Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཨ་རུ་ན་ཅལ་ཁུལ་དུ་རྒྱ་ནག་ལ་རྒོལ་རྡུང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།

རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ཅལ་ནང་གི་འཕགས་བོད་འབྲེལ་མཐུད་ཡན་ལག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག  གཟའ་འཁོར་སྔོན་མའི་ནང་བྱང་ཤར་ཁུལ་གྱི་ས་གནས་འདྲ་མིན་ཁག་ཅིག་ཏུ་རྔམ་སྟོན་ཁྲོམ་སྐོར་དང་གསར་འགོད་གསལ་བསྒྲགས་སོགས་བརྒྱུད་ནས་འཕགས་བོད་གཉིས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཞི་བདེའི་འབྲེལ་ལམ་གསལ་སྟོན་དང་།  དེ་བཞིན་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་དང་། གཞན་ཡང་དེང་སྐབས་འཕགས་བོད་མཐའ་མཚམས་ཁྲོད་ཀྱི་རྒྱ་དཀར་ནག་གི་གདོང་ཐུག་གི་གནད་དོན་ལ་ངོ་རྒོལ་གནང་བ་མ་ཟད། ཕྱི་ཚེས་༢༠ ཉིན་མོན་རྟ་དབང་ཁུལ་དུ་རྒྱ་ནག་ལ་རྒོལ་རྡུང་གི་ཞི་བའི་གོམས་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག

རྒྱལ་ཚོགས་ལ་རྒྱ་ནག་གི་ལན་འདེབས་སྙན་ཐོར་འདོད་བློ་ཁེངས་མི་འདུག  

རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཁྱད་ལས་ཚོགས་ཆུང་གིས་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ལ་ཕུལ་བའི་ལན་འདེབས་སྙན་ཐོ་དེ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་འབྲུ་དོན་ལྟར་འདོད་བློ་ཁེངས་པ་ཞིག་བྱུང་མི་འདུག་ཅེས་བརྗོད་འདུགཕྱི་ལོ་ ༢༠༡༨ ལོར་རྒྱལ་ཚོགས་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་འབྲུ་དོན་གཞི་བཟུང་རྒྱ་ནག་ནང་གི་མི་རིགས་དབྱེ་འབྱེད་ཀྱི་གནས་བབ་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་གནང་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་གོང་གསལ་འབྲེལ་ཡོད་ཚོགས་ཆུང་ནས་དུས་བཀག་བསྐྱར་ཞིབ་དང་འབྲེལ་རྒྱ་ནག་ལ་སྤྲད་པའི་བསམ་འཆར་ལྟར་རྒྱལ་ཚོགས་ཀྱི་ཚོགས་ཆུང་ལ་ལན་འདེབས་སྙན་ཐོ་ཞིག་ཕུལ་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༨ ནང་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་ཐེངས་ ༡༠༡ ཐོག་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་གོང་གསལ་ཚོགས་ཆུང་ལ་སྤྲད་པའི་མཇུག་སྐྱོང་ལན་འདེབས་སྙན་ཐོར་བསྐྱར་ཞིབ་གནང་བའི་སྙན་ཐོ་ཞིག་ཟླ་ ༡༡ ཚེས་ ༢༤ ཉིན་ཡོངས་གྲགས་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ལ་ཕུལ་བའི་ལན་འདེབས་སྙན་ཐོ་དེ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཁྲིམས་སྒྲིག་འབྲུ་དོན་གཞི་བཟུང་འདོད་བློ་ཁེངས་པ་བྱུང་མི་འདུག་ཅེས་བརྗོད་འདུག་པ་མ་ཟད། རྒྱ་གཞུང་ནས་སྙན་ཐོ་ཞིག་བསྐྱར་དུ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ལ་རིང་མིན་ ༢༠༢༣ ཟླ་ ༡ པོའི་ནང་ཚུད་ལ་ཕུལ་ཟིན་དགོས་སྐོར་བརྗོད་འདུག ད་ལན་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་རྒྱ་ནག་ལ་དུས་བཀག་སྐྱར་ཞིབ་ལན་འདེབས་མཇུག་སྐྱོང་སྙན་ཐོར་དཔྱད་ཞིབ་གནང་སྟེ་སྤེལ་བའི་སྙན་ཐོ་དེའི་ནང་བོད་དོན་དང་འབྲེལ་བའི་ཚན་པར་རྒྱ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་སྐད་གཉིས་སློབ་གསོ་སྲིད་བྱུས་ལག་བསྟར་བརྒྱུད་དེ་བོད་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་ཚབ་ཏུ་རྒྱ་སྐད་གཙོ་བོར་འཛིན་པའི་སློབ་གསོ་སྤྲོད་བཞིན་པའི་གནད་དོན་དང་། རྒྱ་ནག་གཞུང་གིས་སྐད་ཡིག་རང་དབང་སྲུང་སྐྱོབ་ལས་འགུལ་བར་དྲག་གནོན་བྱེད་བཞིན་པའི་གནད་དོན་ཐོག་སེམས་འཚབ་ཀྱི་རྣམ་པ་བསྟན་པ་དང་འབྲེལ། རྒྱ་ནག་གཞུང་ནས་དམ་དྲག་དང་འཇིགས་སྐུལ་གང་ཡང་མེད་པར་མང་ཚོགས་ལ་ཤེས་ཡོན་སློབ་གསོའི་སྐོར་གླེང་སློང་གནང་རྒྱུའི་རང་དབང་སྤྲོད་དགོས་པར་མ་ཟད། སློབ་གྲྭ་ཁག་ཏུ་ཕ་སྐད་གཙོ་འཛིན་གྱི་སློབ་ཁྲིད་དང་འདང་ངེས་བཞིན་པའི་སློབ་གསོའི་ཆ་རྐྱེན་བསྐྲུན་དགོས་པར་ནན་བརྗོད་གནང་འདུག རྒྱལ་ཚོགས་དུས་སུ་དེ་འབྲེལ་ཐོག་བོད་དོན་ཞུ་གཏུག་གནང་མཁན་འབྲེལ་ཡོད་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ང་ཚོའི་ངོས་ནས་ད་བར་རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་འདྲ་མིན་ཞུ་གཏུག་གནང་མུས་ཁྲོད་འདིར་ད་ལན་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་གི་སྙན་ཐོར་བོད་ནང་གི་སྐད་ཡིག་རང་དབང་གི་གནས་བབ་གསལ་སྟོན་གནང་བ་དེས་བོད་དོན་ཞུ་གཏུག་གི་ལས་དོན་ལ་གྲུབ་འབྲས་ སོན་རྒྱུ་ཡོད་པ་མངོན་སྟབས་མ་འོངས་པར་མུ་མཐུད་འབད་རྩོན་ཞུ་དགོས་གལ་ཡིན་པ་གསུངས་ཡོད། གཞན་ཡང་སྙན་ཐོར་རྒྱ་ནག་གཞུང་ནས་ཁུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཀྱི་ཕྱི་སྐྱོད་རང་དབང་ལ་དོ་དམ་སྟངས་འཛིན་བྱ་སྤྱོད་མཚམས་འཇོག་དགོས་པར་ནན་སྐུལ་གནང་འདུག་པར་མ་ཟད། ཉེ་སྔོན་རྒྱ་ནག་གཞུང་གི་གཞུང་འབྲེལ་མིན་པའི་ཚོགས་པ་དང་འབྲེལ་བའི་ཁྲིམས་སྒྲིག་གཏན་འབེབས་འོག་ཕྱི་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་མང་དག་ཅིག་སྒོ་རྒྱབ་བཅུག་པ་དང་འབྲེལ་ཡོད་མི་སྣ་གར་སོང་ཆ་མེད་བཏང་བ། བཙོན་འཇུག་དོ་དམ་བྱས་པའི་ གནད་དོན་ལུང་འདྲེན་གྱིས་ད་ལྟའི་རྒྱ་ནག་ནང་ཕྱིའི་རྒྱལ་ཁབ་ཀྱི་རང་དབང་ཅན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ག་ཚོད་ཡོད་མེད་དང་། དེ་དག་གི་ལས་དོན་གནང་ཕྱོགས་བཅས་པ་ཞིབ་བཀོད་མཇུག་སྐྱོང་གི་སྙན་ཐོ་རྒྱལ་ཚོགས་ལ་ཕུལ་དགོས་པའི་སྐུལ་འདེད་ཀྱང་གནང་འདུག རྩ་བའི་ཕྱི་ལོ་ ༢༠༡༨ ལོར་རྒྱལ་ཚོགས་ཀྱི་མི་རིགས་ཀྱི་དབྱེ་འགོག་ཐབས་ཚོགས་ཆུང་གཙོས་པའི་རྒྱལ་ཚོགས་ཀྱི་ཁྱད་ལས་ཚོགས་ཆུང་བཞི་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ཕྱི་སྐྱོད་ལག་འཁྱེར་སྤྲོད་རྒྱུར་འགོག་རྐྱེན་བཟོས་པ་ཐེར་འདོན་གནང་ཡོད་པ་དང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱ་ནག་གཞུང་ནས་མི་རིགས་དབྱེ་འབྱེད་འགོག་ཐབས་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་འབྲུ་དོན་གཞི་བཟུང་དོན་འཁྱོལ་ལག་བསྟར་བྱེད་ཀྱི་མེད་པའི་སྙན་ཐོ་འདི་བཞིན་འབྲེལ་ཡོད་ཚོགས་ཆུང་ལ་ཕུལ་ཡོད་པ་རེད།

