ཡིན་པ་རེད།

ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན་སེམས་བསྐྱེད་ཆོ་ག་བསྩལ་གཏན་ཁེལ་བ།

༸རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་ལྟར་དུས་ཚེས་ཁྱད་པར་ཅན་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སྩོལ་བཞིན་པ་ལྟར། འདི་ལོའི་བོད་ཚེས་བཅོ་ལྔཉིན་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་ ༩ པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲྭ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་བཀའ་དྲིན་བསྩལ་རྒྱུ་རེད་འདུག དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་སྤེལ་བའི་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་གིས་ཟླ་ ༦ ཚེས་ ༥ སྟེ་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡༥ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་ ༩ ཐོག་དྲྭ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་བཀའ་དྲིན་བསྩལ་གནང་མཛད་རྒྱུ་རེད་འདུགདེ་བཞིན་༸གོང་ས་མཆོག་གིས་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ཚོུད་ ༨ ནས་ ༩༌༣༠ བར་དྲྭ་ལམ་ཐད་གཏོང་བརྒྱུད་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་གང་སར་གནས་པའི་གཞོན་སྐྱེས་ཁག་ཅིག་དང་ལྷན་དུ་བགྲོ་གླེང་དང་བཀའ་འདྲི་དགོངས་སྐོར་གྱི་མཛད་འཕྲིན་ཞིག་བསྐྱང་རྒྱུ་ཡིན་པ་དང་ཕྱི་ཚེས་ ༡༧ ཉིན་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་སྔ་དྲོའི་ཚོུད་ ༩ ནས་ ༡༠ བར་དྲྭ་ལམ་ཐད་གཏོང་བརྒྱུད་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Pico Iyer ལགས་དང་ལྷན་དུ་བཀའ་བསྡུར་གྱི་མཛད་རིམ་ཞིག་བསྐྱང་རྒྱུ་ཡིན་པ་མ་ཟད། མཛད་རིམ་དེ་ JLF Brave New World ཞེས་པའི་རྒྱལ་སྤྱིའི་མཁས་པ་དང་ཤེས་ལྡན་མི་སྣའི་ཐད་གཏོང་གླེང་སྟེགས་ལེ་ཚན་གྱི་ཆ་ཤས་རེད།དེ་བཞིན་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ཚོུད་ ༨ ནས་ ༩ བར་དྲྭ་ལམ་ཐད་གཏོང་ཐོག་༸གོང་ས་མཆོག་དང་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས་གཉིས་མཉམ་ཞུགས་ཐོག་སེམས་དང་སྲོག་གི་གནད་དོན་ཁག་ཅིག་གི་ཐོག་བགྲོ་གླེང་མཛད་ཀྱི་ཡོད་པ་ལྟར་མཛད་རིམ་དེ་ལོ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་བསྟི་གནས་ཁང་གི་བགྲོ་གླེང་མཛད་རིམ་གྱི་ཆ་ཤས་ཤིག་ཡིན་པ་དང་། ཐེངས་འདིའི་བགྲོ་གླེང་དེ་སེམས་ཁམས་རིག་པ་བ་ལྕམ་ Sona Dimidjian ལགས་ནས་གཙོ་སྐྱོང་གནང་རྒྱུ་རེད་འདུགདེ་མཚུངས་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ཚོུད་ ༡༠ ནས་ ༡༡ བར་དྲྭ་ལམ་ཐད་གཏོང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ Haryana མངའ་སྡེའི་གྲོང་ཁྱེར་ Gurgaon ནང་རྟེན་གཞི་བྱས་པའི་ Amity གཙུག་ལག་སློབ་གཉེར་ཁང་གི་སློབ་མ་རྣམས་ལ་འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་ཐབས་ཀྱི་འཆར་སྣང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་སློབ་མ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་རྒྱུ་ཡིན་པ་རེད།ད་ལྟའི་ཆར་དུས་ཀྱི་ཆེས་གཉན་འཕྲང་ཆེ་བའི་སྐབས་འདི་དང་བསྟུན་བཀོད་ཁྱབ་བམ་གཞེན་བསྐུལ་བསྩལ་བར། སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བར་དང་ལྷག་པར་བཀའ་ཆོས་ཉིན་གཉིས་ཀྱི་རིང་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་སྒོས་སུ་ཆོས་ཞུ་བ་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བ་གནང་དགོས་པ་མ་ཟད། ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་བཀའ་ཆོས་ཀྱི་ཆེད་ཐོག་མར་ཡར་འཛོམས་པའི་སྐབས་དང་ཁྱད་པར་དངོས་གཞི་བཀའ་ཆོས་སྩོལ་སྐབས། དེ་བཞིན་མར་འགྲོལ་སྐབས་བཅས་ཀྱིས་གཙོས་བཀའ་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་བཏང་འཛིན་ཆེས་ཆེར་གནང་དགོས་པའི་གཞེན་བསྐུལ་གནང་འདུགགཞི་རྩའི་རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་མི་མང་འདུ་འཛོམས་སོགས་གནང་སར་ཆོས་འབྲེལ་དང་བཀའ་སློབ་བཅས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་དཀའ་གནས་ལས་མ་འདས་སྟབས་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ཉེ་ཆར་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་འཕགས་པ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་། དེ་བཞིན་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་སོགས་བཀའ་དྲིན་བསྐྱངས་ཡོད་པ་རེད།དྲྭ་ལམ་ཐད་གཏོང་གི་མཛད་འཆར་དེ་དག་དད་ལྡན་མང་ཚོགས་ཚོས་མགོན་པོ་༸གང་ཉིད་མཆོག་གི་ངོ་དེབ་དྲྭ་རྒྱའི་ཐོག་བོད་དབྱིན་རྒྱ་གསུམ་གྱིས་གཙོས་པའི་སྐད་ཡིག་བཅུ་གཉིས་ཙམ་གྱི་ཐོག་ནས་གསུང་སྒྱུར་གནང་གི་ཡོད་སྟབས་མང་ཚཽགས་ནས་དེ་ལྟར་གསན་གཟིགས་ཞུ་ཐུབ་ཀྱི་ཡོད་པ་རེད།

བོད་ཀྱི་གནད་དོན་སེལ་བའི་ཐོག་ནས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་ཐུབ་རྒྱུ་ཡིན་པ་རེད།

དེང་སྐབས་ལ་དྭགས་ཁུལ་དུ་ཡོད་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་དུ་གདོང་ཐུག་གི་མཚམས་སུ་བསླེབས་ཡོད་པའི་གནས་སྟངས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་སེལ་བའི་ཐོག་ནས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་ཐུབ་རྒྱུ་ཡིན་པ་གསུངས་འདུགདེ་རིང་ India Today བརྒྱུད་ལམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་གླེང་མོལ་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། དེའི་ནང་སྲིད་སྐྱོང་མཆོག་གིས་དེ་སྔ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དེབ་ཐེར་ཁག་ཏུ་བོད་དང་རྒྱ་གར་དབར་གྱི་ས་མཚམས་དེ་འཁོད་ཡོད་པ་དེ་ལྟར་ཡང་། རྒྱ་ནག་དང་རྒྱ་གར་དབར་གྱི་ས་མཚམས་ཆགས་པ་ནས་བཟུང་རྩོད་རྙོག་དེ་ཇེ་མང་དང་ཇེ་ཆེར་ཕྱིན་ཡོད་པ་ལྟར། གནད་དོན་སྙིང་པོ་དེ་བོད་ཀྱི་གནད་དོན་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་དེ་སྔོན་བོད་རང་བཙན་ཡིན་པའི་སྐབས་སུ་རྒྱ་གར་གཞུང་ལ་ས་མཚམས་སྲུང་སྐྱོབ་ཐོག་ཨ་སྒོར་ཐེར་འབུམ་ ༦༠ ཙམ་གྱི་འགྲོ་གྲོན་སོགས་གཏང་དགོས་དོན་མེད་སྟབས། བོད་དེ་དམག་ཤུགས་འགྲེམས་འཇོག་མེད་པའི་ས་ཁུལ་དང་ཞི་བདེའི་ལྟེ་གནས་ཞིག་ཏུ་འགྱུར་ཐུབ་ཚེ་འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་དབར་དོན་དམ་གྱི་ཞི་བདེ་བསྐྲུན་ཐུབ་རྒྱུ་ཡིན་པ་གསུངས་འདུགདེ་བཞིན་སྲིད་སྐྱོང་མཆོག་གིས་དེ་སྔ་རྒྱ་གར་དང་བོད་དབར་བཞག་པའི་སིམ་ལ་ཆིངས་ཡིག་འོག་ནས་གཏན་ཁེལ་བའི་ McMohan Line