Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

པདྨ་མཁའ་འགྲོ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་དང་ས་མཚམས་ཆགས་ཡོད་པ་གསུངས་འདུག

རྒྱ་གར་བྱང་ཤར་ཁུལ་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་རྒྱ་ནག་གཞུང་ནས་མངའ་སྡེ་དེ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་གྱི་ཆ་ཤས་ཤིག་ཡིན་སྟབས་ས་ཆའི་བདག་དབང་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་བཞིན་པ་དེ་ནི་རྒྱལ་རབས་ལོ་རྒྱུས་ཐོག་ནས་བདེན་པ་མིན་པ་དང་ལྷག་པར་དུ་མངའ་སྡེ་དེ་དེ་སྔ་ནས་བོད་དང་ས་མཚམས་ཆགས་པ་མ་གཏོགས་རྒྱ་ནག་དང་ས་མཚམས་ཆགས་ཀྱི་མེད་ཅེས་གསུངས་འདུགཁ་སང་སྤྱི་ཁྱབ་བློན་ཆེན་མཆོག་ནས་རྒྱ་གར་གྱི་ The New Indian Express ཞེས་པའི་གསར་ཁང་གི་བཅར་འདྲིའི་ལས་རིམ་ཐོག་ད་ལྟའི་ཆར་རྒྱ་གར་དབུས་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཞེས་གསུངས་ཡོད་ཀྱང་། དོན་ངོ་མའི་ཐོག་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་དང་ས་མཚམས་ཆགས་པ་མ་གཏོགས་རྒྱ་ནག་དང་ས་མཚམས་ཆགས་ཀྱི་མེད་ཅེས་གསུངས་པ་དང་ཆབས་ཅིག བོད་འདི་ད་ལྟའི་ཆར་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་གནད་དོན་འདི་ནི་རྒྱལ་སྤྱིའི་ངོས་ནས་ཤེས་བཞིན་པའི་གནད་དོན་ཞིག་རེད་ཅེས་གསུངས་འདུག སྤྱི་ཁྱབ་བློན་ཆེན་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དང་བོད་གཉིས་ཀྱི་དབར་ས་ཁྱོན་རིང་ཚད་ཀི་ལོ་མི་ཀྲར་ ༡༡༠༠ ལྷག་གི་ས་མཚམས་ཡོད་པ་དངོས་འབྲེལ་ཡིན་ཀྱང་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་བཞིན་པ་དེས་ད་བར་མངའ་སྡེའི་འཛུགས་སྐྲུན་གྱི་ལས་གཞི་མང་པོ་ཞིག་ལ་དོ་ཕོག་བཏང་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་དངུལ་ཁང་ཆེན་མོ་དང་ཨེ་ཤ་ཡའི་འཛུགས་སྐྲུན་དངུལ་ཁང་སོགས་རྒྱལ་སྤྱིའི་བསྟི་གནས་ཁག་ནས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་ཁག་ལ་གཞིགས་ཏེ་མ་དངུལ་སོགས་ཀྱི་རོགས་རམ་གནང་གི་མེད་པར་འགྲེལ་བརྗོད་གནང་འདུགསྐུ་ཞབས་མཆོག་གིས་རྒྱ་གར་དབུས་གཞུང་དང་བཀའ་བསྡུར་གནང་མུས་ཡིན་པར་མ་ཟད་ད་ཆར་ཁུལ་དེར་རྒྱ་ལམ་གསར་རྒྱག་གི་ལས་གཞི་ཁག་ཚགས་ཚུད་ངང་འགྲོ་བཞིན་པ་དང་། མ་འོངས་པར་ཨ་རུ་ནཱ་ཅལ་མངའ་སྡེ་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དབར་མཐུད་འཆར་ཡོད་པའི་རྒྱ་ལམ་གསར་པ་ཞིག་དང་གཞན་ཡང་ལས་གཞི་ཁག་ཅིག་གི་ཐོག་གྲ་སྒྲིག་གནང་མུས་ཡིན་པར་གསུངས་འདུག གཞི་རྩའི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་ད་རེས་ཙམ་མ་ཟད་ཟླ་ཤས་གོང་དུ་བོད་དང་མོན་རྟ་དབང་གཉིས་ཀྱི་ས་མཚམས་ས་ཁུལ་དུ་ཆགས་པའི་འབུམ་སྡེ་ལ་ཞེས་པའི་ས་གནས་སུ་དེ་སྔ་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་དང་རྒྱ་ནག་དབར་དམག་འཁྲུག་སྐབས་འདས་གྲོང་སུ་གྱུར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་རྗེས་དྲན་གྱི་མྱ་ངན་གུས་འདུད་ཞུ་རྒྱུའི་མཛད་རིམ་ཐོག་གསུང་བཤད་གནང་སྐབས་སུ་ད་ལྟའི་རྒྱ་གར་གྱི་གནས་སྟངས་འདི་ནི་དེ་སྔ་ ༡༩༦༢ ལོའི་གནས་སྟངས་དང་མི་འདྲ་བ་ཞིག་ཆགས་ཡོད་པར་མ་ཟད། མངའ་སྡེའི་མང་ཚོགས་དང་རྒྱ་གར་གྱི་དམག་མི་རྣམས་ནས་རྒྱ་ནག་གི་མངའ་སྡེའི་ས་ཆའི་བདག་དབང་ཐོག་རྩོད་ལེན་ཇི་ཙམ་བྱེད་ཀྱི་ཡོད་ཀྱང་ཕྱིར་བཤོལ་ནམ་ཡང་གནང་གི་མ་རེད་ཅེས་ནན་པོ་གསུངས་ཡོད་པ་རེད།

