Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་ཀྱིས་ས་མཚམས་རྩོད་རྙོག་ལ་གྲོས་བསྡུར།

ཁ་སང་ཨུ་རུ་སུའི་རྒྱལ་ས་མཱོ་སུ་ཀོ་རུ་ཚོགས་པའི་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུའི་ཐོག རྒྱ་དཀར་ནང་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱིས་མཇའ་འཕྲད་ཀྱིས་དེང་སྐབས་ཀྱི་འཕགས་བོད་མཐའ་མཚམས་ཀྱི་དྲག་པོའི་དཔུང་འཇུག་གི་རྩོད་རྙོག་གི་སྐོར་ནས་གྲོས་བསྡུར་བྱས་ཏེ། དེ་རིང་སྔ་དྲོ་བློན་ཆེན་རྣམ་གཉིས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་གི་ཡིན་པར་འཁོད་འདུག དེ་ཡང་བསྒྲགས་གཏམ་དེའི་ནང་དུ། ཕྱི་སྲིད་བློན་ཆེན་གཉིས་ཀྱིས་འདས་བའི་ལོ་རྒྱུས་ཁྲོད་ཀྱི་ཕྱོགས་གཉིས་ཀྱི་དབུ་ཁྲིད་རྣམས་ཀྱིས་མཐའ་མཚམས་འབྲེལ་བ་ཇེ་ལེགས་སུ་གཏོང་ཕྱོགས་ཀྱི་དགོངས་དོན་གཞིར་བཞག་གི་ལམ་སྟོན་ཁག་ལས་བསླབ་བྱ་བླངས་ཏེ། ཕན་ཚུན་གྱི་མི་འདྲ་བའི་ཆ་དེ་འགལ་འདུའི་ངོ་བོར་འཕོ་འགྱུར་བྱེད་དུ་མི་འཇུག་པར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་མ་ཟད། དེང་སྐབས་ཀྱི་ས་མཚམས་ཀྱི་རྩོད་རྙོག་གི་གནས་བབ་དེ་ནི་ཕྱོགས་གཉིས་ཀྱི་མངོན་འདོན་མིན་པར་བརྟེན། གང་མགྱོགས་གྲོས་མོལ་གྱི་ལམ་ནས་གནད་དོན་དེ་གཙང་བཟོ་བྱས་ཏེ། མཐའ་མཚམས་ཀྱི་དམག་མིའི་བར་ཐག་རྒྱང་བགྱེད་ཀྱིས་རྩོད་རྙོག་གི་སེམས་འཚབ་ཡོངས་སུ་མཇུག་སྒྲིལ་རྒྱུར་མཉམ་ལས་གནང་གི་ཡིན་པར་བསྒྲགས་འདུག དེ་བཞིན། ཚོགས་ཐོག་ཏུ། ཕྱི་སྲིད་བློན་ཆེན་གཉིས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད་ནས། ད་ཡོད་ཀྱི་རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་གྲོས་ཆོད་ཁག་ལ་གུས་བརྩི་བྱེད་རྒྱུ་མ་ཟད། མཐའ་མཚམས་ཁག་ཏུ་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་བར་འབད་བརྩོན་གྱིས། རྩོད་རྙོག་གི་ཉེན་དོགས་ཡོད་པའི་གནད་དོན་ཁག་གཡོལ་ཐབས་ལ་གཞོགས་འདེགས་བྱེད་རྒྱུ་ཡིན་པ་ཡང་གསལ་འགྲེལ་བྱས་འདུག གོང་གི་གནད་དོན་དེ་དང་འབྲེལ་ནས། མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་ཅིག་གིས་རྒྱ་གར་གྱི་གསར་ཁང་། The Hindustan times ལ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་གར་གྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འཕགས་བོད་མཐའ་མཚམས་སུ་དམག་མི་དང་གོ་མཚོན་ཕོན་ཆེན་འགྲེམས་འཇོག་བྱེད་བཞིན་པའི་ཐད་ནས་སེམས་འཚབས་ཡོད་པའི་རྣམ་པ་རྩལ་འདོན་གནང་ཡོད་པ་དང་། མཐའ་མཚམས་ཁག་ཏུ་རྒྱ་ནག་གི་དམག་མིའི་དཔུང་འཇུག་བྱས་པ་དེ་ནི་རྒྱ་དཀར་ནག་གི་སྤྱི་ལོ་ ༡༩༩༣ དང་༡༩༩༦ ལོའི་མཐའ་མཚམས་ཀྱི་གྲོས་གཞི་དང་འགལ་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པར་འབྲེལ་བརྗོད་དང་སྦྲགས། མཐའ་མཚམས་ཀྱི་དམག་དཔོན་རྣམས་ཀྱི་བཀོད་འདོམ་གྱི་འོག་ནས། ཕྱོགས་གཉིས་ཀྱི་དམག་མིའི་དཔུང་འཇུག་ལ་སྟངས་འཛིན་བྱེད་རྒྱུ་དེ་ནི་དུས་ལ་བབ་བའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན་པར་གསུངས་འདུག གསར་ཁང་གིས། ད་ལྟའི་ཆར། རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་གར་གྱི་དམག་མིས་འཕགས་བོད་མཐའ་མཚམས་ཀྱི་གཞུང་ཐིག LAC བརྒལ་ཡོད་པར་བསྙོན་འདོག་བྱེད་བཞིན་པ་རྣམས་ལ་ངོས་ལེན་མ་བྱས་པར་རྒྱ་ནག་གི་མཐའ་སྲུང་གི་དམག་མིའི་ས་མཚམས་བརྒལ་ཏེ་དཔུང་འཇུག་བྱེད་ཀྱི་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༧ ཉིན་མི་ལོ་ ༤༠ རྗེས་སུ་ཕྱོགས་གཉིས་ཀྱི་བར་དུ་མེ་མདའ་འཕངས་པའི་གནད་དོན་འགོ་བརྩམས་ཡོད་པར་བསྒྲགས་ཏེ། ཕྱོགས་གཉིས་ཀྱི་མཐའ་མཚམས་སུ། ད་དུང་མི་མཐུད་དུ་དམག་མི་དང་གོ་མཚོན་འབོར་འདྲེན་བྱེད་བཞིན་པ་མངོན་གསལ་གནང་འདུག གཞི་རྩའི་ད་ལྟའི་ཆར། རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་འཕགས་བོད་ཀྱི་མཐའ་མཚམས་སུ་དམག་མིའི་འགྲན་སློང་གི་རྣམ་པ་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་པ་དང་། དེ་བཞིན་ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་བོད་དམག་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་མཐའ་མཚམས་སུ་འབར་རྫས་གས་འཐོར་གྱི་དོན་རྐྱེན་ཁྲོད་ནས་རྐྱེན་འདས་སུ་ཕྱིན་རྗེས། རྒྱ་གར་གྱི་དཔོན་རིགས་ནང་དུ་བོད་པའི་གསང་བའི་དམག་སྒར་གྱི་གནད་དོན་དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། གསར་ཁང་ཁག་གིས་ཀྱང་བོད་མི་བཙན་བྱོལ་བ་རྣམས་ཀྱི་འདས་མ་ད་གསུམ་ལ་གླེང་སློང་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད་འདུག

