Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་དེ་རྒྱལ་ཁབ་དང་ས་ཁོངས་ ༢༡༠ ནང་ནས་རང་དབང་ཆེས་སྡུག་ཤོས་གཉིས་པར་མངོན་གསལ།

ཨ་རིར་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པས་འདོན་སྤེལ་གནང་བའི་ FREEDOM IN THE WORLD 2020 འམ་ཕྱི་ལོ་ ༢༠༢༠ ནང་འཛམ་གླིང་ནང་གི་རང་དབང་ཞེས་པའི་སྙན་ཐོར་བོད་དེ་རྒྱལ་ཁབ་དང་ས་ཁོངས་ ༢༡༠ ནང་ནས་ཆབ་སྲིད་དང་སྤྱི་མང་གི་རང་དབང་ཆེས་སྡུག་ཤོས་ཨང་གཉིས་པ་དེ་ཡིན་པར་མངོན་གསལ་གནང་འདུག

དམར་ཤོག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་བྱེད་ཐབས་མེད་པར་གསུངས་སོང་།

ཟླ་འདིའི་ཚེས་ ༡༢ ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ཟེར་བ་ཐུན་མོང་གིས་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཞེས་པའི་ཚོགས་འདུ་ཞིག་བསྡུས་ཏེ།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་བའི་སྐུལ་མ་བྱས་འདུག

བཞུགས་སྒར་ནས་འཕགས་བོད་ས་མཚམས་བར་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག  བཞུགས་སྒར་གྱི་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་རླངས་འཁོར་འབབ་ཚུགས་སུ།  རྡ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གི་འོག  འཕགས་བོད་ས་མཚམས་ཀྱི་བར་དུ་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་སོང་།

ཁེ་ན་ཌ་གཞུང་གིས་བོད་རྒྱ་ཞི་མོལ་ཡོང་ཆེད་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན་པར་གསུངས་འདུག

ཁ་སང་ཁེ་ན་ཌ་གྲོས་ཚོགས་འོག་མའི་རྒྱ་ནག་ཚོགས་ཆུང་གི་ངོས་ནས་ཕྱི་དྲོ་ཕྱག་དྲོ་ཕྱག་ཚོད་ ༦།༣༠ ཡོལ་ཙམ་ནས་འགོ་བཙུགས་ཏེ་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་དྲ་རྒྱ་བརྒྱུད། བོད་ཀྱི་གནད་དོན་ཐོག་ཉན་ཞིབ་ལས་རིམ་ཞིག་ཚོགས་གནང་འདུག ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Geoff Regan ལགས་ཀྱི་གཙོ་སྐྱོང་འོག ཚོགས་གཙོ་གཞོན་པ་གྲོས་ཚོགས་འཐུས་མི་ Garnett Genuis དང་། Stephane Bergeron དེ་བཞིན་ Jack Harris བཅས་གསུམ་དང་། གཞན་ཚོགས་མི་ ༤ དང་གྲོས་ཚོགས་འཐུས་མི་ Arif Virani བཅས་ནས་མཉམ་ཞུགས་གནང་སྟེ། སྐུ་ཞབས་ Shawn Steil ལགས་དང་ལྷན་དུ་བོད་ཀྱི་གནད་དོན་སྐོར་དྲི་བ་དྲིས་ལན་གནང་འདུག

