Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྲིད་སྐྱོང་གསར་རྙིང་གི་འཚམས་འདྲི་དང་བདམས་ཐོན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསུང་བཤད།

ཁ་སང་དབུས་འོས་བསྡུ་ལས་ཁང་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གཞུང་འབྲེལ་ཐོག་གསལ་བསྒྲགས་གནང་བ་དང་སྦྲགས། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་ཁྱོོན་འོས་གྲངས་ ༣༤༣༢༤ དང་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཁྱོན་འོས་གྲངས་ ༢༨༩༠༧ བཅས་ཐོབ་སྟེ་སྤེན་པ་ཚེ་རིང་ལགས་སུ་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་གསལ་བསྒྲགས་གནང་ཡོད་པ་རེད་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁ་སང་ཕྱི་དྲོ་རང་ཉིད་ཀྱི་ངོ་དེབ་བརྒྱུད་འོས་བསྡུ་གྲུབ་འབྲས་དང་འབྲེལ་བའི་གཏམ་བཤད་གནང་བའི་ནང་དུ་ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་ཚོར་བ་ཅི་བྱུང་སྐོར་དང་འབྲེལ། འོས་བསྡུའི་འགྲན་རྩོད་ནང་ཞུགས་སྐབས་གཅིག་ལ་རྒྱལ་ཁ་དང་གཅིག་ལ་ཕམ་ཉེས་བྱུང་གི་ཡོད་པ་དེ་རང་བཞིན་ཆོས་ཉིད་ཡིན་པས་རྒྱལ་ཁབ་ཐོབ་པར་དམིགས་བསལ་དགའ་བ་སྒོམ་དགོས་དོན་གང་ཡང་མེད་པ་དང་དེ་ལས་ང་ཚོས་སེམས་ཤུགས་མ་ཆགས་པར་མུ་མཐུད་ནས་མདུན་བསྐྱོད་ཞུས་ཏེ་མི་རིང་བར་བོད་རྒྱའི་དཀའ་རྙོག་སེལ་བའི་ཉིན་མོ་ཞིག་ཤར་ཚེ་དེ་ཉིན་གཞིས་བྱེས་བོད་མི་ཡོངས་ནས་དོན་དངོས་ཀྱི་དགའ་བ་སྒོམ་དགོས་པ་དང་ཉིན་མོ་དེའི་ཆེད་དུ་ཚང་མས་མཉམ་རུབ་ཀྱིས་ནུས་པ་སྤུངས་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུས་འདུག ཁ་སང་དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་དེ་གནང་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་སེང་གེ་མཆོག་ནས་བོད་ཀྱི་བརྙན་འཕྲིན་བརྒྱུད་བཀའ་ཤག་གི་ཚབ་ཞུས་ཏེ་བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པར་དགའ་བསུའི་འཚམས་འདྲི་གནང་ཞིང་ས་ག་ཟླ་བའི་ཚས་ ༡༥ ཉིན་དེ་དམ་འབུལ་ཉིན་མོར་གཏན་འཁེལ་གནང་བའི་ཐག་གཅོད་གསལ་བསྒྲགས་གནང་བ་མ་ཟད། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་ཕུལ་ཏེ་བཀའ་ཤག་ནས་འཚམས་འདྲི་དང་ཁོང་གི་ལས་ཡུན་སྐབས་ཕྱག་ལས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་ཞུས་འདུགབདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁ་སང་ཕྱི་དྲོ་ཕྱག་ཚོད་ ༨ ཐོག་རང་ཉིད་ཀྱི་ངོ་དེབ་བརྒྱུད་མང་ཚོགས་ལ་གནང་པའི་གསུང་བཤད་དེའི་སྐབས། ཁོང་གིས་ད་ལན་མི་མང་གིས་ཁོང་ལ་འོས་ཤོག་ཕངས་ནས་འགན་སྐུར་བའི་ཁས་ལེན་ཡོངས་རྫོགས་ལྷག་བསམ་རྣམ་དག་དང་འཇིགས་ཞུམ་ཆགས་སྡང་མེད་པར་སྤྱི་སྙོམ་དྲང་བདེན་ཐོག་ནས་ལག་བསྟར་གྱིས་གོམ་པ་མདུན་སྤོ་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསུངས་འདུགདེ་བཞིན་སྤེན་པ་ཚེ་རིང་ལགས་ཀྱིས་ལྟ་བ་ལངས་ཕྱོགས་དང་ཆོལ་ཁའི་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱོགས་དང་འབྲེལ་ང་ཚོས་བོད་མདོ་དབུས་ཁམས་གསུམ་གྱི་ལོ་རྒྱུས་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་བྲེ་བྲག་རྒྱ་ནག་གི་འབྲེལ་བའི་སྐོར་ཞིབ་ཚགས་མཁྱེན་པ་གནང་རྒྱུ་དེ་གལ་ཆེ་ཡིན་པས་དེའི་ཐོག་འབད་བརྩོན་གནང་རྒྱུ་དང་ལྷག་དོན་སྤྱི་ཚོགས་ནང་རྙོག་དྲ་རིགས་ཡོང་བཞིན་པ་དེ་དངོས་ཡོད་གནས་སྟངས་མ་རྟོགས་པའི་དབང་གིས་ཡིན་སྟབས་འབྱུང་འགྱུར་བཀའ་ཤག་ངོས་ནས་བོད་དང་བཙན་བྱོལ་སྤྱི་ཚོགས་ནང་གི་དངོས་ཡོད་གནས་སྟངས་ཐོག་ཞིབ་འཇུག་ཚད་ལྡན་གྱིས་དེ་དག་མང་ཚོགས་མདུན་ལ་མཁོ་སྤྲོད་གནང་རྒྱུ་དེ་ལས་འགན་གཙོ་གྲས་སུ་ངོས་འཛིན་གྱི་ཡོད་པར་གསུངས་འདུག གཏམ་བཤད་དེའི་ནང་ཁོང་གིས་ད་དུང་སྲིད་སྐྱོང་གི་དམ་འབུལ་རྗེས་ཀྱིས་ལས་དོན་དང་དེ་བཞིན་བཀའ་ཤག་གསར་བའི་གྲ་སྒྲིག་ཡིན་པའི་འགྲེལ་བརྗོད་གནང་འདུག ལར་ནས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་གིས་སྲིད་སྐྱོང་གི་ལས་ཡུན་ཁྲོད་ཕྱག་ལས་གང་གནང་བ་དེ་དག་ལྷག་བསམ་རྣམ་དག་གི་སྒོ་ནས་གནང་རྒྱུའི་ཁས་ལེན་དང་འབྲེལ་མང་ཚོགས་ལ་རྒྱབ་སྐྱོར་གྱི་འབོད་སྐུལ་གནང་བ་མ་ཟད་བོད་ནང་གི་བོད་མི་ཚོར་བརྡ་ལན་དེ་འདྲ་ཞིག་གནང་འདུགདེ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཁོང་སྒེར་གྱི་ངོ་དེབ་ཐོག་འོས་བསྡུའི་གྲུབ་འབྲས་དང་འབྲེལ། མཇུག་བསྡོམས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལ། ༢༠༢༡ ལོའི་དངོས་གཞིའི་སྲིད་སྐྱོང་འོས་མིར་ཚུད་ཐུབ་པ་བྱུང་བ་ནི་མི་ཚེ་འདིའི་ནང་གི་གཟི་བརྗིད་ཆེ་ཤོས་ཀྱི་བྱ་བཞག་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། འོས་བསྡུའི་ཐོག་མཐའ་བར་གསུམ་གྱི་ལས་དོན་ཁྲོད་རྒྱབ་བསྐྱོར་གནང་མཁན་སྤྱི་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ད་ལྟའི་དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་འདིར་ལས་དོན་རྣམས་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་འཚམས་འདྲི་ཞུས་གནང་བ་མ་ཟད་བོད་རིགས་སྤུན་ཟླ་ཡོངས་ལ་འོས་བསྡུའི་གྲུབ་འབྲས་ཅི་བྱུང་ལ་ངོས་ལེན་གནང་དགོས་པའི་རེ་སྐུལ་དང་སྲིད་སྐྱོང་གསར་བར་མཐུན་འགྱུར་རོགས་རམ་ཞུ་དགོས་བའི་སྐུལ་མ་གནང་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་མཁན་བོད་མི་གྲངས་ ༨༣,༠༨༠ བྱུང་བའི་བྱུང་བའི་ཁོངས་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་ཤོག་དངོས་སུ་འཕེན་མཁན་གྱི་བོད་མི་གྲངས་ ༦༣,༩༩༡ བྱུང་ཡོད་པ་བཅས་ཆ་སྙོམས་འོས་འཕེན་པའི་རྒྱ་ཆ་ ༧༧་༠༢ ཆགས་ཀྱི་ཡོད་པ་དེ་ནི། ད་བར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ནང་འོས་འཕེན་པ་ཆ་ཤས་བཞེས་མཁན་གྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་རེད།