ངོ་དེབ་བརྒྱུད་ནས་ལྷག་དཀར་སྲུང་བརྩིའི་ལས་འགུལ་གཉེར་བ།

སྤྱི་ཚོགས་དྲ་ལམ་དར་ཁྱབ་དང་ཤུགས་རྐྱེན་ཆེ་བའི་དུས་སྐབས་དང་བསྟུན་དབྱིན་ཡུལ་བོད་རིགས་ཚོགས་པས་གཞིས་བཞུགས་བོད་མི་ཚོས་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་བཅས་པ་སྲུང་སྐྱོབ་གནང་སླད་འཚེ་མེད་ཞི་བའི་ཐབས་བྱུས་ལྡན་པའི་ངང་རྒྱ་གཞུང་ལ་གདོང་ལེན་གྱི་ལས་འགུལ་སྣ་མང་སྤེལ་བཞིན་པའི་༸རྒྱལ་བའི་༸སྐུའི་བླ་གཟའ་སྟེ་ལྷག་དཀར་གྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་འབྲེལ་ཏེ་སྤྱི་ཚོགས་དྲ་ལམ་བརྒྱུད་ལྷག་དཀར་གྱི་ལེ་ཚན་ཞེས་པའི་ལས་འགུལ་སྤེལ་དབུ་འཛུགས་གནང་ཡོད་པ་རེད། དབྱིན་ཡུལ་བོད་རིགས་ཚོགས་པའི་རིག་གཞུང་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་དྲ་ཐོག་ནས་ཟླ་རེ་རེའི་རེས་གཟའ་ལྷག་པར་ལྷག་དཀར་ལེ་ཚན་ཞེས་པའི་གནང་སྒོ་འདི་ནི་གཙོ་བོ་དབྱིན་ཡུལ་བོད་རིགས་ཚོགས་པས་རང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བོད་པའི་གླུ་བ་དང་རིག་རྩལ་འདྲ་མིན་ཤེས་མཁན་གྱི་སྒྱུ་རྩལ་བ་ཚོར་རང་ཉིད་ཀྱི་ཐུན་མིན་རིག་རྩལ་ངོམ་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ་དང་བོད་དོན་ཆབ་སྲིད་ལས་འགུལ་བ། སྤྱི་ཚོགས་ལ་སྨན་པའི་གཞན་ཕན་གྱི་དང་བླངས་ཞབས་ཞུའི་ལས་དོན་གཉེར་མཁན་སོགས་ལས་རིགས་དང་འཚོ་བའི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ངོ་སྤྲོད་གནང་བ་བརྒྱུད་ནས་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་པའི་མང་ཚོགས་དག་ལ་མིག་ལྟོས་དང་ཀུན་སློང་སྤེལ་བར་ཆེད་དམིགས་ཀྱིས་གོ་སྒྲིག་གནང་བ་ཞི་ཡིན་པར་གསུངས་སོང་།དབྱིན་ཡུལ་བོད་རིགས་ཚོག་ས་པའི་ངོས་ནས་ཐེངས་འདིའི་དྲ་ཐོག་གི་ལྷག་དཀར་ལེ་ཚན་དེ་ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན་ཐོག་མར་དབྱིན་ཡུལ་དུ་གནས་འཁོད་བོད་རིགས་སྒྱུ་རྩལ་བ་ཚོར་གོ་སྐབས་གནང་བའི་ཐོག་ནས་དབུ་འཛུགས་གནང་འདུག་ཅིང། རིམ་བཞིན་རྒྱ་བལ་འབྲུག་གསུམ་དང་ཕྱིའི་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་སྒྱུ་རྩལ་བ་ཚོ་མགྲོན་འབོད་གནང་རྒྱུ་རེད་འདུག སྐབས་དེའི་ལྷག་དཀར་ལེ་ཚན་ཐོག་མའི་ནང་དབྱིན་ཡུལ་ཏུ་གནས་སྡོད་ལོ་ཆུང་བོུ་བསྟན་འཛིན་ཆོས་ཉིད་ལགས་དང་བསྟན་འཛིན་ཆོས་སྐྱིད་ལགས་གཅེན་གཅུང་གཉིས་ཀྱིས་དྲ་ཐོག་བརྒྱུད་ཆེས་ཐོག་མའི་མཉམ་ཞུགས་ཀྱིས་མང་ཚོགས་ལ་བོད་ཀྱི་རོལ་ཆ་དང་ལྷན་དུ་བོད་གཞས་འདྲ་མིན་ཕྱོགས་སྒྲིག་ཞུས་པ་ཞིག་གཟིགས་འབུལ་ཞུས་ཡོད་པ་ལྟར་མང་ཚོགས་ཁྲོད་ནས་དྲ་ཐོག་གི་ལྷག་དཀར་ལས་འགུལ་དེར་དགའ་བསུ་དང་བསྔགས་བརྗོད། དེ་བཞིན་གསན་གཟིགས་དང་དགའ་རྟགས་གནང་མཁན་དུ་མ་བྱུང་ཡོད་པ་རེད། རྩ་བའི་དབྱིན་ཡུལ་བོད་རིགས་ཚོགས་པའི་ཁྱབ་ཁོངས་ལ་བོད་རིགས་ཁྱོན་ ༡༢༠༠ ཙམ་ཡོད་པ་དང་བོད་རིགས་ཚོགས་པས་དྲ་ཐོག་བརྒྱུད་༸རྒྱལ་བའི་༸སྐུའི་བླ་གཟའ་སྲུང་བརྩི་ཞུ་སླད་ལྷག་དཀར་ལས་འགུལ་སྤེལ་བ་འདི་ཆེས་ཐོག་མ་མིན་པར་རྣམ་ཀུན་ནས་རེས་གཟའ་ལྷག་པར་ཉིན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་བོད་དོན་ཞི་བའི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་གྱི་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནད་དོན་ཆེས་ཐོག་མ་བྱུང་བ།