རྒྱ་བལ་གཉིས་ཀྱི་ནང་བོད་མི་ ༤༤ ལ་ཏོག་དབྱིབས་གཉན་རིམས་ཕོག་པ་དང་བོད་མི་ ༢ འདས་གྲོངས།

གཟའ་འཁོར་འདིའི་ནང་བཙན་བྱོལ་བོད་མིའི་འདུ་སྡོད་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་པ་བོད་མི་ ༤༤ དང་ ༢ འདས་གྲོངས་སུ་གྱུར་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༦ སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་བོད་མི་ ༤༤ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་རྒྱ་གར་ནས་བོད་མི་ ༣༦ དང་བལ་ཡུལ་ཁུལ་ནས་ ༨ བཅས་ལ་གཉན་རིམས་དེ་ཕོག་ཡོད་པར་མ་ཟད། དེའི་ཁྲོད་ནས་ལོ་ན་རྒན་ཤོས་དེ་ ༨༧ དང་ལོ་ན་ཆུང་ཤོས་དེ་ ༧ བཅས་ཆགས་ཀྱི་འདུག་པ་དང་། ནད་ཡམས་དེའི་རྐྱེན་གྱིས་ལྷོ་ཕྱོགས་སྦེལ་ཀོབ་ནས་སྐྱེས་པ་རང་ལོ་ ༣༡ དང་ལ་དྭགས་ནས་སྐྱེས་མ་རང་ལོ་ ༦༧ སོན་པ་བཅས་བོད་མི་གཉིས་འདས་གྲོངས་སུ་གྱུར་འདུག གསར་འགོད་ལྷན་ཚོགས་ཐོག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ལྟའི་ཆར་རྒྱ་གར་ནང་ལ་ནད་མནར་དང་འདས་གྲོངས་སུ་གྱུར་བའི་གྲངས་འབོར་དེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་མུས་ལ་བརྟེན་བོད་མི་མང་ཚོགས་ཀྱི་ངོས་ནས་སྔོན་འགོག་སོགས་ཀྱི་གནང་སྒོ་ཁག་ལ་ཐུགས་སྣང་དང་ལྷག་དོན་བླ་གཉན་ནད་རིགས་ཡོད་པ་དང་ལོ་ན་བགྲེས་པ་ཚོར་སྡང་བ་ཡོད་སྟབས་ཐུགས་གཟབ་གནང་དགོས་སྐོར་ལམ་སྟོན་གནང་ཡོད་པར་མ་ཟད།དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་ཆར་ཧི་མཱ་ཅལ་མངའ་སྡེའི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་ཚད་མཐོ་པོར་བསླེབས་ཡོད་པ་དང་། དེང་ཆར་གནམ་གཤིས་གྲང་ངར་ཆེ་རྐྱེན་ཁ་བ་འབབ་ཀྱི་ཡོད་སྟབས་ཡུལ་སྐོར་སྤྲོ་འཆམ་པ་མི་ཉུང་བ་ཞིག་ཁ་བ་ལྟ་བར་ཡོང་གི་ཡོད་པས་བཞུགས་སྒར་དུ་གནས་འཁོད་བོད་མི་མང་ཚོགས་ཀྱིས་ཡིད་གཟབ་དགོས་ཞེས་གཞེན་སྐུལ་ནན་པོ་གནང་སོང་།དེའི་བར་ན། ཁ་སང་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེའི་ནང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་གྲངས་འབོར་ཇེ་མང་འགྲོ་བཞིན་པ་དང་། དྷ་ས་བཞུགས་སྒར་དུའང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཡོད་ཁོངས་ Truind རི་རྩེ་དང་བྷག་སུ། མེག་གྷན་བཅས་སུ་སྤྲོ་འཆམ་ཡོང་མཁན་མི་ཉུང་བ་ཡོད་པ་ས་ཆ་དེ་དག་ནས་ནད་གཞི་འགོ་ཉེན་ཆེན་པོ་ཡོད་སྟབས་སྔོན་འགོག་དང་འབྲེལ་བའི་རྩ་འཛིན་ལག་བསྟར་དགོས་པའི་དོན་ཚན་ ༡༢ ཅན་ཡོད་པའི་བཀོད་ཁྱབ་ཅིག་གནང་འདུག་པ་དང་། དེའི་ནང་གཙོ་བོ་ཟླ་བ་འདིའི་ཚེས་ ༡༧ ནས་ ༢༠ བར་སྲི་ཞུ་བ་རྣམས་ལས་བཅར་མ་དགོས་པའི་སྐོར་ངག་ཐོག་རྩ་འཛིན་ཁུངས་ཁྱབ་སོང་དོན་ལྟར་སླད་མར་ཛ་དྲག་གནས་སྟངས་ལ་གཞིགས་ནས་འཕྲོད་ལས་ནས་ལམ་སྟོན་ཁུངས་ཁྱབ་དེ་དག་རྩ་འཛིན་ལག་བསྟར་ཞུ་དགོས་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར་ནས་ཟླ་བ་གཅིག་རིང་ལས་ཁུངས་སོ་སོའི་སྲི་ཞུ་གྲངས་འབོར་གྱི་བརྒྱ་ཆ་ ༥༠ རེ་རེས་མོས་གནང་སྟེ་ལས་བཅར་ཞུ་དགོས་པར་མ་ཟད། ལས་ཁུངས་ཁག་གི་འོག་ལས་ཡོངས་ལ་མདུན་རེའི་ནང་རེས་གཟའ་པ་སངས་ནམ་ཡིན་ལ་ནམ་ཡམས་དང་འབྲེལ་བའི་དཔྱད་བསྡུར་གནང་དགོས་པ། དེ་བཞིན་འབྱུར་འགྱུར་ཡང་རྒྱ་གར་མངའ་གཞུང་གི་ལམ་སྟོན་བཀོད་ཁྱབ་ཇི་ཐོན་སྐབས་བསྟུན་ལམ་སྟོན་གསལ་ཆ་ཡོང་ངེས་ཡིན་པ་སོགས་དོན་གནད་བཅིུས་ཅན་གྱི་བཀའ་ཁྱབ་བསྒྲགས་འདུགགཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ཁྱོན་ ༡༢༧༤ ལ་ Covid-19 འམ་ཏོག་དབྱིབས་གཉན་རིམས་ཕོག་དེ་ཡོད་པ་དང་དེའི་ཁོངས་ནས་དྲག་སྐྱེད་བྱུང་བ་ ༡༠༨༥ དང་ ༣༡ འདས་གྲོངས། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༡༥༨ ཆགས་ཡོད་པ་རེད།ཉེ་ཆར་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་མངའ་སྡེའི་རྒྱལ་ས་སིམ་ལ་གཙོས་པའི་ཀངྒ་ར་དང་ཀུ་ལུ། མན་ཌི་བཅས་རྫོང་ཁག་བཞིའི་ནང་གནས་སྡོད་བྱེད་བཞིན་པའི་མང་ཚོགས་རྣམས་ལ་ཟླ་བ་འདིའི་ཚེས་ ༢༣ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༥ བར་ཕྱི་དྲོ་ཚོུད་ ༨ ནས་ ༦ པ་བར་ཐེམ་སྤང་བཀའ་རྒྱ་ Curfew ཡིན་པ་དང་དེ་བཞིན་ཁ་རས་ངེས་པར་དུ་གྱོན་དགོས་པ་དང་ཁ་རས་མ་གྱོན་ཚེ་ཧིན་སྒོར་ ༡༠༠༠ ཉེས་ཆད་འགེལ་རྒྱུ་ཡིན་པའི་ལམ་སྟོན་བཀོད་ཁྱབ་གནང་ཡོད་པ་རེད། སླར་ཡང་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པའི་དམིགས་བསལ་དབང་ཚད་ཐོག་ནས་ཅི་སྟེ་ཁ་རས་མ་གྱོན་པའི་རིགས་འབྱུང་ཚེ་ཧིན་སྒོར་ ༥༠༠༠ ཉེས་ཆད་འགེལ་རྒྱུ་དང་ཡང་ན་ཧིན་སྒོར་ ༥༠༠༠ དང་ཉིན་གྲངས་ ༨ རིང་བཙོན་འཇུག་གནང་རྒྱུའི་ཉེས་ཆད་འགེལ་རྒྱུའི་བཀོད་ཁྱབ་གནང་འདུག

