Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཧི་མཱ་ཅལ་མངའ་སྡེ་ནང་ཡོང་བར་ཆོག་མཆན་དང་དེབ་སྐྱེལ་གནང་མི་དགོས་པའི་གསལ་བསྒྲགས།

ཧི་མཱ་ཅལ་མངའ་སྡེ་གཞུང་གིས་ཕྱི་ཕྱོགས་ནས་མངའ་སྡེ་ནང་ཕེབས་མཁན་ཚོར་སླད་མར་མངའ་སྡེ་ནང་འཛུལ་ཆོག་པའི་ཆོག་མཆན་དང་དེབ་སྐྱེལ་རིགས་གནང་མི་དགོས་པའི་གསལ་བསྒྲགས་གནང་འདུག ཁ་སང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་དེ་རིང་ཕྱི་ཚེས་ ༡༦ ནས་བཟུང་ཕྱི་ཕྱོགས་ནས་ཧི་མཱ་ཅལ་ནང་ཕེབས་མཁན་ཡུལ་སྐོར་སྤྲོ་འཆམ་པ་གཙོས་གང་ཟག་སུ་འདྲ་ཞིག་ཡིན་རུང་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་ཕོག་མེད་པའི་ངོ་བཤུས་དང་། དེབ་སྐྱེལ། དེ་བཞིན་མངའ་སྡེར་འཛུལ་ཆོག་པའི་ཆོག་མཆན་མི་དགོས་པ་མ་ཟད་ཕྱི་མི་ཕེབས་པ་རྣམས་ཟུར་བཀག་ནང་བཞུགས་མི་དགོས་པ་གསུངས་འདུག འོན་ཀྱང་མཐའ་མཚམས་སུ་འབྱོར་སྐབས་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་མངོན་པ་བྱུང་ཚེ་མཐའ་མཚམས་སུ་བཀག་རྒྱུ་དང་ཆབས་ཅིག གཉན་རིམས་བརྟག་དཔྱད་གནང་རྗེས་སྨན་ཁང་དུ་བཞག་དགོས་ཚེ་དེ་ལྟར་གནང་རྒྱུ་དང་། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་ཕོག་མཁན་རྣམས་སྨན་ཁང་སོགས་སུ་ཉིན་གྲངས་བདུན་དང་བཅུའི་རྗེས་སུ་ནད་རྟགས་མ་ཐོན་ཚེ་ཉིན་གྲངས་བཅུའི་རིང་རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་དགོས་པ་གསུངས་འདུག གཞན་ཡང་ད་ལྟའི་ཆར་མངའ་སྡེ་ཕན་ཚུན་དབར་འགྲུལ་སྐྱོད་སླད་རླངས་འཁོར་ཕེབས་ཆོག་གི་མེད་པའི་གསལ་བསྒྲགས་གནང་འདུག སྤྱིར་དེ་སྔ་མངའ་སྡེ་གཞུང་ནས་ཟླ་༩  ཚེས་ ༡༥ བར་ཕྱི་མི་སུ་འདྲ་ཡིན་རུང་ཧི་མཱ་ཅལ་ནང་ཕེབས་པར་དེབ་སྐྱེལ་ངེས་པར་དུ་གནང་དགོས་པ་གསུངས་ཡོད་ཀྱང་། ཟླ་ ༨ ཚེས་ ༢༩ ཉིན་རྒྱ་གར་དབུས་གཞུང་ནས་སྒོ་བརྒྱ་བསྡམ་པའི་གུ་ཡངས་ཀྱི་རིམ་པ་བཞི་པའི་གསལ་བསྒྲགས་གནང་སྐབས་མངའ་སྡེ་ཕན་ཚུན་དབར་ཚོང་ཟོག་དང་མི་སྣ་འགྲུལ་སྐྱོད་ལ་དམ་དྲག་གནང་མི་ཆོག་པའི་བཀའ་རྒྱ་ཕེབས་ཡོད་པ་རེད། རླུང་འཕྲིན་ཁང་ནས་ད་རེས་ཧི་མཱ་ཅལ་མངའ་སྡེས་ཐག་གཅོད་དང་འབྲེལ་དྷ་སའི་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་དྷ་སར་ཕེབས་མཁན་བོད་མི་ཚོར་ཇི་ལྟར་གནང་དགོས་པའི་ཐོག་ལ་བཅར་འདྲི་ཞུས་པར་ཁོང་གིས་ད་ཆ་མངའ་སྡེ་གཞུང་ནས་དེ་འབྲེལ་ཐད་ལ་གཞུང་འབྲེལ་བཀའ་རྒྱ་གང་ཡང་ཕེབས་མེད་སྟབས་ཟུར་བཀག་གནང་ཕྱོགས་ལ་འགྱུར་བ་ཕྱིན་མེད་པར་གསུངས་སོང་། གཞི་རྩའི་རྒྱ་གར་སྤྱི་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་ཇེ་མང་དུ་ཕྱིན་པ་མ་ཟད་སྒོས་ཧི་མཱ་ཅལ་ནང་དུ་ཁ་སང་གཅིག་པོར་མི་གྲངས་ ༨ འདས་གྲོངས་སུ་གྱུར་ཡོད་པ་རེད། ད་བར་མངའ་སྡེའི་ནང་གཉན་རིམས་ཕོག་མཁན་ཁྱོན་མི་གྲངས་ཆིག་ཁྲི་འགལ་བ་བྱུང་བའི་ཁྲོད་ ༦༠༠༠ ལྷག་ཙམ་དྲག་སྐྱེད་དང་། ༨༩ འདས་གྲོངས་སུ་གྱུར་པ། དེ་བཞིན་ད་ཆ་ནད་མནར་བཞིན་པ་ ༣༨༠༠ ལྷག་ཆགས་ཀྱི་འདུག

བོད་ཀྱི་གྲོགས་པོ་རྙིང་གྲས་ Dr. Kapila Vatsyayan ལགས་དགོངས་པ་རྫོགས་འདུག

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཚུ་ཚོད་ ༩ པའི་ཐོག་བོད་ཀྱི་གྲོགས་པོ་རྙིང་གྲས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་སྒྱུ་རྩལ་བ་གྲགས་ཅན་མཁས་དབང་ Kapila Vatsyayan ལགས་དགོང་ལོ་༩༢ ཐོག་རྒྱལ་ས་ལྡི་ལིའི་རང་ཁྱིམ་དུ་སྐུ་ཚེ་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་འདུག