འདི་ལོ་རྒྱན་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་སུ་མི་རྒྱུ་གཉིས་ཀར་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་ཁྲོད་འདིར་རྒྱ་གར་གྱིས་གཙོས་པའི་རྒྱལ་ཁབ་ཕལ་མོ་ཆེར་ཐེམ་སྤང་གི་བཀའ་རྒྱ་སོགས་གནང་ཡོད་པ་ལྟར་དེང་སྐབས་རྒྱ་གར་ནང་དུ་ཐེམ་སྤང་གུ་ཡངས་ཀྱི་རིམ་པ་ལྔ་པ་ཡོངས་ཁྱབ་གནང་བ་དང་སྦྲགས། མངའ་སྡེ་ཕན་ཚུན་ནང་སྔར་བཞིན་འགྲུལ་སྐྱོད་སོགས་གནང་མུས་ཡིན་པ་ལྟར། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་གནས་ཚུལ་དེ་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཁྲོད་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ནང་གི་སྲི་ཞུ་བའི་ཁོངས་ནས་སྲི་ཞུ་བ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཆེས་ཐོག་མ་ཐོན་ཡོད་པ་རེད།དེ་རིང་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསར་འགོད་པས་བཅར་འདྲི་ཞུས་པ་དང་འབྲེལ་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ནང་གི་སྲི་ཞུ་བའི་ཁོངས་ནས་སྲི་ཞུ་བ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་དོན་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་པའི་སྲི་ཞུ་བ་གཅིག་དང་ལས་ཁུངས་སུ་ཕྱག་ལས་གནང་བཞིན་པའི་ལས་བྱེད་གཅིག་བཅས་གཉན་རིམས་ཕོག་པའི་སྲི་ཞུ་བ་གཉིས་ཐོན་ཡོད་པ་གསུངས་སོང་།དེའི་ཁོངས་ནས་སྲི་ཞུ་བ་གཅིག་ལས་འབྲེལ་རྐྱེན་གྱིས་ལྷན་ཁང་མང་དག་ཅིག་ཏུ་བཅར་ནས་ཕྱག་ལས་གནང་ཡོད་སྐོར་དང་འབྲེལ། ཁ་སང་སྲི་ཞུ་བ་དེར་གཉན་རིམས་ཕོག་པ་ར་འཕྲོད་བྱུང་མ་ཐག་ཏུ་ཁོང་དང་འབྲེལ་བ་བྱུང་བ་ཚང་མའི་ཐོ་གཞུང་བཞེས་སྐབས་ཁྱོན་མི་ ༨༨ ཙམ་དང་འབྲེལ་བ་བྱུང་ཡོད་པ་ལྟར་དེ་དག་འཕྲལ་མར་ཟུར་འཇོག་གནང་རྒྱུའི་ལམ་སྟོན་གནང་ཡོད་པར་མ་ཟད། ཉིན་ཤས་རྗེས་དེ་དག་ཚང་མར་བརྟག་དཔྱད་གནང་རྒྱུ་ཡིན་པ་སོགས་ཞིབ་རྒྱས་ངོ་སྤྲོད་གནང་སོང་།དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱིས་བཀའ་ཤག་ལ་དེ་རིང་དང་སང་ཉིན་བཅས་ལས་སེང་བཞག་སྟེ་ལས་ཁུངས་ཁག་གཙང་བཟོ་གནང་རྒྱུའི་དགོངས་འཆར་ཕུལ་དོན་བཞིན་བཀའ་འཁྲོལ་ཐོབ་ཡོད་པ་དང་། ད་ལྟའི་ཆར་རྗེས་སུ་ཕྱག་ལས་ཇི་ལྟར་གནང་དགོས་པའི་ཐོག་བཀའ་ཤག་དང་བཀའ་བསྡུར་གནང་མུས་ཡིན་པ་གསུངས་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ད་དུང་ཉེ་ཆར་བཞུགས་སྒར་དུ་གནས་སྡོད་བོད་ཁྱིམ་གྱི་སློབ་མ་ཞིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནད་དོན་དང་འབྲེལ་ཏེ་གསུངས་པར་དེང་སྐབས་རྒྱ་གར་ནང་ ཐེང་སྤང་གུ་ཡངས་ཀྱི་རིམ་པ་ལྔ་པ་ཡོངས་ཁྱབ་གནང་དོན་ལྟར་དྷ་སར་ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་པ་ཕོན་ཆེ་ཞིག་ཡོང་བཞིན་ཡོད་སྟབས། ཚང་མས་མུ་མཐུད་སྔོན་འགོག་གྱི་གནང་སྒོ་ཁག་འཐུས་ཤོར་མེད་པ་གནང་སྐྱོང་ཡོང་བའི་གཞེན་སྐུལ་བསྐྱར་ནན་གནང་ཡོད།རྩ་བའི་ཉེ་ཆར་རྒྱ་གར་གཞུང་གིས་ཐེམ་སྤང་གུ་ཡངས་ཀྱི་རིམ་པ་ལྔ་པ་ཡོངས་ཁྱབ་གནང་བ་དང་འབྲེལ། བོད་ཁྱིམ་སློབ་གྲྭ་ཁག་ཅིག་གིས་འཛིན་རིམ་ ༡༠ དང་ ༡༢ གཉིས་ཀྱི་སློབ་ཕྲུག་རྣམས་སློབ་གྲྭར་ཕྱིར་བསྐོང་ཡོད་པ་དང་འབྲེལ། འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་རྗེས་བརྟག་དཔྱད་གནང་འབྲས་སུ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ དགེ་ལས་སློབ་ཕྲུག་ ༩༩ ལ་རིམས་ནད་དེ་ཕོག་ཡོད་པ་དང་དེ་བཞིན་ཅོན་ཏཱ་ར་བོད་ཕྲུག་ཁྱིམ་སྡེ་ནང་དགེ་ལས་སློབ་ཕྲུག་ ༦ ལ་རིམས་ནད་དེ་ཕོག་ཡོད་ཀྱང་ཁོང་རྣམ་པར་དམིགས་བསལ་གྱི་ནད་རྟགས་གང་ཡང་མེད་པ་རེད།ཧི་མ་ཅཱལ་མངའ་སྡེས་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་རྐྱེན་གྱིས་སླར་ཡང་སློབ་གྲྭ་དང་ཤེས་ཡོན་གྱི་སྡེ་ཁག་ཕྱིར་བཤོལ་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད།

༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་པར་རིས་ཀྱི་ཕྱག་དེབ་གསར་ཐོན།

བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་གིས་ལོ་ངོ་ལྔ་བཅུ་ལྷག་ལ་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་བའི་ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས།  པར་རིས་བཞི་སྟོང་ལྷག་ཡོད་པའི་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་པར་རིས་ཀྱི་ཕྱག་དེབ་གསར་བ་ཞིག་བྲིས་ཏེ། ཁ་སང་ཟླ་བ་ ༡༡ པའི་ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Roli Books དཔེ་སྐྲུན་ཁང་བརྒྱུད་ནས་དཔེ་དེབ་དེ་དབུ་འབྱེད་གནང་འདུག