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་ལ་བདམས་ཐོན་བྱུང་སོང་།

དེ་རིང་ཕྱི་ཟླ་ ༥ ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གཙོས་པའི་འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས། དེ་བཞིན་གསར་ཁང་ཁག་གི་གསར་འགོད་པ་བཅས་ལྷན་བཞུགས་ཐོག་དྲ་ལམ་བརྒྱུད་ཏེ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་དང་སྦྲགས། ཉེ་ཆར་མཇུག་སྒྲིལ་ཟིན་པའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ གསལ་བསྒྲགས་གནང་ཡོད།དེ་ཡང་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༩ དང་། དོན་ཚན་ ༥༢ པའི་དགོངས་དོན་གཞིར་བཟུང་གསལ་བསྒྲགས་གནང་བར་བདམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམསཀྱི་གྲུབ་འབྲས་ལ་གཞིགས་ན། ཐེངས་འདིའི་དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་མཁན་བོད་མི་གྲངས་ ༨༣,༠༨༠ བྱུང་བའི་ཁོངས་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་ཤོག་དངོས་སུ་འཕེན་མཁན་གྱི་བོད་མི་གྲངས་ ༦༣,༩༩༡ བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་ཁྱོན་འོས་གྲངས་ ༣༤༣༢༤ དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་ཁྱོན་འོས་གྲངས་༢༨༩༠༧ བཅས་ཐོབ་སྟེ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་རྒྱལ་ཁ་ཐོབ་པ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འདེམས་ཐོན་བྱུང་འདུག འབུས་འོས་བསྡུ་ལས་ཁང་གིས་ད་རེས་གསལ་བསྒྲགས་གནང་པ་ལྟར་བྱས་ན། ད་རེས་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ནང་འོས་བསྡུའི་ནང་ཆ་སྙོམས་འོས་འཕེན་པའི་རྒྱ་ཆ་ ༧༧་༠༢ ཆགས་ཀྱི་ཡོད་པ་དེ་ནི། ད་བར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ནང་འོས་འཕེན་པ་ཆ་ཤས་བཞེས་མཁན་གྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་གསུངས་ཡོད། དེ་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་བར་གཞིགས་ན། འདེམས་ཐོན་སྤྱི་འཐུས་ ༤༥ ཁོངས་ནས་སྤྱི་འཐུས་གསར་པ་ ༡༨ བྱུང་འདུག་པ་དང་། དེ་དག་ཁྲོད་ནས་དབུས་གཙང་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་བཞི་དང་། མདོ་སྟོད་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་ལྔ། མདོ་སྨད་ཆོལ་ཁའི་ཁོངས་སུ་སྤྱི་འཐུས་གསར་པ་བཞི། དེ་བཞིན་གཡུང་དྲུང་བོན་ཁྱབ་ཁོངས་ནས་སྤྱི་འཐུས་གསར་པ་གཅིག་དང་། ལྷོ་བྱང་ཨ་རི་ཁུལ་ནས་སྤྱི་འཐུས་གསར་པ་གཉིས། ཡོ་རོབ་དང་ལྷོ་ཨ་ཕི་རི་ཀ་ཁུལ་ནས་སྤྱི་འཐུས་གསར་པ་གཅིག རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲེ་ལེ་ཤི་ཡ་ཁུལ་ནས་སྤྱི་གཐུས་གསར་པ་གཅིག་བཅས་ཆགས་ཀྱི་འདུག་པ་དང་། ཁྱོན་འདེམས་ཐོན་སྤྱི་འཐུས་ ༤༥ ཁོངས་ནས་ ༩ བེུད་ཆགས་ཀྱི་འདུག ད་རེས་འདེམས་ཐོན་བྱུང་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་གནང་པའི་ཚེ་གྲངས་ལྟར་བྱས་ན། ཟླ་བ་འདིའི་ཕྱི་ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུ་རྒྱུ་དང་། དེ་བཞིན་སྲིད་སྐྱོང་ལས་ཐོག་མཆོག་ནས་དེ་སྔ་བརྒྱུད་ལམ་ཁག་ཏུ་གསུངས་པ་ལྟར་བྱས་ན། ཟླ་བ་འདིའི་ཕྱི་ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་སྲིད་སྐྱོང་གསར་པའི་དམ་འབུལ་གྱི་ཚེས་གྲངས་འོས་འཚམས་ཤིག་ཡོད་སྐོར་གསུངས་ཡོད་ཀྱང་། ད་ལྟའི་ཆ་ལ་ཉེ་དུས་སྐབས་༡༦ པའི་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ ཐོག་ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་པ་འཕོ་འགྱུར་བཏང་་བའི་གནས་སྟངས་ལས་འཕྲོས་ཏེ། དམ་འབུལ་ཞུ་ཡུལ་གྱི་ཁྲིམས་ཞིབ་པ་མེད་པ་སོགས་དང་འབྲེལ་ད་ལྟའི་ཆ་ལ་སྲིད་སྐྱོང་དང་ཚོགས་གཙོ་སྦྲེལ་པོའི་དམ་འབུལ་གྱི་གནས་སྟངས་ཇི་ཆགས་གསལ་ཁ་མེད་པ་རེད། གནད་དོན་དེའི་ཐོག་དེ་རིང་གསར་འགོད་ལྷན་ཚོགས་སྐབས་སུ་གསར་འགོད་པ་རྣམས་ནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་སོང་བ་དང་། སྐབས་དེར་སྤྱི་ཁྱབ་འགན་འཛིན་མཆོག་ནས་ནས། དམ་འབུལ་གྱི་གནས་སྟངས་ཐོག་འོས་བསྡུ་ལས་ཁང་ནས་ཐད་ཀར་ཞུ་ཐུབ་ཡག་གང་ཡང་མེད་པ་སོགས་གསུངས་ཡོད།   དེ་རིང་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ གསལ་བསྒྲགས་གནང་ཟིན་མ་ཐག འདི་ག་རླུང་འཕྲིན་ཁང་ནས་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འབྲེལ་བ་ཞུ་སྐབས། ཐེངས་འདིའི་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་འོས་བསྡུའི་ལས་རིམ་ཁག་གླེང་སློང་གང་ཡང་མེད་པར་གནང་ཐུབ་པ་དེ་ནི་མང་གཙོའི་རྒྱལ་ཁ་ཞིག་ཡིན་པ་དང་། ད་ཆ་འོས་བསྡུའི་ལས་རིམ་ཁག་མཇུག་སྒྲིལ་ཟིན་ཡོད་སྟབས་འོས་བསྡུ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གླེང་སློང་རྣམས་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་གནང་སོང་པ་མ་ཟད། དམ་འབུལ་ཟིན་པའི་ཉིན་མོ་ནས་བཟུང་སྟེ་མི་མང་གི་རེ་བ་ཡིད་ཆེས་གནང་པ་ཁག་ཆུད་ཟོས་སུ་མི་གཏོང་བར། བོད་རྒྱའི་དཀའ་རྙོག་གསལ་ཐབས་གཙོས་པའི་བོད་མིའི་བདེ་དོན་ལྟ་སྐྱོང་སོགས་ལས་དོན་མང་པོ་ཞིག་སྒྲུབ་དགོས་པ་རྣམས་ཐོག་མའི་དམ་བཅའ་གཞིར་བཟུང་ནུས་པ་གང་ཡོད་སྤུངས་རྒྱུའི་ཆོད་སེམས་བརྟན་པོ་ཡིན་ཞེས་གསུངས་བྱུང་།  