དབྱིན་ཡུལ་གཞུང་གིས་བོད་ཐོག་རྒྱ་ནག་ལ་མགོ་བཏགས་པ་དེར་བསྐྱར་ཞིབ་ཀྱི་རེ་སྐུལ།

ཕྱི་ལོ་ ༢༠༠༨ ལོར་དབྱིན་ཡུལ་གཞུང་གིས་བོད་ཐོག་ལོ་ངོ་བརྒྱ་ཕྲག་རིང་བཟུང་པའི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱས་པར་བརྟེན། དེང་སྐབས་རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་ངེས་གཏན་མེད་པའི་གཞེངས་ཕྱོགས་ལ་ཆ་འཇོག་མ་བྱས་པ་དང་འབྲེལ། ཧོང་ཀོང་གི་གནད་དོན་ཐད་དེ་སྔ་དབྱིན་ཡུལ་གཞུང་ལ་ཁས་བླངས་བ་ཡོངས་རྫོགས་རྩིས་མེད་ཀྱིས་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་ཡོད་སྟབས། ད་ཆ་དབྱིན་ཡུལ་གཞུང་གི་ངོས་ནས་ཧོང་ཀོང་གི་གནད་དོན་ཐད་རང་ཉིད་ཀྱི་གཞེངས་ཕྱོགས་བརྟན་པོ་བཟོ་ཆེད། ཕྱི་ལོ་ ༢༠༠༨ ལོར་བོད་ཐོག་བཟུང་པའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག

ནང་སོག་ཏུ་མི་ལྔ་སྟོང་ཙམ་འཛིན་བཟུང་དང་སོག་ཡུལ་དུ་ཝང་ཡིར་ངོ་རྒོལ།

རྒྱ་ནག་གཞུང་གིས་ནང་སོག་གམ་ལྷོ་སོག་ནང་གི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་དེ་གའི་སློབ་གྲྭ་ཁག་གི་སློབ་ཚན་དང་སློབ་ཁྲིད་ཡོངས་རྫོགས་སོག་པོའི་སྐད་ཡིག་ཚབ་ཏུ་རྒྱ་སྐད་ཐོག་སློབ་ཁྲིད་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་དང་འབྲེལ། སྲིད་བྱུས་དེར་ངོ་རྒོལ་བྱེད་མཁན་མང་ཚོགས་སྟོང་ཕྲག་ཁ་ཤས་འཛིན་བཟུང་བྱས་དང་བྱེད་མུས་ཁྲོད། ཁ་སང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi སོག་ཡུལ་དུ་སྐྱོད་སྐབས་ཡུལ་དེའི་ནང་གི་མང་ཚོགས་བརྒྱ་སྐོར་ཞིག་གིས་ངོ་རྒོལ་ཤུགས་ཆེ་གནང་འདུག Reuters གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ Wang Yi སོག་ཡུལ་གྱི་རྒྱལ་ས་ Ulanbator ནང་ཆེད་སྐྱོད་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་ལྷན་མཇལ་མོལ་གནང་བའི་ཁྲོད་ Sukhbaatar ཐང་ཆེན་ཐོག་ས་གནས་ཀྱི་མང་ཚོགས་བརྒྱ་སྐོར་ཞིག་ནས་རང་གི་ཐུན་མོང་མ་ཡིན་པའི་ཆས་གོས་གྱོན་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་རྔམ་སྟོན་ཤུགས་ཆེ་བྱས་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱིས་སྐབས་དེར་རང་ཉིད་ཀྱི་ལག་ཏུ་ང་ཚོའི་སྐད་ཡིག་སྐྱོབས་ཤིག Wang Yi རྒྱལ་ཁབ་འདི་ནས་ཕྱིར་ལོག་དགོས་ཞེས་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་བསྣམས་འདུག ལས་འགུལ་བ་ཅིག་གིས་སྐབས་དེར་ Reuters གསར་སྤེལ་ཁང་གི་བཅར་འདྲིར་དང་ལེན་གནང་སྐབས་སོག་ཡུལ་གྱི་དབུ་ཁྲིད་རྣམས་ཀྱིས་ཕྱི་འབྲེལ་གྱི་ལས་དོན་དང་དཔལ་འབྱོར་གྱི་གནད་དོན་ཁ་ལ་འཁྱེར་ནས་མུ་མཐུད་ཁ་ཁུ་སིམ་པོར་བཞུགས་ཚེ་སོག་པོའི་མི་རིགས་རེ་རེ་བཞིན་རྒྱ་ནག་གི་དབང་སྒྱུར་འོག་རྩ་མེད་དུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུགགཞི་རྩའི་རྒྱ་ནག་གཞུང་གིས་ནང་སོག་གམ་ལྷོ་སོག་ནང་གི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་སློབ་གྲྭ་ཁག་གི་སློབ་དེབ་དང་སློབ་ཚན་ཡོངས་རྫོགས་སོག་སྐད་ཚབ་ཏུ་རྒྱ་སྐད་ནང་ཁྲིད་དགོས་པ་བཟོས་པ་མ་ཟད། ཁུལ་དེའི་ནང་སོག་སྐད་རང་གི་ཐོག་ཡོད་པའི་ Bainu ཞེས་པའི་སྤྱི་ཚོགས་དྲ་ལམ་གཅིག་པོ་དེའང་སྒོ་བརྒྱབ་ཡོད་པ་རེད། གནད་དོན་དེའི་རྐྱེན་གྱིས་ཉེ་བའི་ཆར་ནང་སོག་ཏུ་མང་ཚོགས་སྟོང་ཁྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་རིམ་པ་གནང་ཡོད་པ་དང་། ཨ་རིར་རྟེན་གཞི་བྱས་པའི་ Southern Mongolian Human Rights Information Center ཞེས་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་གནང་བར་རྒྱ་ནག་གཞུང་གིས་ཞི་བའི་ལས་འགུལ་བ་སྟོང་ཁྲག་ལྔ་ཙམ་འཛིན་བཟུང་བྱས་པ་མ་ཟད་ལས་འགུལ་བ་དགུས་རང་སྲོག་བཅད་ནས་རྒྱ་ནག་ལ་ངོ་རྒོལ་གནང་ཡོད་སྐོར་བརྗོད་འདུག

ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་འོས་འགན་དེ་ང་ཚོ་དང་ལྷག་པར་དུ་སྲིད་དོན་པར་ཡོད་ཅེས་བཀའ་སྩལ་བ།

༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་གོ་ལའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གང་སྤེལ་ཡང་དེར་ཐུགས་དོགས་གང་ཡང་མེད་པར་རྒྱབ་སྐྱོར་མཛད་ངེས་ཡིན་ཞེས་བཀའ་སྩལ་བ་དང་སྦྲགས། གནད་དོན་འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞི་གཅིག་པོ་དེའི་ཡུན་གནས་དང་འབྲེལ་བ་ཡོད་ཅེས་བཀའ་སྩལ་འདུགབོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ The Los Angeles Times ཞེས་པའི་ཨ་རིའི་ཉིན་རེའི་གསར་ཤོག་ཐོག་དམིགས་བསལ་དཔྱད་གཏམ་ཞིག་སྤེལ་གནང་མཛད་དེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནི་ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་ལྗོན་ཤིང་ལ་སྙེ་ནས་སྐུ་བལྟམས་ཤིང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཟད། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་མཛད་པ་དེ་དག་ཀྱང་ལྗོན་ཤིང་འོག་ཏུ་བརྟེན་ཡོད་སྐོར་བཀའ་སྩལ་དང་སྦྲགས། ཅི་སྟེ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་སླར་ཕེབས་ཚེ་ཁོང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་ཕྱག་ལས་མཛད་རྒྱུ་ཐུགས་གཏན་ཁེལ་ཡོད་པར་བཀའ་སྩལ་འདུག༸གོང་ས་མཆོག་གིས་དཔྱད་གཏམ་དེའི་ནང་འདས་པའི་ལོ་མང་གོང་ནས་གཞོན་སྐྱེས་ཕོ་མོ་ས་ཡ་མང་པོས་སྲིད་དོན་གྱི་དབུ་ཁྲོད་ཚོའི་ངོས་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་སྨན་པའི་དོན་འབྲས་སོན་པའི་ཕྱག་བསྟར་གནང་དགོས་པའི་ལས་འགུལ་བསྟུད་མར་སྤེལ་བ་མ་ཟད། སྣོད་བཅུད་ཀྱི་འཇིག་རྟེན་ལ་གཏོར་བཤིག་དང་སྐྱེས་ལྡན་སྣ་མང་ཉུང་དུ་གཏོང་བཞིན་ཡོད་པའི་བྱ་སྤྱོད་ལ་རོགས་འདེགས་ཀྱིས་མང་ཚོགས་ཁྲོད་གོ་རྟོགས་ལས་འགུལ་སྤེལ་བ་ཁག་ལུང་འདྲེན་མཛད་པ་དང། ལྷག་དོན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་བུ་མོ་ན་ཆུང་ Greta Thunberg ལགས་ཀྱིས་ད་བར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་འཕེལ་བའི་གནད་དོན་སོགས་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་བར་ཡི་རངས་བསྔགས་བརྗོད་མཛད་དེ་ལོ་ན་ཆུང་ཆུང་ཞིག་ལ་གོ་ལའི་འགན་ཁུར་གྱི་བསམ་བློ་དེ་འདྲ་ཞིག་ཡོད་པ་དེ་ནི་ངོ་མཚར་ཅན་ཞིག་ཡིན་སྐོར་བཀའ་སྩལ་བ་ཆབས་ཅིག  Greta Thunberg ལགས་ཀྱིས་སྣེ་ཁྲིད་པའི་ Friday for future ཞེས་རེས་གཟའ་པ་སངས་ནི་མ་འོངས་པའི་ཆེད་དུ་ཡིན་པའི་འབོད་ཚིག་གི་ལས་འགུལ་ལ་མགོན་པོ་༸གང་ཉིད་མཆོག་ནས་རྒྱབ་སྐྱོར་ཡོད་པར་བཀའ་སྩལ་འདུགདེ་བཞིན་༸གོང་ས་མཆོག་གིས་མི་རེ་ངོ་རེར་གོ་ལའི་ཁྱིམ་ཚང་འདི་བཟང་ཕྱོགས་སུ་སྣེ་ཁྲིད་རྒྱུའི་འོས་འགན་ཡོད་པ་བཀའ་སྩལ་བ་དང་སྦྲགས། བསྔོ་སྨོན་གསུང་འདོན་ཁོ་ན་གནང་བ་དེས་མི་འགྲིག་པར་ང་ཚོས་དོན་དམ་པར་འགན་ཁུར་དགོས་ཞེས་ལམ་སྟོན་མཛད་པ་མ་ཟད། དུས་རབས་ཉེར་གཅིག་གི་གཞོན་སྐྱེས་ཚོར་དུས་རབས་འདི་ཞི་བདེ་དང་གྲོས་མོལ། དེ་བཞིན་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་དང་གོ་སྐབས་ལྡན་ཡོད། གཞོན་སྐྱེས་དེ་རྣམས་ནི་ང་ཚོའི་རེེ་བ་དང་ཁོང་རྣམ་པའི་འབད་བརྩོན་རྣམས་ནི་བདེན་པ་དང་རྒྱུ་མཚན་ལ་གཞིར་བཅོལ་བ་ཞིག་ཆགས་ཡོད་སྟབས་ན་གཞོན་ཚོས་དོན་དམ་གྱི་འགྱུར་ལྡོག་གནང་བའི་ཐུགས་རེ་ཡོད་པར་བཀའ་སྩལ་འདུག ཕྱོགས་མཚུངས་དེང་གི་དུས་འདིར་ང་ཚོའི་ཁོར་ཡུག་གྱི་གནད་དོན་དང་འོས་བསྡུའི་དབར་འབྲེལ་ལམ་དམ་ཟབ་ཆགས་ཡོད་པར་བཀའ་སྩལ་བ་དང་འབྲེལ། ང་ཚོས་གཞོན་སྐྱེས་ཁོ་ནར་རེ་བ་བཅོལ་ནས་མ་བཞུགས་པར་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་དེ་ཛ་དྲག་གི་ངོ་བོར་ཐུགས་ཁུར་བཞེས་མཁན་གྱི་ཆབ་སྲིད་དབུ་འཁྲིད་རྣམས་འོས་འདེམས་གནང་དགོས་པ་བཀའ་སྩལ་འདུག ༸གོང་ས་མཆོག་གིས་གནད་དོན་འདི་དང་འབྲེལ། དེང་སྐབས་འཇར་མ་ནི་དང་སུད་ཛ་ལན་ཌི། ཧྥི་ལན་ཌི། སྦེལ་ཇམ། དེ་བཞིན་ནི་ཐར་ལན་ཌི། ཨོ་རོབ་གྲོས་ཚོགས་སོགས་ཀྱི་ནང་ལ་ལྗང་ཁུ་ཚོགས་པའི་འཐུས་མི་རྣམས་སྲིད་དོན་མི་སྣར་འོས་འདེམས་གནང་གི་ཡོད་པ་དང་། དེ་ནི་མང་ཚོགས་ཀྱི་དགོངས་འཆར་བརྒྱུད་དེ་སྲིད་དོན་མི་སྣའི་བསམ་བློར་འགྱུར་ལྡོག་ཡོང་བར་བཟང་རྟགས་ཤིག་ཡིན་པར་བཀའ་སྩལ་བ་དང་སྦྲགས། སྤྱིར་མགོན་པོ་༸གང་ཉིད་མཆོག་གིས་སྲིད་དོན་པ་ཚོས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་གནད་ཆེར་ངོས་འཛིན་གནང་གི་མེད་པའི་རྣམ་པ་ཞིག་གཟིགས་ཀྱི་ཡོད་སྐོར་བཀའ་སྩལ་ཏེ་མ་རིག་པ་ནི་རང་ཉིད་ཀྱི་དགྲ་བོ་ཨང་དང་པོ་དེ་ཡིན་པར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་དཔྱད་གཏམ་དེ་ནང་ད་དུང་ང་ཚོས་ཚོགས་འདུ་དང་ལྷན་ཚོགས་སྐོང་ཚོགས་གནང་བ་དེ་ཁོ་ནས་མི་འགྲིག་པར་འགྱུར་ལྡོག་ཡོང་བར་འཆར་གཞི་ལྡན་པའི་དུས་བཅད་གཏན་འབེབས་གནང་དགོས་པ་དང་། གལ་ཏེ་སྲིད་དོན་དབུ་ཁྲིད་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་ཚེ་ང་ཚོར་རེ་བ་གནང་རྒྱུའི་རྒྱུ་མཚན་ལྡན་ཡོད། ང་ཚོས་སྲིད་པའི་དཔལ་ཡོན་དེ་མི་ཁག་ཅིག་གི་འདོད་མོས་ལ་བལྟས་ནས་བློས་བཏང་གནང་རྒྱུ་མེད་པར་ལམ་སྟོན་མཛད་འདུག གཞན་ཡང་༸གོང་ས་མཆོག་གིས་ཉེ་ཆར་རྟོག་ཞིབ་པ་ཚོས་འཛམ་གླིང་འདི་དུག་རྫས་ནག་པོ་སྤྱོད་ཚད་ཡོངས་སུ་བརྒལ་ཡོད་པའི་གྲུབ་དོན་ར་འཕྲོད་བྱུང་བ་ལྟར་ད་ལྟའི་ང་ཚོའི་དུས་སྐབས་འདི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་པ་དང་། ལྷག་དོན་སྲིད་དོན་པ་ཚོས་སྔ་རྗེས་སུ་རྒྱུ་མཚན་འདྲ་མིན་ལ་སྙད་བཏགས་ཀྱང་ང་ཚོས་ངེས་པར་དུ་དུས་ཚོད་ཐབས་མཁས་ཀྱི་ཐོག་ནས་སྤྱོད་དགོས་པར་བཀའ་སྩལ་འདུག འཛམ་གླིང་འདིར་གནས་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་རྣམས་ནས་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་ལྟར་གོ་ལ་ཁྱོན་ཡོངས་དང་འབྲེལ་བའི་ཁོར་ཡུག་གི་གནད་དོན་ལ་བསྐྱར་ཞིབ་གནང་གལ་ཡིན་པ་དང་། གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་གདོང་ལེན་གནང་བཞིན་པའི་དུས་སྐབས་འདིར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེ་ནི་ང་ཚོ་ཡུན་གནས་ཐུབ་པར་དོན་དམ་གྱི་གནད་དོན་ཞིག་ཡིན་པར་བཀའ་སྩལ་འདུག ང་ཚོའི་མ་འོངས་པའི་མི་རབས་གཞོན་པ་ཚོ་ཇི་ལྟར་ཆགས་མིན་ང་ཚོའི་ལག་ཏུ་ཡོད་པར་བརྟེན་ང་ཚོས་རྗེས་ཤོར་མ་བྱུང་བའི་སྔོན་དུ་ཆོད་སེམས་བརྟན་པོས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གདོང་ལེན་གྱི་ལས་དོན་གཉེར་དགོས་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་བ་དང་། རྩ་བའི་༸གོང་ས་མཆོག་ལ་བུ་ཕྲུག་གང་ཡང་མེད་ཀྱང་བུ་ཕྲུག་ཡོད་མཁན་ཚོས་ཕྲུ་གུར་རང་ཉིད་སོ་སོ་དང་དེ་དག་གི་བུ་ཚའི་མི་ཚེ་ཇི་ལྟར་སྐྱེལ་དགོས་པའི་ཐོག་ལ་བསམ་བློ་གཏོང་དགོས་པ་དང་། ང་ཚོ་དུས་རབས་ ༢༡ གི་འགོ་སྟོད་འདིར་ཡོད་ཀྱང་ངེས་པར་དུ་དུས་རབས་ ༢༢ དང་ ༢༣ ནང་གནས་སྟངས་ཇི་ཆགས་ཐོག་ལ་དགོངས་བཞེས་གནང་དགོས་ཞེས་ལམ་སྟོན་སྩལ་འདུགགཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་གཙོ་སྐྱོང་གནང་བའི་ཐོག་ G7 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་འདུ་འཛོམས་ཀྱིས་དྲ་ཐོག་བརྒྱུད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་ལྷན་དུ་དཔལ་འབྱོར་དང་ཁོར་ཡུག་གི་དྲང་བདེན་སྤྱི་ཡོངས་ལ་དགོས་ཞེས་པའི་བརྗོད་གཞིའི་ཐོག་ལོ་འཁོར་གྱི་ཚོགས་འདུ་ཐེངས་ ༡༩ ཚོགས་པར་གོ་ལའི་ཚ་དྲོད་ཀྱི་རྐྱེན་གྱིས་ད་ཆ་དངོས་སུ་མི་མང་པོར་ངལ་བ་བཟོད་བརླགས་མེད་པའི་འཕྲད་ཀྱི་ཡོད་སྟབས་ང་ཚོས་གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་ངེས་པར་དུ་ཐུགས་སྣང་མང་ཙམ་གནང་དགོས་ཞེས་ལམ་སྟོན་སྩལ་ཡོད།