རྒྱ་གཞུང་གིས་བོད་མིའི་ཐོག་མནར་གཅོད་གཏོང་བཞིན་པར་རྟོག་ཞིབ་དགོས་པའི་འབོད་སྐུལ།

གློད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དག་ལོ་རེར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་  Australia Tibet Council ཞེས་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གིས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Marise Payne མཆོག་དང་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་མར་གློད་བཀྲོལ་དང་དེ་བཞིན་བཀག་ཉར་འོག་བོད་མི་འདས་གྲོངས་སུ་གྱུར་བ་སོགས་ཀྱི་གནད་དོན་ཐད་རྟོག་ཞིབ་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུག ཉེ་ལམ་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དམ་དྲག་སྔར་ལྷག་དང་བོད་མི་གང་བྱུང་དུ་འཛིན་བཟུང་དང་དེ་བཞིན་བོད་མིའི་ཐོག་བསམ་ཡུལ་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་གནད་དོན་ཁག་མངོན་གསལ་གྱིས་དཔྱད་རྩོམ་སྤེལ་འདུག་པ་དང་། དཔྱད་རྩོམ་ནང་ཉེ་ལམ་བོད་ཁམས་འབྲི་རུ་རྫོང་ནས་ཡིན་པའི་ཕྲུ་གུ་གསུམ་གྱི་ཨ་མ་ལྷ་མོ་ལགས་རྒྱ་ནག་གིས་བཙོན་ཁང་དུ་གཅར་རྡུང་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ལུང་འདྲེན་གྱིས་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ནས་སྲིད་གཞུང་གི་ལྟ་གྲུབ་དང་འགལ་བའི་བྱ་སྤྱོད་སྤེལ་ཁག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་འཚབ་བཟོ་མཁན་ཞིག་ཏུ་ངོས་འཛིན་དང་བོད་མི་དེ་དག་ལ་འཇིགས་སྐུལ་བ་དང་ཁ་བྲལ་བ་ཟེར་ནས་དྲག་གནོན་དང་འཛིན་བཟུང་གིས་མནར་གཅོད་གཏོང་གི་ཡོད་པ་མངོན་གསལ་གནང་འདུག དཔྱད་རྩོམ་ནང་ལྷ་མོ་ལགས་དམ་པ་ཙམ་མིན་པར་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ པ་ནས་བཟུང་རྒྱ་གཞུང་གིས་བཙོན་ཁང་ནང་གཅར་རྡུང་རྐྱེན་གྱིས་གཟུགས་གཞི་གནས་བབ་ཧ་ཅང་ཞན་པོར་གྱུར་བའི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཀྱིས་གཙོས་པའི་དེ་སྔ་ཕྱི་ལོ་ ༡༩༩༢ ཟླ་ ༥ ཚེས་ ༡༢ ཉིན་ལྷ་སར་དགེ་འདུན་པ་ ༡༦ དང་ལྷན་དུ་ཞི་རྒོལ་གནང་རྐྱེན་ལོ་ངོ་བདུན་རིང་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་ཆབ་སྲིད་བཙོན་ཟུར་བསམ་གྲུབ་བམ་ཆོས་མིང་དུ་འཕྲིན་ལས་ཆོས་ལྡན་ལགས་གཅིན་སྙི་ཟ་ཁུའི་ནད་གཞི་ཕོག་པར་འདི་ལོ་མགོ་སྟོད་དུ་སྐུ་འདས་གྲོངས་སུ་གྱུར་སྐོར། དེ་བཞིན་ལོ་ངོ་གཅིག་ལྷག་འཛིན་བཟུང་བཀག་ཉར་རྗེས་མཐར་ཕྱི་ལོ་ ༢༠༡༩ ལོར་འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར་འཇིམ་ཁྲི་ལགས་དང་ཕྱི་ལོ་ ༢༠༡༦ ལོར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྐྱེན་ཟླ་བ་གཅིག་ལྷག་འཛིན་བཟུང་བཀག་ཉར་དང་སྦྲགས། མཐར་སྙུང་གཞི་བཞེས་ནས་ཕྱི་ལོ་ ༢༠༡༩ ལོར་འདས་གྲོངས་སུ་གྱུར་མཁན་ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས་བཅས་ཀྱི་མཚན་དངོས་སུ་ཆེད་འདོན་གནང་འདུག གནད་དོན་དེའི་ཐད་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་པས་རྒྱ་གཞུང་གིས་བོད་མིའི་ཐོག་འཆར་གཞི་དང་ལྡན་པའི་སྲིད་བྱུས་ལག་བསྟར་གྱིས་མནར་གཅོད་གཏོང་བཞིན་པ་ནི་ད་ཆ་རྒྱུན་ལྡན་ཞིག་ཆགས་ཡོད་པ་དང་ཆབས་ཅིག བོད་མིའི་ཐོག་ཚད་ལས་འགལ་བའི་གཅར་རྡུང་གཏོང་བཞིན་རྐྱེན་ཆབ་སྲིད་བཙོན་ཟུར་རྣམས་གློད་བཀྲོལ་རྗེས་ཁག་ཅིག་ལུས་པོ་གཡོ་འགུལ་མ་ཐུབ་གྱུར་བ། ཁག་ཅིག་རྐང་ལག་གཉིས་ལ་རྨས་སྐྱོན་ཤོར་བ། དེ་བཞིན་ལུས་པོའི་དབང་པོ་རྣམས་ལ་སྐྱོན་ཆགས་པ་སོགས་མདོར་ན་ལུས་སེམས་གཉིས་ཀར་དྲག་སྐྱེད་མི་ཐུབ་པའི་རྨ་ཁ་ཆེན་པོ་བཟོས་ཡོད་པ་གསུངས་འདུགགཞི་རྩའི་རྒྱ་གཞུང་གིས་སྲིད་གཞུང་དང་ལྟ་གྲུབ་མི་མཐུན་མཁན་རྣམས་ལ་ནག་ཉེས་འདྲ་མིན་གཡོགས་ནས་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱས་པ་དང་། ཕྱོགས་མཚུངས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་ལ་ཁྲིམས་རྩོད་པ་གླ་གཡར་མི་ཆོག་པར་མ་ཟད། རང་ཉིད་ཀྱི་ནང་མི་དང་ཐུག་འཕྲད་གནང་ཆོག་གི་མེད་པ་སོགས་ཀྱི་ངལ་བ་དུ་མ་འཕྲད་ཀྱི་ཡོད་པ་རེད། དེ་དོན་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གིས་རྒྱ་ནག་གི་ངོས་ནས་ད་བར་བཙོན་ཁང་དང་བཙོན་ནས་གློད་བཀྲོལ་རྗེས་འདས་གྲོངས་སུ་གྱུར་བ་དང་དེ་བཞིན་གཅར་རྡུང་ཚད་མེད་བཏང་བའི་གནད་དོན་ཐད་ཞིབ་འཇུག་དང་མནར་གཅོད་གཏོང་མཁན་གྱི་འབྲེལ་ཡོད་དཔོན་རིགས་ཚོར་འགན་ཁུར་ཐབས་གནང་མེད་སྟབས་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Marise Payne མཆོག་དང་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་རྒྱ་གཞུང་ལ་བོད་མི་རྣམས་གློད་བཀྲོལ་གཏོང་དགོས་པ་དང་། མནར་གཅོད་དང་དེ་བཞིན་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་གནད་དོན་ལ་ཞིབ་འཇུག་གནང་དགོས་པ། ལྷག་པར་དུ་འཛིན་བཟུང་བྱས་པའི་བོད་མི་དེ་དག་ལ་ཁྲིམས་རྩོད་པ་གླ་ཆོག་པའི་ཆོག་མཆན་སོགས་སྤྲོད་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུག བོད་མིའི་ཐོག་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་གཅར་རྡུང་བཏང་རྐྱེན་ད་བར་བོད་མི་མང་དག་ཅིག་རིམ་པས་འདས་གྲོངས་སུ་གྱུར་བའི་གནས་སྟངས་བྱུང་ཡོད་པ་དང་། ཉེ་ལམ་འདས་གྲོངས་སུ་གྱུར་བའི་ལྷ་མོ་ལགས་ནི་རྒྱ་གཞུང་གིས་འདི་ལོའི་ཟླ་བ་ ༦ པའི་ནང་ཕྱི་ཕྱོགས་སུ་དངུལ་སྐུར་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་གཅར་རྡུང་ཚད་མེད་བཏང་རྐྱེན་མཐར་ཟླ་བ་ ༨ པའི་ནང་ནག་ཆུའི་སྨན་ཁང་དུ་གྲོངས་ཡོད་པ་རེད།   ཁོང་འདས་གྲོངས་སུ་གྱུར་རྗེས་བོད་པའི་སྲོལ་རྒྱུན་གྱི་འདས་མཆོད་ཀྱི་ཆོ་ག་སོགས་གང་ཡང་གནང་བཅུག་མ་པར་ཕུང་པོ་མེར་བསྲེགས་བཏང་ཡོད་པ་རེད།

