Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་རང་སྐྱོང་ལྗོངས་སྲིད་གྲོས་དང་མི་དམངས་འཐུས་མི་ཚོགས་ཆེན་བསྡུ་སྐོང་།

བོད་ཀྱི་རྒྱལ་ས་ལྷ་སར་ཁ་སང་སྔ་དྲོ་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་བ་དང་དེ་རིང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་འགོ་འཛུགས་བྱས་འདུག

ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་གཏོང་གི་ཡོད་པར་བརྗོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་ཡུ་གུར་མི་རིགས་གཙོ་བོར་གྱུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་ཏེ་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་སྐྱོན་བརྗོད་གནང་འདུག

གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

དེ་རིང་ཟླ་ ༡ ཚེས་ ༡༩ ཉིན་རྒྱབ་ཚོུད་ ༤ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་གཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྲི་ཞུ་བ་ཟུང་དྲུང་ཡན་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བར་མ་ཟད། དྲུང་གཞོན་མན་ནས་ལས་ཁུངས་སོ་སོའི་ནང་སྨོན་ལམ་གསུང་འདོན་གནང་སྟེ་བོད་མི་ཤུར་མོ་ལགས་ཀྱིས་གཙོས་པའི་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་མྱ་ངན་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་སོང་།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་སྟེ་རང་ལུས་མེར་བསྲེགས་གནང་བར་བརྟེན་ནས་འདས་གྲོངས་སུ་གྱུར་ཡོད་སྟབས། དམ་པ་དེ་ཉིད་ཀྱི་ཤུལ་ལུས་སྐུ་འཁོར་ནང་མི་ཉེ་འབྲེལ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་གསོ་གནང་སོང་།སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་ལྷག་དོན་ད་བར་བོད་དོན་ཆེད་བོད་ནང་བོད་མི་ ༡༥༥ ཙམ་གྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་བློས་བཏང་གི་མཛད་རྗེས་ལ་རྗེས་དྲན་ཞུས་པ་དང་འབྲེལ། བོད་མི་རྒྱལ་གཅེས་པ་དེ་དག་གིས་མངོན་འདོད་དང་དགོས་འདུན་སྙིང་པོ་དེ་བོད་ཀྱི་རྩ་དོན་བསྒྲུབ་རྒྱུ་དེ་ཡིན་སྟབས། ད་བར་བཙན་བྱོལ་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ལམ་སྟོན་ཉག་གཅིག་ལ་བརྟེན་ནས་བོད་བསྟན་སྲིད་ཀྱི་རྩ་དོན་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐུབ་པར་མ་ཟད། རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ལ་ཚད་མཐོའི་རྒྱབ་སྐྱོར་རག་བཞིན་པ་ལྟར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྤྱི་བའི་བསོད་ནམས་རྒྱ་གང་ཆེ་གསོག་དགོས་པ་དང་༸གོང་ས་མཆོག་གིས་དུས་རྟག་ཏུ་བཀའ་སློབ་ཕེབས་དོན་བཞིན་མི་བཟང་པོ་ཞིག་དང་ལྷག་དོན་བོད་མི་བཟང་པོ་ཞིག་གནང་དགོས་གལ་ཡིན་སྐོར་གསུངས་ཡོད།ད་དུང་ཁོང་གིས་སྔར་ནས་ད་བར་གྱི་བོད་དོན་ལས་འགུལ་ཁག་ལ་ཕྱིར་གཟིགས་གནང་ཚེ་གྲུབ་འབྲས་གང་ལ་གང་འཚམ་སོན་ཡོད་པ་མཇལ་རྒྱུ་ཡོད་པ་དེ་དག་ལ་དགའ་སྒོམ་ཆོག་ཤེས་དང་། བོད་དོན་ཀྱི་འཐབ་རྩོད་དེ་ལེགས་གྲུབ་ཡོང་བར་གཙོ་བོ་ལྷ་བླའི་བཀའ་ལུང་ཕེབས་དོན་ལྟར་བོད་མི་ནང་ཁུལ་ཆིག་སྒྲིལ་གནང་གནད་ཆགས་ཡོད་པར་ཐུགས་ཚོར་ཆེན་པོས་གཞེན་སྐུལ་གནང་སོང་།བོད་མི་ཤུར་མོ་ལགས་ནི་ད་ལྟ་རང་ལོ་ ༢༦ ཙམ་ཡིན་པ་དང་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་ནག་ཆུ་རྫོང་ཤག་ཆུ་ཁ་ཟེར་བའི་གྲོང་རྡལ་དུ་སྤྱི་འཁོར་འབབ་ཚུགས་ཤིག་ཡོད་པ་དེའི་ཉེ་འཁྲིས་སུ་བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད། དེ་རྗེས་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་གནད་དོན་དང་འབྲེལ་ནས་ཁོང་གི་སྤུན་མཆེད་གསུམ་འཛིན་བཟུང་བྱས་ཡོད་པ་དང་བོད་མི་གསུམ་པོ་དེ་དག་ད་བར་བཙོན་ཁང་གང་གི་ནང་དུ་ཡོད་མེད་དང་འདས་གསོན་གང་ཡིན་གྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད།

རྒྱ་ནག་གིས་རྒྱ་གར་བྱང་ཤར་གྱི་འཕགས་བོད་ས་མཚམས་སུ་གྲོང་ཚོ་གསར་རྒྱག་བྱེད་བཞིན་པ་མངོན་གསལ།

རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་གྱི་མཐའ་མཚམས་སུ་ཁང་ཁྱིམ་བརྒྱ་ལྷག་ཡོད་པའི་གྲོང་ཚོ་ཞིག་གསར་རྒྱག་བྱེད་བཞིན་ཡོད་པ་མངོན་གསལ་བྱུང་ཡོད་པ་དང་། རྒྱ་གར་ངོས་ནས་འཛུགས་སྐྲུན་གྱི་ལས་གཞི་དེར་ལྟ་ཞིབ་ནན་མོ་གནང་སྟེ་རྒྱ་གར་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ས་ཁོངས་ཀྱི་ཆིག་སྒྲིལ་ལ་དོ་ཕོག་མི་འགྲོ་བར་ཤུགས་སྣོན་རྒྱག་བཞིན་ཡོད་པ་གསུངས་འདུག དེ་ཡང་། ཨ་རིར་རྟེན་གཞི་བྱས་པའི་ Planet Labs ཞེས་པའི་སྲུང་སྐར་བརྟག་དཔྱད་ཚོགས་པས་མཁའ་དབྱིངས་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་རྒྱ་གར་གྱི་བརྒྱུད་ལམ་ཁག་ལ་བཏང་འབྱོར་བྱུང་བའི་ནང་དུ། རྒྱ་ནག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་འཕགས་བོད་ས་མཚམས་ཏེ། ཨ་རུ་ན་ཅལ་མངའ་སྡེ་ནང་སྤྱི་ལེ་་༤ ཙམ་བརྒལ་ཏེ་གྲོང་ཚོ་དེ་གསར་རྒྱག་བྱས་ཡོད་པ་དང་། ཟུང་སྐར་བརྒྱུད་བླངས་པའི་ཁུལ་དེའི་སྔ་རྗེས་ཀྱི་པར་ལ་གཞིགས་ན། རྒྱ་ནག་གཞུང་གིས་གྲོང་ཚོ་དེ་འདས་པའི་ལོ་གཅིག་གི་གོང་ཙམ་ནས་གསར་བསྐྲུན་བྱེད་འགོ་ཚུགས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག གནས་ཚུལ་དེ་ར་འཕྲོད་བྱུང་མཚམས་སུ། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་སང་གསར་ལམ་ཁག་ཏུ་རྒྱ་གར་གྱི་ངོས་ནས་ཀྱང་ཨ་རུ་ན་ཅལ་གྱི་མཐའ་མཚམས་སུ་ལམ་ཁ་དང་ཟམ་པ་གསར་རྒྱག་གིས་ལས་གཞི་འགོ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེ་དག་གིས་མཐའ་མཚམས་ཁུལ་གྱི་མི་མང་ལ་མཐུན་འགྱུར་གྱིས་འཚོ་བའི་མཐུན་རྐྱེན་ཇེ་བཟང་དང་འབྲེལ་ལམ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེ་དག་གིས་རྒྱ་གར་གྱི་བདེ་འཇགས་དང་ས་ཁོངས་ཀྱི་ཆིག་ལ་དོ་ཕོག་མི་འགྲོ་བར་རྟོག་ཞིབ་ནན་མོ་བྱེད་བཞིན་ཡོད་པར་གསུང་འདུགརྒྱ་ནག་གི་འཛུགས་སྐྲུན་གྱི་ལས་གཞི་དེར་རྒྱུས་མངའ་ཡོད་མཁན་ཞིག་གིས་མིང་འདོན་མ་བྱས་པའི་སྒོ་ནས་གསར་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ལོ་ངོ་བཅུ་ཕྲག་གི་རིང་ལ་ཨ་རུ་ན་ཅལ་གྱི་མཐའ་མཚམས་སུ་ལྟ་ཞིབ་ལེགས་པོ་བྱས་མེད་པ་དང་། རྒྱ་ནག་གིས་དུས་རྒྱུན་ནས་ཨ་རུ་ན་ཅལ་གྱི་ཁུལ་དེ་ནི་བོད་ཀྱི་ལྷོ་རྒྱུད་ཀྱི་ས་ཁོངས་ཡིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་ནག་གིས་གྲོང་ཚོ་འཛུགས་སྐྲུན་བྱེད་བཞིན་པའི་ས་ཁུལ་དེ་ཡང་རྒྱ་ནག་གིས་བོད་ཀྱི་ལྷོ་རྒྱུད་ཡིན་པར་རྩོད་ལེན་བྱེད་བཞིན་པའི་ས་ཁུལ་དུ་འཁེལ་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཁུལ་དེའི་མི་མང་གིས་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གིས་ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་པ་ཤེས་རྟོགས་བྱུང་མ་ཐག ཨ་རུ་ན་ཅལ་ཁུལ་གྱི་འབྲེལ་ཡོད་རྒྱ་གར་གྱི་དམག་སྤྱི་སོགས་ཀྱིས་ཀྱང་ཚོགས་འདུ་རིམ་པ་བསྡུས་ནས་གནད་དོན་དེར་གྲོས་བསྡུར་བྱས་ཡོད་པ་མ་ཟད། ད་ཆ་རྒྱ་གར་གྱིས་ཀྱང་མཐའ་མཚམས་དེར་འཛུགས་སྐྲུན་གྱི་ལས་གཞི་གཉེར་མུས་ཡིན་པར་གསུངས་འདུག