ཞེས་པའི་ས་མཚམས་རྒྱས་བཅད་ཀྱི་ས་ཐིག་ཐོག་ནས་རྒྱ་གར་བྱང་ཤར་མོན་རྟ་ཝང་དེ་རྒྱ་གར་གྱི་ཆ་ཤས་ཡིན་པ་བཞིན་ལ་དྭགས་ནང་གི་རྩོད་རྙོག་ཅན་གྱི་ས་ཁུལ་དེ་དག་ཀྱང་རྒྱ་གར་གྱི་ཆ་ཤས་ཡིན་པར་འགྲེལ་བརྗོད་དང་འབྲེལ། ཕྱོགས་གཉིས་ནས་ས་མཚམས་རྒྱས་བཅད་ཀྱི་ས་ཐིག་དེར་དང་ལེན་ཞུ་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པ་བཞིན་ས་ཁུལ་དེ་དག་དམག་ཤུགས་མེད་པའི་ཞི་བའི་ས་ཁུལ་ཞིག་ཏུ་འགྱུར་དགོས་པ་དང་། དེ་ནི་ད་ལྟའི་དུས་སྐབས་འདིར་ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་ཡིན་པ་གསུངས་འདུག རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་དང་ལྷན་དུ་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་གནད་དོན་སྙིང་པོ་ཞིག་ཡིན་པ་བཤད་ཀྱི་ཡོད་པ་ལྟར་བཙན་བྱོལ་བོད་མིའི་གྲངས་འབོར་མང་ཤོས་གནས་ས་རྒྱ་གར་ནས་ཀྱང་རྒྱལ་སྤྱིའི་གླེང་སྟེགས་ཐོག་བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་གནད་དོན་སྙིང་པོ་ཞིག་ཡིན་སྐོར་གསུངས་དགོས་པ་དང་། དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་བྱ་སྤྱོད་གང་ཡིན་ཐོག་ངེས་པ་རྙེད་བཞིན་པའི་དུས་སྐབས་འདིར་རྒྱ་གར་གྱིས་ཀྱང་གོ་སྐབས་བླངས་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་སྐོར་གླེང་དགོས་པ་གསུངས་འདུགལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་དང་འབྲེལ། དེང་སྐབས་འཛམ་གླིང་རྒྱལ་ཁབ་ ༡༣༠ ལྷག་གི་མཚན་རྟགས་ཆེད་བཀོད་ཀྱིས་རྒྱ་ནག་དེ་རིམས་ནད་དེའི་འབྱུང་ཁུངས་ཡིན་མིན་རྩད་གཅོད་བྱེད་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲོད་མུས་ཁྲོད་རྒྱ་ནག་གཞུང་གི་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་དུ་རྩོད་རྙོག་གླེང་བ་དང་རྒྱ་གར་དང་ལྷན་དུ་ས་མཚམས་རྩོད་རྙོག་གླེང་བ་དེ་དག་རྒྱ་ནག་མང་ཚོགས་ཀྱིས་གཞུང་ལ་སྐྱོན་བརྗོད་དང་དོ་སྣང་ཆེན་པོ་གནང་བཞིན་པ་དེ་ཁ་སྒྱུར་ཐབས་ཀྱི་ཐབས་ཤེས་ཡིན་སྐོར་དང་འབྲེལ། རྒྱ་ནག་གཞུང་གིས་རང་གི་བཟོས་པའི་རིམས་ནད་ཀྱི་བདག་དབང་རྩོད་རྒྱུ་ལས་ལྡོག་ནས་བོད་དང་ཐེ་ཝན། ཨ་རུ་ནཱ་ཅལ་དང་ལ་དྭགས་སོགས་རང་ཁོངས་མིན་པའི་ས་ཁུལ་གྱི་བདག་དབང་རྩོད་བཞིན་པར་ཐེར་འདོན་གནང་འདུག ཉེ་སྔོན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་འབྲེལ་རྒྱ་གར་གཞུང་གི་ Kyrgyzstan ཁུལ་གྱི་གཞུང་ཚབ་ཟུར་པ་ཕུན་ཚོགས་སྟོབས་ལྡན་གྱིས་༸གོང་ས་མཆོག་ནས་གནད་དོན་དེའི་ཐོག་གང་ཡང་བཀའ་གནང་ཕེབས་མེད་པར་སྐྱོན་བརྗོད་དང་སྐུར་འདེབས་ཞུས་སྐོར་དྲི་བར་ལན་འདེབས་ཀྱིས་༸གོང་ས་མཆོག་གིས་ལ་དྭགས་དེ་བཞིན་རྒྱ་གར་གྱི་མངའ་ཁོངས་ཡིན་པ་དེ་སྔ་ནས་བཀའ་གསལ་པོ་བསྩལ་ཟིན་ཡོད་ཀྱང་། ལ་དྭགས་ནས་ཡིན་པའི་རྒྱ་གར་དཔོན་རིགས་ཤིག་གིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་མེད་པ་ལྟ་བུའི་དེ་ལྟར་སྐུ་འདེབས་ཞུས་པར་བློ་ཕམ་ཆེན་པོ་ཡོད་པ་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་རྩ་བའི་དེ་སྔོན་ལ་དྭགས་ནང་ཚོགས་པའི་དུས་འཁོར་དབང་ཆེན་སྐབས་སྐུ་ཞབས་ཕུན་ཚོགས་སྟོབས་ལྡན་ལགས་ཀྱིས་སྲིད་སྐྱོང་མཆོག་གདན་ཞུས་ལྟར་ཁོང་གིས་ཆེད་འཛུགས་གནང་བའི་ལ་དྭགས་རྒྱལ་སྤྱིའི་བསྟི་གནས་ཁང་ལ་ཕེབས་མྱོང་ཡོད་པར་འགྲེལ་བརྗོད་དང་འབྲེལ། སྐབས་དེར་ཁོང་ནས་༸གོང་ས་མཆོག་ལ་གུས་ཞབས་ཆེན་པོ་ཡོད་པའི་རྣམ་པ་བསྟན་ཡོད་ཀྱང་ད་ཆ་ཁོང་གིས་བཀའ་མོལ་གནང་བ་དེ་དག་ཚད་ལས་འགལ་བ་དང་ཡིད་རྨུགས་གྱུར་བ་ཡིན་པར་གསུངས་འདུགརྩ་བའི་ཉེ་ཆར་སྐུ་ཞབས་ཕུན་ཚོགས་སྟོབས་ལྡན་ལགས་ཀྱིས་རྒྱ་གར་གྱི་ Aj tak