རྒྱལ་ས་སྦན་ནང་གི་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བ།

སུད་སི་གྲོང་ཁྱེར་ཛུ་རིག་ནས་ཇི་ནེ་ཝ་བར་རྒྱལ་སྤྱིའི་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་དང་བོད་དོན་དང་འབྲེལ་བའི་དོན་གནད་ལྔ་ཞུ་སྐུལ་འོག་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་བོད་མི་དང་བླངས་པ་ལྔ་པོས་དེ་རིང་ཕྱི་ཚེས་ ༡༡ ཉིན་རྒྱལ་ས་སྦན་ནང་བདེ་འབྱོར་བྱུང་བ་དང་སྦྲགས། ཁུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་རྔམ་སྟོན་གནང་འདུག གོམ་བགྲོད་པ་རྣམས་དེ་རིང་སྔ་དྲོ་སྦན་དུ་འབྱོར་མར་ཐུག་ཏུ་ས་གནས་སུ་རྟེན་གཞི་བྱས་པའི་ Casino platz ས་ཚིགས་སུ་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་སུད་ཛ་ལན་ཌིའི་གྲོས་ཚོགས་འཐུས་མི་ལྗང་ཁུ་ཚོགས་པའི་ཚོགས་གཞོན་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་ Lisa Mazzone ལགས་ཀྱིས་སྐུ་ཞབས་བསྟན་རྣམ་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་པའི་དང་བླངས་བོད་མི་ལྔས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་ཡི་རངས་བསྔགས་བརྗོད་དང་འབྲེལ། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་མུ་མཐུད་ནས་ལས་འགུལ་དེའི་རིགས་སྤེལ་དགོས་པ་མ་ཟད་ལས་འགུལ་དེ་ལྟར་སྤེལ་བར་སེམས་ཤུགས་ནམ་ཡང་ཆགས་རྒྱུ་མེད་སྐོར་སོགས་གསུངས་འདུགལྕམ་སྐུ་ Lisa Mazzone ལགས་ཀྱིས་ད་དུང་སུད་སི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཀྱང་བོད་རང་དབང་ཆེད་ཞུ་གཏུག་དང་འབྲེལ་བའི་ལས་དོན་ཁག་རྒྱ་གང་ཆེ་གནང་བཞིན་ཡོད་པ་ལྟར་མུ་མཐུད་ནས་གནང་ངེས་ཡིན་པར་གསུངས་སོང་བ་དང་། ལྷག་དོན་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པའི་བྱེད་སྟངས་དེ་ནི་ཧ་ཅང་སེམས་འཚབ་གནང་དགོས་པའི་གནད་དོན་ཞིག་དང་། སུད་སི་གཞུང་གིས་ཀྱང་ཚོང་འབྲེལ་ཁོ་ན་མིན་པར་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་དགོངས་བཞེས་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག ཐེངས་འདིའི་བོད་དོན་ཞི་བའི་ལས་འགུལ་དེ་ལམ་ལྷོངས་ལྡན་པ་ཞིག་ཡོང་བར་ཐུགས་སྨོན་གནང་ཡོད་པ་རེད། དེའི་རྗེས་སུ་ལས་འགུལ་བ་རྣམས་ཀྱིས་སུད་སི་རྒྱལ་ས་སྦན་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་དགོས་འདུན་ཁག་འགྲེམས་སྤེལ་དང་ཞི་བའི་རྔམ་སྟོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད། རྩ་བའི་ཛུ་རིག་གྲོང་ཁྱེར་ནས་དབུ་འཛུགས་གནང་བའི་གོམ་བགྲོད་ལས་འགུལ་དེ་ནི་གཙོ་བོ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དུས་སྐབས་འདིར་གོ་ལའི་རྒྱལ་ཁབ་ཚོས་དམིགས་འབེན་གཅིག་གི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་བཞིན་པ་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་དོན་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། བོད་དོན་གོམ་བགྲོད་པ་རྣམས་ནས་རྒྱལ་སྤྱིའི་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་སྤྱི་དང་སྒོས་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་ཞི་མོལ་ཡོང་ཐབས་དུ་གྲོས་མོལ་དབུ་འཛུགས་གནང་བར་གནོན་ཤུགས་སྤྲོད་དགོས་པ་དང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཀྱི་གནས་སྟངས་གང་ཡིན་མངོན་གསལ་བྱེད་དགོས་པ། དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ། རྒྱ་ནག་ནས་འཛམ་གླིང་ཡོངས་ལ་གཉན་རིམས་ཁྱབ་བརྡལ་བཏང་བའི་འགན་འཁྱེར་འཇུག་དགོས་པ། ཨ་རིའི་སྲིད་གཞུང་ནས་བོད་དོན་དང་འབྲེལ་བའི་སྲིད་བྱུས་རྩ་འཛིན་གྱིས་རྒྱ་མིའི་འགོ་ཁྲིད་རྣམས་ཨ་རིར་འགྲོ་སྐྱོད་མཐོང་མཆན་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་བཞག་གནང་བ་བཞིན་སུད་སི་གཞུང་གིས་ཀྱང་དེ་མཚུངས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་སྟེ་རྒྱ་ནག་གི་བྱས་ཉེས་ལ་ཁྲིམས་མཐུན་རྒོལ་ལན་གནང་དགོས་པ་སོགས་ཀྱི་དགོས་འདུན་དང་བཅས་གོ་སྒྲིག་གནང་བ་ཡིན་པ་རེད།གཞི་རྩའི་ཐེངས་འདིའི་བོད་དོན་གོམ་བགྲོད་དེ་བཞིན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སུད་སི་གྲོང་ཁྱེར་ཇི་ནེ་ཝར་ལས་འགུལ་མཇུག་སྒྲིལ་གནང་གི་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱིས་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་སུད་སི་གཞུང་དང་རྒྱལ་ཚོགས། དེ་བཞིན་རྒྱ་ནག་གི་གཞུང་ཚབ་ཁག་དང་ཡན་ལག་ལས་ཁུངས་བཅས་སུ་ལས་འགུལ་དེའི་དགོས་འདུན་ཁག་ཞུ་གཏུག་གནང་རྒྱུ་ཡིན་པ་རེད།