རྒྱ་ནག་གི་འཛུགས་སྐྲུན་གྱི་ལས་གཞི་དེ་དང་འབྲེལ་ནས། བྷེལ་ཇམ་གྱི་ཁུལ་དུ་རྟེན་གཞི་བྱས་པའི་བདེ་འཇགས་ཀྱི་ཆེད་མཁས་བ་ Sim Tack ལགས་ཀྱིས་རྒྱ་གར་གྱི་ Hindustan Times གསར་ཤོག་ཐོག སྤྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱ་ནག་གི་མཐའ་དམག་སྐོར་ཞིག་ཨ་རུ་ན་ཅལ་གྱི་མཐའ་མཚམས་སུ་ཡོད་པར་ལུང་འདྲེན་གྱིས། མཐའ་མཚམས་སུ་རྒྱ་དམག་ཡོད་པ་དེ་ནི་གནས་ཚུལ་གསར་བ་གང་ཡང་མིན་ནའང་། ཐེངས་འདིར་རྒྱ་ནག་གིས་ཆེད་དུ་ཁང་ཁྱིམ་བརྒྱ་ལྷོད་ཡོད་པའི་གྲོང་ཚོ་གསར་རྒྱག་གིས་ཁུལ་དེར་མི་མང་གནས་སྡོད་བྱེད་རྩིས་བྱེད་བཞིན་པ་དེ་ནི་གནས་ཚུལ་གསར་བ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གིས་ལོ་ངོ་མང་པོའི་རིང་ལ་མཐའ་མཚམས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ད་ཆ་རྒྱ་ནག་གིས་ཨ་རུ་ན་ཅལ་དང་ལ་དྭགས་ཁུལ། དེ་བཞིན་འབྲུག་ཡུལ་བཅས་ཀྱི་རྩོད་རྙོག་གི་ས་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་འགོ་འཛུགས་བྱས་པ་དེ་ཡིས་རྒྱ་ནག་གིས་མཐའ་མཚམས་ས་ཁོངས་བརྟན་བརླིང་ལ་ཤུགས་སྣོན་རྒྱག་གི་ཡོད་པ་ཞིག་ཡིན་པར་གསུངས་འདུག འོན་ཀྱང་། གོང་གི་གནས་ཚུལ་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་རྒྱ་ནག་གིས་ཕྱི་ལོ་༢༠༡༤ གཡས་གཡོན་ནས་དེར་འབྲེལ་གྱི་ལས་གཞི་ཤུགས་ཆེ་རུ་བཏང་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ལྷན་དུ། རྒྱ་ནག་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཉིས་ཀྱི་གཙོ་བྱས་པའི་སྔར་ལོའི་གྲོ་མོ་ཁུལ་གྱི་དམིགས་བསལ་གྱི་ཚོགས་འདུ་ཚོགས་ཀྱི་སྐབས་སུ། བོད་ཀྱི་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་རྒྱག་བྱེད་དགོས་བའི་གྲོས་བསྡུར་རིམ་པ་བྱུང་བ་ལྟར། ད་ཆ་རྒྱ་ནག་གིས་རྒྱ་གར་དང་བལ། དེ་བཞིན་འབྲུག་བཅས་ཀྱི་མཐའ་མཚམས་ཁག་ཏུ་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་ལྟར། བོད་ནང་དུ་ཡང་འཛུགས་སྐྲུན་གྱི་ལས་གཞི་མང་པོ་གཉེར་བཞིན་ཡོད་སྐོར་གསུངས་སོང་། གཞི་རྩའི་འདས་བའི་ལོ་གཅིག་གི་རིང་ལ་རྒྱ་དཀར་ནག་གཉིས་ཀྱིས་འཕགས་བོད་ས་མཚམས་ཀྱི་བདག་དབང་ཐད་ནས་གདོང་ཐུག་རིམ་པ་བྱས་ཏེ། ཕྱོགས་གཉིས་ཀྱི་མཐའ་དམག་གི་བར་དུ་ཤི་རྨས་ཀྱི་དོན་རྐྱེན་ཡང་བྱུང་ཡོད་པ་ལྟར། དགུན་དུས་ཀྱི་ནམ་ཟླའི་འཁྱགས་གྲང་ལ་ལྟོས་མེད་ཀྱིས། ད་དུང་ཕྱོགས་གཉིས་ཀྱི་མཐའ་མཚམས་ཁག་ཏུ་དམག་མི་འགྲེམས་འཇོག་ཇེ་མང་དུ་བཏང་སྟེ་གོ་མཚོན་དང་བཟའ་ཆས་སོགས་འབོར་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད། རྒྱ་ནག་གཞུང་ངོས་ནས་འདས་པའི་ལོ་ཤས་ནས་དེ་གའི་མཐའ་མཚམས་ཁག་ལ་དམག་འཐབ་དཔུང་འཇུག་ཙམ་མ་ཟད། སྒོས་སུ་ས་མཚམས་ཁག་ཏུ་དཔལ་འབྱོར་གྱི་མཐུན་རྐྱེན་བཟང་བའི་གྲོང་ཚོ་གསར་རྒྱག་གི་ལས་གཞི་སྤེལ་འགོ་ཚུགས་ཏེ་སྔར་ལོའི་བར་། གྲོང་ཚོ་༩༠༠་ལྷག་ཙམ་གསར་རྒྱག་བྱས་ཡོད་པ་དང་དེའི་ཁོངས་ནས་ ༢༠༠ ཙམ་འཕགས་བོད་ས་མཚམས་ལ་ཡོད་པའི་ཚོད་དཔག་གནང་གི་ཡོད་པ་རེད།