གསར་འགྱུར་བརྒྱུད་ལམ་གྱི་གླེང་མོལ་ལེ་ཚན་ཞིག་གི་ཐོག་༸གོང་ས་མཆོག་དྷ་སར་སྐུ་བཞུགས་གནང་ནས་དགེ་སྦྱོར་དང་གསུང་ཆོས་བསྩལ་བ་ལས། ས་ཚིགས་དེ་བོད་ཀྱི་མིན་པ་དང་རྒྱ་གར་གཞུང་གི་ཡིན་པ་སོགས་ཀྱི་བཀའ་གང་ཡང་མི་བསྩལ་བར་བཞུགས་དོན་གང་ཡིན་ནམ། ཡང་ན་རྒྱ་ནག་དང་ལག་སྦྲེལ་ཡོད་པ་རེད་དམ་ཞེས་སྐུར་འདེབས་ཞུས་པའི་རྗེས་སུ་ལ་དྭགས་ནང་ཚོགས་དང་དགོན་ཚོགས། གཞོན་ནུ་ཚོགས་པ། ཨ་མ་ཚོགས་པ། དེ་བཞིན་ཁྲིགས་སེ་རིན་པོ་ཆེ་མཆོག ཚོགས་སྒེར་ཁག་ཅིག་གིས་ངོ་རྒོལ་ཤུགས་ཆེ་གནང་བ་དང་དེ་འབྲེལ་བསྒྲགས་གཏམ་སྤེལ་བ་མ་ཟད། ལ་དྭགས་ཁུལ་གྱི་ཁ་ཆེའི་ཚོགས་སྒེར་ནས་ཀྱང་ཕུན་ཚོགས་སྟོབས་ལྡན་གྱིས་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ལ་གུས་ཞབས་མེད་པའི་གཏམ་དེ་ལྟར་བརྗོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། ད་དུང་ཁ་སང་གོང་གི་ཚོགས་སྡེ་ཁག་གི་གསར་འགོད་གསལ་བསྒྲགས་ལ་རྒྱབ་སྐྱོར་དང་ཕུན་ཚོགས་སྟོབས་ལྡན་ལ་ངོ་རྒོལ་མཚོན་ཆེད་ལ་དྭགས་ནང་པ་ཚོགས་འདུའི་གཞོན་ནུ་ཚོགས་པ་དང་ཚོང་པ་ཚོགས་པའི་བཀོད་ཁྱབ་འོག་ལ་དྭགས་ས་གནས་ཡོངས་ཀྱི་ཚོང་ཁང་སྒོ་རྒྱག་པ་མ་ཟད། སྐུ་ཞབས་ཕུན་ཚོགས་སྟོབས་ལྡན་གྱིས་བརྙན་ཐུང་བརྒྱུད་ཁོང་རང་ཉིད་རྒྱ་གར་རྒྱལ་སྲུང་ཀྱི་གནད་དོན་ཐོག་རྒྱ་གར་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཐོག་ངོས་འཛིན་ཡོད་པའི་མི་སྣ་ཞིག་ཡིན་པའི་ཆ་ནས་རྒྱ་གར་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བའི་ཛ་དྲག་རང་བཞིན་ཐོག་ནས་ཁོང་གི་བཀའ་མོལ་དེ་དག་གསུངས་ཡོད་པ་དང་། དེ་མིན་དམིགས་ཡུལ་དང་ཀུན་སློང་གཞན་གང་ཡང་མེད་སྐོར་གསུངས་པ་དང་སྦྲགས། ཁོང་གི་བཀའ་མོལ་དེ་ལ་བརྟེན་ནས་མི་གཞན་ལ་གནོད་ཕོག་ཐུག་བྱུང་ཡོད་ཚེ་སྙིང་དབུས་ནས་དགོངས་སེལ་ཞུ་རྒྱུ་ཡིན་པ་དང་། ལྷག་དོན་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་ལ་དགོངས་སེལ་དང་བཟོད་གསོལ་ཞུ་རྒྱུ་ཡིན་པ་གསུངས་འདུག

ལྷོ་ཤར་ཨེ་ཤ་ཡའི་གཞོན་སྐྱེས་དང་ལྷན་ཐད་གཏོང་གི་བགྲོ་གླེང་མཛད་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་དྲྭ་ལམ་བརྒྱུད་ལྷོ་ཤར་ཨེ་ཤ་ཡའི་གཞོན་སྐྱེས་ཁག་ཅིག་དང་ལྷན་ཐད་གཏོང་གི་བགྲོ་གླེང་ཞིག་མཛད་གཏན་འཁེལ་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་མཛད་འཆར་སྤེལ་བར་གཞིགས་ན་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་གང་སར་གནས་འཁོད་གཞོན་སྐྱེས་དུ་མས་ཇི་ལྟར་གསོལ་བ་བཏང་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༧ ཉིན་གྱི་སྔ་དྲོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་ཚོུད་ ༨ ནས་ ༩༌༣༠ བར་བརྙན་འཕྲིན་དྲྭ་ལམ་བརྒྱུད་བགྲོ་གླེང་དང་དེ་བཞིན་གཞོན་སྐྱེས་ཚོགས་བཅར་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་རྒྱུ་ཡིན་པ་རེད། དྲྭ་ལམ་ཐད་གཏོང་གི་བགྲོ་གླེང་དེ་དབྱིན་རྒྱ་གཉིས་ཀྱི་སྐད་ཡིག་གཙོས་ཝི་ཏེ་ནམ་སྐད་དང་ཀོ་རི་ཡ་སྐད། རུ་སུ་སྐད་སོགས་ཁྱོན་སྐད་རིགས་འདྲ་མིན་བཅིུག་ཐོག་གསུང་སྒྱུར་གནང་གི་ཡོད་པ་རེད། ༸སྐུ་པར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

ལ་དྭགས་ཁུལ་གྱི་ཚོགས་སྒེར་ཁག་གིས་ཕུན་ཚོགས་སྟོབས་ལྡན་གྱིས་༸གོང་ས་མཆོག་ལ་སྐུར་འདེབས་ཞུས་པར་ངོ་རྒོལ།

རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བོད་ཀྱི་ས་མཚམས་སུ་བདུན་ཕྲག་ཁ་ཤས་གོང་ནས་རྒྱ་དཀར་ནག་གཉིས་ཀྱི་དབར་གདོང་ཐུག་གི་གནད་དོན་དེ་ཆེས་ཛ་དྲག་ཏུ་འགྱུར་བཞིན་པའི་དུས་སྐབས་འདིར་ཉེ་ལམ་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ Aj tak གསར་འགྱུར་བརྒྱུད་ལམ་གྱི་གླེང་མོལ་ལེ་ཚན་ཞིག་གི་ཐོག་རྒྱ་གར་གཞུང་གི་ Kyrgyzstan ཁུལ་གྱི་གཞུང་ཚབ་ཟུར་པ་ཕུན་ཚོགས་སྟོབས་ལྡན་གྱིས་༸གོང་ས་མཆོག་ལ་ལ་གཞི་མེད་སྐྱོན་བརྗོད་དང་སྐུར་འདེབས་ཞུས་པར་ལ་དྭགས་ནང་ཚོགས་དང་དགོན་ཚོགས། གཞོན་ནུ་ཚོགས་པ། ཨ་མ་ཚོགས་པ། དེ་བཞིན་ཁྲིགས་སེ་རིན་པོ་ཆེ་མཆོག གཞན་ཡང་ཚོགས་སྒེར་ཁག་ཅིག་གིས་ངོ་རྒོལ་ཤུགས་ཆེ་གནང་འདུག་པ་མ་ཟད། དེ་རིང་ལ་དྭགས་ས་གནས་ཡོངས་ཀྱི་ཚོང་ཁང་ཁག་སྒོ་རྒྱག་ཡོད་པ་རེད་འདུགཉེ་ལམ་རྒྱ་གར་གྱི་གསར་ཁང་ Ajtak ཡི་བརྒྱུད་ལམ་ཐོག་ཕུན་ཚོགས་སྟོབས་ལྡན་ཟེར་བ་དེས་རྒྱལ་མཚམས་ཀྱི་གནད་དོན་དང་འབྲེལ་ནས་ས་ཚིགས་དེ་རྒྱ་ནག་གི་རེད་ཅེས་སུས་ཟེར་བ་རེད། གལ་སྲིད་ས་ཚིགས་དེའི་བདག་པོ་ཞིག་ཡོད་ན་དེ་ནི་བོད་ཡིན་སྲིད་པ་རེད། གནད་དོན་དེ་དང་འབྲེལ་ཏེ་༸གོང་ས་མཆོག་དྷ་སར་སྐུ་བཞུགས་གནང་ནས་དགེ་སྦྱོར་དང་གསུང་ཆོས་བསྩལ་བ་ལས། ས་ཚིགས་དེ་བོད་ཀྱི་མིན་པ་དང་རྒྱ་གར་གཞུང་གི་ཡིན་པ་སོགས་ཀྱི་བཀའ་གང་ཡང་མི་བསྩལ་བར་བཞུགས་དོན་གང་ཡིན་ནམ། ཡང་ན་རྒྱ་ནག་དང་ལག་སྦྲེལ་ཡོད་པ་རེད་དམ་ཞེས་སྐུར་འདེབས་ཞུས་པའི་བཀའ་མོལ་ཞིག་སྤྱི་ཚོགས་བརྒྱུད་ལམ་ཁྲོད་ཁྱབ་སྤེལ་ཤུགས་ཆེར་སོང་བ་དང་བསྟུན། ལ་དྭགས་ཀྱི་དད་ལྡན་མང་ཚོགས་གཙོས་ཕྱི་ནང་གི་དད་ལྡན་སྟོང་ཕྲག་མང་པོས་མི་འདོད་པའི་དགག་མཆན་དང་ངོ་རྒོལ་གྱི་རྣམ་པ་ཆེས་ཆེར་བསྟན་ནས་མང་ཚོགས་ཀྱིས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་དེར་ཞིབ་དཔྱོད་དང་ངོ་རྒོལ། དེ་བཞིན་ངན་པ་ཚར་གཅོད་དགོས་པའི་རེ་འདུན་ཤུགས་ཆེ་གནང་བར་བརྟེན་ཁང་སང་ཉིན་རྒྱབ་ལ་དྭགས་ནང་པ་ཚོགས་འདུ་དང་ལ་དྭགས་དགོན་པའི་ཚོགས་འདུ། ལ་དྭགས་ནང་པ་ཚོགས་པའི་གཞོན་ནུ་ཚོགས་པ་དང་ཨ་མ་ཚོགས་པ་བཅས་ཀྱིས་དགག་པ་ཚ་ནན་གནང་བ་དང་སྦྲགས། ངོ་རྒོལ་ཤུགས་ཆེར་ཡོད་པའི་ཡིག་ངག་གཉིས་ཐོག་ནས་གསར་འགོད་གསལ་བསྒྲགས་དང་གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་རེད།སྐབས་དེར་ལ་དྭགས་ནང་པ་ཚོགས་འདུའི་དབུས་སྐྱོང་པི་ཊི་ཀུན་བཟང་ལགས་ཀྱིས་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་ཕུན་ཚོགས་སྟོབས་ལྡན་གྱིས་དོན་མེད་རྩ་བའི་བླ་མར་སྐུར་འདེབས་ཞུས་ཡོད་སྐོར་གསུངས་པ་དང་འབྲེལ། ༸གོང་ས་མཆོག་གིས་དེ་སྔ་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཞག་གནང་སྟེ་ཆོས་ཕྱོགས་ཀྱི་ཐུགས་འགན་ཁོ་ན་བཞེས་ཀྱི་ཡོད་པ་ཤེས་བཞིན་དུ་མགོན་པོ་༸གང་ཉིད་མཆོག་ལ་སྐུར་འདེབས་ཞུས་པ་དེས་ནང་པ་ཙམ་མིན་པར་འགྲོ་བ་སྤྱི་ལ་སེམས་ཕོག་ཐུག་ཆེན་པོ་བྱུང་ཡོད་སྟབས། དེར་དམའ་འབེབས་དང་ངོ་རྒོལ་གནང་བ་དང་། གོ་གནས་ཆེན་པོ་བཟུང་མཁན་གྱིས་གཙོས་གང་ཟག་སུ་འདྲ་ཞིག་ནས་༸གོང་ས་མཆོག་ལ་འཚེ་མེད་ཞུ་མི་རུང་བ་དང་དེར་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་པ་གསུངས་སོང་།དེ་བཞིན་ལ་དྭགས་ཡོངས་ཀྱི་དགོན་པ་ཚོགས་འདུའི་དབུས་སྐྱོང་དགེ་བཤེས་ཤེས་སྒྲུབ་བྱམས་པ་ལགས་ཀྱིས་༸གོང་ས་མཆོག་ནི་དད་ལྡན་འབུམ་ཕྲག་མང་པོའི་རྩ་བའི་བླ་མ་ཡིན་པ་དང་། མགོན་པོ་མཆོག་ནི་སྔ་མོ་ནས་ང་ཚོའི་རྩ་བའི་བླ་མ་ཡིན་པ་མ་ཟད་དུས་ད་ལྟའང་རེད། མ་འོངས་པ་ལའང་ང་ཚོའི་རྩ་བའི་བླ་མ་གཅིག་པོ་དེ་ཡིན་སྐོར་གསུངས་པ་དང་འབྲེལ། བཀའ་མོལ་གནང་སྟངས་མིི་ཤེས་པ་མཁས་པའི་མིང་འཛིན་པ་ཞིག་གིས་༸གོང་ས་མཆོག་ལ་སྐུར་འདེབས་ཞུས་པར་དགོན་ཚོགས་ནས་དམའ་འབེབས་ཤུགས་དྲགས་ཞུ་རྒྱུ་ཡིན་ཞེས་དང་། ཆབས་ཅིག་ཏུ་ མགོན་པོ་མཆོག་ལ་སྐུར་འདེབས་ཞུ་མཁན་ཞིག་ཡིན་ཚེ་མི་དེ་རྒྱ་ནག་གཞུང་དང་ལག་སྦྲེལ་ཡོད་པའི་མི་ཞིག་ཡིན་སྲིད་པ་དང་དེ་ལྟར་མིན་ཚེ་གང་ཟག་དེ་སྨྱོན་པ་ཞིག་རེད་ཅེས་གསུངས་སོང་། ལ་དྭགས་ནང་པའི་གཞོན་ནུ་ཚོགས་པ་དང་ལ་དྭགས་ཨ་མ་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ནས་ཀྱང་ཅི་སྟེ་ཕུན་ཚོགས་སྟོབས་ལྡན་རང་ཉིད་རང་ལ་མཁས་པར་ངོས་འཛིན་བཞིན་ཡོད་ཀྱང་ང་ཚོའི་ངོས་ནས་མཁས་པའི་ཤེས་སྤྱོད་ཅིག་ཡོད་པ་མཐོང་གི་མི་འདུག་ཞེས་དང་།  འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་སྐུར་འདེབས་ཞུས་པ་ནི་ཁྱེད་ཀྱིས་ཤེས་ཡོན་སློབ་གསོ་གང་སྦྱངས་མིན་ཐོག་ལའང་སོམ་ཉི་བྱ་གཞི་ལས་མ་སོ་ཞེས་གསུངས་སོང་།ད་དུང་ཁ་སང་ཉིན་དགུང་ཁྲིགས་སེ་རིན་པོ་ཆེ་མཆོག་གིས་ཀྱང་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་དྲག་གནང་བ་བརྒྱུད་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་ཉེས་ཅན་ལ་སྐྱོན་འཛུགས་དང་ཕུན་ཚོགས་སྟོབས་ལྡན་རང་ཉིད་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཟོད་གསོལ་ཞུ་དགོས་པའི་གསལ་བསྒྲགས་སྤེལ་གནང་འདུག ལ་དྭགས་ཚོང་པའི་ཚོགས་པ་གཙོས་ལ་དྭགས་གླེའི་དཔེ་ཐུབ་ཁང་ཚན་ཤེས་རིག་འཛིན་སྐྱོང་ཚོགས་པ་དང་འབྲས་སྤུངས་ཀླུ་འཁྱིལ་ཁང་ཚན། དེ་བཞིན་བཀྲིས་ལྷུན་པོའི་དཀྱིལ་ཁང་སྟག་མོ་ཁང་ཚན་དང་འབྲས་སྤུངས་སྒོ་མང་མངའ་རིས་ཁང་ཚན་སོགས་ཚོགས་སྒེར་དུ་མས་ངོ་རྒོལ་གནང་འདུག  གོང་གི་ཚོགས་སྡེ་ཁག་གི་གསར་འགོད་གསལ་བསྒྲགས་ལ་རྒྱབ་སྐྱོར་དང་ཕུན་ཚོགས་སྟོབས་ལྡན་ལ་ངོ་རྒོལ་མཚོན་ཆེད་ལ་དྭགས་ནང་པ་ཚོགས་འདུའི་གཞོན་ནུ་ཚོགས་པ་དང་ཚོང་པ་ཚོགས་པའི་བཀོད་ཁྱབ་འོག་དེ་རིང་ལ་དྭགས་ས་གནས་ཡོངས་ཀྱི་ཚོང་ཁང་སྒོ་རྒྱག་ཡོད་པ་རེད།འོན་ཀྱང་དེ་རིང་སྔ་དྲོ་ལ་དྭགས་བརྒྱུད་ལམ་ཁག་གིས་ཕུན་ཚོགས་སྟོབས་ལྡན་གྱི་གསལ་བཤད་དང་དགོངས་སེལ་ཞུས་པའི་གནས་ཚུལ་བསྐྱར་སྤེལ་གནང་བར་རང་ཉིད་རྒྱལ་མཚམས་ཀྱི་མཁས་པའི་ངོ་བོའི་ཐོག་ནས་ཉེ་ལམ་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་པ་ཞིག་ཡིན་པ་ལས་༸གོང་ས་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་དང་རང་ཉིད་ནས་ཀྱང་དུས་འཁོར་དབང་ཆེན་ཐེངས་འགའ་རེ་ཞུས་མྱོང་ཡོད་ཅེས་གསུངས་པ་མ་ཟད། འགྲེལ་བརྗོད་དེ་རྐྱེན་མི་མང་ཁག་ཅིག་ལ་ཕོག་ཐུག་བྱུང་ཡོད་ཚེ་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་བཀོད་འདུགགཞི་རྩའི་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་སྒོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་གི་གནད་དོན་ཛ་དྲག་ཏུ་འགྲོ་བཞིན་འདུག་པ་མ་ཟད། རྒྱ་ནག་ཕྱོགས་ནས་དམག་མི་ཕོན་ཆེར་འགྲེམས་འཇོག་དང་། དམག་གི་གོ་མཚོན་མང་དག་ཅིག་འབོར་འདྲེན་བྱས་དང་བྱེད་མུས་ལྟར་ཉིན་ཤས་གོང་ལ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་གྱི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུའང་མཐའ་སྲུང་དམག་མིའི་དབར་འཁྲུག་འཛིང་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་ཕོག་པའི་གནས་སྟངས་བྱུང་ཡོད་པ་རེད།