གོ་ལ་ཁྱོན་ཡོངས་ཀྱིས་དམིགས་འབེན་གཅིག་གི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས།

དེ་རིང་ཕྱི་ཟླ་ ༩ ཚེས་ ༡༡ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཚོུད་ ༡༡ སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དེ་གའི་ཉམས་ཞིབ་པས་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་དཔྱད་རྩོམ་ཕྱོགས་བསྡུས་གནང་བའི་དཔེ་དེབ་དབུ་འབྱེད་གནང་སོང་།

བཀྲ་ཤིས་སྟོབས་རྒྱལ་ལགས་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

ཟླ་བ་སྔོན་མའི་ཕྱི་ཚེས་ ༥ ཉིན་དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་བསྡུའི་སྒྲིག་གཞིའི་འོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་ཀྱིས་གསལ་བསྒྲགས་བསྐྱངས་པ་ནས་བཟུང་། ད་བར་དངོས་སུ་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་བདུན་བྱུང་ཡོད་པ་དང་། ཁ་སང་རེས་གཟའ་ལྷག་པའི་ཉིན་ངོ་དེབ་ཐད་གཏོང་བརྒྱུད་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ཁོང་སླར་ཡང་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སོང་། རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་ཡིན་པའི་བཀྲ་ཤིས་སྟོབས་རྒྱལ་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༦ སྐབས་སུའང་སྲིད་སྐྱོང་གི་འོས་གཞིར་བཞེངས་མྱོང་ཡོད་པ་དང་། ཁོང་ལ་སྐབས་དེར་སྔོན་འགྲོའི་འོས་བསྡུ་འོས་གྲངས་ ༣༨ ཙམ་ལས་ཐོབ་མེད་ཀྱང་། ཁོང་ལོ་ ༡༦ བར་དུ་ལུག་རྫི་དང་དེ་རྗེས་ལོ་ ༡༤ རིང་དམག་མི་ནང་ཞུགས་མྱོང་མཁན་གྱི་བོད་མི་དཀྱུས་མ་ཞིག་སྲིད་སྐྱོང་གི་ཞབས་བཀྱགས་ཆེད་བཞེངས་ཡོད་སྟབས་མང་ཚོགས་ནས་དམིགས་བསལ་ཐུགས་སྣང་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། ཁ་སང་ཁོང་གིས་སྐར་མ་ ༢༠ ལྷག་ཡོད་པའི་ངོ་དེབ་ཐད་གཏོང་བརྒྱུད་ཁོང་ཉིད་སླར་སྲིད་སྐྱོང་གི་འོས་གཞིར་བཞེངས་དགོས་དོན་གཙོ་བོ་ནི་བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་ཕྱིར་ཡིན་སྐོར་གསུངས་པ་དང་ཆབས་ཅིག ཁོང་ནི་བསམ་བློ་ཅན་ཞིག་ཡིན་པ་མ་ཟད་མི་མང་དང་སྐྱིད་སྡུག་མཉམ་མྱོང་གནང་མཁན་ཞིག་ཡིན་པ་སོགས་ཀྱི་དོན་ཚན་གསུམ་གྱི་ཐོག་ནས་སྲིད་སྐྱོང་དུ་བཞེངས་སྐོར་གསུངས་པ་དང་སྦྲགས། ཁོང་སྲིད་སྐྱོང་ལ་བདམས་ཐོན་བྱུང་ཚེ་ད་ལྟའི་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་ཚོར་ཁོང་གི་བཀའ་ཤག་ནང་གོ་སྐབས་གནང་ངེས་ཡིན་པ་གསུངས་སོང་། དེ་བཞིན་ཁོང་གིས་བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་ཕྱིར་བོད་ཀྱི་བདེན་མཐའ་སེལ་དགོས་པ་དང་བོད་དོན་བདེན་མཐའ་སེལ་བར་བོད་མི་རིགས་འདི་ཤེས་ཡོན་གྱིས་ཕྱུག་པའི་ལམ་དུ་འཁྲིད་པ། ཆ་སྙོམས་ཀྱི་ཆིག་སྒྲིལ།  