Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྤྱི་ཚོགས་ནང་དུ་དོགས་ཡོད་ཀྱི་མི་སྣར་ཞིབ་འཇུག་གནང་དགོས།

ཉེ་ལམ་ཕྱི་ཚེས་ ༢༡ ཉིན་ཨ་རིའི་ཉེན་རྟོག་པ་བོད་མིང་ལ་པད་མ་དར་རྒྱས་ངག་དབང་ཟེར་བ་ཞིག་གིས་ནིའུ་ཡོག་གནས་སྡོད་བོད་མི་རྣམས་པའི་ལས་འགུལ་ལ་སོ་ལྟ་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་པ་དང་། གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་ཐོན་མ་ཐག་དེ་སྔ་ཉེན་རྟོག་པ་དེ་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་མཛད་སྒོ་ཞིག་ལ་སླེབས་པའི་འདྲ་པར་སྤྱི་ཚོགས་བརྒྱུད་ལམ་ཏུ་ཆེས་ཆེར་ཁྱབ་གདལ་ཕྱིན་ཏེ་བོད་མི་མང་ཚོགས་ནས་སེམས་འཚབ་གནང་གཞིར་གྱུར་ཡོད་པ་རེད། སོ་མྱུལ་བའི་གནད་དོན་དང་འབྲེལ་ཁ་སང་ཕྱི་ཚེས་ ༢༢ ཉིན་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐབས་ ༡༦ གི་རྒྱུན་ལས་རྣམས་པས་གསར་འགོད་གསལ་བསྒྲགས་སྤེལ་བ་དང་སྦྲགས། སོ་མྱུལ་བ་དེ་བོད་པའི་སྤྱི་ཚོགས་ནང་ཇི་ལྟར་བྱས་ནས་ཡོང་བ་ཞིག་ཆགས་ཡོད་མེད་སྐོར་ལ་འགྲེལ་བརྗོད་དང་། ལྷག་པར་དུ་དེ་སྔ་ཚོགས་པའི་ངོས་ནས་ཁོ་པའི་བྱ་སྤྱོད་ལ་དོགས་གཞི་བྱུང་ནས་འབྲེལ་ཐག་བཅད་ཡོད་པར་གསུངས་འདུག ནིའུ་ཡོག་ནང་བོད་མི་སོ་མྱུལ་བ་འཛིན་བཟུང་བྱས་པ་ཙམ་མ་ཟད་ཉེ་བའི་ཆར་རྒྱ་གར་ནང་དུའང་བོད་མི་དང་འབྲེལ་བའི་སོ་མྱུལ་གྱི་གནད་དོན་རིམ་པ་འཐོན་བཞིན་ཡོད་པ་རེད།དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་དམིགས་བསལ་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་སོ་མྱུལ་གྱི་གནད་དོན་དེ་འདྲ་བྱུང་བ་ནི་ཐོག་མ་མིན་པར་རྒྱ་གཞུང་གིས་དེ་སྔ་ ༡༩༨༠ གྱ་གྲངས་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་སིམ་འཛུལ་བྱེད་རྒྱུ་དང་ནང་ཁུལ་འཆམ་མཐུན་མེད་པ་བཟོ་རྒྱུ། དེ་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་སྣ་མང་བརྩམས་ཡོད་སྟབས་སླད་མར་ཡང་དེ་འབྲེལ་ཡོང་སྲིད་པར་བརྟེན་བོད་མི་སྤྱི་ཡོངས་ནས་ངེས་པར་དུ་དོགས་ཟོན་དང་ཡིད་གཟབ་གནང་དགོས་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་བདེ་སྲུང་ལས་ཁུངས་ཀྱི་ལས་འགན་གྱི་ངོ་བོ་ཆ་ནས་གནད་དོན་འདི་རིགས་ལ་དོ་སྣང་དང་ཞིབ་འཇུག་གནང་གི་ཡོད་པ་མ་ཟད། ལྷག་པར་དུ་སོ་མྱུལ་བ་བོད་པ་ཡིན་མིན་ལ་མ་བལྟོས་པར་གཙོ་བོ་བཙན་བྱོལ་སྤྱི་ཚོགས་ནང་མི་དེ་འདྲ་འཛུལ་བ་ཡིན་ན་རྒྱབ་ལྗོངས་གང་ཡིན་ལ་ཞིབ་འཇུག་ནན་པོ་གནང་གལ་ཡིན་པར་གསུངས་སོང་། གཞི་རྩའི་ཉེ་ལམ་ཨ་རིའི་ནང་རྒྱ་ནག་གི་སོ་མྱུལ་བ་འཛིན་བཟུང་དང་འབྲེལ། ཁ་སང་ནིའུ་ཡོག་དང་ནིའུ་འཇར་སིའི་སྐབས་ ༡༦ པའི་བོད་རིགས་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་རྒྱུན་ལས་ནས་གནད་དོན་དེའི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་སྐབས། སྐབས་ ༡༦ གི་ཚོགས་གཙོ་བསོད་ནམས་དགེ་འཕེལ་ལགས་ཀྱིས་སོ་མྱུལ་བ་དེས་ཐོག་མར་ཚུར་འབྲེལ་བ་བྱས་ཡོད་སྐོར་རྒྱབ་ལྗོངས་ངོ་སྤྲོད་གནང་བ་དང་སྦྲགས། ལོ་གསར་གྱི་མཛད་རིམ་རྗེས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་པས་སོ་མྱུལ་བ་དེས་བཟའ་ཟླའི་འདྲ་པར་ཞིག་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་དང་མཉམ་དུ་གཟིགས་མ་ཐག་རྒྱུན་ལས་རྣམ་པའི་དབར་དེ་འབྲེལ་ཐོག་ལ་གྲོས་བསྡུར་གནང་བ་དང་། ཁོ་པར་གནད་དོན་དེ་གང་འདྲ་ཡིན་མིན་བཀའ་མོལ་གནང་བར་ཁོས་རྒྱ་ནག་གི་གཞུང་ཚབ་ཁང་དང་འབྲེལ་བ་ཡག་པོ་ཡོད་ཅེས་བརྗོད་དོན་ལྟར་དེའི་རྗེས་སུ་འབྲེལ་ཐག་བཅད་ཡོད་པ་རེད་འདུག གནད་དོན་དེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་ལ་སྙན་སེང་ཞུས་ཡོད་སྐོར་གསུངས་ཡོད།གཞི་རྩའི་སོ་མྱུལ་གྱི་གནད་དོན་དང་འབྲེལ་ནས་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཡིས་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བར་ཉེན་རྟོག་པ་དེ་རྒྱ་ནག་གི་སོ་མྱུལ་བ་མིན་པ་དང་ཨ་རི་ནས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་དམིགས་འབེན་དུ་བཟུང་ནས་ཉེས་འཛུགས་བྱས་པ་ཞིག་རེད་ཅེས་བརྗོད་འདུག