ཐེ་ཝན་རིག་གཞུང་ལྷན་ཁང་གིས་བོད་ཀྱི་རིག་གཞུང་སྐོར་བགྲོ་གླེང་སྐོང་ཚོགས་གནང་བ།

ཟླ་བ་འདིའི་ཚེས་ ༡༤ ཉིན་ཐེ་ཝན་རིག་གཞུང་ལྷན་ཁང་གིས་གཙོ་གཉེར་ཐོག་བོད་སོག་རིག་གཞུང་འགྲེམས་སྟོན་ཁང་ནང་བོད་ཀྱི་རིག་གཞུང་འཕེལ་རྒྱས་དང་གསར་སྐྲུན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གནའ་བོའི་བོད་ཀྱི་ཁྲིམས་ལུགས་ནང་མི་སྟོང་འཇལ་བ་དང་མནའ་སྐྱེལ་ལམ་སྲོལ་ལས་ནང་ཆོས་ཀྱི་ཤུགས་རྐྱེན་ཇི་ལྟར་ཡོད་མེད་དང་འབྲེལ་བའི་དཔེ་མཚོན་དང་སྦྲགས་ཏེ་གསུང་བཤད་གནང་འདུགཉིན་གཅིག་གི་བགྲོ་གླེང་ཚོགས་འདུ་འདི་ཚོགས་ཐེངས་ཁག་གསུམ་ལ་ཆ་བགོས་གནང་སྟེ། བོད་ཀྱི་རིག་གཞུང་ཐོག་རྒྱུས་མངའ་ཆེ་བའི་མཁས་དབང་དང་ཆེད་ལས་མི་སྣ་ཁག་ཅིག་གིས་གནའ་བོའི་བོད་ཀྱི་ཁྲིམས་ལུགས་དང་། བོད་ཀྱི་འཁྲབ་གཞས། བོད་ཀྱི་སྲོལ་རྒྱུན་རི་མོའི་སྐོར་གཙོས་པའི་བོད་ཀྱི་སྒྱུ་རྩལ་སོགས་ཀྱི་ཐོག་མི་གྲངས་བརྒྱད་ཀྱིས་དཔྱད་རྩོམ་སྒྲོགས་སྦྱང་དང་། དེ་བཞིན་དབྱེ་ཞིབ་དཔྱད་གླེང་བ་མི་གྲངས་བརྒྱད་པོས་རྩོམ་ཡིག་དང་འབྲེལ་བའི་གསུང་བཤད་གནང་བར་མ་ཟད། ཚོགས་ཞུགས་པའི་ཁོངས་ནས་དགོངས་འདྲི་གནང་ཁག་ལ་བཀའ་ལན་བཅས་ཀྱི་ལས་རིམ་ཞིག་གཉེར་འདུག སྐབས་དེར་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གནའ་བོའི་བོད་ཀྱི་ཁྲིམས་ལུགས་ནང་མི་སྟོང་འཇལ་བ་དང་མནའ་སྐྱེལ་ལམ་སྲོལ་ལས་ནང་ཆོས་ཀྱི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་ལོ་རྒྱུས་ཡིག་ཆ་དང་ཆོས་འབྱུང་ཁག་ལ་གཞི་བཅོལ་ཏེ་གནའ་བོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྲིམས་ལུགས་ཀྱི་ཕྱག་བསྟར་ནང་ཉེས་ཁྲིམས་ཐག་གཅོད་གནང་སྟངས་ཐོག་ནང་ཆོས་ཀྱི་ཤུགས་རྐྱེན་ཇི་ལྟར་ཡོད་མེད་དང་འབྲེལ་བའི་དཔེ་མཚོན་དང་སྦྲགས་ཏེ་ངོ་སྤྲོད་གནང་འདུག་པ་དང་། ལྷག་དོན་ཁོང་གིས་ཐེངས་འདིའི་བརྗོད་གཞི་དེ་དག་ནི་ཐེ་ཝན་ནང་ཧ་ལམ་དཔྱད་རྩོམ་སྤེལ་མཁན་དང་གསུང་བཤད་གནང་མཁན་མེད་པ་ལྟ་བུའི་དཀོན་གནས་ལས་མ་འདས་ཀྱང་། བོད་ཀྱི་རིག་གཞུང་སྐོར་བགྲོ་གླེང་སྐོང་ཚོགས་གནང་བ་འདི་བརྒྱུད་ནས་བོད་ཀྱི་ལེགས་བྱང་དང་བོད་བརྒྱུད་ནང་བསྟན་ཐོག་ལ་ཤེས་བྱ་གསར་པ་ཤེས་རྟོགས་ཐུབ་པར་ཐུགས་ཕན་གསོས་ངེས་ཡིན་པ་སོགས་གསུང་བཤད་གནང་འདུགགཞི་རྩའི་བོད་སོག་རིག་གཞུང་འགྲེམས་སྟོན་ཁང་གིས་གཙོ་བོ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་འགུལ་མང་དག་ཅིག་གོ་སྒྲིག་གནང་མྱོང་ཡོད་ཅིང་། འགྲེམས་སྟོན་གྱི་ལམ་ནས་བོད་མིའི་རིག་གཞུང་ངོ་སྤྲོད་དང་། སློབ་འབྲིང་དང་མཐོ་སློབ་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ཆུ་ཚད་ལ་གཞིགས་པའི་བགྲོ་གླེང་གོ་སྒྲིག་གནང་བར་མ་ཟད། ཐེངས་འདིའི་བགྲོ་གླེང་ནི་ཆེད་ལས་ཀྱི་རིག་གཞུང་བགྲོ་གླེང་ཞིག་ཆགས་ཀྱི་ཡོད་པ་རེད།

འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཕྱིར་སླར་ཡང་གོ་སྐབས་གཉིས་པ་གནང་བ།

དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་ཉིད་གྲངས་ ༤༥ དང་དེ་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ པའི་དགོངས་དོན་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་འོས་འཕེན་པའི་མིང་ཐོ་སྣོན་འཕྲི་གནང་རྒྱུ་བཅས་ཀྱི་དུས་ཚོད་གནང་དོན་ལྟར་འདས་པའི་དུས་ཡུན་དེའི་རིང་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༢༦ ནས་སྲི་སྤྱི་གཉིས་ཀྱི་འོས་འཕེན་པའི་དེབ་སྐྱེལ་གནང་མཁན་ ༧༩༦༩༧ ལས་བྱུང་མེད་པ་དང་འབྲེལ་ཏེ་སླར་དེབ་འགོད་གནང་རྒྱུའི་གོ་སྐབས་གཉིས་པ་ཞིག་གནང་སོང་།དེ་རིང་ཟླ་ ༡༡ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་ཚོུད་ ༣༌༠༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས་དང་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་གཉིས་དབུ་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། དབུས་འོས་བསྡུ་ལས་ཁང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་རྒྱུའི་དུས་ཚོད་གནང་བ་བཞིན་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྒྱ་གར་གཙོས་ཕྱི་རྒྱལ་ཁག་ ༢༦ ནང་ཡོད་པའི་ས་གནས་འོས་བསྡུ་ལས་ཁང་ ༥༨ ནས་འོས་འཕེན་པའི་མིང་གཞུང་དེབ་འགོད་དང་འབྲེལ་བའི་ལས་གཞི་གཙང་སྒྲིལ་ཟིན་ནས་ད་བར་རྒྱ་གར་ནང་ཁྱོན་བསྡོམས་འོས་འཕེན་པའི་གྲངས་ ༥༥༦༨༣ དང་ཕྱི་རྒྱལ་ཁག་ནང་འོས་འཕེན་པའི་གྲངས་ ༢༤༠༡༤ བཅས་ཁྱོན་བཙན་བྱོལ་ནང་སྲིད་སྤྱི་གཉིས་ཀྱི་འོས་འཕེན་པའི་དེབ་སྐྱེལ་གནང་མཁན་ ༧༩༦༩༧ བྱུང་ཡོད་པ་གསུངས་སོང་། ད་ལྟའི་ཆར་འོས་འཕེན་པའི་དེབ་སྐྱེལ་གནང་མཁན་ ༧༩༦༩༧ བྱུང་བ་དེ་ནི་དེ་སྔ་ ༢༠༡༦ ལོའི་འོས་བསྡུ་ཆེན་མོའི་སྐབས་སུ་དེབ་སྐྱེལ་བྱུང་བ་དང་བསྡུར་ཚེ་ ༡༠༨༨༠ ཉུང་བ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་ཉེ་ལམ་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་འོས་བསྡུའི་ཟབ་སྦྱོང་ཕུལ་སྐབས་ས་གནས་མང་དག་ཅིག་ནས་དགོངས་འཆར་བྱུང་བ་ལྟར་དབུས་འོས་བསྡུ་ལས་ཁང་གིས་དགོངས་པ་ཆེ་བཞེས་ཐོག་སླར་ཡང་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡༢ ཕྱི་ཚེས་ ༢༣ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་མིང་གཞུང་དེབ་འགོད་གནང་རྒྱུའི་གོ་སྐབས་གཉིས་པ་ཞིག་གནང་སོང་བ་དང་། གོང་ཚེས་རྗེས་ཀྱི་འོས་འཕེན་པ་རང་ལོ་ ༡༨ ཧྲིལ་པོ་གསར་དུ་ལོན་རིགས་རྣམས་ ༢༠༢༡ ཕྱི་ཟླ་ ༡ ཚེས་ ༢ བར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཙན་ ༡༨ ནང་གསེས་ ༣ པའི་༼ག༽ པ་གཞིར་བཟུང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཆོག་པ་གསུངས་ཡོད།  རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སྐབས་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་གནང་མཁན་ ༨༣༩༩༠ དང་། ༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སྐབས་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གནང་མཁན་ ༩༠༣༧༧ བྱུང་ཡོད། གསར་འགོད་ལྷན་ཚོགས་ཐོག་ཉེ་ལམ་ཨ་རིར་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་Youtube དྲ་ལམ་བརྒྱུད་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་འདེམས་ཀྱི་སྐོར་ལ་བསམ་གཞིགས་གནང་བ་ཞེས་པའི་བཀའ་མོལ་ནང་དེ་སྔ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་རང་བཙན་འཐབ་རྩོད་པ་རྣམས་བྱུས་གཏོགས་མེད་པ་དང་། དབུ་མའི་ལམ་ཁོ་རང་ཚོ་རང་འཁུར་རང་སིམ་ལྟ་བུར་གནང་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་སྐབས་དེའི་འོས་བསྡུའི་བརྒྱུད་རིམ་སྐབས་ཀྱི་ཐག་གཅོད་ཁག་འགྲེལ་བརྗོད་གནང་བ་དང་སྦྲགས། འཇམ་དབྱངས་ནོར་བུ་ལགས་ཀྱི་བཀའ་མོལ་དེ་ནི་ཧ་ཅང་གི་ཐལ་ཆའི་བཀའ་མོལ་ཞིག་ཡིན་པ་དང་། དབུས་འོས་བསྡུ་ལས་ཁང་འདི་ནི་འོས་བསྡུའི་ལས་རིམ་གནང་རྒྱུ་ལས་ལྟ་བ་དང་ལངས་ཕྱོགས་སོགས་གང་ཡིན་གྱི་གནས་སྟངས་ལ་རྩ་བ་ནས་གཟིགས་ཀྱི་མེད་པར་གསུངས་སོང་། འཇམ་དབྱངས་ནོར་བུ་ལགས་ནས་ཐེངས་འདིའི་འོས་བསྡུའི་སྐབས་བོད་ཀྱི་རྒྱལ་དར་སྤྱོད་མི་ཆོག་པ་བཟོས་པ་དེ་ནི་རྒྱལ་ཁབ་ཅིག་གི་འོས་འདེམས་མིན་པར་བཙན་བྱོལ་གྱི་བདེ་དོན་ཚོགས་པ་ཞིག་གི་འགོ་ཁྲིད་འདེམས་རྒྱུ་ཡིན་ནམ་གང་ཡིན་ཞེས་གསུངས་པར་གསལ་བཤད་གནང་ཡོད། རྩ་བའི་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ ༢༠༢༡ ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་དང་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་ཕྱི་ཟླ་ ༤ ཚེས་ ༡༡ བཅས་སུ་གནང་གཏན་འཁེལ་ཡོད་པ་དང་དབུས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་སུ་རྒྱ་གར་གཙོས་ཕྱི་རྒྱལ་ཁག་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ ནས་དེའི་ཐོག་གྲ་སྒྲིག་གནང་མུས་ཡིན་པ་རེད།

རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐོར་སྙན་ཐོ་འདོན་སྤེལ་དགོས་པའི་དགོས་འདུན།