དེ་བཞིན་བོད་བརྒྱུད་ནང་བསྟན་དེ་བདག་གཅེས་གནང་དགོས་གལ་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད། ད་ལྟའི་བོད་མི་རིགས་འདི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དཔལ་འབྱོར་སོགས་ཀྱི་ཆ་ནས་མ་འདང་བ་མེད་པ་དང་། དེ་བཞིན་ཤེས་ཡོན་ཡར་རྒྱས་དང་རྒྱལ་ཚོགས་ལ་ཞུ་གཏུག་གནང་ཐུབ་མཁན་གྱི་མི་རིགས་ཤིག་ཆགས་ཀྱང་། ད་ཆ་བོད་སྤྱིའི་རྩ་དོན་དང་འབྲེལ་བའི་གནད་དོན་ཐོག་ལ་ང་ཚོ་ཕན་ཚུན་སེམས་ཤུགས་ཆགས་པའི་གནས་སྟངས་གྱུར་ཡོད་པ་དེ་ནི་འདས་པའི་མི་ལོ་ཉི་ཤུའི་ནང་འཐུས་ཤོར་ཆེན་པོ་ཞིག་ཤོར་རྐྱེན་ཡིན་པར་གསུངས་འདུག  བསམ་བློ་གཏོང་རྒྱུ་དང་ཀུན་སློང་ཡག་པོ་ཡོད་པ་ཡིན་ན་སྲིད་སྐྱོང་ནི་གྲོང་པ་གཅིག་སྐྱོང་བ་ལས་ཀྱང་ལས་སླ་བ་ཡོད་པ་མ་ཟད་སྲིད་སྐྱོང་ཀྱི་ཞབས་སྟེགས་ལ་སློབ་སྦྱོང་དགོས་ངེས་ཡིན་ཀྱང་དེ་ལས་ལྷག་པ་ནི་བསམ་བློ་ཅན་གྱི་ཞབས་སྟེགས་ཤིག་གནད་ཆེ་བས་ད་རེས་མང་ཚོགས་ཀྱིས་བསམ་བློ་ཅན་ང་ལྟ་བུར་གོ་སྐབས་གནང་བའི་རེ་བ་ཡོད་ཅེས་གསུངས་ཡོད།བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་དེ་སྔ་ ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་དུ་བཞེངས་སྐབས་སྲིད་སྐྱོང་དུ་བཞེངས་དོན་གཙོ་བོ་ནི་རྒྱ་ནག་གཞུང་ལ་ཁོང་ལུག་རྫི་དཀྱུས་མ་ཞིག་ཡིན་ཀྱང་། བོད་མིའི་མང་གཙོ་ལམ་ལུགས་ནང་ལ་སྲིད་སྐྱོང་དུ་བཞེངས་རྒྱུའི་གོ་སྐབས་ཡོད་པའི་བརྡ་ལན་སྤྲོད་ཆེད་ཡིན་སྐོར་གསུངས་ཡོད་པ་རེད། རྩ་བའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོ་དང་བསྟུན་ད་བར་བཙན་བྱོལ་བོད་མིའི་མང་ཚོགས་ཁྲོད་དང་བླངས་ཀྱིས་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་ཁོངས་སུ་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་ཟུར་བློ་བཟང་སྙན་གྲགས་མཆོག  བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག  བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག  ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་བཀྲིས་དབང་འདུས་ལགས་བཅས་མི་བརྒྱད་བྱུང་ཡོད་པ་རེད།

རྒྱ་ནག་གི་མཱུ་ལཱན་གློག་བརྙན་གསར་བ་བཀག་སྡོམ་བྱེད་རྒྱུའི་ཞུ་སྐུལ།

རྒྱ་ནག་གི་གསར་ཐོན་གྱི་གློག་བརྙན་མཱུ་ལཱན་ཞེས་པ་དེ་རྒྱལ་སྤྱིའི་ཁྲོམ་རར་ཁྱབ་བསྒྲགས་བྱས་མ་ཐག   ཧོང་ཀོང་དང་ཡུ་གུར་གྱི་ལས་འགུལ་བ་རྣམས་ཀྱིས་གློག་བརྙན་དེར་སྐྱོན་བརྗོད་ཀྱིས་མི་མང་གིས་ལྟད་མོ་དེར་ལྟ་རྒྱུ་བཀག་སྡོམ་བྱེད་དགོས་བའི་རེ་སྐུལ་ཞུས་འདུག