རྒྱ་དཀར་ནག་དབར་ཞི་བདེ་འདོད་ཀྱང་ཐུན་མོང་གི་མོས་མཐུན་ཡོད་པའི་ཐག་གཅོད་ཅིག་བྱུང་མེད་པར་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་དབུ་འཛུགས་དང་འབྲེལ་ཉེ་དུས་སུ་སྐུ་ཚེའི་འཕེན་པ་རྫོགས་པ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པྲཎབ་མུཁརྗྀ་མཆོག་དང་། གྲོས་ཚོགས་འཐུས་མི་ Pandit Jasraj ལགས་གཙོས་གཞན་གནད་ཡོད་མི་སྣ་ཡོངས་ལ་མྱ་ངན་གུས་འདུད་དང་ཏོག་དབྱིབས་རིམས་ནད། སྨན་སྦྱོར་ལས་དོན་སོགས་ཀྱི་ཐད་ལ་གྲོས་འཆར་ཆེད་འདོན་གྱིས་བགྲོ་གླེང་གནང་ཡོད་པ་རེད།དེ་རིང་ལས་ཉིན་གཉིས་པའི་ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh ལགས་ནས་ཟླ་ཤས་གོང་ནས་ཕགས་བོད་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་མཐའ་སྲུང་དམག་མིའི་དབར་གདོང་ཐུག་གི་གནད་དོན་བྱུང་སྐོར་གསུངས་སོང་བ་དང་། སྐབས་དེར་སྐུ་ཞབས་ Rajnath Singh ལགས་ཀྱིས་རྒྱ་ནག་ཕྱོགས་ནས་འདི་ལོའི་ཕྱི་ཟླ་བཞི་པའི་འགོ་སྟོད་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་དམག་མི་རྒྱ་སྐྱེད། དམག་དོན་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་ཁག་ཅིག་ཀྱང་སྤེལ་ཡོད་པ་དང་། དེ་ནས་རིམ་པས་ཕྱི་ཟླ་ལྔ་པའི་ནང་ཁུལ་དེའི་གྷལ་ཝན་ལུང་གཤོང་དང་གཙོས་ལ་དྭགས་ཀྱི་ནུབ་ཕྱོགས་ཁུལ་དུ་མཚམས་ལས་བརྒལ་བའི་བྱ་སྤྱོད་སྤེལ་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆར་རྒྱ་ནག་ཕྱོགས་ནས་ཁྲིམས་མཐུན་མེད་པར་རྒྱ་གར་གྱི་ས་ཁྱོན་ཀི་ལོ་མི་ཊར་ ༤༨༠༠༠ ཙམ་བཙན་བཟུང་བྱས་ཡོད་པ་གསུངས་སོང་། ལྷག་པར་དུ་གནད་དོན་དེ་དག་དང་འབྲེལ་ཉེ་ཆར་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་ཐུག་འཕྲད་ཀྱིས་གྲོས་བསྡུར་བྱེད་སྐབས་རྒྱ་དཀར་ནག་གཉིས་ཀྱི་དབར་ཞི་བདེ་འདོད་པ་ལྟར་མོས་མཐུན་བྱུང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ཡུལ་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་དེ་སྔའི་ཐག་གཅོད་དེ་ངོས་ལེན་གནང་མེད་སྟབས། ད་ལྟའི་ཆར་ས་མཚམས་ཀྱི་གནད་དོན་ཐད་ཕྱོགས་གཉིས་དབར་མོས་མཐུན་ཡོད་པའི་ཐག་གཅོད་ཅིག་བྱུང་མེད་པར་གསུངས་ཡོད། རྒྱ་གར་དམག་མི་ཚོས་ད་བར་རྒྱ་ནག་གི་དམག་དཔུང་ལ་ཁ་གཏད་ནན་པོ་གཅོག་པ་དང་རྒྱ་གར་གཞུང་ཕྱོགས་ནས་ཀྱང་དམག་བྱུས་དང་ཕྱི་འབྲེལ་གྱི་སྲིད་བྱུས་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་བརྡ་ལན་གསལ་པོ་སྤྲད་པ་དང་། ད་ཆར་ས་ཁུལ་དག་གི་སྲུང་སྐྱོབ་ལས་དོན་སླད་དུ་གསང་བའི་སྒྲིག་འཛུགས་ཁག་ཅིག་གིས་གཞུང་དང་ཟུང་འབྲེལ་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་ནག་ཕྱོགས་ནས་ས་མཚམས་ཀྱི་རྒྱ་ལས་འདས་པའི་བྱ་སྤྱོད་སྤེལ་ཚེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡོངས་ལ་གནོད་ངེས་ཡིན་པར་གསུངས་འདུག བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh ལགས་ནས་ཉེ་ཆར་ཁོང་ལ་དྭགས་ཁུལ་དུ་ཕེབས་ཏེ་རྒྱ་གར་གྱི་དམག་མི་ཚོ་དང་ཐུག་འཕྲད་གནང་སྐབས་དམག་མི་རྣམས་ཀྱི་སེམས་ཤུགས་དང་རྒྱལ་ཞེན་སྔར་ལས་ཆེ་བ་ཡོད་པ་མངོན་རྒྱུ་འདུག་ཅེས་གསུངས་པ་དང་ཆབས་ཅིག རྒྱ་གར་གཞུང་དང་མི་མང་ཚང་མས་དམག་མི་ཚོའི་སྙིང་སྟོབས་ལ་རྒྱབ་སྐྱོར་དང་ཐེངས་འདིའི་གྲོས་ཚོགས་ཐོག་དམག་མི་རྣམས་ལ་རྒྱབ་སྐྱོར་དང་ཆེ་མཐོང་མཚོན་ཕྱིར་གྲོས་ཆོད་ཅིག་ཀྱང་འཇོག་དགོས་པའི་འབོད་སྐུལ་གནང་སོང་། གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་དུས་ཚོད་དགོས་སྐོར་ཞུས་སོང་བ་དེ་ལྟར་ཡང་། རིམས་ནད་ཁྱབ་གདལ་དབང་གིས་གྲོས་ཚོགས་ལས་དོན་ཁག་རིམ་ཕེབས་གནང་དགོས་སྟབས་བགྲོ་གླེང་སོགས་ཀྱི་དུས་ཚོད་བྱུང་མེད་པ་རེད། གཞི་རྩའི་ཁ་སང་གྲོས་ཚོགས་དབུ་འཛུགས་མ་གནང་གོང་དུ་སྲིད་བློན་མོ་དཱི་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ལས་རིམ་ཐོག་ནས་རྒྱ་གར་གྱི་མང་ཚོགས་རྣམས་དམག་མི་ཚོ་དང་ལྷན་དུ་ཡོད་པའི་བརྡ་ལན་ཞིག་ངེས་པར་དུ་གནང་དགོས་ཞེས་གསུངས་ཡོད། རྒྱ་གར་གྲོས་ཚོགས་ཀྱི་ལས་རིམ་གཏན་འབེབས་གནང་བར་གཞིགས་ན་གྲོས་ཚོགས་ཀྱི་ཚོགས་དུས་འདི་ཟླ་ ༡༠ ཚེས་ ༡ བར་ཁྱོན་ཉིན་གྲངས་ ༡༨ རིང་གུང་སེང་མེད་པར་འཚོགས་རྒྱུ་ཡིན་པ་དང་། ཚོགས་དུས་ཐོག་གནམ་གྲུའི་ལས་དོན་དང་ཏོག་དབྱིབས་རིམས་ནད། སྨན་སྦྱོར། དེ་བཞིན་བློན་ཆེན་རྣམ་པའི་ཟུར་ཕོགས་ཐོབ་ཐང་ལ་བསྐྱར་བཅོས་སོགས་སྒྲིག་གཞི་བསྐྱར་བཅོས་དང་ཁྲིམས་གཞི་གཏན་འབེབས། དངུལ་རྩིས་ཀྱི་གནད་དོན་གཉིས་བཅས་ཁྱོན་དོན་ཚན་ཆེ་ཁག་ ༤༧ ཐོག་གྲོས་བསྡུར་གནང་འཆར་འདུག