བོད་གཙོ་གྱུར་ཨེན་ཌི་སི་ལྟ་བུ་ས་མཐོར་གནས་མཁན་ཚོར་གཉན་རིམས་འགོ་དཀའ་བ་ཡོད།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ དེ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་ ༢༠༠ ལྷག་ལ་ཁྱབ་གདལ་གྱིས་མི་འབུམ་དྲུག་ཅུ་ལྷག་ལ་གཉན་རིམས་དེ་ཕོག་པ་དང་མི་འབུམ་གསུམ་ལྷག་གི་ཚེ་སྲོག་ཕྱིན་པ། དེ་བཞིན་མི་མང་པོ་ཞིག་དྲག་སྐྱེད་ཕྱིན་པའི་གནས་སྟངས་གྱུར་ཡོད་པ་རེད། དེའི་ཁྲོད་ཉམས་ཞིབ་པ་ཁག་ཅིག་གིས་བོད་གཙོ་གྱུར་ས་མཐོར་ཆགས་པ་ལྷོ་ཨ་མི་རི་ཀའི་ཡུལ་ལུང་ཁག་ཅིག་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་མི་གྲངས་ཧ་ཅང་ཉུང་བ་ཡོད་པ་ཞིབ་འཇུག་ལས་ར་འཕྲོད་བྱུང་བ་དང་སྦྲགས། ས་མཐོར་གནས་མཁན་གྱི་མི་རིགས་རྣམས་ལ་གཉན་རིམས་དེ་འགོ་དཀའ་བར་ཚོད་དཔག་གནང་གི་འདུག ཁ་སང་ Washington Post དྲྭ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ནང་ཨོ་སི་ཊོ་ལི་ཡ་དང་བྷོ་ལི་ཝི་ཡ། ཁེ་ན་ཌ། དེ་བཞིན་སུད་སི་བཅས་ཀྱི་ཉམས་ཞིབ་པ་རྣམ་པས་བོད་དང་ལྷོ་ཨ་མི་རི་ཀའི་ནང་ཆགས་པའི་བྷོ་ལི་ཝི་ཡ་དང་ཡུ་ཀ་ཌོར་བཅས་ས་མཐོ་སར་གནས་པའི་ཡུལ་མི་རྣམས་ལ་གཉན་རིམས་ག་ཚོད་ཕོག་ཡོད་མེད་ཀྱི་གྲངས་ཐོར་ཞིབ་འཇུག་གནང་བ་ཞིག་ལུས་ཁམས་རིག་པ་དང་དབང་རྩའི་ཚན་རིག་གི་ཉིན་དེབ་ནང་སྤེལ་གནང་ཡོད་པ་རེད། ཞིབ་འཇུག་དེའི་ཁྲོད་བོད་ལྟ་བུ་ནི་རྒྱ་ནག་ལས་ལྡབ་འགྱུར་གྱིས་གཉན་རིམས་ཕོག་མཁན་ཉུང་བ་དང་དེ་བཞིན་བྷོ་ལི་ཝི་ཡ་དང་ཡུ་ཀ་ཌོར་ཨེན་ཌི་སི་ནང་དེའི་རྒྱལ་ཁབ་ཀྱི་ས་དམའ་སར་བཞུགས་པའི་མི་གྲངས་ལས་ལྡབ་འགྱུར་གསུམ་བཞི་ཙམ་གཉན་རིམས་ཕོག་མཁན་ཉུང་བ་ཡོད་པ་བཅས་ལ་གཞིགས་ནས་ས་མཐོ་སར་གནས་མཁན་ཡུལ་མི་རྣམས་ས་དམའ་སར་གནས་མཁན་ལས་གཉན་རིམས་ཕོག་མཁན་ཉུང་བ་ཡོད་པ་ཤེས་རྟོགས་བྱུང་འདུག གནད་དོན་དེ་དག་ལ་གཞིགས་ཏེ་ཉམས་ཞིབ་པ་ཚོས་ཏོག་དབྱིབས་གཉན་རིམས་དང་ས་མཐོ་ཚད་གཉིས་ཀྱི་དབར་འབྲེལ་བ་གང་ཡོད་མེད་ཞིབ་འཇུག་དབུ་འཛུགས་གནང་འདུག གཞི་རྩའི་ཉམས་ཞིབ་པ་ཚོས་ས་མཐོ་སར་བཞུགས་མཁན་རྣམས་ནས་ལུས་པོའི་ཁྲག་ནང་ oxygen འམ་འཚོ་རླུང་ཉུང་བ་སོགས་ཆགས་སྐབས་དེར་གདོང་ལེན་གནང་ཐུབ་པའི་ནུས་པ་ཡོད་པས་གཉན་རིམས་ཕོག་མཁན་ཉུང་བ་ཡོད་པར་ཚོད་དཔག་གནང་གི་འདུག འོན་ཀྱང་གཉན་རིམས་དེ་འབྲེལ་ཆེད་ལས་པས་ཁོར་ཡུག་སོགས་དང་འབྲེལ་བའི་གནད་དོན་དག་ལ་ཐེ་ཚོམ་གནང་གི་འདུག་པ་དང་ས་མཐོ་སར་གནས་བཞུགས་གནང་མཁན་གྱི་ངོས་ནས་རིམས་ནད་དེར་ཡ་ལན་ཇི་ལྟར་སྤྲད་ཕྱོགས་ཐད་ཉམས་ཞིབ་གནང་རྒྱུ་རེད་འདུག དེ་བཞིན་ཨ་རིའི་ཀེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་ནང་འགོས་ནད་ཐད་སློབ་སྦྱོང་གནང་མཁན་ Peter Chin-Hong ཡིས་ནད་དེ་ས་མཐོ་ཚད་ལ་མི་ལྟོས་པར་རང་ཉིད་ཀྱི་གནས་བདག་ལ་དགའ་མོས་གནང་གི་ཡོད་པ་དང་། ཕྱོགས་མཚུངས་ང་ཚོས་གཉན་རིམས་དེ་འབྲེལ་ད་ཆ་གནད་དོན་མང་དག་ཅིག་སྦྱོང་བཞིན་པ་གསུངས་འདུག ཨ་རིར་རྟེན་གཞི་བྱས་པའི་ Mayo Clinic ཀྱི་གློ་བ་དང་འབྲེལ་བའི་ཆེད་ལས་པ་ Clayton Cowl ཡིས་ད་ཆ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཚོར་དབུགས་གཏོང་ལེན་གྱི་དཀའ་ངལ་བྱུང་བ་དེ་ས་མཐོ་སར་གནས་མཁན་གྱི་ཡུལ་མི་ཚོར་ཡུན་རིང་ས་མཐོ་སར་བཞུགས་པའི་རྐྱེན་གྱིས་དཀའ་ངལ་དེར་གདོང་ལེན་ཐུབ་སྲིད་སྐོར་གསུངས་འདུག རྩ་བའི་ལྷོ་ཨ་མི་རི་ཀའི་ཨན་ཌིཡན་ཡུལ་ལུང་ལྟ་བུར་མཚོན་ན་མི་གྲངས་འབུམ་བཞི་ཙམ་ཞིག་གི་སྡོད་གནས་ཆགས་ཀྱི་ཡོད་པ་དང་། ཡུལ་ལུང་དེར་ལོ་རེར་མི་གྲངས་ས་ཡ་གསུམ་ཙམ་ཞིག་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་གི་ཡོད་པ་རེད་འདུག འོན་ཀྱང་ཟླ་ ༣ ཚེས་ ༢༣ ནས་ཟླ་  ༤ པའི་བར་མི་གསུམ་འདས་གྲོངས་སུ་གྱུར་ཡོད་པ་ལས་ད་བར་མི་རྐྱེན་འདས་སུ་ཕྱིན་མེད་པ་དང་ལྷག་པར་དུ་མི་ཉུང་ཤས་ཙམ་ཞིག་ལ་མ་གཏོགས་གཉན་རིམས་དེ་ཕོག་མེད་པ་རེད།རྒྱ་གར་ལྟ་བུར་ཆ་མཚོན་ན་ད་བར་མི་འབུམ་གཅིག་ལྷག་ལ་གཉན་རིམས་ཕོག་ཡོད་པ་དང་ཁྲི་བརྒྱད་ལྷག་དྲག་སྐྱེད་དང་དེ་བཞིན་མི་གྲངས་ལྔ་སྟོང་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ཛ་དྲག་གི་དུས་ཚིགས་འདིར་ཁ་སང་བསྐྱར་དུ་སྲིད་བློན་ན་རནྡྲེ་མོ་དཱི་མཆོག་གིས་ཟླ་བ་འདིའི་ཟླ་མཇུག་བར་ཐེམ་སྤང་གི་བཀའ་རྒྱ་ཐེངས་ལྔ་པ་དེ་བསྒྲགས་གནང་བ་དང་བསྟུན། མང་ཚོགས་འགྲོ་འོང་གི་བྱེད་སྒོ་མང་དག་ཅིག་གུ་ཡངས་བཏང་ཡོད་པ་རེད།  དཔེར་ན་མེ་འཁོར་འགྲིམ་འགྲུལ་སོགས་དབུ་འཛུགས་དང་། མངའ་སྡེ་གཅིག་ནས་གཞན་ལ་འགྲུལ་སྐྱོད་སླད་ནང་འཛུལ་ཆོག་པའི་མངའ་སྡེ་གཉིས་ཀྱི་མོས་ཡིག་དགོས་པ། ལྷག་པར་དུ་གཉན་རིམས་ཕོག་མེད་པའི་ས་གནས་སུ་དགོན་པ་དང་ལྷ་ཁང་། དེ་བཞིན་ཅ་དངོས་ཉོ་ཚོང་གནང་རྒྱུ་སོགས་སྒོ་ཕྱེ་ཆོག་པའི་བཀའ་རྒྱ་བཏང་བ་དང་ཆབས་ཅིག མང་ཚོགས་ནས་མུ་མཐུད་སྤྱི་ཚོགས་རྒྱང་བཀྱེད་བསྟེན་དགོས་པ་དང་། ཕྱིར་སྐྱོད་སྐབས་ངེས་པར་དུ་ཁ་རས་གྱོན་དགོས་པ། དེ་བཞིན་ལས་ཁུངས་དང་སྨན་ཁང་། མང་ཚོགས་འཛོམས་སར་དུས་ནས་དུས་སུ་དུག་སེལ་སྨན་ཆུ་གཏོར་ཐོག་གཙང་སྦྲ་འཕྲོད་བསྟེན་ལག་བསྟར་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། ལྷག་པར་དུ་ཧི་མཱ་ཅལ་ཀངྒ་ར་རྫོང་ལྟ་བུར་ཆ་མཚོན་ན་སྔ་དྲོ་ཚོུད་ ༦ ནས་ཕྱི་དྲོ་ཚོུད་ ༨ བར་ཕྱིར་སྐྱོད་ཆོག་པ་དང་དེ་བཞིན་སྔ་དྲོ་ ༥ ནས་ ༦ བར་འཕྲོད་བསྟེན་སླད་ལུས་སྦྱོང་སོགས་གནང་བར་ཕེབས་ཆོག་པ། དེ་བཞིན་ཀངྒ་ར་རྫོང་ནང་ལོག་དང་རྫོང་གཞན་ནང་སྐྱོད་རྒྱུ། རྫོང་གཞན་ནས་ཕེབས་མཁན་ཚོར་རྫོང་ནང་འཛུལ་ཆོག་པར་ཆོག་མཆན་མི་དགོས་པ། འོན་ཀྱང་ཀངྒ་ར་རྫོང་ནས་མངའ་སྡེ་གཞན་ལ་ཕེབས་པ་དང་དེ་བཞིན་ཚུར་ལོག་སྐབས་ཆོག་མཆན་ཞུ་དགོས་པ་སོགས་འགྲིམ་འགྲུལ་ཐད་སྒྲིག་གཞི་ཁག་ཅིག་གཏན་འབེབས་དང་སྒོས་ད་ཆ་སློབ་གྲྭ་དང་མཐོ་སློབ། གཙུག་ལག་སློབ་གཉེར་ཁང་སོགས་སྒོ་ཕྱེ་ཆོག་གི་མི་འདུག དེ་བཞིན་ཟ་ཁང་དང་ཞལ་ལག་ཉོ་སའི་ཚོང་ཟོག་ཁང་ཆུང་བ་རྣམས་ནས་སྔར་རྒྱུན་བཞིན་ཞལ་ལག་འཁྱེར་ནས་འགྲོ་དགོས་པ་ལས་སྡོད་ནས་མཆོད་མི་ཆོག་པ་དང་། གཉེན་སྒྲིག་སྐབས་མི་ ༥༠ དང་ཕུང་པོ་ཞུགས་འབུལ་སྐབས་མི་གྲངས་ ༢༠ ལས་མི་མང་བ་ཆོག་པ་སོགས་ཀྱི་བཀོད་ཁྱབ་བཏང་འདུགསྤྱིར་ཐེམ་སྤང་གི་དུས་ཚིགས་དུས་འགྱངས་དང་བསྟུན་ཉེ་ལམ་མངའ་སྡེ་གཞན་ནང་ལུས་པའི་བོད་མི་ཚོང་གཉེར་བ་དང་སློབ་ཕྲུག ཕྱག་ལས་སྣ་མིན་གནང་མཁན་རྣམས་རང་གནས་སུ་ལོག་མ་ཐུབ་པའི་དཀའ་ངལ་འཕྲད་པ་དང་། ཕྱིས་སུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་སྐྱོར་འོག་རིམ་བཞིན་བོད་ཕྲུག་གཙོས་བོད་མི་མང་དག་ཅིག་རང་གི་ས་གནས་སུ་ལོག་ཐུབ་པ་དང་སྦྲགས། ས་གནས་ལ་ཕེབས་སྐབས་སྤྱི་སྒེར་དང་ཁྱིམ་སྡོད་ཀྱི་ཟུར་བཀག་འོག་བཞུགས་དགོས་ཀྱི་ཡོད་པ་རེད། ལྷག་དོན་ད་ཆ་བཞུགས་སྒར་དྷརམ་སཱ་ལཱར་ཆ་མཚོན་ན་བདེ་ལེགས་སྨན་ཁང་གི་ཉེ་འདབས་སུ་ཆགས་པའི་ཤུག་གསེབ་ཏུ་བོད་མི་ ༡༨  དང་དབུས་སྣེ་ལེན་ཁང་དུ་ ༡༤ དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་མི་ ༢༥ སྤྱི་པའི་ཟུར་འཇོག་ཁང་དུ་ཟུར་བཀག་ཐོག་བཞག་ཡོད་པ་རེད།  ཤུགས་གསེབ་ལ་ཡོད་པའི་བོད་མི་ ༡༨ དེ་དག་ཉེ་ལམ་ཟླ་ ༥ ཚེས་ ༢༣ ཉིན་གཉན་རིམས་ཀྱི་ནད་རྟགས་ཡོད་མེད་བརྟག་འབྲས་སུ་ནད་རྟགས་ཐོན་མེད་པ་རེད། ཁ་སྔོན་ཚེས་ ༣༠ ཉིན་བོད་མི་ ༧ སྤྱི་པའི་ཟུར་འཇོག་ཁང་དུ་བཞུགས་རྒྱུའི་དུས་ཚོད་ཟིན་ནས་ད་ཆ་ཉིན་བཅུ་བཞིའི་ཁྱིམ་སྡོད་བཀའ་རྒྱའི་འོག་བཞུགས་མུས་རེད་འདུག

Latest news