དེང་དུས་ཀྱི་བྱིས་པ་རྣམས་ནི་ང་ཚོའི་མ་འོངས་པའི་རེ་བ་ཡིན་པ་བཀའ་སྩལ་བ།

དེ་རིང་ཟླ་ ༩ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་དྲྭ་ཐོག་བརྒྱུད་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དང་རྒྱལ་ཁབ་སོ་སོའི་དབུ་ཁྲིད་འདུ་འཛོམས་ཀྱིས་ Fair Share for Children ཞེས་བྱིས་པར་དྲང་བདེན་གྱི་ཐོབ་སྐལ་དགོས་ཞེས་པའི་ལྷན་ཚོགས་གནང་ཡོད་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ཐུང་བརྒྱུད་དེང་དུས་ཀྱི་བྱིས་པ་རྣམས་ནི་ང་ཚོའི་མ་འོངས་པའི་རེ་བ་ཡིན་ཞེས་བྱིས་པ་ཚོའི་འོས་འགན་སྐོར་དམིགས་བསལ་བཀའ་སློབ་བཀྲིན་ཆེ་བ་སྩལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་དེ་རིང་༸གོང་ས་མཆོག་གིས་ལྷན་ཚོགས་དེ་དང་འབྲེལ་བའི་བཀའ་སློབ་བསྩལ་བའི་བརྙན་ཐུང་ཞིག་ཡོངས་གྲགས་འདོན་སྤེལ་གནང་འདུག་པ་དང་། བརྙན་ཐུང་དེའི་ནང་༸གོང་ས་མཆོག་གིས་མ་འོངས་པར་འཛམ་གླིང་གི་གནས་བབ་གང་འདྲ་ཆགས་མིན་དེ་ང་ཚོའི་ལག་ཏུ་ཡོད་པ་དང་དེའི་ཁྲོད་དེང་དུས་ཀྱི་བྱིས་པ་རྣམས་ནི་ང་ཚོའི་མ་འོངས་པའི་རེ་བ་ཡིན་པར་བཀའ་སྩལ་འདུག༸གོང་ས་མཆོག་གིས་ད་དུང་དེ་སྔ་དུས་རབས་ ༢༠ འི་ནང་དྲག་རྩུབ་ཀྱི་བྱ་སྤྱོད་མང་དག་ཅིག་སྤེལ་ཡོད་ཀྱང་། ད་ཆ་དུས་རབས་ ༢༡ ནང་དེ་སྔ་དང་བསྡུར་ན་དེ་འབྲེལ་གྱི་བྱ་སྤྱོད་སྤེལ་རྒྱུ་ཇེ་ཉུང་དུ་འགྲོ་ཡོད་པ་མ་ཟད། དེང་གི་དུས་ཚོད་ནང་འཛམ་གླིང་ཞི་བདེའི་ཐོག་དམིགས་བསལ་ཐུགས་སྣང་གསར་པ་ཞིག་གནང་གི་ཡོད་སྟབས། དེང་རབས་ཀྱི་བྱིས་པ་རྣམས་ནི་མ་འོངས་པར་འཛམ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་བསྐྲུན་མཁན་གྱི་མི་རབས་གཙོ་བོ་ཆགས་ཡོད་པར་བཀའ་སྩལ་འདུག  ལྷག་པར་དུ་༸གོང་ས་མཆོག་གི་མགོན་པོ་༸གང་ཉིད་མཆོག་ནི་འགྲོ་བ་ཀུན་གྱི་བདེ་དོན་གཙོ་བོར་འཛིན་མཁན་གྱི་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་པར་བཀའ་སྩལ་བ་དང་འབྲེལ། འཛམ་གླིང་གི་མང་ཚོགས་ཁྲོད་དབུལ་ཕྱུག་གཉིས་དབར་བར་ཁྱད་ཧ་ཅང་ཆེན་པོ་ཡོད་པར་བརྟེན་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་དོན་སླད་ད་ལྟའི་བྱིས་པ་རྣམས་ནས་སླད་མར་དབུལ་ཕྱུག་གཉིས་དབར་བར་ཁྱད་མེད་པ་བཟོ་རྒྱུར་དོ་སྣང་བྱེད་དགོས་པར་ལམ་སྟོན་མཛད་ཡོད།གཞི་རྩའི་ Laureates and Leaders for Children ཞེས་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ཚོགས་སྡེ་དེ་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Kailash Satyarthi མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དང་དབུ་ཁྲིད་ཁག་ཅིག་གི་འཆར་སྣང་འོག་ཕྱི་ལོ་ ༢༠༡༦ ལོར་ཆེད་འཛུགས་གནང་ཡོད་པ་རེད། ད་རེས་ཀྱི་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་རྣམས་ཀྱིས་བྱིས་པར་དྲང་བདེན་གྱི་ཐོབ་སྐལ་དགོས་ཞེས་པའི་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་དང་བཀའ་བསྡུར་གནང་རྒྱུ་དང་། ལྷག་པར་དུ་ད་ཆ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ཚེགས་ཆེ་བའི་དུས་སྐབས་ཁྲོད་དངོས་སུ་དཀའ་ངལ་འོག་ལྷུང་བའི་བྱིས་པ་རྣམས་ལ་གཞུང་ནས་རོགས་འདེགས་ཇི་ཙམ་གནང་གི་ཡོད་པ་དང་། ཕྲུ་གུ་དེ་དག་ལ་གྱོང་གུད་ག་ཚོད་ཕོག་ཡོད་པ། དེ་བཞིན་ཕྲུ་གུའི་ངལ་རྩོལ་དང་བྲན་གཡོག་བཀོལ་སྤྱོད། ཕྲུ་གུ་ཚོང་འགྲེམས་དང་སློབ་སྦྱོང་གི་གོ་སྐབས་སོགས་ཀྱི་གནད་དོན་ཐོག་ལའང་བཀའ་བསྡུར་གནང་གི་ཡོད་པ་རེད། ཚོགས་པའི་དྲྭ་གནས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ལོ་ ༢༠༢༡ ལོ་དེ་ཕྲུ་གུའི་ངལ་རྩོལ་རྩ་མེད་ཀྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་དོན་ལྟར་ཏོག་དབྱིབས་ཁྱབ་གདལ་ལ་ཁག་དཀྲིས་ཏེ་ཕྲུ་གུའི་བདེ་དོན་ལ་སྣང་མེད་གཏོང་ཐབས་མེད་སྐོར་གསུངས་པ་དང་འབྲེལ། གཉན་རིམས་ཞི་བའི་རྗེས་སུ་འཛམ་གླིང་གི་ས་ཕྱོགས་གང་སར་ཕྲུ་གུའི་ངལ་རྩོལ་ཇེ་མང་དུ་འགྲོ་ངེས་ཡིན་སྟབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་གནད་དོན་དེར་གདོང་ལེན་གནང་ཕྱིར་དམིགས་བསལ་གྱིས་འབད་བརྩོད་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཛུ་རིག་ནས་གྲོང་ཁྱེར་ཇི་ནེ་ཝ་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས།