བོད་ཕྱི་ནང་གཉིས་ཀྱི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་དང་འབྲེལ་བའི་དཔྱད་གླེང་།

ཁ་སང་ཕྱི་ཟླ་ ༡༡ པའི་ཚེས་༢༥ ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུད་མེད་ལ་རྩུབ་སྤྱོག་རིགས་འགོག་ཐུབ་ཀྱི་ཉིན་མོར་གཏན་འབེབས་ཀྱིས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་གི་འོག   བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་དྲྭ་ཐོག་གི་དཔྱད་གླེང་ཞིག་གོ་སྒྲིག་ཞུས་འདུག

བོད་མིའི་གཞིས་སྒར་གྱི་ངལ་བ་སེལ་ཐབས་དང་འབྲེལ་ས་གནས་ཀྱི་གནད་ཡོད་མི་སྣ་དང་ལྷན་ཚོགས་ཆེས་ཐོག་མ།

རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ཁུལ་གྱི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཕྲད་བཞིན་པའི་དཀའ་ངལ་གྱི་གནད་དོན་ཐོག་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱི་ལམ་སྟོན་འོག་ལ་དྭགས་གླེ་རྫོང་དཔོན་གྱི་ཚོགས་ཁང་དུ་ཁུལ་དེའི་གནད་ཡོད་མི་སྣ་དང་མཉམ་དུ་ལྷན་ཚོགས་ཆེས་ཐོག་མ་སྐོང་ཚོགས་གནང་དོན་ལྟར་གནད་ཡོད་མི་སྣ་དག་གིས་ངལ་བ་སེལ་ཐབས་གནང་རྒྱུར་ཞལ་བཞེས་གནང་འདུག