རྒྱ་ནག་གཞུང་གིས་བོད་མི་གཙོས་ཡུ་གུར་གྱི་ཁ་ཆེ་མི་རིགས་དང་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ཐད་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་ཁྲོད་འདིར་སུད་སི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་སུད་སི་གཞུང་ལ་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐོར་གྱི་སྙན་ཐོ་ཞིག་གྲོས་ཚོགས་སུ་གནང་དགོས་པའི་དགོས་འདུན་ཆེད་འདོན་གནང་འདུག ཁ་སང་བརྒྱུད་ལམ་ཁག་ནས་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། ད་ཆ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ལོ་རེར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་སུད་སི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སུད་སི་གཞུང་ལ་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་གནང་བ་དེ་དག་གི་ཤུགས་རྐྱེན་དང་དེ་བཞིན་སུད་སིར་གནས་བཞུགས་བོད་མི་རྣམས་ཀྱི་གནས་སྟངས་སྐོར་སྙན་ཐོ་ཞིག་གྲོས་ཚོགས་སུ་གནང་དགོས་པའི་བཀོད་ཁྱབ་བཏང་འདུག ད་རེས་སུད་སི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་སུད་སི་གཞུང་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དེ་བཞིན་སུད་སི་ནང་གནས་བཞུགས་བོད་མི་རྣམས་ཀྱི་གནས་སྟངས་ཐད་སྙན་ཐོ་གནང་དགོས་པའི་བཀའ་ཁྱབ་བཏང་བ་དེ་ནི་ཟླ་ ༡༡ ཚེས་ ༩ ཉིན་ཐག་གཅོད་གནང་བ་ཞིག་དང་ཐག་གཅོད་དེ་ཡང་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་ Society for Threatened People ཞེས་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་དང་།  Swiss Tibetan Friendship Association  ཞེས་སུད་བོད་མཐུན་གྲོགས་ཚོགས་པ་གཉིས་ཀྱིས་སུད་སི་གཞུང་ནས་རྒྱ་ནག་དང་ལྷན་དུ་གྲོས་མོལ་སྐབས་ངེས་པར་དུ་བོད་ཀྱི་གནད་དོན་གླེང་དགོས་པའི་དོན་ཚན་ཁག་ཅིག་འཁོད་པའི་ཞུ་སྙན་ཕུལ་ཡོད་པ་དེའི་ཐད་བཀའ་བསྡུར་གནང་བ་ཞིག་ཆགས་ཡོད། སྤྱིར་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༩ པའི་ནང་སུད་སི་མི་སེར་ ༡༡༠༠༠ ལྷག་གིས་མཚན་རྟགས་འཁོད་པའི་ཞུ་སྙན་དེའི་ཐོག་སུད་སི་གཞུང་ནས་ཁུལ་དེར་གནས་བཞུགས་བོད་མི་རྣམས་ཀྱི་གནས་བབ་སྲུང་སྐྱོབ་དང་ཕྱི་སྐྱོད་ལག་འཁྱེར་དགོས་རིགས་ལ་དེ་འབྲེལ་ཕུལ་བར་མ་ཟད། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཁག་ལ་གུས་རྩི། སུད་སིར་གནས་བཞུགས་བོད་མི་རྣམས་རྒྱ་ནག་གི་སོ་མྱུལ་ལས་སྐྱོབ་དགོས་སྐོར་གྱི་དགོས་འདུན་ཁག་ཅིག་ཆེད་འདོན་གནང་ཡོད་པ་རེད། དེ་དོན་སུད་སི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Nicolas Walder ལགས་ཀྱིས་ཉེ་ལམ་མཇུག་སྒྲིལ་ཟིན་པའི་ ༢༠༢༠ ལོའི་ཇི་ནི་ཝའི་གླེང་སྟེགས་ཐོག་ང་ཚོས་སུད་སི་གཞུང་ལ་ལོ་ངོ་བཅུ་ཕྲག་ཁ་ཤས་ནས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གྲོས་མོལ་བྱུང་བ་དེ་དག་གི་མཇུག་འབྲས་གང་བྱུང་མིན་གྱི་སྙན་ཐོ་དགོས་ཞེས་དགོས་འདུན་ཆེད་འདོན་གནང་ཡོད་པ་དེ་ལྟར་ཡང་། ད་ཆ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཡུལ་ལུང་དག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་དུ་འགྲོ་ཡོད་པར་གསུངས་འདུག  འོན་ཀྱང་ད་ལན་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སུད་སི་གཞུང་ལ་དེ་འབྲེལ་གྱི་སྙན་ཐོ་འབུལ་ལམ་ཞུ་དགོས་པའི་དགོས་འདུན་གནང་བ་དེས་ང་ཚོའི་ངོས་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ཐད་ཕྱི་གསལ་ནང་གསལ་ཐོག་ནས་བཀའ་བསྡུར་གནང་ཐུབ་རྒྱུ་ཡིན་པ་གསུངས་འདུག ད་ལན་སུད་སིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་འདོན་སྤེལ་གནང་བའི་དགོས་འདུན་གཉིས་པོ་དེའི་ཐོག་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ནང་གྲོས་ཚོགས་སུ་གོ་བསྡུར་གནང་རྒྱུ་ཡིན་པ་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་ད་རེས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་རླབས་ཆེན་གྱི་མཛད་རྗེས་དེ་ཡང་ཚོགས་པ་ཁག་དང་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱག་ལས་གནང་ཁག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས་ཁོང་ཚོར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། སླད་མར་ཡང་མུ་མཐུད་དེ་འབྲེལ་ཕྱག་ལས་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་འདུག