པདྨ་མཁའ་འགྲོ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་དང་ས་མཚམས་ཆགས་ཡོད་པ་གསུངས་འདུག

རྒྱ་གར་བྱང་ཤར་ཁུལ་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་རྒྱ་ནག་གཞུང་ནས་མངའ་སྡེ་དེ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་གྱི་ཆ་ཤས་ཤིག་ཡིན་སྟབས་ས་ཆའི་བདག་དབང་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་བཞིན་པ་དེ་ནི་རྒྱལ་རབས་ལོ་རྒྱུས་ཐོག་ནས་བདེན་པ་མིན་པ་དང་ལྷག་པར་དུ་མངའ་སྡེ་དེ་དེ་སྔ་ནས་བོད་དང་ས་མཚམས་ཆགས་པ་མ་གཏོགས་རྒྱ་ནག་དང་ས་མཚམས་ཆགས་ཀྱི་མེད་ཅེས་གསུངས་འདུགཁ་སང་སྤྱི་ཁྱབ་བློན་ཆེན་མཆོག་ནས་རྒྱ་གར་གྱི་ The New Indian Express ཞེས་པའི་གསར་ཁང་གི་བཅར་འདྲིའི་ལས་རིམ་ཐོག་ད་ལྟའི་ཆར་རྒྱ་གར་དབུས་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཞེས་གསུངས་ཡོད་ཀྱང་། དོན་ངོ་མའི་ཐོག་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་དང་ས་མཚམས་ཆགས་པ་མ་གཏོགས་རྒྱ་ནག་དང་ས་མཚམས་ཆགས་ཀྱི་མེད་ཅེས་གསུངས་པ་དང་ཆབས་ཅིག བོད་འདི་ད་ལྟའི་ཆར་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་གནད་དོན་འདི་ནི་རྒྱལ་སྤྱིའི་ངོས་ནས་ཤེས་བཞིན་པའི་གནད་དོན་ཞིག་རེད་ཅེས་གསུངས་འདུག སྤྱི་ཁྱབ་བློན་ཆེན་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དང་བོད་གཉིས་ཀྱི་དབར་ས་ཁྱོན་རིང་ཚད་ཀི་ལོ་མི་ཀྲར་ ༡༡༠༠ ལྷག་གི་ས་མཚམས་ཡོད་པ་དངོས་འབྲེལ་ཡིན་ཀྱང་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་བཞིན་པ་དེས་ད་བར་མངའ་སྡེའི་འཛུགས་སྐྲུན་གྱི་ལས་གཞི་མང་པོ་ཞིག་ལ་དོ་ཕོག་བཏང་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་དངུལ་ཁང་ཆེན་མོ་དང་ཨེ་ཤ་ཡའི་འཛུགས་སྐྲུན་དངུལ་ཁང་སོགས་རྒྱལ་སྤྱིའི་བསྟི་གནས་ཁག་ནས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་ཁག་ལ་གཞིགས་ཏེ་མ་དངུལ་སོགས་ཀྱི་རོགས་རམ་གནང་གི་མེད་པར་འགྲེལ་བརྗོད་གནང་འདུགསྐུ་ཞབས་མཆོག་གིས་རྒྱ་གར་དབུས་གཞུང་དང་བཀའ་བསྡུར་གནང་མུས་ཡིན་པར་མ་ཟད་ད་ཆར་ཁུལ་དེར་རྒྱ་ལམ་གསར་རྒྱག་གི་ལས་གཞི་ཁག་ཚགས་ཚུད་ངང་འགྲོ་བཞིན་པ་དང་། མ་འོངས་པར་ཨ་རུ་ནཱ་ཅལ་མངའ་སྡེ་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དབར་མཐུད་འཆར་ཡོད་པའི་རྒྱ་ལམ་གསར་པ་ཞིག་དང་གཞན་ཡང་ལས་གཞི་ཁག་ཅིག་གི་ཐོག་གྲ་སྒྲིག་གནང་མུས་ཡིན་པར་གསུངས་འདུག གཞི་རྩའི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་ད་རེས་ཙམ་མ་ཟད་ཟླ་ཤས་གོང་དུ་བོད་དང་མོན་རྟ་དབང་གཉིས་ཀྱི་ས་མཚམས་ས་ཁུལ་དུ་ཆགས་པའི་འབུམ་སྡེ་ལ་ཞེས་པའི་ས་གནས་སུ་དེ་སྔ་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་དང་རྒྱ་ནག་དབར་དམག་འཁྲུག་སྐབས་འདས་གྲོང་སུ་གྱུར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་རྗེས་དྲན་གྱི་མྱ་ངན་གུས་འདུད་ཞུ་རྒྱུའི་མཛད་རིམ་ཐོག་གསུང་བཤད་གནང་སྐབས་སུ་ད་ལྟའི་རྒྱ་གར་གྱི་གནས་སྟངས་འདི་ནི་དེ་སྔ་ ༡༩༦༢ ལོའི་གནས་སྟངས་དང་མི་འདྲ་བ་ཞིག་ཆགས་ཡོད་པར་མ་ཟད། མངའ་སྡེའི་མང་ཚོགས་དང་རྒྱ་གར་གྱི་དམག་མི་རྣམས་ནས་རྒྱ་ནག་གི་མངའ་སྡེའི་ས་ཆའི་བདག་དབང་ཐོག་རྩོད་ལེན་ཇི་ཙམ་བྱེད་ཀྱི་ཡོད་ཀྱང་ཕྱིར་བཤོལ་ནམ་ཡང་གནང་གི་མ་རེད་ཅེས་ནན་པོ་གསུངས་ཡོད་པ་རེད།