བཞུགས་སྒར་དུ་མང་ཚོགས་ཀྱིས་རྐང་འཁོར་སྤྱོད་ཤུགས་ཆེ་རུ་གཏོང་རྒྱུའི་དྲིལ་བསྒྲགས།

དེ་རིང་སྔ་དྲོ། བཞུགས་སྒར་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ། བཞུགས་སྒར་རྡ་སའི་ཁུལ་གྱི་ས་གནས་གྲས་ཚོགས་ཀྱི་འཐུས་མི་སྐུ་ཞབས། Vishal Nehria ལགས་དང་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པ་སྐུ་ཞབས།  Devendra Jaggi ལགས་གཉིས་ཀྱིས་དབུ་ཁྲིད་པའི་ཐོག བཞུགས་སྒར་ཁུལ་གྱི་རྒྱ་གར་གྱི་ཡུལ་མི་དང་བོད་མི་གཉིས་ཐུན་མོང་གི་ཐོག་ནས།   དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ནང་དུ་རྐང་འཁོར་བེད་སྤྱོད་གཏོང་ཤུགས་ཆེ་རུ་བཏང་སྟེ། མི་མང་གི་འཕྲོད་བསྟེན་དང་མཁའ་དབུགས་ཇེ་གཙང་དུ་གཏོང་རྒྱུ་གལ་ཆེན་ཡིན་པའི་ལས་གཞི་ཞིག་དབུ་འཛུགས་གནང་སོང་།དེ་རིང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་གཞི་དེའི་ཐོག  བཞུགས་སྒར་རྡ་སའི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པ།  སྐུ་ཞབས་ Mayor Devendra Jaggi ལགས་ཀྱི་གཙོ་བྱས་པའི་རྡ་སའི་ས་གནས་གྲོས་ཚོགས་འཐུས་མི། དེ་བཞིན་རྡ་ས་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞིའི་གཙོ་འཛིན། སྐུ་ཞབས་ Pradeep Thakur དང་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སོགས་ཀྱི་མཚོན་པའི་མི་མང་དང་ལྷན་དུ།  འཕགས་བོད་གཉིས་ཀྱི་རྐང་འཁོར་སྐོར་སྐྱོད་པ་ལྔ་བཅུ་ལྷག་འདུ་འཛོམས་གནང་སྟེ། ཁོང་རྣམས་ནས་ཀྱིས་ལས་གཞི་དེའི་ཁྲོད་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་ནས་རྡ་སྟེང་བོད་ཁྱིམ་ཉེ་འཁྲིས་ཀྱི་བཟོ་གྲྭ་བར་སྐོར་བསྐྱོད་གནང་ཡོད་པ་རེད། འདི་གའི་གསར་འགོད་པས་རྡ་ས་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞིའི་གཙོ་འཛིན། སྐུ་ཞབས་ Pradeep Thakur ལགས་སུ་དེ་རིང་གི་རྐང་འཁོར་སྐྱོད་ཀྱི་ལས་གཞིའི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  གཞི་རྩའི་རྒྱ་གར་གྱི་( Ministry of housing and urban affairs) ཞེས་པའི་སྡོད་ཁང་དང་གྲོང་ཁྱེར་གྱི་ལས་དོན་བློན་ཆེན་ལས་ཁུངས་ཀྱིས་རེ་སྐུལ་ཞུས་པ་ལྟར། དེང་རབས་ཅན་གྱི་གྲོང་ཁྱེར་ཁག་གི་འགྲིམ་འགུལ་གྱི་རིགས་མང་པོ་ཞིག་སྣུམ་འཁོར་ལ་བརྟེན་མི་དགོས་པར་རྐང་འཁོར་བེད་སྤྱོད་གཏོང་རྒྱུ་བྱུང་ན་མི་མང་གི་འཕྲོད་བསྟེན་དང་གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་དབུགས་གཙང་མ་ཆགས་རྒྱུར་ཕན་ནུས་ཆེན་པོ་ལྡན་ཡོད་པ་མ་ཟད།  འགྲིམ་འགྲུལ་གྱི་འཚང་ཀ་ཡང་ཇེ་ཉུང་དུ་འགྲོ་རྒྱུར་རེ་བ་ཆེན་པོ་ཡོད་པ་ལྟར།  དེ་རིང་རྐང་འཁོར་སྐོར་སྐྱོད་ཀྱི་དྲིལ་བསྒྲགས་ལས་གཞི་འདི་དབུ་འཛུགས་ཞུས་པ་ཞིག་ཡིན་པར་ངོ་སྤྲོད་གནང་བ་དང་སྦྲགས།་འདི་ལོའི་རྒྱ་ནག་གི་རིམས་ནད་ཁྱབ་བརྡལ་གྱི་རྐྱེན་གྱིས། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དུ་ཡང་འགྲིམ་འགྲུལ་གྱི་རིགས་ཇེ་ཉུང་དུ་སོང་ཡོད་པ་མ་ཟད། འགྲུལ་སྐྱོད་བྱ་དགོས་ངེས་ཁག་མང་པོ་ཞིག་རྐང་འཁོར་ལ་བརྟེན་ནས་འགྲོ་སྐྱོད་བྱེད་བཞིན་ཡོད་དུས།  