རྒྱ་ནག་གིས་བོད་ནག་ཆུ་ཁུལ་དུ་མ་ཎི་ཡིག་དྲུག་གི་འདྲ་གཟུགས་ནག་གསུབ་བཏང་འདུག

ཁ་སང་། བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ངོ་དེབ་ཐོག་པར་རིས་དང་བཅས་ཏེ་གནས་ཚུལ་བཀོད་པ་ལྟར་ན། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཀྱི་ནག་ཆུ་ས་ཁུལ་དུ་ཟུང་སྐར་བརྒྱུད་ནས་མཁའ་དབྱིངས་ནས་པར་བླངས་པའི་ཁྲོད། རྒྱ་ནག་གི་ནག་ཆུའི་ཁུལ་དུ་གནམ་ཐང་གསར་རྒྱག་གི་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་རི་སྒང་གི་མ་ཎི་ཡིག་དྲུག་གི་པར་རིས་ནག་གསུབ་ཀྱིས་རྒྱ་ནག་གི་མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་གསར་དུ་བྲིས་འདུག དེ་བཞིན་ཁུལ་དེའི་རི་སྒང་དུ།  མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་ཡི་གེ་བྲིས་ཡོད་པ་མ་ཟད། རྒྱ་ནག་གི་རྒྱལ་དར་ཆེན་པོ་ཞིག་ཀྱང་གསར་དུ་བྲིས་ཡོད་པ་ཡང་ཟུང་སྐར་བརྒྱུད་ནས་པར་བླངས་བའི་ཁྲོད་དུ་མངོན་རྒྱུ་ཡོད་པ་དང་། ཚེ་རིང་འོད་ཟེར་ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གི་རྒྱལ་དར་གྱི་འདྲ་གཟུགས་དེ་སྔར་ལོའི་ཟླ་བ་ ༨ པའི་ནང་དུ་གསར་རྒྱག་བྱས་པ་ཞིག་ཡིན་པར་འཁོད་འདུག ཁོང་གིས་ད་དུང་གསལ་བོར་བརྗོད་ཡོད་པ་ཞིག་ནི།  སྔར་ལོའི་ཟླ་བ་ ༣ པའི་ནང་དུ་མཁའ་དབྱིངས་ནས་པར་བླངས་བའི་ནང་དུ།  ནག་ཆུ་ཁུལ་གྱི་རི་མགོར་མེས་རྒྱལ་ཁྲི་ལོར་ཤོག་ཅེས་པའི་རྒྱ་ཡིག་ལམ་གྱི་ཡིག་འབྲུ་དེ་དག་དང་ལྷན་དུ།  བོད་ཡིག་གི་ལམ་ནས་ༀ་མ་ ཎི་པད་མེ་ཧཱུྃ་ཞེས་བྲིས་ཡོད་པ་མངོན་རྒྱུ་ཡོད་ནའང་། ཕྱིས་སུ་ཟུང་སྐར་བརྒྱུད་ནས་ལྟ་དུས་བོད་ཡིག་གི་མ་ཎི་ཡིག་དྲུག་གི་པར་རིས་དེ་དག་ནག་གསུབ་ཀྱིས་རྒྱ་ནག་གི་རྒྱལ་དར་ཆེན་པོ་ཞིག་གསར་བཟོ་བྱས་ཡོད་པ་མངོན་གསལ་གནང་འདུག ཁོང་གིས་པར་རིས་དེ་དག་གཤིབ་བསྡུར་གྱིས་ངོ་དེབ་ཏུ་སྤེལ་མཚམས་སུ། མི་མང་པོས་བརྒྱུད་སྐུར་བྱས་ཡོད་པ་དང་།  དེའི་ཁྲོད་ནས་མི་ཞིག་གིས་མཆན་བྲིས་པའི་ནང་དུ། རྒྱ་ནག་གིས་བོད་ཁུལ་དུ་ཐབས་ཤེས་ཡོད་རྒུ་བཏང་ནས་བོད་མིའི་ཞི་བདེ་དང་གཅིག་སྒྲིལ་གྱི་མཚོན་རྟགས་ཡོད་ཚད་གན་གསུབ་ཀྱིས་རྒྱལ་སྤྱིའི་ཁྲོད་ནས་བོད་མིའི་ངོ་བོ་དེ་མེད་པར་བཟོ་བཞིན་ཡོད་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གིས་ཅི་ཙམ་བོད་ཁུལ་དུ་དམ་དྲག་བྱས་ན་དེ་ཙམ་གྱིས་བོད་མི་རྣམས་ཀྱིས་གཅིག་སྒྲིལ་གྱི་ངང་ནས་ཕྱིར་རྒྱ་ནག་ལ་རྒོལ་རྡུང་གཏོང་རྒྱུ་ཡིན་སྐོར་གསལ་འགྲེལ་གནང་འདུགགཞི་རྩའི་རྒྱ་ནག་གིས་བོད་ཁུལ་གྱི་ས་ས་གང་སར་བོད་མིའི་ས་ཆའི་བདག་དབང་ལ་རྩིས་མེད་རྡོག་རོལ་གྱིས།  འཛུགས་སྐྲུན་གྱིས་ལས་གཞི་དང་གཏེར་ཁ་སྔོག་འདོན་སོགས་ཀྱི་ལས་གཞི་སྣ་མང་གཉེར་བཞིན་ཡོད་ནའང་། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ལ་དམ་དྲག་བྱས་ཡོད་པའི་དབང་གིས་གནས་ཚུལ་མང་པོ་ཞིག་ཅི་བཞིན་ཕྱི་ལོག་ཏུ་ཐོན་ཐུབ་ཀྱི་མེད་པ་རེད།  བདུན་ཕྲག་སྔོིན་མའི་ནང་དུ་ཤེས་རྟོག་བྱུང་བ་ལྟར་ན། གསང་བའི་ལས་དོན་གཉེར་མཁན་གྱི་སྡེ་ཁག་ detresfa ཞེས་པས་ཉེ་ཆར་ཟུང་སྐར་འཕྲུལ་ཆས་བརྒྱུད་རྒྱ་ནག་གཞུང་ནས་བོད་གཞིས་ཀ་རྩེའི་ལྷོ་ངོས་སུ་དམག་འགུལ་ཐབས་བྱུས་ཀྱི་ལྟེ་གནས་ཆེ་གྲས་ཤིག་གསར་རྒྱག་བྱེད་བཞིན་པའི་པར་རིས་ཤིག་ཕྱིར་བསྒྲགས་དང་སྦྲགས། དམག་འགུལ་ཐབས་བྱུས་ཀྱི་ལྟེ་གནས་དེ་ནི་བོད་ཁུལ་དུ་ཡོད་པའི་རྒྱ་ནག་གི་དམག་མི་ལ་མཐུན་རྐྱེན་སྐྲུན་སའི་ལྟེ་གནས་གཙོ་གྲས་ཤིག་དང་དེ་བཞིན་ཁུལ་དེར་ཡོད་པའི་མེ་འཁོར་འབབ་ཚུགས་དང་། གནམ་ཐང་སོགས་འགྲུལ་བཞུད་ཀྱི་ས་ཚིག་ཁག་ལ་ཐད་ཀར་མཐུད་དེ་མ་འོངས་པར་རྒྱ་ནག་གི་དམག་གི་ལྟེ་བའི་ས་ཚིགས་ཤིག་བཟོ་འཆར་ཡོད་པ་མངོན་གསལ་གནང་ཡོད་པ་ལྟར།  རྒྱ་ནག་གིས་བོད་ཁུལ་དུ་གནམ་ཐང་དང་མེ་འཁོར་འབབ་ཚུགས་སོགས་གསར་རྒྱག་གིས་བོད་ཁུལ་དེ་དུས་རབས་ཉེར་གཅིག་ནང་གི་མི་སེར་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཡོད་པ་རེད།

ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་བརྒྱུད་ནས་རྒྱ་གར་གཞུང་གིས་སློབ་གསོ་ལེན་དགོས།