རྒྱ་གཞུང་ནས་ཆོས་དད་པ་རྣམས་དམར་ཤོག་ཅན་དུ་བཟོ་རྒྱུའི་སྲིད་བྱུས་འཕྲལ་མར་མཚམས་འཇོག

༢༠༢༠ ལོའི་ཇི་ནི་ཝའི་གླེང་སྟེགས་མཇུག་སྒྲིལ་དང་འབྲེལ་རྒྱ་ནག་གཞུང་ནས་དྲག་གནོན་དང་སྡུག་སྦྱོང་གཏོང་བཞིན་པའི་ཁུལ་དེའི་ནང་པ་དང་ཁ་ཆེ། ཡི་ཤུ། དེ་བཞིན་ཆོས་འཁོར་སྒོམ་སྒྲུབ་པ་བཅས་ཆོས་ཕྱོགས་ལ་དད་མོས་བྱེད་མཁན་རྣམས་བཙན་དབང་གིས་དམར་ཤོག་ཅན་དུ་བཟོ་ཐབས་བྱེད་བཞིན་པའི་སྲིད་བྱུས་འཕྲལ་མར་མཚམས་འཇོག་དགོས་ཞེས་གསུངས་སོང་།ཟླ་ ༡༡ ཚེས་ ༩ དང་ ༡༣ བར་ཉིན་གྲངས་ལྔའི་རིང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནས་སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཞུས་པའི་ཐོག་དྲ་ལམ་བརྒྱུད་གྲོས་ཚོགས་འཐུས་མི་དང་ཉམས་ཞིབ་པ། འགྲོ་བ་མིའི་ཐོབ་ཐང་སྲུབ་སྐྱོབ་པ། གསར་འགོད་པ། གཞུང་འབྲེལ་གནད་ཡོད་མི་སྣ་མགྲོན་འབོད་ཀྱིས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་འཛིན་པའི་སྲིད་བྱུས་དང་དེའི་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་ ༢༠༢༠ ལོའི་ཇི་ནི་ཝའི་གླེང་སྟེགས་སྐོང་ཚོགས་གནང་ཡོད་པ་རེད། ཕྱི་ཚེས་ ༡༣ ཉིན་གླེང་སྟེགས་འཇུག་སྒྲིལ་དང་འབྲེལ་ནས་ཐེངས་འདིའི་གླེང་སྟེགས་ཐོག་གཏམ་བཤད་གནང་མཁན་དང་འཛམ་གླིང་ཕྱོགས་མཐའ་ཁག་ནས་མཉམ་ཞུགས་གནང་མཁན་བཅས་བརྒྱུད་ནས་བསམ་ཚུལ་བསྡུ་ལེན་བྱས་པའི་སྤྱི་མོས་ཡོངས་ཁྱབ་སྤྱིར་བསྒྲགས་ཤིག་སྤེལ་སོང་བ་དང་། སྤྱིར་བསྒྲགས་དེ་ཡང་འཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ཀཱཡའི་ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་འབྲུ་དོན་ནང་གསལ་བའི་མང་ཚོགས་ཀྱི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་སྒོས་ཁུལ་དེའི་ནང་གི་ནང་པ་ཁ་ཆེ། ཡི་ཤུ། དེ་བཞིན་ཆོས་འཁོར་སྒོམ་སྒྲུབ་བཅས་ལ་དད་མོས་དང་ཉམས་ལེན་བྱེད་མཁན་ཐོག་དྲག་གནོན་དང་འཛིན་བཟུང་བཙོན་འཇུག དེ་བཞིན་དེ་དག་བཙན་དབང་གིས་རྒྱ་ནག་དམར་ཤོག་ཅན་དུ་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ཧ་ཅང་བློ་འཚབ་བྱ་ཡུལ་གྱི་གནད་དོན་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་མང་ཚོགས་ཀྱི་འདོད་མོས་དང་ཆོས་ཕྱོགས་ཀྱི་གནང་སྒོ་སྤྱི་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱིས་མཚོན་པའི་ཁུལ་དེའི་ནང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་དམར་ཤོག་གཞུང་གིས་བསྐོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་མང་ཚོགས་ཀྱི་གཞི་རྩའི་ཆོས་དད་རང་དབང་རྡོག་རོལ་བཏང་བ་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད།དེ་བཞིན་ཁོང་རྣམས་སྤྱིར་བསྒྲགས་འདི་བརྒྱུད་རྒྱ་ནག་གཞུང་ནས་ཆོས་དད་པ་རྣམས་ཀྱི་ཐོག་དྲག་གནོན་དང་སྡུག་སྦྱོང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་བྱས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་བ་བཞིན་རྒྱ་གཞུང་ནས་ཁུལ་དེའི་ནང་གི་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་དང་རང་རང་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རང་དབང་ཐོག་འོས་འདེམས་གནང་རྒྱུའི་ཐོབ་ཐང་སྤྲོད་དགོས་ཞེས་བརྗོད་འདུག དེ་བཞིན་གླེང་སྟེགས་འདི་བརྒྱུད་ཁོང་རྣམས་རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུས་པ་དང་སྦྲགས། རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཆོས་ལུགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་མཚོན་ཁུལ་དེའི་ཆོས་ལུགས་ཁག་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྒྱ་གཞུང་ནས་བསྐོ་བཞག་བྱེད་རྒྱུའི་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོག་ཡོང་ཆེད་མཉམ་རུབ་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། ལྷག་པར་དུ་ཉེ་སྔོན་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་ཚོགས་ཆུང་ཁག་ ༥༠ རེ་འདུན་ཆེད་འདོན་གནང་བ་བཞིན་རྒྱ་ནག་གི་མངའ་འོག་གི་མང་ཚོགས་ཀྱི་ཆོས་དད་རང་དབང་གི་གནས་བབ་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་ཐོག་ལྟ་སྲུང་བྱེད་མཁན་གྱི་དམིགས་བསལ་ཁྱད་ལས་ཚོགས་ཆུང་ནས་མཉམ་རུབ་གནང་སྟེ་བསྐོ་བཞག་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གླེང་སྟེགས་འདིའི་ཐོག་སྤེལ་བའི་ཡོངས་ཁྱབ་སྤྱིར་བསྒྲགས་དེ་རིང་མིན་འབྲེལ་ཡོད་གཞུང་ཚབ་ཁག་དང་གྲོས་ཚོགས་འཐུས་མི། དེ་བཞིན་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་ཚོགས་སྡེ་ཁག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པར་གསུངས་ཡོད།

ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཨིན་བསྒྱུར་ཕྱག་དེབ་དབུ་འབྱེད་མཛད་པ།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་ཨིན་བསྒྱུར་ཕྱག་དེབ་དབུ་འབྱེད་དང་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་།དེའང་དེ་རིང་ ཟླ་ ༡༡ ཚེས་ ༡༣ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་ཨིན་བསྒྱུར་ཕྱག་དེབ་དབུ་འབྱེད་མཛད་པ་དང་སྦྲགས། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཚན་རིག་ཀུན་བཏུས་ཀྱི་ཕྱག་དེབ་རྩོམ་སྒྲིག་གནང་གལ་ཐོག་ཐོག་མར་དགོངས་པ་ཇི་ལྟར་འཁྲུངས་ཚུལ་དང་འབྲེལ་བའི་ཐད་བཀའ་སྩལ་བར་རྒྱལ་སྤྱིའི་ཆོས་ལུགས་ཁག་གི་ལྟ་གྲུབ་གཅིག་པ་ཡིན་མིན་ལ་བལྟོས་མེད་གུས་བརྩི་མཛད་ཀྱི་ཡོད་པ་དང་། ཆོས་ལུགས་དེ་དག་གི་ཐུན་མོང་གི་བསླབ་བྱ་ནི་བྱམས་བརྩེ་དང་འབྲེལ་བའི་གཞན་ཕན་གྱི་བཟང་པོའི་ཡོན་ཏན་གོང་འཕེལ་གནང་རྒྱུ་གཅིག་མཚུངས་ཡིན་སྐོར་བཀའ་སྩལ་སོང་།དེ་བཞིན་༸གོང་ས་མཆོག་གིས་རིག་པའི་ཐོག་ནས་ཆོས་ལུགས་ཁག་ལ་ཞིབ་དཔྱད་གནང་ཚེ་ཆོས་ལུགས་ཡོད་དོ་ཅོག་འགྲོ་བ་མིས་བཟོས་པ་འབའ་ཞིག་ཆགས་ཀྱི་ཡོད་སྟབས། མིའི་ཁྱད་ཆོས་བཟང་ཤོས་ཡོད་པ་དེ་དག་མིའི་མི་ཚེ་སྐྱེལ་བར་ཆེས་ཞི་བདེ་བག་ཕེབས་སོགས་ལ་ཕན་རླབས་ཆེན་པོ་ཡོང་བར་ཆོས་ལུགས་ཁག་གི་བསླབ་བྱའི་ནང་གསུང་དགོས་ཀྱི་ཡོད། དེས་ན་འཛམ་གླིང་གི་ཆོས་ལུགས་ཐམས་ཅད་ལ་གུས་བརྩི་ཡོད་པར་ལམ་སྟོན་མཛད་པར་མ་ཟད། ལྷག་དོན་སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ་མི་གཅིག་པ་ཡོད་པ་ལྟར་ནང་པ་རང་ལ་ཆ་མཚོན་ན་རྗེས་འཇུག་གདུལ་བྱ་ཚོའི་ཁམས་དང་མོས་པ་མི་གཅིག་པ་ཡོད་པ་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ནང་པའི་རྗེས་འཇུག་ཚོའི་ཁམས་མོས་དང་འཚམས་པའི་ལྟ་གྲུབ་མ་འདྲ་བ་སོ་སོར་གསུངས་ཡོད་སྐོར་བཀའ་སྩལ་སོང་།༸གོང་ས་མཆོག་གིས་བསྐྱར་ནན་དུ་བཀའ་སྩལ་བར་ཆོས་ལུགས་མཐུན་སྒྲིག་གནང་རྒྱུ་ནི་ཆེས་གལ་འགངས་ཆེན་པོ་ཡིན་པ་དང་། རང་གི་ཆོས་དང་གཞན་གྱི་ཆོས་ཞེས་ཕྱོགས་རིས་ཀྱི་བྱེད་ཕྱོགས་དེ་ནི་དངོས་ཡོད་དང་མི་མཐུན་པར་མ་ཟད། རང་ཕྱོགས་དང་གཞན་ཕྱོགས་ཞེས་ཆ་ཕྱེས་ཏེ་ཕན་ཚུན་གསོད་རེས་བཏང་བའི་བྱ་སྤྱོད་དེ་དག་ལ་བརྟེན་ནས་ཉེས་པ་འཚབས་ཆེན་ཡོང་གི་ཡོད་པ་བཀའ་སྩལ་བ་དང་ཆབས་ཅིག ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏང་བར་ཆོས་ལུགས་ཁག་གི་གཞི་རྩའི་བསླབ་བྱ་གང་གནང་མིན་དང་འགྲོ་བ་མིའི་བཟང་སྤྱོད་ལ་ཕན་ཐོགས་ཡོད་པར་ར་འཕྲོད་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་ཡོད།མགོན་པོ་༸གང་ཉིད་མཆོག་གིས་ནང་པ་རང་དང་འབྲེལ་ནས་བཀའ་སྩལ་བར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གམ་མཁས་རྣམས་ཀྱིས། ། སྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སངས་རྒྱས་ཀྱིས་ཆོས་གང་བསྟན་པ་དེར་དད་པ་ཙམ་མིན་པར་དཔྱད་པའི་ཐོག་ནས་རྗེས་སུ་འཇུག་དགོས་སྐོར་བཀའ་བསྩལ་ཡོད་པ་ལུང་འདྲེན་མཛད་པ་དང་སྦྲགས། དཔལ་ནཱ་ལེནྡཱའི་གཙུག་ལག་སློབ་གཉེར་ཁང་ཆེད་འཛུགས་གནང་བ་ནས་བཟུང་གཏན་ཚིགས་རིག་པའི་ཐོག་ནས་དམིགས་བསལ་གྱི་དཔྱད་པ་གནང་སྲོལ་ཞིག་དབུ་བཙུགས་ཡོད་སྐོར་བཀའ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཁམས་རིག་པ་དང་འབྲེལ་ནས་བཀའ་སྩལ་བར་ནང་པའི་གཞུང་ལས་ཕྱི་གཟུགས་ཀྱི་རྣམ་གཞག་ལས་ནང་སེམས་ཁམས་རིག་པའི་ཐོག་ལ་གཙོ་འདོན་གྱིས་གསུངས་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས། དེང་སྐབས་སེམས་ཁམས་རིག་པའི་རྣམ་གཞག་གི་བྱེད་ལས་ཐོག་ཤེས་ཡོན་འདང་གི་མེད་སྟབས་ནཱ་ལེནྡཱ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱིས་དེ་འབྲེལ་ཞིབ་རྒྱས་གསུངས་ཡོད་པ་ལྟར་དེང་ཆར་ཚན་རིག་པ་ཚོས་དོ་སྣང་གནང་གི་ཡོད་པ་བཞིན་ཕན་ཚུལ་དབར་བཀའ་བསྡུར་གནང་བ་དེས་དགེ་མཚན་ཆེན་པོ་འདུག་ཅེས་བཀའ་སྩལ་སོང་།༸གོང་ས་མཆོག་གིས་མཇུག་ཏུ་ཚན་རིག་ཀུན་བཏུས་དེབ་ཕྲེང་གི་རྩོམ་སྒྲིག་དང་གསུང་སྒྱུར་སོགས་ཀྱི་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་དེ་བཞིན་ཕྱག་དེབ་འདིའི་ཐོག་ཕྱག་ལས་གནང་མཁན་ཀུན་གྱིས་ངེས་པར་དུ་ཀུན་སློང་བཅོས་དགོས་ཞེས་ལམ་སྟོན་སྩལ་བ་དང་ལྷན་ཅིག་ཏུ་བོད་ཀྱི་མཚན་སྙན་ཡོང་བར་བཤད་སྒྲུབ་ཀྱི་འགྲེལ་བརྗོད་གནང་ཐུབ་པའི་ཐོག་ནས་གནང་དགོས་གལ་ཡིན་པར་དེ་ལྟར་བཀའ་སྩལ་སོང་། དེ་རིང་གི་ཕྱག་དེབ་དབུ་འབྱེད་དང་འབྲེལ་ནས་སྔོན་གླེང་དཔྱད་བརྗོད་པ་ཝ་སི་ཀོན་སིན་གཙུག་ལག་མཐོ་སློབ་ཁང་གི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་ལྟེ་གནས་ཁང་བརྒྱུད་མིའི་སྒོམ་སྒྲུབ་ཉམས་ལེན་ཁང་གི་འགན་འཛིན་སློབ་དཔོན་ John Dunne ལགས་ཀྱིས་ཕྱག་དེབ་ཀྱི་ནང་དོན་དང་གལ་གནད་སོགས་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་བཞིན་ཚན་རིག་ཀུན་བཏུས་དེབ་ཕྲེང་ཁག་ཅིག་རྩོམ་སྒྲིག་སོགས་ཀྱི་ཐོག་མཐའ་བར་གསུམ་དུ་ཐུགས་འགན་གཙོ་བཞེས་གནང་མཁན་སེམས་དང་སྲོག་གི་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཝིསི་ཌཱམ་དཔེ་སྐྲུན་ཁང་གི་དབུ་ཁྲིད་ Daniel Aitken ལགས་བཅས་ཀྱིས་ཕན་ཚུན་དབར་ཕྱག་དེབ་པོད་ཕྲེང་གཉིས་པའི་ཐོག་བཀའ་བསྡུར་དང་བཀའ་འདྲི་སོགས་གནང་ཡོད་པ་རེད།གཞི་རྩའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་བཞི་ཡོད་པ་ལས་ཕྱི་གཟུགས་ཅན་དང་ནང་སེམས་ཀྱི་རྣམ་གཞག་སྐོར་པོད་གཉིས་དང་ལྟ་གྲུབ་རིག་པའི་སྐོར་པོད་གཉིས་བཅས་ཁྱོན་དེབ་ཕྲེང་བཞི་ཡོད་པ་དང་། ད་ལྟའི་ཆར་ཚན་རིག་ཀུན་བཏུས་དབྱིན་བསྒྱུར་ཞུས་པའི་པོད་ཕྲེང་དང་པོ་གཉིས་ལེགས་གྲུབ་ཟིན་ཡོད་པ་རེད།

Latest news