བཞུགས་སྒར་ཁུལ་ནས་རྡ་སྟེང་བོད་ཁྱིམ་དང་རྡ་ཤོད་ཀྱི་Khanyara གཞུང་ལམ་སོགས་སུ་རྐང་འཁོར་འགྲོ་སྐྱོད་བྱེད་སའི་གཞུང་ཐིག་གསར་བ་ཞིག་བཟོ་སྐྲུན་བྱེད་རྒྱུ་ཡིན་ལུགས་ངོ་སྤྲོད་གནང་སོང་། དེ་བཞིན་འདི་གའི་གསར་འགོད་པས་རྡ་ས་གནས་འཛིན་ལགས་ལགས་སུ་བཞུགས་སྒར་རྡ་ས་དེང་རབས་ཅན་གྱི་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ལས་གཞིའི་ཁོངས་སུ་བདམས་ཐོན་བྱུང་ཡོད་དུས། དམིགས་བསལ་གྱི་འཛུགས་སྐྲུན་ཀྱི་ལས་གཞིི་དེ་འདྲ་ག་རེ་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཞུང་ལམ་གསར་རྒྱག་དང་ཆུ་གློག་འཛུགས་སྐྲུན་སོགས་ཀྱི་ཐད་ནས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དང་། དེ་བཞིན་བཞུགས་སྒར་ཁུལ་གྱི་གད་སྙིགས་གཙང་བཟོ་སོགས་ཀྱི་ལས་འཆར་མང་པོ་ཞིག་ཡོད་ནའང་།  དེ་དག་ག་ལེར་མངོན་འགྱུར་བྱུང་རྒྱུ་ལས་མགྱོགས་པོ་མགྱོགས་པོར་ལག་བསྟར་ཡོང་ཐབས་མེད་སྐོར་ངོ་སྤྲོད་གནང་སོང་། གཞན་ཡང་རྡ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Vishal Nehria ལགས་སུ་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་གཞིའི་ཁོངས་ནས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་ཕྱཱ་དང་འབྲེལ་བའི་ཐད་ནས་ལས་གཞི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་༸གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་དེ་རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་གཞུང་གིས་ལྟ་རྟོག་གནང་གི་ཡོད་པ་ཞིག་ཡིན་སྐོར་ངོ་སྤྲོད་ཀྱིས། དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ལས་གཞིའི་འོག་ཏུ་བཞུགས་སྒར་ཁུལ་གྱི་རླངས་འཁོར་གྱི་འཚང་ཁ་ཇེ་ཉུང་དང་གཏོང་རྒྱུ་དང་། དེ་བཞིན་སྲང་ལམ་ཡོད་ཚད་དུ་ལྟ་རྟོག་གི་བརྙན་མིག་མང་དུ་འཛུགས་རྒྱུ་སོགས་ཀྱི་ལས་གཞི་ཡོད་པར་ངོ་སྤྲོད་གནང་སོང་།གཞི་རྩའི་རྒྱ་གར་གཞུང་གིས། སྤྱི་ལོ་ ༢༠༡༥ ལོར་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ཁག་ནས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེ་ཁག་བརྒྱ་མིང་འདོན་བྱས་པའི་ཁོངས་སུ་བཞུགས་སྒར་རྡ་རམ་ས་ལ་ཡང་ཡང་ཚུལ་ཡོད་པ་ལྟར། དབུས་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞིའི་ཆེད་དུ་དངུལ་རྩིས་བྱེ་བ་ ༢༠༠ ལྷག་གི་རོགས་འདེགས་ཞུ་རྒྱུར་གཏན་འབེབས་བྱུང་ཡོད་པ་རེད།  སྔོན་ཆད་བཞུགས་སྒར་གྱི་ཁུལ་འདི་རྒྱ་གར་བྱང་ཕྱོགས་ཀྱི་པཱ་ཧ་རིའི་རིགས་ཀྱི་འབྲོག་པ་རྣམས་ཀྱི་དབྱར་ས་ལྟ་བུ་ལས་འཛུགས་སྐྲུན་གྱི་ལས་གཞི་དེ་ཙམ་མེད་ནའང་། སྤྱི་ལོ ༡༩༦༠ ལོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ་ནས་བཟུང་། ད་ཆ་བཞུགས་སྒར་རྡ་རམ་ས་ལ་ནི་རིག་གནས་སྣ་མང་གི་ལྟེ་བ་དང་ཡུལ་སྐོར་བ་ཁྲི་སྟོང་གི་དམིགས་འདུན་ཁྲོད་ཀྱི་ས་ཚུགས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་པ་རེད།

སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཕྱག་ལས་གནང་མྱོང་མཁན་གཞིས་བཞུགས་བོད་རིག་སློབ་དཔོན་ཆེན་པོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཉེ་ཆར་ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོ་ཕྱག་ཚོད་་༡༡ ཐོག་རང་ཁྱིམ་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

རང་གཅེས་འཛིན་དོར་ཏེ་གཞན་སེམས་བསྐྱེད་ཐུབ་ན་བདེ་སྐྱིད་ཐོབ།

དེ་རིང་སྔ་དྲོ། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེཁ་སི་ཀོ་ཡུལ་གྱི་གློག་བརྙན་ཁྲབ་པ་དང་བཟོ་སྐྲུན་མཁན་གྲགས་ཅན། སྐུ་ཞབས་ཡུ་རྗིན་རྡེར་བྷེཛི་ Eugenio Derbez ལགས་དང་ལྷན་དུ་བདེ་སྐྱིད་དང་བཞད་གད། དེ་བཞིན་བྱམས་བརྩེ་བཅས་ཀྱི་སྐོར་ལ་གླེང་མོལ་མཛད་དེ། ཕྱི་གཟུགས་པོའི་འཕྲོད་བསྟེན་གལ་ཆེན་པོ་ཡིན་ནའང་། དེ་ལས་ཀྱང་གལ་ཆེ་བ་ནི་ནང་སེམས་ཀྱི་འཕྲོད་བསྟེན་ཡིན་པའི་ལམ་སྟོན་མཛད་སོང་།