ཁ་ཉིན་རེ་གཟའ་སྤེན་པའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བཞུགས་དུ་རྟེན་གཞི་བྱས་པའི་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་ཀྱི་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཉེ་འཆར་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ Tibetan Policy and Support Act of 2020 ཞེས་ཨ་རིའི་གྲོས་ཚོགས་གོང་འོག་ནང་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅས་གནང་བར་དགའ་བསུའི་མཛད་སྒོ་ཞིག་ཚོགས་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཆེ་བསྟོད་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག གཞན་སྐུ་མགྲོན་དུ་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Ajay Singh Mankotia ལགས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ Onkar Nehria ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Ram Swaroop ལགས། སློབ་སྟོན་པ་སྐུ་ཞབས་ Subhash Nehria ལགས་རྣམ་པ་བཅས་ཀྱིས་གཙོས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་གྲངས་ ༢༥༠ ཙམ་འདུ་འཛོམས་གནང་ཡོད་པ་རེད།སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ལ་ཆེ་བསྟོད་དང་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཕྱིར་སྲིད་སྐྱོང་མཆོག་གི་བརྒྱུད་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་མའི་སྐུ་ཞིག་འབུལ་ལམ་ཞུས་པ་དང་སྦྲགས། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས་ཀྱིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་ཐུབ་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་བྱས་རྗེས་ཤིག་ཡིན་པ་དང་། ལྷག་པར་དུ་དེ་སྔ་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་སྟངས་འགྲེལ་བརྗོད་གནང་བ་དང་སྦྲགས། ཐེངས་འདིའི་སྲིད་བྱུས་བརྒྱུད་རྒྱ་ནག་གཞུང་ནས་མ་འོངས་པར་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་བླ་སྤྲུལ་ངོས་འཛིན་གྱི་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་བཟོས་ཡོད་པ་རེད་ཅེས་གསུངས་ཡོད།ཁོང་གས་ད་རེས་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་འདི་ནས་རྒྱ་གར་གཞུང་གིས་སློབ་གསོ་ལེན་དགོས་པ་དང་། མ་འོངས་པར་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཚེ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་རིམ་ཁག་འབྱུང་བཞིན་པ་དེ་དག་ཀྱང་ཞི་ངེས་རེད་གསུངས་ཡོད།ལྷག་པར་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Subhash Nehria ལགས་ཀྱིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་འདིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་བཏང་བར་མ་ཟད་ད་ལྟའི་ཆར་ཞི་ཅིན་ཕིང་གིས་ཨ་རིའི་ཚོང་པ་ཁག་ཅིག་སྤྱོད་དེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་བསྐྱར་གསོ་བྱེད་བཞིན་པ་ལྟར་ནམ་ཞིག་བོད་ཀྱི་གནད་དོན་དང་འབྲེལ་ཞི་ཅིན་ཕིང་གི་ངོས་ནས་༸གོང་ས་མཆོག་ལ་འབྲེལ་བ་མ་ཞུ་ཐབས་མེད་ཀྱི་གནས་སྟངས་ཤིག་ཡོང་གི་རེད་ཅེས་བསྐྱར་ནན་གསུངས་ཡོད།  དེ་བཞིན་ཁོང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཁོར་ཡུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ཅིག་བཅས་ལུང་འདྲེན་གནང་སྟེ་རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེ་བསྟོད་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པ་དང་། དེ་ལྟར་གནང་ཚེ་རྒྱལ་སྤྱིའི་མཚན་མཐོང་དང་ཆབ་སྲིད་ཀྱི་གནས་བབ་བཅས་ཕྱོགས་གང་ཅིའི་ཐད་ནས་ནས་རྒྱ་གར་ལ་ཁེ་ཕན་ཆེན་པོ་ཡོད་སྐོར་གསུངས་སོང་།   མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༢༠ ཞེས་པ་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གཏན་འབེབས་གནང་ལུགས་དང་། རིམ་པས་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་གནང་བ་སོགས་ཀྱི་རྒྱབ་ལྗོངས་ཁག་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག སྲིད་བྱུས་འདི་བརྒྱུད་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ཐོག་སྔ་ལྷག་དོ་སྣང་དང་ལྷག་དོན་མ་འོངས་པར་རྒྱ་གར་གྱི་ངོས་ནས་བོད་དོན་ཐོག་སྲིད་བྱུས་འདི་ལྟ་བུ་ཞིག་གཏན་འབེབས་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད།  མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པས་སྐབས་དེར་ལྷན་ཞུགས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་ཆེ་བསྟོད་ཀྱི་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་དང་རྒྱ་གར་གྱི་ཡུལ་སྲོལ་ལྟར་ཧི་མ་ཅཱལ་སྲོལ་རྒྱུན་ཞྭ་མོ། གོས་གཟན་སོགས་ཕྱག་རྟགས་ཕུལ་ཡོད་པ་དང་། ས་གནས་ཧི་མཱ་ཅལ་མངའ་སྡེའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འབྲེལ་བའི་རྐང་བྲོ་གླུ་གར་སོགས་འཁྲབ་སྟོན་གནང་ཡོད། པར་ཁག Tibet.Net

དྷ་སའི་བོད་མིའི་འཕྲོད་བསྟེན་ཆེད་ལས་པ་རྣམས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ཆེས་ཐོག་མ་བརྒྱབ་པ།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ དེ་རྒྱལ་སྤྱིའི་ཁྲོད་ཁྱབ་གདལ་བྱུང་ནས་ད་ཆ་ལོ་གཅིག་ལྷག་ཙམ་འགྲོ་བཞིན་ཡོད་པ་དང་། གཉན་རིམས་དེར་གདོང་ལེན་སླད་ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཀྱིས་སྔོན་ཁབ་བཟོ་འགོ་བཙུགས་ཡོད་པ་རེད། ལྷག་པར་དུ་གཉན་རིམས་ཁྱབ་གདལ་གྱི་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་དུས་སྐབས་འདིའི་ཁྲོད་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་ཅིག་ཏུ་གཞུང་གི་ཆོག་མཆན་འོག་སྔོན་ཁབ་བརྒྱབ་འགོ་བཙུགས་ཟིན་པ་དང་། རྒྱ་གར་ལྟ་བུར་མཚོན་ན་ Oxford དང་དབྱིན་ཡུལ་གྱི་སྨན་སྦྱོར་བཟོ་ཚོང་ཁང་ AstraZeneca གཉིས་ཟུང་འབྲེལ་གྱིས་བཟོས་པའི་སྔོན་ཁབ་དང་དེ་བཞིན་རྒྱ་གར་གྱི་བཟོ་ཚོང་ཁང་ Bharat Biotech གྱིས་བཟོས་པའི་སྔོན་ཁབ་གཉིས་ཛ་དྲག་ཐོག་ནས་བརྒྱབ་རྒྱུར་ཆོག་མཆན་ཐོབ་ཡོད་པ་རེད།རྒྱ་གར་རྒྱལ་ཡོངས་ནང་ཟླ་ ༡ ཚེས་ ༡༦ ཉིན་འཕྲོད་བསྟེན་ཆེད་ལས་པ་ཚོར་སྔོན་ཁབ་བརྒྱབ་རྒྱུ་འགོ་བཙུགས་ཡོད་པའི་ཁྲོད་འདིར་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཡོལ་ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་སྨན་ཁང་ཛོ་ནཱལ་  Zonal ནང་རྒྱ་གར་གྱི་འཕྲོད་བསྟེན་ཆེད་ལས་པ་ཁག་ཅིག་དང་ལྷན་དུ་དབུས་བདེ་ལེགས་སྨན་ཁང་གི་སྨན་པ་གཙོས་སྨན་ཞབས་པ་དང་འཕྲོད་བསྟེན་ཆེད་ལས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཞབས་པ་བཅས་ཁྱོན་མི་བཅུ་ལ་ཆེས་ཐོག་མའི་  Covishield ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་བརྒྱབ་སོང་། སྐབས་དེར་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་ད་རེས་སྔོན་ཁབ་རིམ་པ་དང་པོ་ཐོབ་མཁན་ཁོངས་སུ་ཡོད་པ་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་ཡོད།   རྩ་བའི་རྒྱལ་སྤྱིའི་ཁྲོད་ཏོག་དབྱིབས་སྔོན་ཁབ་བརྒྱབ་འགོ་བཙུགས་ནས་བཟུང་གང་ཟག་ཁག་ཅིག་ལ་ཚ་བ་འབར་བ་དང་། ཁབ་བརྒྱབ་སའི་ལག་པར་ཟུག་རྒྱག་པ་སོགས་ཟུར་ཕོག་ཕྲན་བུ་བྱུང་བ་བརྗོད་ཀྱི་ཡོད་པ་རེད།  ལྷག་པར་དུ་འཕྲོད་བསྟེན་ཆེད་ལས་པས་དེ་འབྲེལ་གྱི་ཟུར་ཕོག་བྱུང་ངེས་ཡིན་པ་གསུངས་ཀྱི་ཡོད་པ་རེད། འོན་ཀྱང་ཉེ་ལམ་ནོར་ཝེ་ནང་ལོ་ན་བགྲེས་པ་ཁག་ཅིག་ལ་ Pfizer སྔོན་ཁབ་བརྒྱབ་པའི་རྗེས་སུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད།ནོར་ཝེ་སྤྱི་དམངས་བདེ་འཇགས་ཀྱི་འཕྲོད་བསྟེན་ལྟེ་གནས་ཀྱིས་ཕྱིན་ཆད་སྨན་པ་ཚོས་ལོ་ན་བགྲེས་པ་བརྒྱད་ཅུ་ཡན་ཚོར་སྔོན་ཁབ་བརྒྱབ་རྒྱུར་གཟབ་ནན་གནང་དགོས་པ་གསུངས་ཡོད་པར་མ་ཟད། ད་ཆ་སྔོན་ཁབ་བཟོ་སྐྲུན་གནང་མཁན་དང་ནོར་ཝེ་གཉིས་ཀྱིས་འདས་གྲོངས་སུ་གྱུར་བའི་གནད་དོན་ཐད་ཞིབ་འཇུག་གནང་མུས་རེད་འདུག