རྒྱ་གར་གཞུང་གིས་འཕགས་བོད་ཀྱི་འབྲེལ་ལམ་ཐོག་ནས་རྒྱ་ནག་ལ་གདོང་ལེན་གནང་དགོས།

བོད་དོན་ཆེད་མཁས་བ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་ཀྱིས་རྒྱ་གར་དང་བོད་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཁག་ཅིག་ལུང་འདྲེན་དང་འབྲེལ་ཏེ་རྒྱ་གར་གཞུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་དག་བརྒྱུད་ནས་རྒྱ་ནག་སྲིད་གཞུང་ལ་གདོང་ལེན་གནང་དགོས་པ་གསུངས་འདུགསྐུ་ཞབས་ Claude Arpi ལགས་ནས་རྒྱ་གར་གྱི་ Deccan Chronicle ཞེས་པའི་གསར་ཤོག་ཐོག་ Use Tibet links, counter China in the Himalayas  ཞེས་པའི་བརྗོད་གཞིའི་ཐོག་དཔྱད་གཏམ་ཞིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་ཧི་མཱ་ལ་ཡའི་ས་ཁུལ་དེ་དག་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་བོད་དང་རྒྱ་གར་གཉིས་ཀྱི་མི་སེར་དཔལ་ཡོན་དང་རིག་གཞུང་གྱི་དར་ཁྱབ་སོགས་ཀྱི་ཐོག་ནས་འབྲེལ་བ་ཆེན་པོ་ཡོད་པ་དང་། རིམ་བཞིན་རྒྱ་ནག་གི་འགོ་ཁྲིད་ Mao ཆགས་པ་ནས་བཟུང་བོད་ནང་ལ་བཙན་འཛུན་གྱིས་རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་བཏང་བར་མ་ཟད་ཕྱི་ལོ་ ༡༩༦༢ ལོའི་རྒྱ་གར་དང་རྒྱ་ནག་དབར་གྱི་དམག་འཁྲུག་རྗེས་སུ་ཧི་མཱ་ལ་ཡའི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བར་དཀའ་ངལ་ཆེན་པོ་བཟོས་ཡོད་སྐོར་གསུངས་འདུག ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་སུ་རྒྱ་གར་ཕྱོགས་ནས་བོད་དོན་ཐོག་མངོན་གསལ་དོད་པོས་རྒྱབ་སྐྱོར་གནང་མེད་ཀྱང་། དཀའ་ངལ་དེ་དག་ཁྲོད་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཚོར་སྐྱབས་བཅོལ་གྱི་ཐོབ་ཐང་ཕུལ་བ་སོགས་བརྒྱུད་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབྲེལ་བ་དེ་དུས་ད་ལྟ་ཡང་གསོན་པོར་གནས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག་པ་མ་ཟད། ད་ལྟའི་རྒྱ་ནག་སྲིད་གཞུང་གིས་བརྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་སོགས་བརྒྱུད་རྒྱལ་སྤྱིའི་ཐོག་རྒྱ་ནག་རང་ཉིད་ཀྱི་དབང་ཐང་རྒྱ་སྐྱེད་དང་དེ་སྔ་བོད་དང་རྒྱ་གར་དབར་ཡོད་པའི་ས་མཚམས་ས་ཁུལ་ཁག་ཅིག་སྒོ་བརྒྱབ་པ་དང་། ཁག་ཅིག་ཏུ་བཙན་འཛུལ་གྱིས་བྱ་སྤྱོད་སོགས་སྤེལ་བཞིན་པར་གཞིགས་ཏེ་རྒྱ་གར་གཞུང་ནས་བོད་དང་རྒྱ་གར་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དེ་དག་གཞི་རྩར་བཞག་ཏེ། “Himalayan and Tibetan Affairs’ Policy ལམ་ཧི་མཱ་ལ་ཡ་དང་བོད་ཀྱི་ལས་དོན་ཞེས་པའི་སྲིད་བྱུས་ཤིག་གཏན་འབེབས་ཀྱིས་རྒྱ་ནག་ལ་གདོང་ལེན་གནང་དགོས་ཞེས་གསུངས་འདུགསྐུ་ཞབས་ Claude Arpi ལགས་ཀྱིས་སྲིད་བྱུས་དེའི་ནང་ལ་རྒྱ་གར་གཞུང་ནས་རང་ཉིད་ཀྱི་ཁེ་ཕན་གཙོ་བཟུང་ཐོག་རྒྱ་གར་དང་འབྲེལ་བ་བཟང་པོ་ཡོད་པའི་བོད་དང་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ཐོག་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱ་གར་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་ངོས་ལེན་གནང་རྒྱུ་མེད་པ། དེ་བཞིན་རྒྱ་ནག་གཙོ་བོར་གྱུར་པའི་ཕྱིའི་རྒྱལ་ཁབ་ཁག་དང་གྲོས་ཆོད་བཞག་སྐབས་སུ་གྲོས་ཆོད་ཀྱི་ངོ་གདོང་ལ་མ་བལྟས་པར་དོན་དངོས་ལག་བསྟར་ཐོག་དགོངས་པ་བཞེས་དགོས་པར་མ་ཟད། ལྷག་པར་དུ་སྲིད་བྱུས་གང་འདྲ་ཞིག་གཏན་འབེབས་གནང་ཡང་གཞན་གྱི་གནོན་ཤུགས་འོག་མ་སོང་བ་ཞིག་གནང་དགོས་གལ་ཡིན་པར་གསུངས་འདུག ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་གཞུང་གིས་གཞུང་འབྲེལ་ལས་བྱེད་རྣམས་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུ་མེད་པའི་ལམ་སྟོན་གནང་བ་ལུང་འདྲེན་དང་སྦྲགས། རྒྱ་ནག་ཕྱོགས་ནས་དུས་ནམ་ཡིན་ལ་རང་ཉིད་ཀྱི་འདོད་པ་དང་མི་མཐུན་པའི་གནད་དོན་ཞིག་འབྱུང་ཚེ་རྒྱལ་ཁབ་སུ་ཡིན་ལ་བལྟོས་མེད་གནོན་ཤུགས་རིགས་སྤྲོད་པ་ནི་འཆར་ཅན་ལྟ་བུ་ཞིག་ཡིན་སྟབས། རྒྱ་གར་གཞུང་ནས་རྒྱ་གར་རང་ཉིད་དང་དེ་བཞིན་ཉེ་འབྲེལ་ཆེ་བའི་རྒྱལ་ཁབ་དེ་དག་གི་ཁེ་ཕན་སླད་དྲང་བདེན་ཐོག་མདུན་སྐྱོད་གནང་གལ་ཡིན་པ་དང་། སྲིད་བྱུས་འདི་ཡང་དོན་དམ་ལམ་ཐོག་ལག་བསྟར་ཡོང་ཐབས་སུ་སྲིད་བློན་མཆོག་ནས་སྟངས་འཛིན་ཡོད་པའི་རྒྱ་གར་དབུས་གཞུང་གི་ཁྱབ་ཁོངས་སུ་ཧི་མཱ་ལ་ཡ་དང་བོད་ཀྱི་གནད་དོན་ལྷན་ཁང་ཞེས་པ་ཞིག་ཆེད་འཛུགས་གནང་དགོས་པ་གསུངས་འདུག སྐུ་ཞབས་ Claude Arpi ལགས་ཀྱི་དཔྱད་གཏམ་དེའི་ནང་དུ་ཧི་མཱ་ལ་ཡ་དང་བོད་ཀྱི་གནད་དོན་ལྷན་ཁང་གི་ངོས་ནས་བོད་མི་དང་ཧི་མཱ་ལ་ཡའི་མངའ་ཁུལ་གྱི་མང་ཚོགས་རྣམ་པའི་བདེ་དོན་ལ་དམིགས་པའི་འཛུགས་སྐྲུན་གྱི་ལས་གཞི་དང་ཚོང་ལས། དེ་བཞིན་གནས་མཇལ་སོགས་ཀྱི་གོ་སྐབས་སྐྲུན་ཐུབ་ཚེ་ས་གནས་དེ་དག་གི་མི་འབོར་རང་གནས་ཐུབ་པ་ཙམ་མ་ཟད་བོད་དང་རྒྱ་གར་དབར་གྱི་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་ཁག་ཀྱང་དམ་ཟབ་གནས་ངེས་ཡིན་པ་དང་། དུས་ཚོད་དང་མཚམས་པའི་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་གནང་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཀྱང་རེད་ཅེས་གསུངས་འདུག