བོད་མི་འབུམ་ལྔ་ཙམ་རྒྱ་ནག་གི་སྦྱོང་བརྡར་ལྟེ་གནས་སུ་འོར་འདྲེན།

དེ་རིང་ Reuters གསར་སྤེལ་ཁང་གིས་ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ ལོའི་བར་གྱི་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་སྤེལ་བའི་གསར་འགྱུར་དང་བོད་ནང་གི་ས་གནས་རྒྱ་ནག་གཞུང་གི་ཡིག་ཆ་ཁག་ལ་ཉམས་ཞིབ་གནང་བའི་ཞིབ་འཇུག་སྙན་ཐོ་ཞིག་གསར་ཁང་དེའི་དྲྭ་གནས་ཐོག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་རིགས་གནས་ཡུལ་གནང་སའི་ས་གནས་ཁག་ནས་བོད་མི་ངལ་རྩོལ་བ་རྣམས་རྒྱ་ནག་གཞུང་གི་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་བསྐྱོད་དགོས་པའི་ཚད་འཛིན་བཟོས་འདུག་པ་མ་ཟད་བོད་མི་ངལ་རྩོལ་བ་དེ་དག་བོད་ནང་དུ་ཡོད་པའི་སྦྱོང་བརྡར་ལྟེ་གནས་ཁང་དང་རྒྱ་ནག་གི་བཟོ་གྲྭ་ཆེ་ཁག་ལ་འོར་འདྲེན་བྱས་ཡོད་པར་འགྲེལ་བརྗོད་གནང་འདུག Reuters གསར་ཁང་གི་སྙན་ཐོར་གསལ་ལྟར་ན་རྒྱ་ནག་གཞུང་གིས་འདི་ལོའི་ཟླ་བ་བདུན་ཙམ་གྱི་ནང་དུ་བོད་ཀྱི་གྲོང་གསེབ་ཁག་ནས་བོད་རིགས་ངལ་རྩོལ་བ་ས་ཡ་ཕྱེད་ཀ་ཙམ་རྒྱ་ནག་གཞུང་གི་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་ཁྲིད་ནས་སྦྱོང་བརྡར་སྤྲད་འདུག་པ་དང་། དེ་ནི་གཞིས་བཞུགས་བོད་མིའི་གྲངས་འབོར་གྱི་བརྒྱ་ཆ་ནས་བརྒྱ་ཆ་ ༡༥ ཙམ་ཆགས་ཀྱི་འདུག་པ་མ་ཟད། དེའི་ཁོངས་ནས་བོད་མི་ངལ་རྩོལ་བ་ཁྲི་ལྔ་ཙམ་བོད་ནང་ངལ་རྩོལ་ཆེད་བགོ་འགྲེམས་དང་། གཞན་སྟོང་ཕྲག་ཁ་ཤས་ཤིག་རྒྱ་ནག་གི་རས་ཀྱི་བཟོ་གྲྭ་ལ་སོགས་པའི་ས་ཞིང་འདེབས་ལས་ཀྱི་བཟོ་གྲྭ་དང་རྒྱ་ནག་གི་ས་གནས་གཞན་ཁག་ལ་འོར་འདྲེན་བྱས་ཡོད་པ་བཀོད་འདུག ཞིབ་འཇུག་སྙན་ཐོ་དེ་དང་འབྲེལ་ནས་ཞིབ་འཇུག་གནང་མཁན་གཙོ་བོ་གཅིག་ནི་བོད་དང་ཤིན་ཅང་གི་ཐོག་ཏུ་རང་དབང་གི་སྒོ་ནས་ཉམས་ཞིབ་གནང་མཁན་ Adrian Zenz ལགས་ཡིན་པ་དང་ཁོང་གིས་སྙན་ཐོའི་ནང་རྒྱ་ནག་གཞུང་གི་ལས་གཞི་དེ་ནི་རིག་གནས་གསར་བརྗེའི་རྗེས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འཚོ་བ་ལ་འཆར་གཞི་ལྡན་པའི་སྒོ་ནས་གཏོར་བཅོམ་བྱ་རྒྱུའི་དམིགས་ཡུལ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ངལ་རྩོལ་བ་རྣམས་དབུལ་ཕོངས་ཀྱི་ངལ་བ་ལས་དགྲོལ་རྒྱུ་དང་རྒྱལ་ཁབ་འཛུགས་སྐྲུན་སླད་དུ་ཚོང་ལས་ལྟེ་གནས་ཁག་ཏུ་གཏོང་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། བོད་རིགས་དང་ཡུ་གུར་བ་རྣམས་ངལ་རྩོལ་སླད་དུ་ཆེད་གཏོང་བྱས་པ་ནི་མི་རིགས་དེ་དག་གི་ལྟ་གྲུབ་བརྗེ་བར་དམིགས་བཀར་བྱས་པ་ཞིག་རེད་ཅེས་བརྗོད་འདུག