ཧར་ཝཌ་གཙུག་ལག་སློན་གཉེར་ཁང་གི་དགེ་སློབ་དང་ལྷན་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཐོག་གསུང་མོལ་མཛད་པ།

དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་བརྒྱུད་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཨ་རིའི་ Harvard གཙུག་ལག་སློན་གཉེར་ཁང་གི་འགོ་ཁྲིད་དང་བདེ་སྐྱིད་སློབ་གསོའི་སློབ་དཔོན་སྐུ་ཞབས་ Arthur Brooks ལགས་ཀྱིས་གཙོས་པའི་སློབ་དཔོན་ཁག་ཅིག་དང་སློབ་མ་ཁག་ཅིག་ལ་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཅེས་པའིི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་གྱི་མཛད་རིམ་ཞིག་ཚོགས་གནང་ཡོད།མཛད་རིམ་གྱི་ཐོག་མ་དེར་སྐུ་ཞབས་ Arthur Brooks ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཙམ་མིན་པར་འཛམ་གླིང་ཐོག་ཞི་བདེ་དང་མཐུན་སྒྲིལ་གྱི་ནུས་པ་གོང་མཐོར་མཛད་མཁན་གྱི་དབུ་ཁྲིད་ཁྱད་དུ་འཕགས་པ་ཞིག་ཡིན་པར་ཆེ་བསྟོད་ཞུས་པ་དང་སྦྲགས། གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་སླེབས་ལ་ཉེ་བའི་བོད་ཀྱི་གནམ་ལོ་གསར་བཞད་ལ་འཚམས་འདྲི་དང་། ད་རེས་དྲྭ་ཐོག་གི་མཛད་རིམ་འདི་ལྟར་གནང་རྒྱུར་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པར་ཐུགས་རྗེ་ཆེ་ཞུས་སོང་།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློབ་ཡོངས་ལ་དགའ་བསུའི་འཚམས་འདྲི་མཛད་པ་དང་སྦྲགས་ཏེ་ང་ཚོའི་མི་ཚེའི་སྙིང་པོ་དང་དགོས་དོན་གཙོ་བོ་ནི་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་རྒྱུ་དེ་ཡིན་པ་དང་བདེ་སྐྱིད་བྱུང་བར་གཙོ་བོ་ཆེ་ཤོས་ཕྱིའི་འཕྲོད་བསྟེན་ལ་དོ་སྣང་བྱས་པ་ཙམ་མིན་པར་ནང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་ནས་ཁོང་ཁྲོ་དང་ངག་འཁྱལ། ཞེད་སྡང་། ཕྲག་དོག་སོགས་ཀྱི་བློ་ཆུང་རུ་བཏང་སྟེ་གཞན་ལ་ཕན་པ་བསྒྲུབ་དགོས་པ་དང་། ལྷག་པར་དུ་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཐོག་འཚོ་དགོས་པའི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་སྟབས། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་ཆེ་ཙམ་བཞེས་དགོས་པའི་ལམ་སྟོན་མཛད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་སྐུ་གཞོན་ནུའི་སྐབས་ལ་ང་དང་ཁོ། ངའི་རིགས་དང་ཁོའི་རུས་སོགས་དབྱེ་འབྱེད་ཀྱི་བསམ་བློ་མེད་ཀྱང་རིམ་པས་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་སྐབས་དབྱེ་འབྱེད་ཀྱི་བསམ་བློ་དེ་དག་ཤུགས་ཆེ་རུ་འགྲོ་བཞིན་པ་སོགས་བཀའ་འགྲེལ་དང་སྦྲགས། ཤེས་ཡོན་སློབ་གསོའི་ལམ་ལུགས་ཁྲོད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་བཟང་སྤྱོད་སོགས་ཀྱི་ཐོག་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་རྒྱལ་སྤྱིའི་ཐོག་མཚན་སྙན་ཡོད་པའི་ཧར་ཝཌ་གཙུག་ལག་སློན་གཉེར་ཁང་ལྟ་བུས་འགོ་འཛུགས་དང་འབད་བརྩོན་གནང་ཐུབ་ཚེ་རིམ་བཞིན་གཙུག་ལག་སློབ་གཉེར་ཁང་གཞན་ཚོར་མིག་དཔེ་བསྟན་ཐུབ་ངེས་རེད་ཅེས་བཀའ་སྩལ་སོང་།ལྷག་པར་དུ་༸གོང་ས་མཆོག་གིས་ཐེངས་འདིའི་དྲ་ཐོག་གི་མཛད་རིམ་ཐོག་གཞོན་སྐྱེས་མི་ཉུང་བ་ཞིག་ལྷན་ཞུགས་གནང་སྟབས་འདས་པའི་དུས་རབས་ནང་འཛམ་གླིང་འདིའི་ཐོག་དཀའ་རྙོག་མང་དག་ཅིག་བཟོས་ཡོད་པ་དག་མེད་པ་བཟོ་ཐབས་དཀའ་ནའང་། ད་ལྟ་འཚར་ལོངས་འབྱུང་བཞིན་པའི་ཧར་ཝཌ་གཙུག་ལག་སློབ་གཉེར་ཁང་གི་ན་གཞོན་སློབ་མ་གཙོས་གཞོན་སྐྱེས་ཚོས་འདས་ཟིན་པའི་དཀའ་རྙོག་ཅན་གྱི་བྱ་སྤྱོད་ཁག་ལ་ལད་ཟློས་དང་བསྐྱར་ཟློས་མ་གནང་བར་མ་འོངས་འཛམ་གླིང་སྤྱིའི་བདེ་དོན་དང་གོ་ལའི་འགྱུར་ལྡོག་ལ་གཞིགས་པའི་བསམ་བློ་གསར་པ་གཏང་དགོས་གལ་རེད་ཅེས་ལམ་སྟོན་མཛད་ཡོད།༸གོང་ས་མཆོག་ནས་སྔོན་འགྲོའི་བཀའ་སློབ་སྩལ་གྲུབ་མཚམས་སུ་སྐུ་ཞབས་ Arthur Brooks ལགས་ནས་རྒྱལ་སྤྱིའི་དབུ་ཁྲིད་ཁྲོད་སེམས་ཀྱི་ཞི་བདེ་དང་སྐྱིད་པོ་མེད་མཁན་མི་ཉུང་བ་ཞིག་ཡོད་སྟབས་ཁོང་རྣམ་ལ་ལམ་སྟོན་གང་མཛད་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་གོ་ལའི་ཚ་དྲོད་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་འཕྲད་སྐབས་ཚང་མར་གཅིག་མཚུངས་ཀྱི་དོ་ཕོག་ཐེབས་བཞིན་ཡོད་པར་དཔེ་མཚོན་དུ་བཀའ་སྩལ་ཏེ་དབུ་ཁྲིད་ཚོས་ང་དང་ངའི་རྒྱལ་ཁབ་ཅེས་དུས་ཚོད་ཡོལ་ཟིན་པའི་ང་འཛིན་གྱི་བསམ་བློ་རྙིང་པ་དེ་དག་དོར་ནས་བསམ་བློ་རྒྱ་ཆེ་ས་ནས་གཏང་རྒྱུ་གལ་ཆེན་པོ་ཡིན་པ་དང་འགོ་ཁྲིད་དེ་དག་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་ནས་ཡོང་བ་ཞིག་ཡིན་སྟབས་གཙོ་བོ་ད་ཡོད་ཤེས་ཡོན་གྱི་ལམ་ལུགས་ཁྲོད་བྱམས་བརྩེ་དང་འགྲོ་བམིའི་རིང་ཐང་སོགས་སློབ་ཁྲིད་གནང་ཐུབ་ཚེ་མ་འོངས་པར་འགོ་ཁྲིད་བློ་གྲོས་དང་རྣམ་དཔྱོད་ལྡན་པ་ཐོན་ཐུབ་ངེས་རེད་ཅེས་བཀའ་ལན་མཛད་ཡོད།དེ་བཞིན་སློམ་མ་ཁག་ཅིག་ནས་འཕྲུལ་རིགས་ཀྱི་དུས་འདིར་ང་ཚོས་ངེས་པར་དུ་བྱེད་དགོས་པའི་གནད་དོན་དང་གཞོན་སྐྱེས་ཁྲོད་ཆོས་ལ་དད་པ་ཡོད་མཁན་གང་འདྲ་ཡོད་མེད་སོགས་ཀྱི་ཐད་ལ་བཀའ་འདྲི་ཁག་ཅིག་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་ནས་འཕྲུལ་ཆས་དེ་དག་གིས་དངོས་སུ་མིའི་སྤྱི་ཚོགས་ནང་དཀའ་ངལ་བཟོ་ཡི་མེད་པ་དང་། གཙོ་ཤོས་འཕྲུལ་ཆས་བེད་སྤྱོད་བྱེད་མཁན་གྱི་མི་ལ་རག་ལུས་པ་ཞིག་ཡིན་པ་དང་། ད་ལྟའི་ཆ་ལ་འཛམ་གླིང་ཐོག་གོ་ཚོན་རྩ་མེད་བཟོ་རྒྱུའི་ལས་འགུལ་ཞིག་འགྲོ་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་རེད་བཀའ་སྩལ་ཡོད་པར་མ་ཟད་ཆོས་དད་ཀྱི་བཀའ་ལན་ལས་འཕྲོས་ཏེ་མགོན་པོ་༸གང་ཉིན་མཆོག་ནས་༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་ལས་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཀའ་སློབ་ལམ་སྟོན་ཞིབ་རྒྱས་སྩལ་ཡོད།

ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ།

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༠  ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྟེ་འདས་ལོ་ ༢༠༢༠ ནང་རྒྱ་ནག་གཞུང་གིས་ལྟ་སྲུང་དང་འཇིགས་སྐུལ། འཛིན་བཟུང་དོ་དམ་སོགས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་ཁག་ཆེས་ཇེ་སྡུག་ཏུ་བཏང་བར་ཐེར་འདོན་གྱིས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ངོས་ནས་མཉམ་སྦྲེལ་གྱི་སྲིད་བྱུས་གཏན་འབེབས་ཐོག་རྒྱ་ནག་ལ་གདོང་ལེན་གནང་དགོས་པའི་དགོས་འདུན་མངོན་གསལ་གནང་འདུགཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་དང་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་རྣམ་གཉིས་དབུས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པ་དང་ལས་བྱེད་བཅས་ཀྱིས་ཕྱོགས་སྒྲིག་གནང་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད། དེའི་ནང་སྔ་ལོར་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་ཤིན་ཅང་རང་སྐྱོང་གི་ས་ཁུལ། ཧོང་ཀོང་། དེ་བཞིན་བོད་ཀྱི་ས་ཁུལ་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། དེ་བཞིན་འཛིན་བཟུང་དོ་དམ་སོགས་ཀྱི་ལས་དོན་རྒྱ་ཆེ་སྤེལ་ཏེ་ས་ཁུལ་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་བཏང་བར་ཐེར་འདོན་གནང་ཡོད་པ་དང་། བོད་ཁུལ་དུ་མཚོན་ན་རྒྱ་ནག་གཞུང་གིས་བོད་ཁུལ་དུ་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་སྒྲིག་གཏན་འབེབས་ཀྱིས་གཞི་རིམ་མང་ཚོགས་དང་ཚོགས་སྐྱིད་ཁག་ཏུ་རྒྱ་ནག་དམར་པོའི་ཆབ་སྲིད་དང་རྒྱལ་ཞེན་གྱི་སློབ་གསོ་སྔར་ལྷག་སྤེལ་ཡོད་པར་མ་ཟད། རྒྱ་ནག་གི་སློབ་གསོའི་ལས་གཞི་ཁག་ཏུ་མཉམ་ཞུགས་མ་གནང་མཁན་རྣམས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བཀག་་ཉར་དང་ཁྲིམས་ཐག་བཅད་ཡོད་པར་མངོལ་གསལ་གནང་འདུག དེ་བཞིན་རྒྱ་ནག་ཕྱོགས་ནས་བོད་རྒྱའི་བཀའ་རྙོག་ཞི་སྒྲིག་ཡོང་ཐབས་ཀྱི་མདུན་པ་ཙམ་ཡང་ཆེད་འདོན་མེད་པའི་ཁར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་ཀྱིས་༸གོང་ས་མཆོག་གིས་དབུས་པའི་བོད་མིིའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བརྗོད་བཞིན་པ་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནས་རྒྱ་ནག་གི་ནང་པའི་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྒྲིལ་གཞི་རྣམས་ལག་བསྟར་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་ཡོད་པར་ཐེར་འདོན་གནང་འདུག རྒྱ་ནག་གཞུང་གིས་ད་ལྟ་ཡང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གང་ཡིན་ཁ་གསལ་བྱེད་ཀྱི་མེད་པར་འགྲེལ་བརྗོད་གནང་བ་འབྲེལ་ཏེ་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེའི་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་ཞེས་ནན་བརྗོད་གནང་ཡོད་པ་རེད། གཞན་ཡང་ཤོག་གྲངས་ ༣༢ ལྷག་ཡོད་པའི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་འཛིན་པའི་རྒྱལ་ཁབ་གཅིག་ལ་སྲིད་བྱུས་གཉིས་ཀྱི་རྩ་འཛིན་ཁྲིམས་ཡིག་དེ་རྩིས་མེད་བཏང་བ་མ་ཟད་ཁུལ་དེའི་མང་གཙོ་ལས་འགུལ་བའི་འགོ་ཁྲིད་དང་མང་ཚོགས་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་དུང་གསར་འགོད་པ་རྣམས་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་སོགས་ཐེར་འདོན་གནང་འདུག མང་ཚོགས་ཀྱི་འདོད་པ་མེད་བཞིན་དུ་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་ཏེ་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་སོགས་ཀྱི་རང་དབང་ལ་དོ་ཕོག་ཆེན་པོ་གཏོང་བཞིན་པ་སོགས་ཆེད་བཀོད་གནང་འདུག ཤིན་ཅང་རང་སྐྱོང་ས་ཁུལ་གྱི་གནས་སྟངས་དང་འབྲེལ་ནས་རྒྱ་ནག་གཞུང་གིས་འདས་ལོའི་ནང་ཁུལ་དེའི་ཁ་ཆེས་གཙོས་པའི་གྲངས་ཉུང་མི་རིགས་ས་ཡ་གཉིས་ཙམ་འཛིན་བཟུང་གིས་བཀག་སྐྱིལ་བྱས་པར་མ་ཟད་བཙན་དབང་ཐོག་ངལ་རྩོལ་གྱི་ལས་རིགས་འདྲ་མིན་ནང་མཉམ་ཞུགས་བྱེད་དུ་བཅུག་ཡོད་པ་དང་། ལྷག་པར་དུ་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་རྣམས་སོ་སོའི་ནང་མི་དང་ཁ་བྲལ་བཏང་ཏེ་རྒྱ་ནག་གི་རྒྱལ་ཞེན་སློབ་གསོ་སྤེལ་གྱི་ཡོད་པ་བཀོད་འདུག ཐེངས་འདིའི་སྙན་ཐོར་བོད་མིའི་ཆབ་སྲིད་བཙོན་པ་དབང་འདུས་ལགས་དང་ཨ་ཉག་སེང་སྒྲ་ལགས་ཀྱིས་གཙོས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཧོང་ཀོང་། ཤིན་ཅང་ཁུལ་གྱི་ལས་འགུལ་བ། ཁྲིམས་རྩོད་པ་སོགས་མི་སྣ་ ༡༦ གི་ལོ་རྒྱུས་སྙིན་བསྡུས་ཆེད་བཀོད་ཀྱིས་ཨ་རི་གཞུང་དང་གྲོས་ཚོགས་ཀྱི་ངོས་ནས་ཁོང་རྣམ་པ་གཙོས་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པའི་གནད་དོན་ཐོག་རྒྱ་ནག་ལ་འདྲི་རྩད་གནང་དགོས་སྐོར་གསུངས་ཡོད། ཁ་སང་སྙན་ཐོ་དེ་འདོན་སྤེལ་གནང་བ་དང་འབྲེལ་ཏེ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་ཀྱིས་བརྙན་ཐུང་བརྒྱུད་དེ་ཨ་རིའི་སྲིད་གསར་པ་སྐུ་ཞབས་ Joe Biden མཆོག་དང་གྲོས་ཚོགས་འཐུས་མི་ཡོངས་ནས་མཉམ་བསྡུས་སྲིད་བྱུས་ཤིག་གཏན་འབེབས་གནང་སྟེ་རྒྱ་ནག་ལ་གདོང་ལེན་གནང་དགོས་པ་མ་ཟད། ཤིན་ཅང་ཁུལ་གྱི་ངལ་རྩོལ་བའི་ཐོབ་ཐང་སྲུང་ཀྱི་ཁྲིམས་ཞིག་གཏན་འབེབས་དགོས་པ། དེ་བཞིན་ཧོང་ཀོང་མང་གཙོའི་ལས་འགུལ་བ་ཚོར་དགོས་ངེས་ཀྱི་རྒྱབ་སྐྱོར་གནང་བར་མ་ཟད་ཉེ་ཆར་གཏན་འབེབས་ཟིན་པའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ལག་བསྟར་གནང་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་གནང་འདུག ད་རེས་ཀྱི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཙམ་མིན་པར་ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་དུ་ཐབས་བྱུས་འདྲ་མིན་བརྒྱུད་དེ་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་དང་། ཤེས་ཡོན་དང་ཚོགས་སྐྱིད་ཁག་གི་ལས་དོན་ལ་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་བ་སོགས་གསལ་འདོན་གནང་འདུག རྒྱ་ནག་ནང་ཁྱབ་བརྡལ་སོང་བའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཁྲོད་གཞི་རིམ་མི་མང་ལ་དམ་དྲག་དང་གནས་ཚུལ་སྦས་གསང་བྱས་པ་སོགས་ཀྱི་བརྒྱུད་རིམ་ཁག་ཀྱང་བཀོད་འདུག གཞི་རྩའི་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ལོ་ལྟར་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་ཐོག་སྙན་ཐོ་འདོན་སྤེལ་གནང་བ་དང་། ཡུལ་དེའི་གྲོས་ཚོགས་སུ་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་གནད་དོན་ཐོག་ཉན་ཞིབ་ཀྱི་ལས་རིམ་གནང་ཐོག་ཁྲིམས་འཆར་འདོན་སྤེལ་སོགས་གནང་གི་ཡོད་པ་རེད།

Latest news