༸གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག བྱམས་བརྩེ་བཅས་ཀྱི་སྐོར་ལ་བཀའ་སློབ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་འཇར་མན་གྱི་པོ་ཚི་ཊམ་ Potsdam, Germany དུ་ཡོད་པའི་ The Einstein Forum ཞེས་ཨན་སི་ཌན་གྱི་གླེང་སྟེགས་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ནང་ཆོས་དང་ཚན་རིག བྱམས་བརྩེ་བཅས་ཀྱི་སྐོར་ལ་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་།ཨན་སི་ཌན་གྱི་གླེང་སྟེགས་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སུ་སེན་ལགས་ཀྱིས་དེ་རིང་དྲྭ་ཐོག་གི་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་གྱི་ལས་རིམ་གཙོ་སྐྱོང་གནང་སྟེ་ཐོག་མར་ཨན་སི་ཌན་གྱི་གླེང་སྟེགས་དེའི་རྒྱབ་ལྗོངས་དང་འབྲེལ་བའི་ངོ་སྤྲོད་སྙན་སེང་ཞིབ་རྒྱས་ཞུས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་བླང་དོར་གྱི་བཀའ་སློབ་བཀྲིན་སྩལ་རྒྱུར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུས་སོང་།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དེ་སྔ་ཨིས་ཊོ་ནི་ཡར་ཆིབས་བསྒྱུར་སྐབས་ཡུལ་ལུང་དེ་ཧ་ཅང་གི་མཛེས་སྡུག་ལྡན་པ་ཞིག་གཟིགས་སྐོར་ཐུགས་དྲན་གསོས་པ་དང་སྦྲགས་ཏེ། སྐབས་བབ་ཀྱི་བརྗོད་གཞི་ནང་ཆོས་དང་ཚན་རིག བྱམས་བརྩེ་བཅས་དང་འབྲེལ་བའི་བཀའ་སྩལ་བར་བྱམས་བརྩེ་ཞེས་པ་ནི་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་ཡོད་དོ་ཅོག་གིས་གཙིགས་ཆེར་ངོས་འཛིན་གྱིས་ལམ་སྟོན་དང་ཉམས་བཞེས་གཅིག་མཚུགས་གནང་གི་ཡོད་པ་དང་། ང་ཚོ་ཚང་མ་ཆོས་ཁས་ལེན་མིན་ལ་བལྟོས་མེད་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཀུན་གཅིག་གྱུར་ཡིན་པའི་གཞིར་རྩར་བཞག་པའི་བྱམས་བརྩེའི་ཚོར་སྣང་ཡོད་པའི་ཀུན་སློང་དེ་ནི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་སྤྱི་དང་སྒོས་བདེ་སྐྱིད་ལྡན་པའི་ནང་མི་བཅས་པར་ཉེར་བ་མཁོ་སྐོར་ལམ་སྟོན་མཛད་སོང་།དེ་བཞིན་ལེགས་སྦྱར་དང་རྒྱ་གར་གྱི་རིག་གནས་མཁས་པ་སྐུ་ཞབས་ཌེ་ཝིཌ་ལགས་ཀྱིས་ནང་ཆོས་ཐོག་ནས་སྡིག་པ་ཞེས་པ་དེ་ཇི་ལྟར་ངོས་འཛིན་གནང་གི་ཡོད་དམ་ཞེས་བཀའ་འདྲོ་དགོངས་སྐོར་ཞུས་པར་འགྲོ་བ་རྣམས་ཀྱི་སེམས་ཀྱི་རང་བཞིན་དེ་འོད་གསལ་བ་ཞིག་ཡིན་པ་ལྟར། དགེ་སྡིག་གང་གི་ངོ་བོར་འགྱུར་མ་འགྱུར་དེ་ནི་གཙོ་བོ་ཀུན་སློང་བཟང་ངན་གང་ཞིག་དབང་དུ་སོང་མིན་ལ་རག་ལས་ཡོད་སྟབས། ཀུན་སློང་ངན་པའི་དབང་དུ་སོང་སྟེ་བྱ་བ་གང་ཞིག་བརྩམས་ཀྱང་དེ་ནི་སྡིག་པའི་ངོ་བོར་འགྲོ་ངེས་ཡིན་པར་བཀའ་སྩལ་སོང་།གཞན་ཡང་ལྕམ་སྐུ་ཨེམ་བིར་ལགས་ཀྱིས་ཀྱང་ནང་པའི་ཐོག་ནས་རྟེན་འབྲེལ་གྱི་རྣམ་གཞག་བཞེད་པའི་སྟེང་ནས་སྙིང་རྗེ་གོང་འཕེལ་གཏོང་ཚུལ་དང་ཚན་རིག་ཐོག་ནས་དེ་ལྟར་མི་ཡོང་བའི་རྒྱུ་མཚན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་ཀྱིས་བྱམས་རྩེ་དང་སྙིང་རྗེ་རྩལ་འདོན་གནང་གི་ཡོད་པ་རེད། དེས་ན་ཁོང་ཁྲོའི་འགལ་ཟླའི་བློ་དེ་བྱམས་བརྩེ་ཡིན་པར་བརྟེན་ཁོང་ཁྲོ་འཇོམས་པར་བྱམས་བརྩེ་གོང་འཕེལ་གནང་བར་རང་ཉིད་ཀྱི་ཁོང་ཁྲོ་ཟ་ཡུལ་དགྲ་དང་དགའ་ཡུལ་གཉེར་ཟེར་བ་དེ་གཉིས་ཀ་བློ་ལ་སྣང་བའི་དབང་གིས་གཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མེད་སྟབས་རྟེན་འབྲེལ་གྱི་རྣམ་གཞག་ལེགས་པར་ཤེས་པའི་ཁར་ཐབས་ཤེས་ཟུང་འབྲེལ་ཐོག་ནས་གཉེན་པོ་བསྟེན་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད།སྐུ་ཞབས་ཤཱ་ཡམ་ལགས་ཀྱིས་ལས་འབྲས་ཟེར་བ་དེ་སླད་མར་ཚན་རིག་དང་མཐུན་པ་ཞིག་ཡོང་ཐུབ་བམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་ཀརྨ་འམ་ལས་ཟེར་བ་དེ་བྱ་བར་གོ་དགོས་པ་དང་བྱ་བ་དེ་སྐད་ཅིག་སྐད་ཅིག་ལ་འགག་པའི་ཆོས་ཉིད་ཡིན་པ་རེད། དེས་ན་ང་རང་ཚོས་མི་དགེ་བའི་བག་ཆགས་དང་བཅས་པར་གཉེན་པོ་ཚུལ་བཞིན་བསྟེན་ཏེ་བཟང་པོའི་བག་ཆགས་དེ་དག་གོང་འཕེལ་བཏང་ནས་མཐར་སངས་རྒྱས་པའི་གནས་སྐབས་དེ་ཡང་ལས་འབྲས་དང་འབྲེལ་བ་ཡོད་སྐོར་དཔེ་མཚོན་དང་བཅས་ཏེ་བཀའ་དེ་ལྟར་སྩལ་སོང་།དེ་རིང་ Einstein Forum ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སུ་སེན་ལགས་ཀྱིས་བགྲོ་གླེང་དང་འབྲེལ་བའི་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་གྱི་ལས་རིམ་ལེགས་གྲུབ་དང་བསྟུན་གླེང་སྟེགས་དེའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བ་འདི་སྐལ་བ་བཟང་པོ་ཞིག་དང་བཀྲིན་ཆེན་པོ་ཡིན་པས་ཐུགས་རྗེ་ཆེ་ཞེས་དང་། དེ་བཞིན Einstein གླེང་སྟེགས་ཚོགས་པའི་ཚོགས་མི་ཚོས་བཀའ་སློབ་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་བ་དང་། ལྷག་དོན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བརྙན་པར་སྡེ་ཚན་གཙོས་པའི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག སླད་མར་དུས་ནམ་ཞིག་གི་ཚེ་ན་༸གོང་ས་མཆོག་༸སྐུ་དངོས་གནད་འདྲེན་ཞུ་ཐུབ་པའི་རེ་བ་ཡོད་ཅེས་ཐུགས་འདུན་ཡོད་སྐོར་སྙན་སེང་ཞུས་ཡོད་སྟབས། ༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་མགོན་པོ་མཆོག་ཨན་སི་ཌན་གྱི་ཚོགས་པ་དང་འབྲེལ་བ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་སྦྲགས། སྐུ་ཞབས་ཨན་སི་ཌན་མཆོག་ལ་གུས་བརྩི་ཆེན་པོ་ཡོད་ཅེས་བཀའ་སྩལ་ཡོད།རྩ་བའི་དེ་རིང་གི་མཛད་རིམ་འདི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་གཙོས་པའི་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་ཡོད་པ་རེད།

རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་རྒྱལ་ཁབ་གཞན་ཚོར་དོ་དམ།

རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བླ་བྲང་གི་བདག་དབང་ལ་རྩོད་ལེན་བྱེད་བཞིན་པ་ནི་བོད་དང་བོད་མི་ཙམ་མ་ཟད་འཛམ་གླིང་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་རྒྱལ་ཁབ་ཚོའི་ཐོག་དོ་དམ་སྟངས་འཛིན་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་ཅེས་བརྗོད་འདུག

རྒྱ་གར་གྱིས་སླར་ཡང་རྒྱ་ནག་གི་མཉེན་ཆས་༤༣ བཀག་སྡོམ་གནང་འདུག

བརྡ་འཕྲིན་འཕྲུལ་ལས་ཁང་གི་སྐུ་ཞབས་ Aditya Narang ལགས་ཀྱིས་ཀྱང་། རྒྱ་ནག་གི་མཉེན་ཆས་དེ་དག་བཀག་སྡོམ་བྱས་པར་རྒྱབ་སྐྱོར་ཡོད་ལུགས་དང་འབྲེལ་ནས། རྒྱ་ནག་གི་མཉེན་ཆས་དེ་དག་བརྒྱུད་དོ་བདག་གིས་ཤེས་རྟོག་མེད་པའི་ཐོག་ནས་མི་སྒེར་གྱི་གསང་བའི་གནད་དོན་མང་པོ་ཞིག་སྐུ་འཁྱེར་བྱེད་ཀྱི་ཡོད་པར་མངོན་གསལ་གནང་འདུག

Latest news