སྙན་ཐོ་དེའི་ནང་མུ་མཐུད་འགྲེལ་བརྗོད་གནང་བར་གཞིགས་ན་རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་བྱེད་བབ་ལྟར་བོད་ནང་དུའང་ལས་དོན་དེའི་ཆེད་མི་དང་ཚོགས་སྡེ་སོགས་བཞག་སྟེ་རང་ཉིད་གནས་སྡོད་བྱེད་སའི་ས་ཁུལ་ནས་བོད་རིགས་ངལ་རྩོལ་བ་གཅིག་བོད་ཀྱི་ཕྱི་ཕྱོགས་སུ་ངལ་རྩོལ་སླད་གཏོང་ཐུབ་པ་བྱུང་ཚེ་མི་རེར་ཨ་སྒོར་ ༧༥ འི་འཚོ་སྣོན་བྱ་དགའ་སྤྲད་ཀྱི་འདུག་པ་མ་ཟད་ངལ་རྩོ་བ་གཅིག་བོད་ཀྱི་ནང་དུ་ངལ་རྩོལ་སླད་དུ་གཏང་ཐུབ་ཚེ་བར་ཀའི་མིའམ་ཚོགས་པ་དེ་ལ་ཨ་སྒོར་ ༤༤ རེ་མི་རེ་རེའི་ཐོག་ནས་འཚོ་སྣོན་བྱ་དགའ་སྤྲད་ཀྱི་ཡོད་པའང་མངོན་གསལ་གནང་འདུག སྤྱིར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་བོད་དུ་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་ལྟར་ Reuters གསར་སྤེལ་ཁང་གི་ངོས་ནས་ད་ལྟའི་འཆར་སྦྱོང་བརྡར་ཁང་དུ་ཆེད་གཏོང་ཟིན་པའི་བོད་མི་ངལ་རྩོལ་བ་དེ་དག་གི་གནས་སྟངས་སྐོར་ལ་གནས་ཚུལ་ཁ་གསལ་ཞིག་རྒྱུས་ལོན་ཐུབ་མེད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་གཞུང་ནས་བོད་མི་རྣམས་རྗེས་ལུས་དང་ལེ་ལོ་ཅན་ལྟ་བུར་ངོས་འཛིན་གྱིས་ཁོང་ཚོར་དམག་སྒར་ནང་བཞིན་སྦྱོང་བརྡར་དམ་པོ་སྤྲོད་རྒྱུ་གལ་ཆེ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། སྦྱོང་བརྡར་ཁྲོད་རང་ཉིད་ཀྱི་རིག་རྩལ་ཡར་རྒྱས་གཏོང་རྒྱུ་དང་མཉམ་དུ་དམག་ཆས་སྤྲས་ཏེ་དམག་སྦྱོང་ནང་ཞུགས་དགོས་ཀྱི་ཡོད་སྐོར་གསུངས་འདུག་པ་མ་ཟད་ཕྱི་ལོ་ ༢༠༡༦ ལོར་ཆབ་མདོ་ཁུལ་གྱི་སྦྱོང་བརྡར་ཁང་ཞིག་ནས་ཐོན་པའི་འདྲ་པར་དང་ཉེ་བའི་ཕྱི་ཟླ་ ༧ པའི་ནང་ས་གནས་དེ་ནས་ཐོན་པའི་འདྲ་པར་གཞན་ཁག་ཅིག་གི་ནང་ཟ་ཁང་གི་ལས་དོན་ཆེད་སྦྱོང་བརྡར་བྱེད་བཞིན་པའི་བོད་པའི་བེུད་ཁག་ཅིག་དམག་ཆས་སྤྲས་པ་མངོན་རྒྱུ་ཡོད་སྐོར་བརྗོད་འདུག རྒྱ་ནག་གཞུང་གིས་ངལ་རྩོལ་བ་རྣམས་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་ཆེད་གཏོང་བྱ་རྒྱུ་དེ་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཡིན་རུང་ཕྱི་ལོ་ ༢༠༡༦ ནས་བཟུང་ལས་གཞི་དེ་ཇེ་ཆེར་བཏང་སྟེ་སྦྱོང་བརྡར་ཁང་གསར་པ་ཁག་ཅིག་འཛུགས་སྐྲུན་བྱེད་འགོ་ཚུགས་པ་མ་ཟད། རྫོང་ཆེ་ཆུང་ལ་གཞིགས་ཏེ་ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་ནས་ངལ་རྩོལ་བ་ཇི་ཙམ་བཏང་དགོས་པའི་ཚད་འཛིན་བཟོས་ཡོད་པ་དང་། དཔེར་ན་ལྷ་ས་ནས་ལས་རྩོལ་བ་ ༡༠༠༠ དང་གཞིས་ཀ་རྩེ་ནས་ ༡༤༠༠ སོགས་བཟོས་ཡོད་པར་བརྗོད་འདུག

ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Lee Teng-hui དམ་པ་མཆོག་སླར་ཡང་ཐེ་ཝན་ནང་འཁྲུངས་རྒྱུར་ཐུགས་སྨོན་མཛད་འདུག

ཁ་སྔོན་ཕྱི་ཚེས་ ༡༩ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེའི་པི་ནང་ཡུལ་དེའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Lee Teng-hui དམ་པ་མཆོག་གི་དྲན་རྟེན་གྱི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་དམ་པ་ཁོང་གིས་ཐེ་ཝན་གྱི་མང་གཙོ་དང་རང་དབང་ཆེད་དུ་ཆོད་སེམས་བརྟན་པོས་ཕྱག་ལས་གནང་ཁག་ལ་ཡི་རངས་མཛད་པ་དང་སྦྲགས། དམ་པ་ཁོང་སླར་ཡང་ཐེ་ཝན་ནང་འཁྲུངས་རྒྱུར་ཐུགས་སྨོན་མཛད་འདུག སྐུ་ཞབས་ Lee Teng-hui དམ་པ་མཆོག་གི་གཞུང་འབྲེལ་གྱི་དྲན་རྟེན་མཛད་སྒོའི་ཉིན་མོར་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་ཐུང་བརྒྱུད་གསུང་འཕྲིན་ཞིག་སྩལ་ཏེ་མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Lee Teng-hui དམ་པ་མཆོག་ནི་༸སྐུ་ཉིད་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་ཤིག་ཡིན་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ཐེ་ཝན་དུ་ཐོག་མར་ཆིབས་བསྒྱུར་མཛད་སྐབས་སྐུ་ཞབས་དམ་པ་ཁོང་གིས་ཐུགས་བརྩེ་བ་ཆེན་པོས་ཕེབས་བསུའི་སྣེ་ལེན་གང་ལེགས་གནང་ཡོད་པ་དང་། དུས་དེ་ནས་བཟུང་མགོན་པོ་༸གང་ཉིད་མཆོག་དང་དམ་པ་ཁོང་གཉིས་དབར་ཐུགས་ཉེ་བའི་མཛའ་གྲོགས་ཤིག་ཏུ་གྱུར་ཡོད་པར་དྲན་གསོ་མཛད་འདུགདེ་བཞིན་༸གོང་ས་མཆོག་གིས་དམ་པ་ཁོང་གིས་ཐེ་ཝན་གྱི་མང་གཙོ་དང་རང་དབང་། དེ་བཞིན་ཐེ་ཝན་གྱི་རིག་གཞུང་ཉར་ཚགས་ཐད་ཆོད་སེམས་བརྟན་པོས་ཕྱག་ལས་གནང་བའི་མཛད་རྗེས་ལ་ཡི་རངས་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་དུས་རྟག་ཏུ་ཁོང་དྲན་གསོ་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག ལྷག་པར་དུ་༸མགོན་པོ་མཆོག་ནང་པ་ཞིག་ཡིན་པའི་ཆ་ནས་ནང་པའི་ངོས་ནས་སྐྱེ་བ་སྔ་ཕྱིར་ཡིད་ཆེས་གནང་གི་ཡོད་པ་ལྟར་དམ་པ་ཁོང་ཕལ་ཆེར་ཐེ་ཝན་གྱི་ཡུལ་ལུང་ཞིག་ཏུ་སླར་ཡང་སྐྱེ་བ་བཞེས་ངེས་ཡིན་སྟབས་དེ་ལྟར་བཞེས་པར་ཐུགས་སྨོན་མཛད་ཀྱི་ཡོད་པ་དང་། གལ་ཏེ་དེ་ལྟར་བྱུང་བ་ཡིན་ན་ཁོང་གིས་མུ་མཐུད་ནས་ལས་དོན་རྣམས་མཇུག་སྐྱོང་གནང་རྒྱུ་ཡིན་སྐོར་་བཀའ་སྩལ་འདུག གཞི་རྩའི་གཞུང་འབྲེལ་གྱི་དྲན་རྟེན་མཛད་སྒོ་དེར་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ Tsai Ing Wen མཆོག་གིས་གཙོས་པའི་ཨ་རི་དང་ཉི་ཧོང་གི་སྐུ་ཚབ། དེ་བཞིན་སྲིད་དོན་མི་སྣ། སྐུ་ཞབས་དམ་པ་ཁོང་གི་ནང་མི་སྐུ་འཁོར་སོགས་མི་གྲངས་ ༨༠༠ ཙམ་ནས་མཉམ་ཞུགས་གནང་འདུག སྐབས་དེར་ལྕམ་སྐུ་ Tsai Ing Wen མཆོག་གིས་སྲིད་འཛིན་ཟུར་པ་དམ་པ་ཁོང་ནི་ཆབ་སྲིད་ཀྱི་མི་སྣ་དམིགས་བསལ་ཅན་ཞིག་དང་། སོ་ནམ་ཐད་ཆེད་ལས་པ། དེ་བཞིན་ལྟ་གྲུབ་པ་དང་། ཡི་ཤུ་ཆོས་དད་ཅན་ཞིག་ཡིན་པ་མ་ཟད། ད་ཆ་ཐེ་ཝན་ནང་རང་དབང་དང་མང་གཙོའི་གནས་བབ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཁོང་གི་མི་ཚེ་གང་པོར་ཞབས་འདེགས་རླབས་ཆེན་ཞུས་པའི་བཀའ་དྲིན་ཡིན་པར་གསུངས་འདུག ང་ཚོར་སྲིད་འཛིན་ཟུར་པ་དམ་པ་ཁོང་གིས་མང་གཙོ་དང་རང་དབང་ཐད་ཕྱག་ལས་གནང་བ་དེ་དག་རྒྱུན་སྐྱོང་གནང་རྒྱུའི་འགན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཐེ་ཝན་མང་ཚོགས་ཀྱིས་དམ་པ་ཁོང་གི་མཛད་རྗེས་རྣམས་ལ་དུས་རྟག་ཏུ་དྲན་ངེས་ཡིན་པ་གསུངས་འདུག རྩ་བའི་སྲིད་འཛིན་ཟུར་པ་ཁོང་འདི་ལོའི་ཟླ་ ༧ ཚེས་ ༣༠ ཉིན་སྙུང་གཞིའི་རྐྱེན་གྱིས་དགུང་ལོ་ ༩༧ ཐོག་སྐུ་ཚེ་འཕེན་པ་རྫོགས་ཡོད་པ་རེད། ཁོང་ནི་ཐེ་ཝན་ནང་མང་གཙོ་དར་སྤེལ་གཏོང་མཁན་དང་རྒྱ་ནག་དམར་ཤོག་གཞུང་ལ་ཁ་གཏད་གཅོག་མཁན་ཞིག་ཡིན་པ་མ་ཟད། མང་ཚོགས་ཀྱིས་འོས་འདེམས་གནང་བའི་ཐེ་ཝན་གྱི་སྲིད་འཛིན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཁོང་ལ་ཡོང་གྲགས་སུ་ཐེ་ཝན་གྱི་མང་གཙོའི་སྲོལ་གཏོད་པ་པོའི་ཡབ་ཆེན་ཞེས་འབོད་སྲོལ་ཡོད་པ་རེད། ཁོང་ནི་ཕྱི་ལོ་ ༡༩༩༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཚོ་གླིང་དེར་ཆེས་ཐོག་མ་གདན་འདྲེན་ཞུ་མཁན་དེ་ཡིན་པ་རེད།