དཀར་མཛེས་མི་མང་ཁྲིམས་ཁང་གིས་བོད་མི་དགུ་ལ་ཁྲིམས་ཆད།

ཁ་སང་། ཨ་རིའི་གྲོང་ཁྱེར་ SAN FRANCISCO ནང་དུ་རྟེན་གཞི་བྱས་པའི་ Dui Hua ཐེབས་རྩ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གིས་ས་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཀྱི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་བོད་མི་དགུ་ཡིས་ཁ་བྲལ་གྱི་ལས་འགུལ་སྤེལ་ཡོད་པར་བསྙད་དེ་ཁྲིམས་ཐག་བཅད་འདུགདེའང་ Dui Hua འམ་གྲོས་མོལ་ཞེས་པའི་ཐེབས་རྩ་ཁང་དེས་ས་གནས་རྒྱ་ནག་གཞུང་དང་འབྲེལ་བའི་ཉེ་བའི་གནས་ཚུལ་ཡོང་ཁུངས་ཤིག་གིས་བརྗོད་པ་ལུང་འདྲེན་གནང་དོན་ལྟར་ན། ཐེངས་འདིར་དཀར་མཛེས་བོད་རིགས་རང་སྐྱོང་ལྗོངས་ཀྱི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་ཡོད་པའི་བོད་མི་དེ་དག་ནི། ཆོས་དར། སྒྲོལ་མ་ཚེ་རིང་། གྲགས་པ། འཕྲིན་ལས་ཡེ་ཤེས།  སྤེན་པ། ནམ་མཁའ་རྒྱལ་མཚན། པདྨ་སྲིི་ཐར།  བུ་ཕྲུག  བུད་དྷ། བཅས་ཡིན་པར་འཁོད་འདུག བོད་མི་དགུ་ལ་ཁྲིམས་ཆད་བཅད་པའི་ཁོངས་ནས། ཕྱི་ལོ་ ༢༠༡༩ ལོར།  བོད་མི་གསུམ་གྱིས་གཞུང་དངོས་མེར་བསྲེགས་བཏང་བའི་ཉེས་དོན་གྱི་འོག་ནས་ཁྲིམས་བཤེར་བྱས་ལུགས་དང། བོད་མི་དགུ་པོ་དེ་དག་འདི་ལོའི་ཕྱི་ཟླ་ ༦ པའི་རྗེས་ལ་ཁྲིམས་ཐག་བཅད་པ་ཡིན་ལུགས་འཁོད་པ་ལས། ད་ལྟའི་འཆར་བོད་མི་དེ་དག་དོན་དངོས་ཉེས་མིང་ཅི་ཞིག་གི་འོག་ནས་འཛིན་བཟུང་བྱས་ཏེ་ཟླ་ཚེས་ནམ་ཞིག་ལ་ཁྲིམས་བཤེར་བྱས་ཡོད་པ་དང་། དེ་བཞིན་ཁོང་རྣམས་ཀྱི་མཚན་དང་ལོ་བབ། གཞན་ཡང་དུས་ཡུན་ག་ཚོད་ཅིག་ལ་ཁྲིམས་ཐད་བཅད་ཡོད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོག་བྱུང་མེད་པ་རེད་འདུག དེ་བཞིན་ཐེབས་རྩ་ཁང་ནས། ཐེངས་འདིར་ཁྲིམས་ཐག་བཅད་པའི་བོད་མི་དེ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབ་བཟོས་ཡོད་པར་བསྙད་ནས་ཁྲིམས་ཐག་བཅད་ཡོད་པ་ཙམ་ལས། གཞི་རྩའི་ཁྲིམས་ཐག་བཅད་པའི་བོད་མི་རྣམས་ཀྱི་གནད་དོན་ཕན་ཚུན་ལ་འབྲེལ་བ་ཡོད་མེད་གསལ་ཁ་མེད་པ་དང་། བོད་མི་དེ་དག་གིས་རང་ཉིད་ཀྱི་ཁྲིམས་ཆད་ཀྱི་ཐད་ཁྲིམས་ཁང་གོང་མར་སླར་ཡང་ཞུ་གཏུགས་གནང་ན་མ་གཏོགས་ཁོང་རྣམས་རིང་མིན་ཟླ་བ་ཁ་ཤས་ཞིག་གི་ནང་ཚུད་དུ་ཟི་ཁྲོན་གྱི་བཙོན་ཁང་ཁག་ཏུ་མངགས་གཏོང་བྱེད་རྒྱུ་ཡིན་པར་འཁོད་འདུག གཞི་རྩའི་རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་ལྟར་ན། ཁ་བྲལ་གྱི་ལས་འགུལ་ནི་ཉེས་དོན་གཏུག་བཤེར་གྱི་དོན་ཚན་ ༡༠༣ ནང་དུ་འཁོད་ཡོད་པ་དང་། ཁ་བྲལ་ཉེས་དོན་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབ་སློང་བའི་རིགས་སུ་གཏོགས་ཡོད་པར་འཁོད་ཡོད་པ་ལྟར། མི་སུ་ཞིག་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་གྱི་ཉེས་དོན་དང་འབྲེལ་ནས་འཛིན་བཟུང་བྱས་པ་ཡིན་ན། མ་མཐའ་ཡང་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཐོབ་ཐང་ཁག་ཀྱང་གཞུང་བཞེས་གཏོང་གི་ཡོད་པ་རེད་འདུག དེ་བཞིན་རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་དོན་ཚན་༡༡༤ ནང་དུ་སྤྱི་མང་གི་དངོས་ཟོག་ལ་མེ་སྐྱོན་བཏང་ན་མ་མཐའ་ཡང་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུའི་དོན་ཚན་འཁོད་ཡོད་པ་རེད། ཨ་རིའི་ཚོང་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ John Kamm ལགས་ཀྱིས་གསར་འཛུགས་གནང་བའི་Dui Hua ཐེབས་རྩ་ཁང་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་གཞི་རྩར་བཞག་བའི་ཐོག རྒྱ་ནག་དང་ལྷན་ཕན་ཚུན་གྲོས་མོལ་གྱི་ལམ་ནས་ཉེན་ཁའི་ནང་ལྷུང་བའི་ཆབ་སྲིད་བཙོན་པ་རྣམས་ལ་གུ་ཡངས་ཐོབ་ཐབས་དང་། ཁོང་ཚོའི་གནས་སྟངས་ཡར་རྒྱས་སླད་འབད་པ་གནང་མཁན་གྱི་ཐེབས་རྩ་ཁང་ཞིག་ཡིན་པ་དང་། ཐེབས་རྩ་ཁང་དེའི་ངོས་ནས་འདས་པའི་ནང་སྟག་སྣ་འཇིགས་མེད་བཟང་པོ་ལགས་དང་། ངག་དབང་གསང་གྲོལ་ལགས་ལྟ་བུ་བོད་ཀྱི་གྲགས་ཆེ་བའི་ཆབ་སྲིད་པ་ཁག་གཅིག་གློད་གྲོལ་གཏོང་ཐུབ་པ་གནང་ཡོད་པ་རེད། ཐེབས་རྩ་ཁང་དེའི་སྙན་ཐོ་ནང་གསལ་བ་ལྟར་ན་ད་ལྟའི་བར་དུ་ཤེས་རྟོག་བྱུང་བར་བར་གཞིགས་ན། རྒྱ་ནག་གིས་སྤྱི་ལོ་ ༢༠༡༦ ལོ་ནས་བཟུང་བོད་མི་ ༤༨ ལྷག་ཁ་བྲལ་གྱི་ཉེས་དོན་དང་བསྙད་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་འཁོད་འདུག

ཚོགས་གཙོ་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་བ་གཉིས་ཀྱི་དགོངས་རྫོགས་ལ་ཐུགས་གསོ།

རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་ཁྲིད་རྒན་གྲས་སློབ་དཔོན་ Dr. Raghuvansh Prasad Singh མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༣ ཉིན་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འཕྲལ། ཁ་སང་ཕྱི་ཚེས་ ༡༤ ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་གནང་སྟེ་དམ་པ་ཁོང་གི་ཤུལ་ལུས་ཀྱི་ནང་མི་གཉེན་འབྲེལ་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་ཏེ། སྐུ་ཞབས་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་དང་། ཁོང་གི་ནང་མི། དེ་བཞིན་ང་ཚོ་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་བྱུང་ཡོད་སྟབས་། ཚོགས་གཙོ་མཆོག་གིས་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