དེང་ཆར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་དོན་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པའི་ཁྲོད་འདིར་ཁ་སང་ཕྱི་ཟླ་ ༩ ཚེས་ ༨ ཉིན་ཞོགས་པ་ཚོུད་ ༩ ཐོག་རྒྱ་ནག་གཞུང་ཚབ་ཁང་མདུན་ཐང་དུ་སུད་སི་ཛུ་རིག་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་བསྟན་རྣམ་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་འོག་སྤེན་པ་ཚེ་རིང་ལགས་དང་། བཀྲིས་རྣམ་རྒྱལ་ལགས། དགེ་ལེགས་རྣམ་རྒྱལ་ལགས། དེ་བཞིན་བློ་བཟང་ལགས་བཅས་བོད་མི་ལྔས་མ་སྐུལ་དང་བླངས་ཀྱིས་ངོ་རྒོལ་སྐད་འབོད་སོགས་གནང་སྟེ་སྤྱི་ལེ་ ༣༠༠ ལྷག་ཡོད་པའི་སུད་སི་གྲོང་ཁྱེར་ཛུ་རིག་ནས་ཇི་ནེ་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལས་འགུལ་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཛུ་རིག་བདེ་སྲུང་སྤྱི་ཁྱབ་འགན་འཛིན་ Mario Fehr ལགས་དང་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལྷན་འཛོམས་གནང་ཡོད་པ་དང་། སྐུ་ཞབས་ Mario Fehr ལགས་ཀྱིས་སུད་སི་གཞུང་གིས་བོད་མིའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ལྷག་དོན་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་འབོད་སྒྲ་ནི་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་ཞི་མོལ་གྱི་གྲོས་མོལ་གནང་རྒྱུ་ཡིན་པ་དེ་ནི་ཧ་ཅང་འོས་འཚམས་ཤིག་ཡིན་པ་དང་། སུད་སི་གཞུང་གིས་བོད་དོན་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་པ་ལྟར་མུ་མཐུད་ནས་དེ་ལྟར་གནང་ངེས་ཡིན་པ་མ་ཟད། ཁོང་སྐུ་སྒེར་དང་ཛུ་རིག་ས་གནས་གཞུང་གི་ཚབ་ཞུས་ཏེ་ལས་འགུལ་སྤེལ་དོན་བཞིན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་འདུགརྩ་བའི་ཛུ་རིག་བོད་རིགས་སྤྱི་མཐུན་ཚོགས་པས་རྐང་འགན་བཞེས་ཏེ་གོ་སྒྲིག་གནང་བའི་ལས་འགུལ་དེ་ཁ་སང་ཚེས་ ༨ ཉིན་དབུ་འཛུགས་དང། རྒྱལ་ས་སྦན་བརྒྱུད་རིམ་བཞིན་ཚེས་ ༡༨ ཉིན་སུད་སི་ཇིི་ནི་ཝ་གྲོང་ཁྱེར་དུ་མཇུག་སྒྲིལ་གནང་འཆར་ཡོད་པ་དང་། ལས་འགུལ་བ་རྣམས་ནས་ཐེངས་འདིའི་གོམ་བགྲོད་བརྒྱུད་གཙོ་བོ་སུད་སི་གཞུང་དང་རྒྱལ་ཚོགས་བཅས་ལ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་ཞི་མོལ་ཡོང་ཐབས་དུ་གྲོས་མོལ་དབུ་འཛུགས་གནང་བར་གནོན་ཤུགས་སྤྲོད་དགོས་པ་དང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཀྱི་གནས་སྟངས་གང་ཡིན་མངོན་གསལ་བྱེད་དགོས་པ། དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་མ་ཟད། རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་བཏང་བའི་འགན་འཁྱེར་འཇུག་དགོས་པ། ཨ་རིའི་སྲིད་གཞུང་ནས་བོད་དོན་དང་འབྲེལ་བའི་སྲིད་བྱུས་རྩ་འཛིན་གྱིས་རྒྱ་མིའི་འགོ་ཁྲིད་རྣམས་ཨ་རིར་འགྲོ་སྐྱོད་མཐོང་མཆན་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་བཞག་གནང་བ་བཞིན་སུད་སི་གཞུང་གིས་ཀྱང་དེ་མཚུངས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་སྟེ་རྒྱ་ནག་གི་བྱས་ཉེས་ལ་ཁྲིམས་མཐུན་རྒོལ་ལན་གནང་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་འདོན་གནང་འདུག ལས་འགུལ་སྣེ་ཁྲིད་གནང་མཁན་སྐུ་ཞབས་བསྟན་རྣམ་ཕུན་ཚོགས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ལས་འགུལ་གྱི་དགོས་དམིགས་གང་ཡིན་ངོ་སྤྲོད་གནང་བ་དང་། དེ་བཞིན་ཁོང་གིས་བྱེས་སུ་བཞུགས་པའི་བོད་མི་རྣམས་ལ་བོད་དོན་ལས་འགུལ་རྒྱ་གང་ཆེ་སྤེལ་དགོས་གལ་ཡིན་པའི་གཞེན་སྐུལ་དང་གཞིས་བཞུགས་རྒྱ་ཆེ་མང་ཚོགས་ལ་ཁོང་རྣམ་པའི་མངོན་འདོད་ལྟར་རྒྱལ་ཚོགས་སུ་གང་ཐུབ་ཞུ་ངེས་ཡིན་པར་གསུངས་སོང་། གཞི་རྩའི་ཐེངས་འདིའི་བོད་དོན་གོམ་བགྲོད་དེ་བཞིན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སུད་སི་གྲོང་ཁྱེར་ཇི་ནེ་ཝར་ལས་འགུལ་མཇུག་སྒྲིལ་གནང་གི་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱིས་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་སུད་སི་གཞུང་དང་རྒྱལ་ཚོགས། དེ་བཞིན་རྒྱ་ནག་གི་གཞུང་ཚབ་ཁག་དང་ཡན་ལག་ལས་ཁུངས་བཅས་སུ་ལས་འགུལ་དེའི་དགོས་འདུན་ཐོག་ཞུ་གཏུག་གནང་རྒྱུ་ཡིན་པ་རེད་འདུག