ངོ་དེབ་བརྒྱུད་ནས་ལྷག་དཀར་སྲུང་བརྩིའི་ལས་འགུལ་གཉེར་བ།

སྤྱི་ཚོགས་དྲ་ལམ་དར་ཁྱབ་དང་ཤུགས་རྐྱེན་ཆེ་བའི་དུས་སྐབས་དང་བསྟུན་དབྱིན་ཡུལ་བོད་རིགས་ཚོགས་པས་གཞིས་བཞུགས་བོད་མི་ཚོས་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་བཅས་པ་སྲུང་སྐྱོབ་གནང་སླད་འཚེ་མེད་ཞི་བའི་ཐབས་བྱུས་ལྡན་པའི་ངང་རྒྱ་གཞུང་ལ་གདོང་ལེན་གྱི་ལས་འགུལ་སྣ་མང་སྤེལ་བཞིན་པའི་༸རྒྱལ་བའི་༸སྐུའི་བླ་གཟའ་སྟེ་ལྷག་དཀར་གྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་འབྲེལ་ཏེ་སྤྱི་ཚོགས་དྲ་ལམ་བརྒྱུད་ལྷག་དཀར་གྱི་ལེ་ཚན་ཞེས་པའི་ལས་འགུལ་སྤེལ་དབུ་འཛུགས་གནང་ཡོད་པ་རེད། དབྱིན་ཡུལ་བོད་རིགས་ཚོགས་པའི་རིག་གཞུང་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་དྲ་ཐོག་ནས་ཟླ་རེ་རེའི་རེས་གཟའ་ལྷག་པར་ལྷག་དཀར་ལེ་ཚན་ཞེས་པའི་གནང་སྒོ་འདི་ནི་གཙོ་བོ་དབྱིན་ཡུལ་བོད་རིགས་ཚོགས་པས་རང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བོད་པའི་གླུ་བ་དང་རིག་རྩལ་འདྲ་མིན་ཤེས་མཁན་གྱི་སྒྱུ་རྩལ་བ་ཚོར་རང་ཉིད་ཀྱི་ཐུན་མིན་རིག་རྩལ་ངོམ་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ་དང་བོད་དོན་ཆབ་སྲིད་ལས་འགུལ་བ། སྤྱི་ཚོགས་ལ་སྨན་པའི་གཞན་ཕན་གྱི་དང་བླངས་ཞབས་ཞུའི་ལས་དོན་གཉེར་མཁན་སོགས་ལས་རིགས་དང་འཚོ་བའི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ངོ་སྤྲོད་གནང་བ་བརྒྱུད་ནས་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་པའི་མང་ཚོགས་དག་ལ་མིག་ལྟོས་དང་ཀུན་སློང་སྤེལ་བར་ཆེད་དམིགས་ཀྱིས་གོ་སྒྲིག་གནང་བ་ཞི་ཡིན་པར་གསུངས་སོང་།དབྱིན་ཡུལ་བོད་རིགས་ཚོག་ས་པའི་ངོས་ནས་ཐེངས་འདིའི་དྲ་ཐོག་གི་ལྷག་དཀར་ལེ་ཚན་དེ་ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན་ཐོག་མར་དབྱིན་ཡུལ་དུ་གནས་འཁོད་བོད་རིགས་སྒྱུ་རྩལ་བ་ཚོར་གོ་སྐབས་གནང་བའི་ཐོག་ནས་དབུ་འཛུགས་གནང་འདུག་ཅིང། རིམ་བཞིན་རྒྱ་བལ་འབྲུག་གསུམ་དང་ཕྱིའི་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་སྒྱུ་རྩལ་བ་ཚོ་མགྲོན་འབོད་གནང་རྒྱུ་རེད་འདུག སྐབས་དེའི་ལྷག་དཀར་ལེ་ཚན་ཐོག་མའི་ནང་དབྱིན་ཡུལ་ཏུ་གནས་སྡོད་ལོ་ཆུང་བོུ་བསྟན་འཛིན་ཆོས་ཉིད་ལགས་དང་བསྟན་འཛིན་ཆོས་སྐྱིད་ལགས་གཅེན་གཅུང་གཉིས་ཀྱིས་དྲ་ཐོག་བརྒྱུད་ཆེས་ཐོག་མའི་མཉམ་ཞུགས་ཀྱིས་མང་ཚོགས་ལ་བོད་ཀྱི་རོལ་ཆ་དང་ལྷན་དུ་བོད་གཞས་འདྲ་མིན་ཕྱོགས་སྒྲིག་ཞུས་པ་ཞིག་གཟིགས་འབུལ་ཞུས་ཡོད་པ་ལྟར་མང་ཚོགས་ཁྲོད་ནས་དྲ་ཐོག་གི་ལྷག་དཀར་ལས་འགུལ་དེར་དགའ་བསུ་དང་བསྔགས་བརྗོད། དེ་བཞིན་གསན་གཟིགས་དང་དགའ་རྟགས་གནང་མཁན་དུ་མ་བྱུང་ཡོད་པ་རེད། རྩ་བའི་དབྱིན་ཡུལ་བོད་རིགས་ཚོགས་པའི་ཁྱབ་ཁོངས་ལ་བོད་རིགས་ཁྱོན་ ༡༢༠༠ ཙམ་ཡོད་པ་དང་བོད་རིགས་ཚོགས་པས་དྲ་ཐོག་བརྒྱུད་༸རྒྱལ་བའི་༸སྐུའི་བླ་གཟའ་སྲུང་བརྩི་ཞུ་སླད་ལྷག་དཀར་ལས་འགུལ་སྤེལ་བ་འདི་ཆེས་ཐོག་མ་མིན་པར་རྣམ་ཀུན་ནས་རེས་གཟའ་ལྷག་པར་ཉིན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་བོད་དོན་ཞི་བའི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་གྱི་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནད་དོན་ཆེས་ཐོག་མ་བྱུང་བ།

