Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ནང་གི་གདན་ས་ཁག་ཏུ་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་སྐོར་སློབ་སྦྱོང་སྤྲད་པ།

བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་གྱི་དགོན་སྡེ་དང་གདན་ས་ཁག་གི་ནང་དུ་དགེ་འདུན་པ་རྣམས་ཉེ་ལམ་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྲིད་འཛིན་ཞི་ཅིན་ཕིང་གཙོ་བྱས་པའི་རྒྱ་ནག་དབུས་ཆབ་སྲིད་ཁང་གི་དབུས་རྒྱུན་ཁག་ཅིག་མཉམ་ཞུགས་བྱས་པའི་སྒོ་ནས་སྐོང་ཚོགས་ཀྱིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་སྐོར་ལ་སློབ་གཉེར་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཏེ་སློབ་སྦྱོང་སྤྲད་ཡོད་པ་རེད་འདུག

ཨིན་ཡུལ་གཞུང་ནས་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་ཙམ་འཛིན་དགོས།

ཁ་སང་ཨིན་ཡུལ་གྲོས་ཚོགས་འཐུས་མི་ Sir Iain Duncan Smith ལགས་ཀྱིས་སྣེ་ཁྲིད་འོག ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་པའི་ཐོག་འདི་ལོ་རྒྱ་ནག་གཞུང་གིས་བོད་མི་ས་ཡ་ཕྱེད་ཀ་ཙམ་བཙན་དབང་གིས་ངལ་རྩོལ་ར་བའི་ནང་དུ་བཞག་ཡོད་པའི་གནད་དོན་དང་འབྲེལ། ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་ནག་གི་དགུན་དུས་ Oympic རྩེད་འགྲན་ཐོག་བཞེངས་ཕྱོགས་གསལ་པོ་དང་བོད་མིའི་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ Magnitsky རྒྱལ་སྤྱིའི་ཁྲིམས་གཞི་ལག་བསྟར་གནང་དགོས་པ། ཨིན་ཡུལ་གཞུང་གིས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་ཁྲིམས་གཞི་གཏན་འབེབས་གནང་དགོས་པ་སོགས་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་གལ་ཡིན་པ་གསུངས་འདུགགྲོས་ཚོགས་འཐུས་མི་ Iain Duncan Smith ལགས་ཀྱིས་གོ་སྒྲིག་གནང་སྟེ་དྲ་རྒྱའི་ཐོག་བོད་ཀྱི་གནད་དོན་ཐོག་སྐར་མ་ ༩༠ ཙམ་གྱི་རིང་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་སྐབས་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༨ ཙམ་ནས་མཉམ་ཞུགས་གནང་འདུག་པ་དང་། དྲ་ཐོག་བགྲོ་གླེང་ལས་རིམ་དབུ་དབུ་འཛུགས་དང་འབྲེལ་ནས་སྐུ་ཞབས་ Duncan Smith ལགས་ཀྱིས་ཉེ་ཆར་བོད་ནང་གི་གནས་སྟངས་མངོན་གསལ་གནང་བའི་སྙན་ཐོར་ལོ་འདིའི་ཕྱི་ཟླ་ ༡ ནས་ ༧ བར་རྒྱ་ནག་གཞུང་གིས་བོད་མི་ས་ཡ་ཕྱེད་ཀ་ཙམ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ར་བར་བཞག་སྟེ་དེ་དག་ལ་དམག་གི་སྦྱོང་བརྡར་དང་ཆབ་སྲིད་སློབ་གསོ་སོགས་སྤེལ་ཡོད་པ་ལུང་འདྲེན་དང་འབྲེལ། དེ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པ་གསུངས་འདུགཁོང་གིས་རིང་མིན་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་དུ་དགུན་དུས་ཨོ་རྩེད་འགྲན་ཚོགས་གཏན་ཁེལ་བའི་གནད་དོན་དང་འབྲེལ། གལ་ཏེ་གནད་དོན་དེ་རྒྱ་ནག་མིན་པའི་རྒྱལ་ཁབ་གཞན་ཞིག་ཡིན་ཚེ་ང་ཚོས་ད་བར་རྩེ་འགྲན་ཡོངས་རྫོགས་རྒྱལ་ཁབ་གཞན་ནང་དུ་འཚོགས་རྒྱུའི་དགོས་འདུན་ཆེད་འདོན་གནང་ཟིན་ངེས་ཡིན་སྐོར་དང་འབྲེལ། ཨིན་ཡུལ་གཞུང་གིས་དེའི་ཐོག་མགྱོགས་མྱུར་བཞེངས་ཕྱོགས་མཁྲེགས་འཛིན་གནང་དགོས་པའི་སྐུལ་མ་གནང་འདུགདེ་བཞིན་ Bath ས་ཁུལ་གྱི་གྲོས་ཚོགས་འཐུས་མི་ Wera Hobhouse ལགས་ཀྱིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ Magnitsky ཞེས་པའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་གྱི་མི་སྣར་ཉེས་ཆད་གཏང་རྒྱུའི་རྒྱལ་སྤྱིའི་ཁྲིམས་གཞི་ལག་བསྟར་དགོས་པ་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་གཞན་རྣམས་ནས་ཨིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Tim