བོད་མིའི་སྤྱི་ཚོགས་ཁྲོད་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པ།

རྒྱ་གར་ནང་ད་ལྟའི་ཆར་ཉིན་རེ་བཞིན་ཏོག་དབྱིབས་གཉན་རིམས་ ༡༩ པ་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་སྒོས་འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་མི་གྲངས་ཁྲི་བརྒྱད་ལྷག་ཆགས་ཀྱི་འདུག དེའི་ཁྲོད་ཁ་སང་བོད་མིའི་སྒྲིགས་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཁེ་ན་རཱ་དངུལ་ཁང་དུ་ཕྱག་ལས་གནང་མཁན་ཞིག་ལ་ནད་གཞི་དེ་ཕོག་རྐྱེན་དེ་རིང་བོད་མིའི་སྒྲིགས་འཛུགས་ཀྱི་ལས་ཁུངས་ཁག་ལས་མཚའས་བཞག་པ་མ་ཟད། རྒྱ་གར་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་ཅོན་ཏ་རཱ་དང་སུ་ཇཱ་བོད་ཁྱིམ། དེ་བཞིན་ལྡི་ལི་བོད་སྒར་བསམ་ཡས་གླིང་ནང་བོད་མི་ཁག་ཅིག་ལ་ནད་དེ་ཕོག་ཡོད་པའི་གནས་ཚུལ་འཐོན་བཞིན་འདུག ཉེ་ལམ་རྒྱ་གར་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་ཅོན་ཏ་རཱ་བོད་ཁྱིམ་ནང་ཕྱི་ཕྱོགས་ནས་ཕེབས་མཁན་ལས་བྱེད་ཀྱི་སྤུན་ཉེ་འབྲེལ་བོད་མི་བཞི་དང་དེ་དག་དང་ཐད་ཀར་འབྲེལ་བ་བྱུང་བའི་ལས་བྱེད་གསུམ་དང་ཁ་ལོ་བ་གཅིག་བཅས་བཞི་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཁོང་རྣམས་ལ་དམིགས་བསལ་གྱི་ནད་རྟགས་གང་ཡང་མེད་པ་རེད། དེ་བཞིན་སྦིར་དུ་རྟེན་གཞི་བྱས་པའི་སུ་ཇཱ་བོད་ཁྱིམ་དུའང་ཉེ་ལམ་ལས་བྱེད་ཅིག་དང་འབྲེལ་ཡོད་ཕྱི་ཕྱོགས་ནས་ཕེབས་པ་ཞིག་སློབ་གྲྭའི་སྒྲིག་གཞི་གཞིར་བཟུང་ཟུར་བཀག་ནང་བཞུགས་ཡོད་པ་དང་། ཟུར་བཀག་གི་དུས་ཡུན་རྫོགས་མཚམས་སུ་ཁོང་ལ་བརྟག་དཔྱད་གནང་སྐབས་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པར་ཤེས་རྟོགས་བྱུང་འདུག འོན་ཀྱང་ད་ཆར་ཁོང་ལ་གཟུགས་གཞི་བདེ་མིན་གྱི་ངལ་བ་གང་ཡང་མེད་པ་རེད་འདུགད་ཆ་ལྡི་ལི་བོད་སྒར་བསམ་ཡས་གླིང་ནང་བོད་མི་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པའི་གནས་ཚུལ་ཁྱབ་གདལ་འགྲོ་བཞིན་པ་དང་། རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་བསམ་ཡས་གླིང་ནང་ཟླ་ ༩ ཚེས་ ༩ ནས་བོད་མི་གསུམ་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་ཁྲོད་ད་ཆ་བོད་མི་གཅིག་ལ་དབུགས་གཏོང་ལེན་གྱི་ངལ་བ་ཅུང་འཕྲད་རྐྱེན་སྨན་ཁང་དུ་སྨན་བཅོས་གནང་བཞིན་པ་དང་། དེ་མིན་བོད་མི་གཉིས་དེ་ཙམ་གྱི་ཛ་དྲག་མེད་སྟབས་རང་ཁྱིམ་དུ་ཟུར་བཀག་གནང་མུས་རེད་འདུགསྤྱིར་རྒྱ་གར་ནང་དུ་དཔལ་འབྱོར་གྱི་གནས་བབས་ལ་གཞིགས་ཏེ་ད་ཆ་སྒོ་རྒྱ་བསྡམ་པའི་བཀའ་རྒྱ་གུ་ཡངས་ཀྱི་བཀའ་རྒྱ་རིམ་པ་བཞི་པར་འགྲོ་བཞིན་པ་དང་། རྒྱ་གར་དབུས་གཞུང་ནས་དེ་དང་འབྲེལ་བའི་གུ་ཡངས་ལ་ལྟོས་མེད་མང་ཚོགས་ནས་གཉན་རིམས་སྔོན་འགོག་གི་ཐབས་ལམ་རྣམས་ལག་བསྟར་གནང་དགོས་པ་གསུངས་ཡོད་པ་རེད། འོན་ཀྱང་ད་ཆ་རྒྱ་གར་ལྟ་བུའི་ནང་ཉིན་རེ་བཞིན་ནད་ཡམས་དེ་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། དེའི་ཁྲོད་ཉེ་ལམ་བོད་མིའི་སྒྲིག་འཛུགས་ནང་ཡོད་པའི་ཁེ་ན་རཱ་དངུལ་ཁང་གི་ལས་མི་ཞིག་ལ་ཏོག་དབྱིབས་ནད་ཡམས་ཕོག་འདུག་སྟབས་དངུལ་ཁང་དེ་ཉིན་ཤས་རིང་ལས་མཚམས་འཇོག་རྒྱུའི་གསལ་བསྒྲགས་གནང་འདུག   གནས་ཚུལ་དེ་ལྟར་ཐོན་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་ཕྱི་ཚེས་ ༧ ནས་ ༡༤ བར་དངུལ་ཁང་དུ་ཕེབས་ཡོད་ཚེ་ཉུང་མཐར་རང་ཁྱིམ་དུ་ཉིན་གྲངས་ ༡༤ རིང་ཟུར་བཀག་ཐོག་བཞུགས་དགོས་པའི་བཀོད་ཁྱབ་བཏང་བ་མ་ཟད། དེ་རིང་ཉིན་འཁྱོངས་རིང་བོད་མིའི་སྒྲིགས་འཛུགས་ཀྱི་ལས་ཁུངས་ཁག་ལས་མཚམས་འཇོག་པ་དང་ལས་ཁུངས་ཁག་ལ་དུག་སེལ་གནང་ཡོད་པ་རེད།གཞི་རྩའི་འདས་པའི་བདུན་ཕྲག་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་སྐབས་འདས་པའི་བདུན་ཕྲག་བར་དུ་བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་རྒྱ་བལ་འབྲུག་གསུམ་ནང་ནད་གཞི་ཕོག་པ་བོད་མི་ ༢༦༦ བྱུང་བའི་ཁོངས་ནས་ ༦ འདས་གྲོངས་གྱུར་བ་དང་། ༡༠༢ དྲག་སྐྱེད་བྱུང་བ། དེ་བཞིན་ནད་ཀྱིས་མནར་བཞིན་པ་ ༡༥༨ ཆགས་ཡོད་པ་རེད།  རྒྱ་གར་ལྟ་བུར་ཆ་མཚོན་ན་ད་བར་ཏོག་དབྱིབས་གཉན་རིམས་ཕོག་མཁན་ས་ཡ་བཞི་ལྷག་བྱུང་ཡོད་པའི་ཁྲོད་ས་ཡ་གསུམ་ལྷག་དྲག་སྐྱེད་བྱུང་ཡོད་པ་དང་། ཁྲི་གསུམ་ལྷག་འདས་གྲོངས་སུ་གྱུར་ཡོད་པ་རེད།

Latest news