འདི་ལོ་རྒྱན་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་སུ་མི་རྒྱུ་གཉིས་ཀར་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་ཁྲོད་འདིར་རྒྱ་གར་གྱིས་གཙོས་པའི་རྒྱལ་ཁབ་ཕལ་མོ་ཆེར་ཐེམ་སྤང་གི་བཀའ་རྒྱ་སོགས་གནང་ཡོད་པ་ལྟར་དེང་སྐབས་རྒྱ་གར་ནང་དུ་ཐེམ་སྤང་གུ་ཡངས་ཀྱི་རིམ་པ་ལྔ་པ་ཡོངས་ཁྱབ་གནང་བ་དང་སྦྲགས། མངའ་སྡེ་ཕན་ཚུན་ནང་སྔར་བཞིན་འགྲུལ་སྐྱོད་སོགས་གནང་མུས་ཡིན་པ་ལྟར། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་གནས་ཚུལ་དེ་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཁྲོད་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ནང་གི་སྲི་ཞུ་བའི་ཁོངས་ནས་སྲི་ཞུ་བ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཆེས་ཐོག་མ་ཐོན་ཡོད་པ་རེད།དེ་རིང་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསར་འགོད་པས་བཅར་འདྲི་ཞུས་པ་དང་འབྲེལ་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ནང་གི་སྲི་ཞུ་བའི་ཁོངས་ནས་སྲི་ཞུ་བ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་དོན་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་པའི་སྲི་ཞུ་བ་གཅིག་དང་ལས་ཁུངས་སུ་ཕྱག་ལས་གནང་བཞིན་པའི་ལས་བྱེད་གཅིག་བཅས་གཉན་རིམས་ཕོག་པའི་སྲི་ཞུ་བ་གཉིས་ཐོན་ཡོད་པ་གསུངས་སོང་།དེའི་ཁོངས་ནས་སྲི་ཞུ་བ་གཅིག་ལས་འབྲེལ་རྐྱེན་གྱིས་ལྷན་ཁང་མང་དག་ཅིག་ཏུ་བཅར་ནས་ཕྱག་ལས་གནང་ཡོད་སྐོར་དང་འབྲེལ། ཁ་སང་སྲི་ཞུ་བ་དེར་གཉན་རིམས་ཕོག་པ་ར་འཕྲོད་བྱུང་མ་ཐག་ཏུ་ཁོང་དང་འབྲེལ་བ་བྱུང་བ་ཚང་མའི་ཐོ་གཞུང་བཞེས་སྐབས་ཁྱོན་མི་ ༨༨ ཙམ་དང་འབྲེལ་བ་བྱུང་ཡོད་པ་ལྟར་དེ་དག་འཕྲལ་མར་ཟུར་འཇོག་གནང་རྒྱུའི་ལམ་སྟོན་གནང་ཡོད་པར་མ་ཟད། ཉིན་ཤས་རྗེས་དེ་དག་ཚང་མར་བརྟག་དཔྱད་གནང་རྒྱུ་ཡིན་པ་སོགས་ཞིབ་རྒྱས་ངོ་སྤྲོད་གནང་སོང་།དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱིས་བཀའ་ཤག་ལ་དེ་རིང་དང་སང་ཉིན་བཅས་ལས་སེང་བཞག་སྟེ་ལས་ཁུངས་ཁག་གཙང་བཟོ་གནང་རྒྱུའི་དགོངས་འཆར་ཕུལ་དོན་བཞིན་བཀའ་འཁྲོལ་ཐོབ་ཡོད་པ་དང་། ད་ལྟའི་ཆར་རྗེས་སུ་ཕྱག་ལས་ཇི་ལྟར་གནང་དགོས་པའི་ཐོག་བཀའ་ཤག་དང་བཀའ་བསྡུར་གནང་མུས་ཡིན་པ་གསུངས་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ད་དུང་ཉེ་ཆར་བཞུགས་སྒར་དུ་གནས་སྡོད་བོད་ཁྱིམ་གྱི་སློབ་མ་ཞིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནད་དོན་དང་འབྲེལ་ཏེ་གསུངས་པར་དེང་སྐབས་རྒྱ་གར་ནང་ ཐེང་སྤང་གུ་ཡངས་ཀྱི་རིམ་པ་ལྔ་པ་ཡོངས་ཁྱབ་གནང་དོན་ལྟར་དྷ་སར་ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་པ་ཕོན་ཆེ་ཞིག་ཡོང་བཞིན་ཡོད་སྟབས། ཚང་མས་མུ་མཐུད་སྔོན་འགོག་གྱི་གནང་སྒོ་ཁག་འཐུས་ཤོར་མེད་པ་གནང་སྐྱོང་ཡོང་བའི་གཞེན་སྐུལ་བསྐྱར་ནན་གནང་ཡོད།རྩ་བའི་ཉེ་ཆར་རྒྱ་གར་གཞུང་གིས་ཐེམ་སྤང་གུ་ཡངས་ཀྱི་རིམ་པ་ལྔ་པ་ཡོངས་ཁྱབ་གནང་བ་དང་འབྲེལ། བོད་ཁྱིམ་སློབ་གྲྭ་ཁག་ཅིག་གིས་འཛིན་རིམ་ ༡༠ དང་ ༡༢ གཉིས་ཀྱི་སློབ་ཕྲུག་རྣམས་སློབ་གྲྭར་ཕྱིར་བསྐོང་ཡོད་པ་དང་འབྲེལ། འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་རྗེས་བརྟག་དཔྱད་གནང་འབྲས་སུ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ དགེ་ལས་སློབ་ཕྲུག་ ༩༩ ལ་རིམས་ནད་དེ་ཕོག་ཡོད་པ་དང་དེ་བཞིན་ཅོན་ཏཱ་ར་བོད་ཕྲུག་ཁྱིམ་སྡེ་ནང་དགེ་ལས་སློབ་ཕྲུག་ ༦ ལ་རིམས་ནད་དེ་ཕོག་ཡོད་ཀྱང་ཁོང་རྣམ་པར་དམིགས་བསལ་གྱི་ནད་རྟགས་གང་ཡང་མེད་པ་རེད།ཧི་མ་ཅཱལ་མངའ་སྡེས་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་རྐྱེན་གྱིས་སླར་ཡང་སློབ་གྲྭ་དང་ཤེས་ཡོན་གྱི་སྡེ་ཁག་ཕྱིར་བཤོལ་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད།

༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་པར་རིས་ཀྱི་ཕྱག་དེབ་གསར་ཐོན།

བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་གིས་ལོ་ངོ་ལྔ་བཅུ་ལྷག་ལ་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་བའི་ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས།  པར་རིས་བཞི་སྟོང་ལྷག་ཡོད་པའི་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་པར་རིས་ཀྱི་ཕྱག་དེབ་གསར་བ་ཞིག་བྲིས་ཏེ། ཁ་སང་ཟླ་བ་ ༡༡ པའི་ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Roli Books དཔེ་སྐྲུན་ཁང་བརྒྱུད་ནས་དཔེ་དེབ་དེ་དབུ་འབྱེད་གནང་འདུག

Latest news