Laughton ལགས་ཀྱིས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་གནང་བར་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུགབགྲོ་གླེང་ནང་མཉམ་ཞུགས་ཡོད་པའི་གྲོས་ཚོགས་འཐུས་མི་ Tim Laughton ལགས་ཀྱིས་རྒྱ་གཞུང་གིས་སྔ་ལོ་དིང་རི་གཙོས་བོད་ཀྱི་ནུབ་ཕྱོགས་ས་ཁུལ་གྱི་ར་ལུག་ཚང་མ་མེད་པ་བཟོས་པ་མ་ཟད། བོད་མི་ཞིང་འབྲོག་མང་ཚོགས་རྣམས་ཀྱི་སྲོལ་རྒྱུན་གྱི་འཚོ་བ་མེད་པ་བཟོས་ཏེ་གླ་ཕོགས་ཉུང་ཉུང་ལས་མེད་པའི་ངལ་རྩོལ་ལས་དོན་གཉེར་འཇུག་བཞིན་ཡོད་པ་དང་། དེ་ནི་ཨིན་ཡུལ་གཞུང་གིས་ཡུལ་དེའི་ Welsh ཞིང་འབྲོག་མང་ཚོགས་ལ་རང་གི་སྒོ་ཕྱུགས་ཡོངས་རྫོགས་བསད་དེ་ཚོང་ཁང་ནང་ལས་ཀ་རྩག་རྩིག་བྱེད་དགོས་པའི་བཙན་བཀའ་བཏང་བ་དང་གཅིག་མཚུངས་ཆགས་ཀྱི་ཡིན་སྟབས་དེར་མཐའ་གཅིག་ཏུ་ངོས་ལེན་གནང་ཐབས་མེད་པའི་གནད་དོན་ཞིག་ཡིན་པ་གསུངས་འདུག དེ་བཞིན་ཨིན་ཡུལ་ནང་གི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Sam Walton ལགས་ཀྱིས་བགྲོ་གླེང་ལས་རིམ་འདི་བརྒྱུད་ཨིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་བོད་ཐོག་དྲག་གནོན་བྱེད་བཞིན་པ་དེའི་སྐོར་གླེང་སློང་གནང་བ་མ་ཟད་ཨིན་ཡུལ་གཞུང་ནས་དེའི་ཐད་རྒྱ་གཞུང་ལ་གདོང་ལེན་གནང་དགོས་པ་གསུང་མཁན་ཡོད་པར་དགའ་སྤོབས་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་ཁོང་རྣམས་ཀྱིས་དེ་སྔའི་གཞུང་འཛིན་གྱིས་རྒྱ་ནག་ཐོག་གི་སྲིད་བྱུས་རྣམས་ལམ་ལྷོངས་བྱུང་མེད་པ་དང་དེར་བཅོས་དགོས་པའི་རྣམ་པ་ཆེས་མངོན་རྒྱུ་ཡོད་པ་དང་། ཁོང་རྣམས་ཀྱིས་དགོས་འདུན་ཆེད་འདོན་གནང་བའི་ Magnitsky དང་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་རང་དབང་དགོས་པའི་ཁྲིམས་འཆར་རྣམས། རྒྱ་ནག་གི་དགུན་དུས་རྩེད་འགྲན་ནས་ཕྱིར་འཐེན་བྱེད་རྒྱུ་སོགས་ཀྱི་གནད་དོན་ཐོག་གླེང་བ་མ་ཟད་ཨིན་ཡུལ་གྱིས་བོད་ཐོག་བཞེངས་ཕྱོགས་གསར་པ་ཞིག་འཛིན་དགོས་གནད་ཡིན་པ་གསུངས་འདུགདེའི་བར་ན་ The Guardian སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཁ་ཉིན་ཨིན་ཡུལ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཚོགས་པའི་ཐོག་ཨིན་ཡུལ་ཕྱི་སྲིད་དྲུང་ཆེ་ Dominic Raab མཆོག་ལ་ཨིན་ཡུལ་གཞུང་ནས་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་འཚོགས་གཏན་ཁེལ་བའི་དགུན་དུས་ Olympic རྩེད་འགྲན་ནང་མཉམ་ཞུགས་གནང་མིན་བཅས་ཀྱི་སྐོར་ལ་དྲི་བ་བཏང་ཡོད་པར་ཁོང་གིས་དུས་རྒྱུན་གཞུང་གི་འབྲེལ་ལམ་དང་ཆབ་སྲིད་བཅས་རྩེད་རིགས་ཀྱི་གནད་དོན་དང་ལོགས་སུ་བཞག་གི་ཡོད་པ་དེ་ལྟར་ཡང་། མཚམས་རེ་དེ་ལྟར་གནང་མ་ཐུབ་པའི་གནས་སྟངས་ཡང་ཆགས་ཀྱི་ཡོད་སྐོར་གསུངས་པ་མ་ཟད་རྒྱལ་སྲས་ William མཆོག་རྩེད་འགྲན་དེའི་ཐོག་ཕེབས་དགོས་མིན་ཐོག་དགོངས་པ་ནན་བཞེས་གནང་དགོས་པ་གསུངས་འདུགཕྱི་སྲིད་དྲུང་ཆེ་མཆོག་གི་ད་དུང་རྒྱ་ནག་གིས་ཤིན་ཅང་ཡུ་གུར་མང་ཚོགས་རྣམས་ངལ་རྩོལ་ར་བའི་ནང་བཅུག་ནས་སྐྱེས་སྒོ་བཀག་པ་སོགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས། ང་ཚོར་སེམས་འཚབ་ཡང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ཐོག་དཔང་རྟགས་འཕར་མ་ཐོན་རིམ་བཞིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས་གླེང་སློང་གནང་ངེས་ཡིན་པ་སོགས་གསུངས་འདུག དེ་བཞིན་སྐུ་ཞབས་ Raab མཆོག་གིས་ཁ་ཆེ་རྒྱལ་ཁབ་ཁག་ཅིག་ནས་རང་གི་ཚོང་གི་ཁེ་ཕན་དང་དེ་དག་ལ་བརྟེན་ནས་ཤིན་ཅང་ནང་གི་གནད་དོན་ཐོག་རྒྱ་ནག་ལ་གདོང་ལེན་མ་གནང་བར་ཁ་ཁུ་སིམ་པོར་བཞུགས་པར་སྐྱོན་བརྗོད་ཡང་གནང་འདུག