༸གོང་ས་མཆོག་གི་མཚན་ཐོག་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བཀའ་ཡིག་རྫུན་མ་ཞིག་ཁྱབ་གདལ་འགྲོ་བཞིན་འདུག

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་ཁ་སང་སྤྱི་ཚོགས་དྲྭ་ལམ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ཐེངས་འདིའི་འོས་བསྡུ་དང་འབྲེལ་བའི་བཀའ་ཡིག་ཞིག་མང་ཚོགས་ཁྲོད་བརྒྱུད་སྤེལ་ཤུགས་ཆེ་བྱས་དང་བྱེད་མུས་ལྟར། དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བཀའ་ཡིག་དེ་རྫུན་མ་ཡིན་པ་དང་མང་ཚོགས་ནས་དེ་རིགས་ཐོག་སྤྱང་གྲུང་དང་ཚོར་སྣང་སྐྱེན་པོས་ཐུགས་གཟབ་གནང་དགོས་པའི་ལམ་སྟོན་མཛད་འདུག གཞི་རྩའི་བཀའ་ཡིག་རྫུན་མ་དེའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སུ་མང་ཚོགས་ནས་ཆ་ཤས་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ད་ལྟའི་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་བར་ལྷག་བསམ་རྣམ་དག་གིས་ཕྱག་ལས་རླབས་ཆེན་གནང་བས་དེ་དག་བཀའ་དྲིན་དྲན་པའི་སྒོ་ནས་ ༢༠༢༡ ལོའི་སྲིད་སྐྱོང་དེ་ད་ལྟའི་སྲིད་སྐྱོང་གི་ལས་མཇུག་སྐྱོང་མཁན་ཞིག་འདེམས་དགོས་པ་ལས། དེ་མིན་གྱི་ལབ་གླེང་དང་རྩོད་གཞི་ཅན་གྱི་མི་སྣ་ཞིག་འོས་མིའི་གྲལ་དུ་འདེམས་རྒྱུ་མེད་པའི་བོད་མིའི་ཚང་མའི་འགན་འཁྲི་ཡིན་ཞེས་འཁོད་ཡོད་པ་རེད། དེ་རིང་ཉིན་རྒྱབ་ཏུ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་གིས་ད་ལན་ལས་ཤོག་དང་སྦུག་ཐམ་རྫུན་མའི་དབང་གིས་རྒྱུས་མངའ་མེད་པ་རྣམས་མགོ་བོ་རྨོངས་ཉེན་ལ་གཟིགས་ནས་དོགས་སེལ་གསལ་བསྒྲགས་གནང་བ་ལས་དེ་མིན་གྱི་ཡིག་འཁྱམ་ཁག་ལ་ལན་འདེབས་བྱེད་དགོས་མེད་པ་དང་། དེ་བཞིན་ས་ཁུལ་གང་སར་ནས་འདྲི་རྩད་གནང་མཁན་མང་དག་ཅིག་ཡོང་བར་བརྟེན་ནས་དེ་ལྟར་གནང་ཡོད་པར་གསུངས་འདུག གསལ་བཤད་ཀྱི་བཀའ་ཡིག་དེའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བཀའ་ཡིག་ཁྱབ་གདལ་དེ་༸གོང་ས་མཆོག་གི་བཀའ་ཡིག་མིན་པར་རྫུན་གཏམ་ཁོ་ན་ཡིན་པ་མ་ཟད། རྫུན་གཏམ་གྱི་བཀའ་ཡིག་དེ་ནི་མགོན་པོ་༸གང་ཉིད་མཆོག་ལ་མཚན་ཤས་དང་བོད་མིའི་མཐུན་སྒྲིལ་ལ་གནོད་གཞིའི་དམིགས་ཡུལ་ངན་བཅངས་ཡིན་པ་ཤིན་ཏུ་གསལ་བས་སུས་ཀྱང་དེར་ཡིད་ཆེས་གནང་མི་དགོས་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞག་གནང་བ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་ལས་རིམ་ནང་ཐེ་བྱུས་གནང་གི་མེད་པ་ཚང་མས་མཁྱེན་གསལ་དང་སྒོས་དེ་སྔོན་ཡང་བཀའ་ཡིག་ཕྱག་རྟགས་ལྗགས་རྩོམ་སོགས་རྫུན་བཟོས་ཀྱིས་མང་ཚོགས་མགོ་སྐོར་གཏོང་ཐབས་བྱེད་མཁན་རེ་ཟུང་བྱུང་ཡོད་ཅིང་། སླད་མར་འདི་རིགས་ཡོང་སྲིད་ན། མང་ཚོགས་ནས་སྤྱང་གྲུང་དང་ཚོར་སྣང་སྐྱེན་པོས་ཐུགས་གཟབ་གནང་དགོས་པའི་དགོངས་འཇགས་གནང་འདུག རྩ་བའི་ཁ་སང་བཀའ་ཡིག་རྫུན་མ་དེ་སྤྱི་ཚོགས་དྲྭ་ལམ་ཐོག་བརྒྱུད་སྤེལ་བྱས་དང་བྱེད་མུས་དང་སྦྲགས། མང་ཚོགས་ཁག་ཅིག་གིས་དེར་ཡིད་ཆེས་ཀྱིས་ཕན་ཚུན་དབར་འགྲེམས་སྤེལ་གནང་འདུག སྤྱིར་ད་ལན་ཙམ་མ་ཟད། དེ་སྔ་ཡང་སྐད་འཕྲིན་ཐོག་བོད་མི་ཁག་ཅིག་གིས་ཏོག་དབྱིབས་ནད་རིམས་དང་འབྲེལ་ཏེ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་སྔགས་གསོག་སྒྲུབ་མཛད་པ་དང་། ལྷག་པར་དུ་མང་ཚོགས་ནས་ཚ་དང་བྱེ་མ་ཀ་ར་མེད་པའི་ཇ་ཐང་འཐུང་བ་ཡིན་ན་ནད་ཡམས་ཞི་བར་ཕན་ངེས་ཡིན་པར་འཆལ་གཏམ་བརྒྱུད་སྤེལ་གྱི་གནད་དོན་བྱུང་ཡོད་པ་རེད།

རྒྱ་ནག་གིས་བལ་ཡུལ་གྱི་ས་མཚམས་བརྒལ་ནས་ཁང་བརྩེགས་དགུ་བསླངས་འདུག

ཁ་སང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་བཅིངས་གྲོལ་དམག་མིས་བལ་ཡུལ་གྱི་ས་མཚམས་བརྒལ་ནས་སྤྱི་ལེ་གཉིས་ཙམ་གྱི་སར་ཁང་བརྩེགས་དགུ་གསར་རྒྱག་བྱས་ཏེ། ས་གནས་ཀྱི་བལ་ཡུལ་གྱི་ཡུལ་མི་རྣམས་ཁུལ་དེར་འགྲོ་སྐྱོད་བྱེད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་གསང་ཉུལ་བ་དང་འབྲེལ་བའི་མི་གསུམ་འཛིན་བཟུང་།

ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེན་རྟོག་པ་དང་རྒྱ་གར་གསང་བའི་ལས་ཁུངས་གཉིས་ཀྱིས་མཉམ་རུབ་ཐོག་ལྡི་ལི་ནང་དུ་རྒྱ་ནག་གཞུང་གི་གསང་ཉུལ་གྱི་ལས་དོན་སྤེལ་བཞིན་པ་ཞིག་ཐེར་འདོན་གྱིས། རྒྱ་གར་གྱི་གསར་འགོད་པ་ཞིག་དང་སློབ་ཕྲུག་ཡིན་ཁུལ་གྱི་རྒྱ་རིག་བེུད་གཅིག དེ་བཞིན་བལ་བོའི་མི་གཅིག་བཅས་ཁྱོན་མི་གསུམ་འཛིན་བཟུང་བྱས་འདུག

Latest news