རྒྱལ་སྤྱིའི་ཚོགས་སྐྱིད་བརྒྱ་ལྷག་གིས་རྒྱ་ནག་ནས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པའི་ཞུ་སྐུལ།

དེ་རིང་སྔ་དྲོ། ཕྱག་ཚོད་ ༡༡ ཐོག   བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་སོགས་ཚོགས་པ་དྲུག་མཉམ་འཛོམས་ཀྱིས། གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་དང་འབྲེལ། རྒྱལ་སྤྱིའི་ཚོགས་སྐྱིད་བརྒྱ་ལྷག་གིས་འདི་ལོའི་སྤྱི་ཟླ་ ༡༠ བའི་ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་རྒྱལ་སྤྱི་རང་བཞིན་གྱི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་ཡོང་གྲགས་གནང་བ་མ་ཟད། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་སྤྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེ་པེ་ཅིང་དུ་ཚོགས་རྒྱུའི་ཐག་གཅོད་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་གསུངས་སོང་།

བཞུགས་སྒར་དུ་ཉི་མ་བསྟན་འཛིན་ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་བ།

ཟླ་བ་སྔོན་མའི་ཚེས་ ༢༩ དང་ ༣༠ དེ་བཞིན་ཕྱི་ཚེས་ ༣༡ བཅས་ཀྱི་ཉིན་ཞག་རིམ་པར་བོད་པའི་དྭང་སློབ་ཀྱི་དམག་མི་དང་རྒྱ་ནག་གཞུང་གི་དམག་མི་དབར་ལ་གདོང་ཐུག་བྱུང་ཡོད་པ་དང་། ལྷག་དོན་འཕགས་བོད་གཉིས་ཀྱི་ས་མཚམས་སུ་བོད་པའི་དྭང་ཞབས་པ་རྣམས་ནས་ས་ཁམས་མྱུལ་ཞིབ་གནང་སྐབས་དེ་སྔ་ས་འོག་ཏུ་བཞག་པའི་འབར་རྫས་ཤིག་གས་འཐོར་བྱུང་ནས་དྭང་སློབ་རུ་ཤོག་ཨང་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ནས་ཉིན་གྲངས་ ༡༠ ཕྱིན་པའི་དུས་མཚམས་འདིར་ཁ་སང་རེས་གཟའ་ཟླ་བ་ཉིན་བཞུགས་སྒར་རྡ་རམ་ས་ལའི་གསེར་སྐྱ་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་སྐུ་གཤེགས་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་པར་དང་བོད་ཀྱི་རྒྱལ་དར་བསྣམས་ཏེ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གནང་སོང་།ཁ་སང་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཚོུད་ ༥༌༣༠ སྟེང་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཐོག་ས་གནས་མང་ཚོགས་ནས་རྡ་ས་མེག་གྷན་ཁྲོམ་གཞུང་རང་དུ་མར་མེ་ཁྲོམ་སྐོར་ཐེངས་གསུམ་གནང་སོང་བ་དང་། སྐབས་དེར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར་དང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མང་ཚོགས་འདུ་འཛོམས་དང་མར་མེ་ཁྲོམ་སྐོར་གནང་དོན་སོགས་ངོ་སྤྲོད་གནང་བ་དང་སྦྲགས། ཟླ་བ་འདིའི་ཚེས་ ༡ ཉིན་ཡོངས་གྲགས་མིན་པར་ཉམས་དམའ་བོའི་ཐོག་ནས་དམ་པ་ཁོང་གི་སྐུ་ཕུང་ནང་ལ་གདན་ཞུ་གནང་བར་བློ་ཕམ་བྱུང་སྐོར་གསུངས་པ་དང་ཆབས་ཅིག གཟའ་འཁོར་གཅིག་གི་ནང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་གསུངས་སོང་། ཁོང་གིས་ད་དུང་ད་ལན་འཕགས་བོད་གཉིས་ཀྱི་ས་མཚམས་སུ་འབར་རྫས་གས་འཐོར་དོན་རྐྱེན་ཁྲོད་བོད་མི་ཞིག་གི་སྐུ་སྲོག་ཤོར་ཡོད་ཀྱང་། འཕགས་བོད་གཉིས་ཀར་རྒྱལ་ཁ་ཆེན་པོ་ཐོབ་པ་མ་ཟད་དམ་པ་ཁོང་གི་མཚན་སྙན་ཐོག་ནས་བོད་མི་རིགས་དང་བོད་རྒྱལ་ཁབ་དང་བཅས་པར་དགའ་སྤོབས་གནང་འོས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་པར་ཚོར་ཤུགས་ཆེན་པོས་གསུངས་སོང་།དེ་བཞིན་ཁོང་གིས་ཕྱི་ཟླ་བ་ ༦ ནས་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་དྲག་པོའི་གདོང་ཐུག་གི་གནད་དོན་ཁྲོད་རྒྱ་ནག་གི་དམག་མི་རྒྱ་གར་ས་མཚམས་སུ་བཙན་འཛུལ་བྱས་པར་བརྟེན་རྒྱ་གར་དང་བོད་མི་གཉིས་རྒྱ་ནག་གིས་བརྙས་བཅོས་གཏང་ཡུལ་གཅིག་པ་ཆགས་ཡོད་སྟབས་རྒྱ་གར་གྱི་གནད་ཡོད་མི་དང་མང་ཚོགས་ཀྱིས་བོད་དོན་གླེང་བའི་དུས་སྐབས་ཤིག་ཤར་ཡོད་སྐོར་གསུངས་སོང་།བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་སྐུ་སྒེར་གྱི་ཐོག་ནས་ཆེད་བཅར་གནང་སྐོར་གསལ་བཤད་གནང་སོང་བ་དང་། སྐུ་གཤེགས་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱིས་གཙོས་པའི་དེ་སྔའི་བོད་དམག་ཚོས་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱི་བདེ་སྲུང་སླད་དུ་རྒྱ་ནག་དང་འཐབ་རྒོལ་གནང་སྟེ་རང་སྲོག་བློས་བཏང་གནང་བ་དེ་ནི་ཆེས་ཐོག་མ་མིན་སྐོར་གསུངས་སོང་།དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཀྱང་དྭང་སློབ་དམག་སྒར་གྱི་གནས་སྟངས་དེ་ནི་གསང་བའི་གནད་དོན་ཞིག་ཡིན་པ་ལྟར་གཞོན་ནུ་ལྷན་ཚོགས་ཀྱིས་གསང་གནས་རང་ལ་དམ་བཟུང་གིས་ནང་དོན་དེ་བོད་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བ་ཡོད་དོན་བཞིན་ཕྱག་ལས་གནང་སྒོ་ཁག་ཞུས་ཡོད་པ་གསུངས་སོང་།དེ་བཞིན་ཁོང་གིས་ཕྱི་ལོ་ ༡༩༦༢ ལོར་བོད་པའི་དྭང་སློབ་ཀྱི་དམག་སྒར་ཆེད་འཛུགས་གནང་བའི་དགོས་དམིགས་ལྟར་ད་བར་ལོ་ངོ་ ༥༨ འགྲོ་ཟིན་ཀྱང་ཐོག་མའི་དམིགས་ཡུལ་བཞིན་དྭང་སློབ་བོད་དམག་དག་གིས་དཔའ་ངར་ཞུམ་པ་མེད་པར་མུ་མཐུད་གནས་ཡོད་པའི་བརྡ་ལན་ཞིག་སྤྲད་ཡོད་པ་གསུངས་ཡོད།དམ་པ་ཁོང་དམག་སར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འཕྲལ་བཙན་བྱོལ་བོད་མི་དང་རྒྱ་གར་བ། དེ་བཞིན་དེ་སྔ་དམག་སྤྱི་གནང་མྱོང་མཁན་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་རྒྱ་གར་གྱི་གསར་ཁང་ཁག་གིས་ཀྱང་ཁོང་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་དང་ཡི་རང་བསྔགས་བརྗོད། ཆེ་བསྟོད་བཅས་ཞུ་མུས་ཡིན་པ་རེད།ཁ་སང་སྐུ་ཕུང་ཞུགས་འབུལ་གནང་སྐབས་རྒྱ་གར་གཞུང་འཛིན་ཚོགས་པ་ BJP རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Ram Madhav ལགས་ཀྱིས་གཙོས་པའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། དེ་བཞིན་ཆེས་མཐོའི་མི་སྣ་ཁག་ཅིག་ནས་གདུང་སེམས་མཉམ་བསྐྱེད་དང་ཆེ་བསྟོད་མཚོན་ཕྱིར་ཆེད་བཅར་གནང་ཡོད་པ་རེད། ལྷག་དོན་ཁ་སང་དང་དེ་རིང་བཅས་བོད་མིའི་གནས་ཡུལ་གཞིས་སྒར་ཁག་ཏུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དྭང་ཞབས་ཟུར་ཚོགས། ས་གནས་བོད་ཀྱི་བེུད་ལྷན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གིས་བཞུགས་སྒར་དྷ་ས་གཙོས་སྦེལ་ཀོབ། མོན་གྷོ་འདོད་རྒུ་གླིང་། ཀོ་ལོ་གྷལ། སྡེ་ར་ལྡུན། ལྡི་ལི་སོགས་སུ་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་གང་ཆེ་གནང་བཞིན་འདུག  

Latest news