ཏོག་དབྱིབས་ཁྱབ་གདལ་དང་འབྲེལ་བོད་མིའི་སྤྱི་ཚོགས་ཁྲོད་དྭང་ཞབས་པ་དགོས་མཁོ་ཡོད་པ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་འདས་པའི་གཟའ་ཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་བཅས་ཀྱི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ནས་ཁྱོན་བོད་མི་ ༡༨༠ ལ་ཏོག་དབྱིབས་ཀྱི་ནད་རྟགས་ཐོན་པ་ཡོང་གྲགས་དང་འབྲེལ། བོད་མིའི་འདུ་སྡོད་ཁག་ཅིག་ཏུ་གནས་སྟངས་ཛ་དྲག་ཁྲོད་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་དྭང་ཞབས་པ་དགོས་མཁོ་ཡོད་པ་གསུངས་སོང་།དེ་རིང་གི་གསར་འགོད་ལྷན་ཚོགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་དབང་དབྱངས་འཛོམས་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་འབོར་ལ་གཞིགས་པའི་ཏོག་དབྱིབས་གཉན་རིམས་ཁྱབ་འདལ་གྱི་གྲངས་ཐོ་དེ་ཧ་ཅང་མཐོ་པོ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྟངས་ཛ་དྲག་ཆགས་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་ཁྱིམ་དུ་བཞུགས་པའི་བགྲེས་སོང་དང་ཕྲུ་གུ་ཚོའི་འཕྲོད་བསྟེན་སྲུང་སྐྱོབ་ཐད་ཐུགས་སྣང་གནང་སྟེ་དགོས་གལ་བྱུང་ན་མ་གཏོགས་ཕྱི་ལ་ཕེབས་རྒྱུ་མེད་པའི་འབོད་སྐུལ་གནང་སོང་། ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མི་ ༡༨༠ ལ་ཏོག་དབྱིབས་ཀྱི་ནད་རྟགས་ཐོན་པའི་ཁོངས་ནས་ ༡༠ བལ་ཡུལ Kathmandu དང་ Pokhra ཁུལ་ནས་ཡིན་པ་དང་། དེ་མིན་ ༡༡༧ ཙམ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཁུལ་ནས་ཆགས་ཀྱི་ཡོད་པ་དང་། དེར་མ་ཟད་མོན་གྷོ་ནང་ནད་ཡམས་དེའི་རྐྱེན་པས་རང་ལོ་ ༨༡ ཡིན་པའི་བགྲེས་སོང་ཞིག་འདས་གྲོངས་སུ་གྱུར་འདུག སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་ད་དུང་ད་བར་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་མི་ས་ཡ་ ༣༥ ལྷག་ཙམ་ལ་ཕོག་ཡོད་པར་འགྲེལ་བརྗོད་དང་སྦྲགས། ནད་དེ་ནམ་རྒྱུན་གྱི་འཆམ་རིམས་བཞིན་མིན་པར་ཆེས་འགོས་ནད་ཅན་ཞིག་ཡིན་པ་མང་ཚོགས་ལ་དྲན་སྐུལ་གནང་བ་མ་ཟད། ད་ལྟའི་ཆར་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་ནད་ཡམས་དེ་དགོན་སྡེ་དང་ཚོགས་པ་སྒྲིག་འཛུགས་ཁག་ནས་ཐོན་གྱི་ཡོད་སྟབས་ཚོགས་ཁང་དང་སྤྱི་ཐབ། ཉལ་ཁང་སོགས་མཉམ་སྤྱོད་གནང་རྐྱེན་ community spread འམ་སྤྱི་ཚོགས་ཁྱབ་གདལ་གྱིས་ཉན་ཁ་ཆེན་པོ་ཆགས་ཡོད་པར་བརྟེན་ཚང་མས་ཁ་རས་གྱོན་རྒྱུ་དང་རྒྱང་བཀྱེད་བསྟེན་རྒྱུ་སོགས་སྔོན་འགོག་གི་ལས་དོན་ཁག་ངེས་པར་དུ་ཐུགས་སྣང་གནང་དགོས་པའི་གཞེན་སྐུལ་གནང་ཡོད། བཙན་བྱོལ་བོད་མིའི་ཁྲོད་ནད་དེ་ཁྱབ་གདལ་འགྲོ་བཞིན་པ་དང་ས་གནས་ཁག་ཅིག་ཏུ་གནས་སྟངས་ཛ་དྲག་ཆགས་པའི་དུས་སྐབས་འདིར་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་དྭང་ཞབས་པ་དགོས་མཁོ་ཆེས་ཆེ་བར་བརྟེན་བོད་མིའི་ཁྲོད་ནས་དྭང་ཞབས་གནང་འདོད་བློ་ཡོད་རིགས་ནས་རང་ཉིད་ཀྱི་བཞུགས་གནས་ས་གནས་སོ་སོའི་ས་གནས་འགོ་འཛིན་ལས་ཁུངས་སུ་འབྲེལ་བ་གནང་དགོས་པའི་རེ་སྐུལ་གནང་སོང་།དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མང་ཚོགས་ནས་སྒེར་གྱི་འཕྲོད་བསྟེན་ཁོ་ན་ཙམ་མ་ཡིན་པར་སྨན་པ་དང་སྨན་ཞབས་པ་རྣམས་ལའང་བསམ་ཤེས་གནང་སྟེ་རང་ཉིད་ལ་ནད་རྟགས་ཐོན་མ་ཐག་དང་གཞན་ལ་དོགས་པ་བྱུང་ཚེ་ངེས་པར་དུ་ས་གནས་འཕྲོད་བསྟེན་སྨན་ཁང་དུ་བརྟག་དཔྱད་གནང་དགོས་པའི་འབོད་སྐུལ་གནང་སོང་། གཞི་རྩའི་ད་བར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ཁྲོད་བོད་མི་སྡོམ་ ༥༣༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་ ༢༣༣ དྲག་སྐྱེད་བྱུང་བ། དེ་མིན་མི་ ༡༥ འདས་གྲོང་སུ་གྱུང་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༢༨༧ ཆགས་ཡོད་པ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་བགྲང་བྱ་ ༥༠ འཁོར་བའི་དུས་དྲན་ཉིན་མོ་སྲུང་བརྩི།

དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༧ ཉིན་མོ་འདི་ནི་བཙན་བྱོལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་བགྲང་བྱ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད་སྟབས་བཞུགས་སྒར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འདས་པའི་ལོ་རབས་ནང་འཐབ་རྩོད་ཁྲོད་ལས་འགུལ་སྤེལ་ཕྱོགས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་དག་ཅིག་གནང་ཁག་དྲན་གསོ་དང་འབྲེལ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་སོང་། དེ་རིང་སྔ་དྲོ་ཚོུད་ ༡༠ ཙམ་ལ་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པ་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་ཁོངས་སུ་ཡོད་པ་དང་ཚོགས་པའི་ཚོགས་གཙོ་ཐོག་མར་ཡིན་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་དང་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུས་པའི་ད་ལྟའི་ལས་ཐོག་དབུས་རྒྱུན་དང་ས་གནས་རྒྱུན་ལས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་སོགས་ནས་མཉམ་ཞུགས་གནང་སོང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་གིས་རྒྱ་གཞུང་གིས་བོད་ནང་གི་བོད་མིར་དྲག་གནོན་དང་དམ་དྲག་གི་སྲིད་བྱུས་ལག་བསྟར་གྱིས་ད་བར་བོད་མི་ ༡༥༠ ལྷག་ནས་སྐུ་ལུས་ཞུགས་འབུལ་གནང་ཟིན་པ་དང་སྒོས་ད་ཆ་བོད་ནང་རྒྱ་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་ལ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དུ་བཀག་སྐྱིལ་བྱེད་བཞིན་པ་ལྟར་བོད་མི་ཞིང་འབྲོག་འབུམ་ལྔ་ལྷག་ཙམ་ལ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པ་སོགས་ཞིབ་རྒྱས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་ནང་དམ་དྲག་སྔར་ལྷག་བྱེད་བཞིན་པ་དང་རྒྱ་གཞུང་གིས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་བོད་མི་ཆིག་སྒྲིལ་རྩ་གཏོར་གཏོང་རྒྱུ་སོགས་ལ་ཆེད་དམིགས་ཀྱིས་བྱ་སྤྱོད་སྤེལ་མུས་ཡིན་པ་འགྲེལ་བརྗོད་གནང་ཡོད། ལྷག་དོན་བྱེས་བཞུགས་བོད་མི་ཉུང་ཤས་ཡོད་པ་ཚོས་ངེས་པར་དུ་མཐུན་སྒྲིལ་མ་གནང་ཚེ་དེ་ནི་ཞབས་འདྲེན་ཡིན་པར་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་བརྟན་བཞུགས་དངོས་ནི་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ཁག་ལག་བསྟར་ཞུ་རྒྱུ་དེ་ཡིན་སྐོར་གསུངས་སོང་།ཆེས་མཐོའི་ཁྲིསམ་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་དེ་སྔ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཞབས་ཞུ་གཙོས་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་སྤེལ་བ་དག་དྲན་གསོ་དང་སྦྲགས། ད་ཆ་དུས་ཀྱི་འགྱུར་ལྡོག་དབང་གིས་མཐུན་རྐྱེན་ཡོད་པ་དག་ལོངས་སུ་སྤྱོད་པའི་སྒོ་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་རང་རེའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ཐད་ལས་འགུལ་སྤེལ་རྒྱུ་དེ་ཏོག་ཙམ་ཉུང་དུ་ཕྱིན་ཡོད་པར་གཟིགས་སྐོར་གསུངས་པ་དང་འབྲེལ་ཏེ་སླད་མར་གཞོན་སྐྱེས་ཚོར་ངེས་པར་དུ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད།   བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་རྩ་ཆེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམ་གཤིས་བཟང་པོ་ཡོད་པ་དེ་དག་མི་ཉམས་རྒྱུན་འཛིན་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་ལས་འགུལ་ཆེ་ཆུང་སྣ་མང་སྤེལ་མུས་ཁག་ལ་བསྔགས་བརྗོད་གནང་བ་དང་སྦྲགས། ཚོགས་གཙོ་མཆོག་གཞོན་ལྷན་གྱི་སྒྲིག་འཛུགས་ནང་ཞུགས་མྱོང་མེད་ཀྱང་། རྣམ་ཀུན་ནས་སྒྲིག་འཛུགས་འདི་གལ་ཆེན་ཞིག་ལ་ངོས་འཛིན་གནང་མཁན་ཞིག་ཡིན་པར་གསུངས་སོང་། ཚོགས་གཙོ་མཆོག་གིས་ད་དུང་༸གོང་ས་མཆོག་གིས་གཞོན་ལྷན་ལ་སྩལ་བའི་བཀའ་སློབ་ལུང་འདྲེན་གྱིས་རྩ་དོན་ཆེད་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་ཕུགས་ཀྱི་འབྲས་བུར་སྐྱོན་གནད་ལྷག་དང་མི་ལྷག དེ་བཞིན་བབ་རླིང་བརྟན་གསུམ་གྱི་ཐོག་ནས་དགོངས་བཞེས་གནང་དགོས་སྐོར་གསུངས་སོང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱིས་བརྙན་ཐུང་བརྒྱུད་དུས་དྲན་དང་འབྲེལ་བའི་བཀའ་སློབ་གནང་འདུག་པ་དང་། སྐབས་དེར་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་དེ་མུ་མཐུད་གནང་དགོས་པ་དང་། འདས་པའི་ལོ་ངོ་ ༥༠ རིང་ང་ཚོས་དཀའ་ལས་རྒྱག་པ་ལྟར་ད་དུང་ཡང་ལོ་ ༥༠ འགོར་སྲིད་ཀྱང་མི་ཐོག་གསར་པ་ཚོར་ལས་འགུལ་འདིའི་ནང་གདན་འདྲེན་ཞུ་རོགས་ཞེས་གསུངས་སོང་། སྲིད་སྐྱོང་མཆོག་གིས་སྐུ་ཉིད་དེ་སྔ་ལྡི་ལི་ས་གནས་གཞོན་ནུ་ལྷན་ཚོགས་དང་དབུས་རྒྱུན་ལས་བར་ཕྱག་ལས་གནང་མྱོང་ཡོད་པ་ངོ་སྤྲོད་དང་སྦྲགས། ད་ཆ་སྲིད་སྐྱོང་གི་ལས་ཐོག་སྐབས་སུའང་འགོ་ཁྲིད་སྐྱེད་སྲིང་དང་འགོ་ཁྲིད་ཀྱི་ལས་དོན་གནང་རྒྱུའི་ས་བོན་ལྟ་བུ་ཐོག་མའི་ཀུན་སློང་དེ་དེ་སྔ་གཞོན་ནུ་ལྷན་ཚོགས་སྐབས་ནས་བྱུང་ཡོད་སྟབས། ད་ཆ་ ལས་དོན་གང་ཞིག་གཉེར་སྐབས་དེ་སྔ་ས་གནས་གཞོན་ནུའི་སྐབས་སུ་དཀའ་ལས་རྒྱག་ནས་ཡོང་བའི་གྲུབ་འབྲས་ལ་བརྟེན་ནས་འགོ་ཁྲིད་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་བས་དེ་ནི་གཞོན་ནུའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ཡིན་པ་གསུངས་སོང་བ་མ་ཟད། ལྷག་དོན་ང་ཚོས་གཞོན་ནུའི་དམིགས་ཡུལ་དེ་༸གོང་ས་མཆོག་གི་དབུ་ཁྲིད་འོག་ཤར་སྐྱོད་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་དུས་ནམ་ཡང་བརྗེད་རྒྱུ་མེད་ཅེས་གསུངས་ཡོད།   དེ་རིང་དུས་དྲན་གྱི་མཛད་སྒོའི་ཐོག་མར་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཚོགས་པའི་ངོ་སྤྲོད་དང་སྦྲགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་འདིས་བཙན་བྱོལ་སྤྱི་ཚོགས་ནང་ཐོག་མཐའ་བར་གསུམ་གྱི་མཛད་གཙོ་མང་དག་ཅིག་གསོ་སྐྱོང་གནང་སའི་སྡིངས་ཆ་ཞིག་ཡིན་སྐོར་གསུངས་སོང་། གཞི་རྩའི་ད་ཆ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་རྐྱེན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་བགྲང་བྱ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་གནང་ཐུབ་མེད་སྟབས་ལོ་འཁོར་མོ་གཅིག་གི་རིང་ཕྱིར་འགྱངས་གནང་ཡོད་པ་རེད།  ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་བཟུང་ད་ཆ་ས་གནས་མི་འདྲ་ ༨༨ ནང་དུ་གཞོན་ལྷན་གྱི་ཡན་ལག་ལས་ཁུངས་ཆེད་འཛུགས་དང་ཚོགས་མི་ཁྱོན་ཁྲི་གསུམ་ལྷག་ཡོད་པ་རེད།

༸གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་བའི་རིག་ཚན་ཞིག་གསར་འཛུགས་གནང་འཆར།

རྒྱ་གར་གྱི་དཀྱིལ་ཤར་མངའ་སྡེའི་ Maharashtra ནང་གི་འཕྲུལ་རིགས་གཙུག་ལག་སློབ་གྲྭ། MIT World Peace University ་ཞེས་པའི་ནང་དུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་དང་འབྲེལ་བའི་རིག་ཚན་ཞིག་གསར་འཛུཊ་གནང་སྟེ་དཔལ་ནཱ་ལེནྡྲའི་རིག་གཞུང་དང་༧གོང་ས་མཆོག་གི་བཀའ་དགོངས་སོགས་ཀྱི་སྐོར་ལ་སློབ་གཉེར་གནང་རྒྱུ་རེད་འདུག

རྒྱལ་ཚོགས་སུ་རྒྱལ་ཁབ་ ༣༩ ཐུན་མོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་བློ་འཚབ་ཀྱི་བསྒྲགས་གཏམ་སྤེལ་བ།

ཁ་སང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༥ མཇུག་སྒྲིལ་གནང་དང་བསྟུན། ཨ་རི་དང་ཨིན་ཡུལ། འཇར་མ་ནི། ཨོ་སི་ཊོ་ལི་ཡ། ཨོ་སི་ཊེ་ཡ། སྦེལ་འཇམ། སུད་སི། ནོར་ཝེ། ཁེ་ན་ཌ་སོགས་རྒྱལ་ཁབ་ ༣༩ མཉམ་རུབ་ཀྱིས་རྒྱ་གཞུང་གིས་ཤིན་ཅང་དང་ཧོང་ཀོང་དེ་བཞིན་བོད་བཅས་ཀྱི་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་བློ་འཚབ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་གནང་འདུགརྒྱལ་ཚོགས་ཀྱི་འཇར་མ་ནི་སྐུ་ཚབ་སྐུ་ཞབས་ Christoph Heusgen ལགས་ཀྱིས་འཇར་མ་ནིས་གཙོས་པའི་རྒྱལ་ཁབ་ ༣༩ པོ་དེ་དག་མཉམ་རུབ་ཐོག་སྤེལ་བའི་བསྒྲགས་གཏམ་དེ་རྒྱལ་ཚོགས་སུ་སྙན་སྒྲོན་ཞུས་འདུག་པ་དང་། དེའི་ནང་ཤིན་ཅང་ནང་གི་གནས་སྟངས་དང་དེང་སྐབས་ཧོང་ཀོང་ནང་གི་དེ་བྱུང་ཁག་གི་ཐོག་ཐུགས་འཚབ་ཡོད་སྐོར་དང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་དུ་རྒྱལ་ཚོགས་ཀྱི་དམིགས་གསལ་ལས་དོན་འགན་འཁུར་བ་ ༥༠ ནས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཀྱི་ཕྱག་ཡིག་སྤེལ་ཡོད་པ་ལུང་འདྲེན་དང་འབྲེལ་ཏེ་རྒྱ་ནག་གཞུང་ལ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་དགོས་པའི་རེ་སྐུལ་ཞུས་པ་མ་ཟད། ལྷག་པར་དུ་ཤིན་ཅང་དང་བོད་བཅས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་སྲུང་སྐྱོབ་བྱེད་དགོས་པ་གསུངས་འདུག རྒྱལ་ཁབ་ ༣༩ ཐུན་མོང་གིས་སྤེལ་བའི་བསྒྲགས་གཏམ་ནང་རྒྱ་གཞུང་གི་ཤིན་ཅང་ནང་དུ་མི་ས་ཡ་གཅིག་ལྷག་བཙན་དབང་གིས་ངལ་རྩོལ་ར་བར་བཞག་པ་དང་ཤིན་ཅང་ཡུ་གུར་མང་ཚོགས་ལ་ཆོས་དད་རང་དབང་དང་འགྲུལ་སྐྱོད། དེ་བཞིན་ཕན་ཚུན་འབྲེལ་ལམ་དང་སྨྲ་བརྗོད་རང་དབང་སོགས་མེད་པའི་ཁར་ངལ་རྩོལ་ར་བར་བེུད་རྣམས་ལ་བཙན་དབང་གིས་སྐྱེས་སྒོ་བཀག་པ་སོགས་ཀྱི་གནད་དོན་ཐོག་ལའང་བློ་འཚབ་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་དེ་སྔ་རྒྱལ་ཚོགས་ཀྱི་ཆེད་ལས་པ་ཁག་ཅིག་གིས་འདི་ལོར་རྒྱ་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་བདེ་འཇགས་ཀྱི་ཁྲིམས་གཞི་དེ་རྒྱ་ནག་གི་བརྩི་སྲུང་ཞུ་རྒྱུའི་ཁས་ལེན་བྱས་པའི་རྒྱལ་སྤྱིའི་ཁྲིམས་སྒྲིགསཁག་དང་ཡོངས་སུ་འགལ་ཡོད་པར་སྐྱོན་བརྗོད་གནང་བ་བཞིན། ད་རེས་རྒྱལ་ཁབ་ ༣༩ དེ་དག་གིས་ཀྱང་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཧོང་ཀོང་ནང་གི་ཁྲིམས་ཀྱི་གྱོད་གཞི་ཁག་ཅིག་རྒྱ་ནག་སྐམ་ས་ཆེན་མོར་ཐག་གཅོད་བྱ་རྒྱུ་སོགས་ཀྱི་འབྲུ་དོན་ཐད་ཐུགས་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་དང་ཆབས་ཅིག འབྲེལ་ཡོད་རྒྱ་ནག་གཞུང་འབྲེལ་དཔོན་རིགས་རྣམས་ནས་དེ་སྔ་དབྱིན་ཡུལ་གྱི་ལག་ནས་ཧོང་ཀོང་རྩིས་ལེན་སྐབས་ཧོང་ཀོང་མང་ཚོགས་ལ་སྨྲ་བརྗོད་དང་གསར་འགོད་དེ་བཞིན་འདུ་འཛོམས་བཅས་ཀྱི་རང་དབང་སྤྲོད་ངེས་ཡིན་པར་ཁས་ལེན་བྱས་ཡོད་དོན་ལྟར་ཡུལ་གཉིས་དབར་བཞག་པའི་གྲོས་མཐུན་ལྟར་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དེ་དག་སྲུང་སྐྱོབ་བྱེད་དགོས་པའི་གཞེན་སྐུལ་བསྐྱར་ནན་གནང་འདུགལྷག་པར་དུ་རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་གཙོ་འཛིན་གྱིས་དབུས་པའི་འབྲེལ་ཡོད་ལས་བྱེད་དང་ལས་དོན་འགན་འཁུར་བ་བཅས་རང་དབང་ཅན་གྱི་རྟོག་ཞིབ་རུ་ཁག་ཤིན་ཅང་ནང་ཐོངས་ཤིག རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་རྒྱ་ནག་ནང་མི་རིགས་དབྱེ་འབྱེད་འགོག་ཐབས་དང་འབྲེལ་བའི་ལམ་སྟོན་དོན་ཚན་ ༨ པོ་དེ་དག་འཕྲལ་དུ་ལག་བསྟར་བྱོས་ཤིག དེ་བཞིན་ཧོང་ཀོང་ནང་གི་རང་སྐྱོང་གི་གནས་བབ་ལ་བརྩི་སྲུང་དང་ཁུལ་དེའི་ཁྲིམས་ཀྱི་དབང་སྒྱུར་ལ་གུས་བརྩི་ཞུས་ཤིག་དང་ལྷག་དོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་ཁག་ནས་སྒེར་སོ་སོའི་ལུང་པར་ཤིན་ཅང་སོགས་ནས་སྐྱབས་བཅོལ་ཞུ་བར་ཕེབས་མཁན་རྣམས་ཕྱིར་སློག་གནང་རྒྱུ་མེད་པའི་བཞེངས་ཕྱོགས་འཛིན་དགོས་པའི་རེ་སྐུལ་གནང་འདུག

༸དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ ༩༥ ལྷག་ལ་ཏོག་དབྱིབས་ནད་རྟགས་ཐོན་འདུག

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་༸དཔལ་ལྡན་འབྲས་སྤུངས་བློ་གསལ་གྲྭ་ཚང་དུ་འདས་པའི་གཟའ་མཇུག་ཁྲོད་དགེ་འདུན་པ་ཁྱོན་ ༣༥༠ ལྷག་ཙམ་ལ་བརྟག་དཔྱད་གནང་རྗེས་དགེ་འདུན་པ་ཁྱོན་ ༩༥ ལྷག་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་ཡོད་པ་རེད།དེ་རིང་ཉིན་རྒྱབ་༸དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་དགོན་པའི་ངོ་དེབ་བརྒྱུད་གནད་དོན་དེའི་ཐོག་གསལ་བཤད་དང་འབྲེལ། ཟླ་ ༡༠ ཚེས་ ༢ སྟེ་རྒྱ་གར་གྱི་མེས་པོ་དམ་པ་གྷཱན་དྷཱི་མཆོག་གི་འཁྲུངས་སྐར་ཉིན་མོར་དགོན་པའི་དཔེ་ཁྲིད་དགེ་བཤེས་ཤིག་ལ་གློ་བུར་དུ་ལུས་ཀྱི་ཚ་བ་རྒྱས་པ་སོགས་ཀྱི་གནས་ཚུལ་ཐོན་འཕྲལ་དགོན་པ་རང་གིས་བརྟག་དཔྱད་གནང་འབྲས་སུ་ཁོང་ལ་ཏོགས་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་པ་དང་། དེའི་ཕྱི་ཉིན་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་ནས་སླར་ཡང་བརྟག་དཔྱད་གནང་སྐབས་སུའང་ནད་རྟགས་ར་འཕྲོད་བྱུང་བ་བཞིན། དགོན་པ་དང་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཀྱིས་དགེ་བཤེས་ལགས་ཀྱི་འབྲེལ་ཡོད་ཁང་མཚན་དང་། འབྲེལ་འདྲིས་ཡོད་པའི་དགེ་འདུན་པ་ཁྱོན་ ༣༥༠ ལྷག་ལ་བརྟག་དཔྱད་གནང་རྗེས་ཁ་སང་དགོང་དྲོའི་བར་དགོན་པའི་དགེ་འདུན་པ་ཁྱོན་ ༩༥ ལྷག་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་ཡོད་པ་ར་འཕྲོད་བྱུང་འདུག མཁན་རིན་པོ་ཆེ་མཆོག་གིས་དགོན་པའི་ངོས་ནས་ད་རེས་ཀྱི་གནས་ཚུལ་དེ་ཐོན་མ་ཐག་ཏུ་དགོན་པའི་ནང་ཆོས་ར་འཚོགས་རྒྱུ་དང་སྤྱི་ཐབས། དཔེ་མཛོད་ཁང་སོགས་ཡོངས་རྫོགས་སྒོ་བརྒྱབ་ནས་ནད་རྟགས་ཐོན་པའི་དགེ་འདུན་པ་རྣམས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་རྒྱུ་དང་ཁོང་རྣམ་པར་དགོས་ངེས་ཅན་གྱི་མཐུན་འགྱུར་གང་དགོས་འཐུས་ཚང་གནང་བཞིན་ཡོད་པར་མ་ཟད། ཕྱི་ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནད་དོན་སྙན་སེང་དང་འབྲེལ་ནད་ཡམས་དེ་ཞི་བར་ཐུགས་བརྟག་ས་བོན་ཞིག་སྩལ་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་མཆོག་གིས་ཐུགས་སྨོན་དང་འབྲེལ་དགོན་པའི་འདུས་མང་ཡོངས་ནས་སྒྲོལ་མའི་མཚན་སྔགས་གསོག་སྒྲུབ་དགོས་པའི་ལམ་སྟོན་ཕེབས་པ་བཞིན་དགེ་འདུན་པ་སྒེར་སོ་སོ་བསྙེན་མཚམས་ལ་བཞུགས་ཏེ་སྒྲོལ་མ་དང་སྨན་ལྷ། དཔལ་ལྡན་ལྷ་མོའི་གཟུངས་སྔགས། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་སོགས་གསོག་སྒྲུབ་དགོས་པའི་སྐུལ་མ་མཛད་འདུག མཁན་རིན་པོ་ཆེ་མཆོག་གིས་ད་དུང་འཛམ་གླིང་ཡོངས་ལ་ནད་ཡམས་དེ་ཁྱབ་གདལ་འབྱུང་བཞིན་པའི་ཁྲོད་འདིར་ཕྱི་གསལ་ནང་གསལ་གྱི་སྒོ་ནས་མང་ཚོགས་ལ་གནད་དོན་དེ་སྙན་སེང་དང་འབྲེལ། ནད་ཡམས་དེས་མནར་བའི་མི་མང་སྤྱི་དང་སྒོས་དགོན་པའི་ནང་ནད་རྟགས་ཐོན་པའི་དགེ་འདུན་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བར་ཐུགས་སྨོན་དང་། ལྷག་དོན་ཐུགས་ལྷོད་ངང་བཞུགས་ཏེ་ཐུགས་འཕྲད་གནང་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད་པ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གྲངས་ཐོར་གཞིགས་ན་གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བུ་བར་དུ་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཁྱོན་ ༤༠༣ ལྷག་བྱུང་བའི་ཁོངས་ནས་ ༢༡༤ དྲག་སྐྱེད་དང་། ༡༤ འདས་གྲོངས་སུ་གྱུར་ཡོད་པ་རེད།

ནད་ཡམས་ཡལ་མཚམས་སུ་དུས་རྒྱུན་ལྟར་ཆོས་འབྲེལ་སྩོལ་རྒྱུ་ཡིན་སྐོར་བཀའ་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སང་ཐེ་ཝན་དད་ལྡན་མང་ཚོགས་རྣམས་ལ་དྲ་ཐོག་ཉིན་གྲངས་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ་མཛད་པ་དང་འབྲེལ། རིང་མིན་ལོ་གསར་པའི་ནང་དུ་ནད་ཡམས་ཀྱི་དཀའ་ངལ་འཇམ་པ་རྗེས་སུ། ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་རྒྱུན་ལྟར་ཆོས་འབྲེལ་མཛད་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པར་བཀའ་སྩལ་འདུག

དུད་འགྲོ་རྣམས་ནི་འཛམ་གླིང་འདིའི་རྒྱན་ཡིན།

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་མོ་དེ་ནི་འཛམ་གླིང་དུད་འགྲོའི་ཉིན་མོ་ཡིན་པ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུད་འགྲོ་ནི་གོ་ལ་འདིའི་རྒྱན་ལྟ་བུ་ཞིག་ཡིན་པ་དང་། ང་ཚོས་གང་ཐུབ་ཀྱི་དཀར་ཟས་ལ་བརྟེན་ནས་དུད་འགྲོར་གཅེས་སྐྱོང་བྱེད་དགོས་པ་གསུང་འདུག

Latest news