དེ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་འབྲེལ་བྱས་ཀྱང་འབྲེལ་བ་མཐུད་ཐུབ་པ་བྱུང་མ་སོང་ཡང་། ཁོང་སྒེར་གྱི་ངོ་དེབ་ཐོག་འོས་བསྡུའི་གྲུབ་འབྲས་དང་འབྲེལ། མཇུག་བསྡོམས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལ། ༢༠༢༡ ལོའི་དངོས་གཞིའི་སྲིད་སྐྱོང་འོས་མིར་ཚུད་ཐུབ་པ་བྱུང་བ་ནི་མི་ཚེ་འདིའི་ནང་གི་གཟི་བརྗིད་ཆེ་ཤོས་ཀྱི་བྱ་བཞག་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། འོས་བསྡུའི་ཐོག་མཐའ་བར་གསུམ་གྱི་ལས་དོན་ཁྲོད་རྒྱབ་བསྐྱོར་གནང་མཁན་སྤྱི་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ད་ལྟའི་དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་འདིར་ལས་དོན་རྣམས་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་འཚམས་འདྲི་ཞུས་གནང་བ་མ་ཟད་བོད་རིགས་སྤུན་ཟླ་ཡོངས་ལ་འོས་བསྡུའི་གྲུབ་འབྲས་ཅི་བྱུང་ལ་ངོས་ལེན་གནང་དགོས་པའི་རེ་སྐུལ་དང་སྲིད་སྐྱོང་གསར་བར་མཐུན་འགྱུར་རོགས་རམ་ཞུ་དགོས་བའི་སྐུལ་མ་གནང་འདུག གཞི་རྩའི་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དེ་བཞིན་སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༥ ནས་དངོས་སུ་འགོ་འཛུགས་ཞུས་ཏེ། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ དང་། ཕྱི་ཟླ་ ༤ ཚེས་ ༡༡ སོ་སོར་བོད་མི་གནས་ཡུལ་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ གྱི་ནང་ལ་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་གནང་ཡོད་པ་དང་། དེ་རིང་དངོས་གཞིའི་འོས་བསྡུའི་གྲུབ་འབྲེས་གསལ་བསྒྲགས་དང་སྦྲགས་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་འབྲེལ་ཡོད་ལས་བྱེད་དང་། འོས་བསྡུའི་ལས་རིམ་ཐོག་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྒེར་ཁག དེ་བཞིན་མང་ཚོགས་བཅས་ནས་འོས་བསྡུའི་ལས་རིམ་ནང་ཆ་ཤས་བླངས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།

གཟའ་འཁོར་འདིའི་ནང་བོད་མི་གཉན་རིམས་ཕོག་མཁན་༤༤༣ ལས་མི་ ༢༢ འདས་གྲོངས།

གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་འདུས་སྡོད་ཁྲོད་ཏོག་དབྱིབས་བོད་མི་བཞི་བརྒྱ་ལྷག་ཙམ་ལ་གཉན་རིམས་ཕོག་ཡོད་པ་ལས་བོད་མི་ཉེར་གཉིས་འདས་གྲོངས་སུ་གྱུར་ཡོད་འདུག ཐེངས་འདིར་བོད་མི་འདས་གྲོངས་སོང་བའི་གྲངས་ཐོ་དེ་ནི་གཉན་རིམས་ཁྱབ་བརྡལ་ཁྲོད་བདུན་ཕྲག་གཅིག་གི་ནང་དུ་བོད་མིའི་ཚེ་སྲོག་ཤོར་བའི་གྲངས་ཐོ་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་རེད། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༩ སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འགྲེལ་བརྗོད་གནང་བར་གཞིགས་ན། ད་བར་བཙན་བྱོལ་བོད་མིའི་འདུས་སྡོད་ས་ཁུལ་ཁག་ཏུ་ཁྱོན་བོད་མི་ ༣༣༧༧ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་ཀྱང་། དེའི་ཁོངས་ནས་ ༢༡༡༩ དྲག་སྐྱེས་བྱུང་ཡོད་པ་དང། ད་ལྟའི་ཆར་ནད་མནར་བཞིན་པ་བོད་མི་སྡོམས་ ༡༡༧༥ ཡོད་པ་ལས། འདས་བའི་བདུན་ཕྲག་གཅིག་ཁོ་ནའི་ནང་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་མི་གཉན་རིམས་ཕོག་མཁན ༤༤༣ བྱུང་བ་ལས་བོད་མི་༢༢ ཚེ་སྲོག་ཤོར་ཡོད་པར་འགྲེལ་བརྗོད་གནང་སོང་། སྤྱིར་འདི་ལོའི་ཟླ་བ་དང་པོའི་ཚེས་ ༡༦ ནས་བཟུང་རྒྱ་གར་གྱི་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བསྐྱོན་འགོ་ཚུགས་ཡོད་པ་ལྟར། ད་ལྟའི་བར་དུ་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་མི་གྲངས་ ༡༦༢༢༢ ལྷག་ལ་འགོག་ཁབ་བསྐྱོན་གྲུབ་ཡོད་པ་རེད་འདུག ཁ་སང་གི་གསར་འགོད་ལྷན་ཚོགས་སྐབས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་ཆར་རྒྱ་གར་གྱི་ནང་དུ་འགོག་ཁབ་འདང་ངེས་ཤིག་མེད་པའི་གནས་སྟངས་འགྲེལ་བརྗོད་དང་འབྲེལ། བོད་མི་མང་ཚོགས་ཀྱིས་འགོག་ཁབ་རག་མིན་ལ་མ་ལྟོས་བར་རིམས་ནད་ཁྱབ་བརྡལ་ལ་སྣང་ཆུང་མི་གཏོང་བར་སྔོན་འགོག་གནང་གལ་ཡིན་པ་དང་། སྒོས་སུ་བོད་མི་སུ་རུང་ཞིག་ལ་ནད་རྟགས་ཐོན་མཚམས་སུ་ངེས་བར་དུ་བརྟག་དཔྱད་གནང་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན་པའི་འབོད་སྐུལ་གནང་སོང་།  སྐབས་དེར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་བསྟན་འཛིན་ཀུན་བཟང་ལགས་ཀྱིས་གཉན་རིམ་ཁྲོད་ཐོག་མཐའ་བར་གསུམ་ནས་དྭངས་སླངས་ཞབས་ཞུ་དང་དགེ་རྩའི་ཕྱག་རོགས་གནང་མཁན་ཚོགས་སྒེར་ཡོངས་ལ་ཡིད་རང་བསྔགས་བརྗོད་གནང་བ་མ་ཟད། སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ནད་པ་རྣམས་ཀྱི་ཟས་སྤྱོད་དང་འབྲེལ་བོད་མི་མང་བོ་ཞིག་ལ་རིམས་ནད་ཕོག་པའི་སྐབས་སུ་ཟས་ཀྱི་ཡི་ག་ཞན་སྟབས་མངར་ཟས་རིགས་མང་དུ་སྤྱད་པ་ལ་བརྟེན་ནས་གཉན་སྲིན་གྱི་ནད་གཞི་ལངས་ཀྱི་ཡོད་དུས་རང་བཞིན་གྱི་ལུས་སྟོབས་ཇེ་ཞན་དུ་འགྱུར་ཉེན་ཡོད་སྟབས་རིམས་ནད་ཕོག་པ་རྣམས་ཀྱིས་འབྲེལ་ཡོད་ཀྱི་སྨན་པར་འབྲེལ་གཏུགས་ཀྱིས་ཟས་སྤྱོད་བརྟེན་ཕྱོགས་ལ་གཟབ་དགོས་བའི་སྐུལ་མ་གནང་སོང་། གཞི་རྩའི་སྔར་ལོ་ནས་བཟུང་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་དེ་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ཁྱབ་བརྡལ་ཕྱིན་པའི་ཁྲོད། ད་བར་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་ལ་རྒྱལ་སྤྱིའི་མི་འབོར་ས་ཡ་ ༡༥༩ ལྷག་ལ་རིམས་ནད་འགོས་ཁྱབ་བྱུང་ཡོད་པ་དང་། རྒྱ་གར་གྱི་ནང་དུ་ཡང་མི་འབོར་ས་ཡ་ ༢༣ ལྷག་བྱུང་སྟེ་རྒྱལ་སྤྱིའི་ཁྲོད་རིམས་ནད་འགོས་ཁྱབ་མང་ཤོས་ཀྱི་རྒྱལ་ཁབ་གཉིས་བ་དེ་ཆགས་ཡོད་པ་ལྟར། ད་ལྟའི་ཆར་རིམས་ནད་ཀྱི་རླབས་རྒྱུན་གཉིས་བ་དེ་ཆེས་ཆེར་ཁྱབ་བརྡལ་འགྲོ་བཞིན་པ་རེད་འདུག

བཙན་བྱོལ་བོད་མིས་རྒྱ་གར་གཞུང་དམངས་ལ་ཧིན་སྒོར་ས་ཡ་ ༥༠ ཙམ་གྱི་རོགས་དངུལ།

ད་ལྟ་རྒྱ་གར་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པ་དང་བསྟུན། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མི་ཡོངས་ནས་ཏོག་དབྱིབས་ནད་རླབས་གཉིས་པར་གདོང་ལེན་ལ་རོགས་སྐྱོང་ཆེད་ PM-cares ཞེས་རྒྱ་གར་གྱི་སྲིད་བློན་མཆོག་གི་མཚན་ཐོག་གི་ཏོག་དབྱིབས་རོགས་དངུལ་ཐེབས་རྩར་ཞལ་འདེབས་གང་ཐུབ་འབུལ་དགོས་པའི་སྐུལ་མ་གནང་བ་བཞིན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བཙན་བྱོལ་བོད་མི་དང་རྒྱ་བལ་འབྲུག་གསུམ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་ལས་བྱེད་རྣམས་ཀྱིས་ཉིན་གཅིག་གི་གླ་ཕོགས་བཅས་ཁྱོན་སྡོམ་སྒོར་ས་ཡ་ ༥༠ ཙམ་རོགས་དངུལ་གནང་གནང་འདུགདེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ཐོག་གཏམ་བཤད་ཀྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ། བོད་མི་ཡོངས་ལ་ས་ག་ཟླ་བ་འགོ་བཙུགས་པར་འཚམས་འདྲི་དང་། ལྷག་པར་དུ་ཁ་སང་རྒྱལ་སྤྱིའི་སྨན་ཞབས་པའི་ཉིན་མོ་དང་བསྟུན། སྨན་ཞབས་པ་དང་འཕྲོད་བསྟེན་ལས་བྱེད་རྣམས་ལ་མཚམས་འདྲི་ཞུས་པ་དང་འབྲེལ། ཉེ་འཆར་བཀའ་ཤག་གི་འབོད་སྐུལ་ཞུས་པ་བཞིན། ཨ་རིའི་བོད་མི་མང་ཚོགས་རྣམས་ནས་ཨ་རིའི་སྐུ་ཚབ་དོན་ཁང་བརྒྱུད། རྒྱ་གར་སྲིད་བློན་གྱི་མཚན་ཐོག་གི་ཏོག་དབྱིབས་རོགས་དངུལ་ཐེབས་རྩར་ཧིན་སྒོར་ས་ཡ་ ༢༠ ཙམ་དང་སུད་སུ་བོད་མི་རྣམས་ནས་ས་ཡ་ ༡༠ ཙམ། དེ་བཞིན་ Brussels སྐུ་ཚབ་དོན་ཁང་བརྒྱུད་ཡུ་རོབ་ཁུལ་དུ་གནས་སྡོད་བོད་མི་རྣམས་ནས་ནས་འབུམ་ ༣༧ ཙམ། དེ་བཞིན་ཐེ་ཝན་སྐུ་ཚབ་དོན་ཁང་བརྒྱུད་ཧིན་སྒོར་འབུམ་ ༣༠ ཙམ། ཨོ་གླིང་དང་ New Zealand བོད་མི་རྣམས་ནས་འབུམ་ ༢༧ ཙམ་བཅས་ཁྱོན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་བཞུགས་བོད་མི་རྣམས་ནས་ས་ཡ་ ༤༠ ཙམ་དང་རྒྱ་བལ་འབྲུག་གསུམ་ནང་དུ་གནས་སྡོད་བོད་མི་རྣམས་ནས་འབུམ་ ༨༠ ཙམ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་ལས་བྱེད་པ་རྣམས་ནས་ཉིན་གཅིག་གི་གླ་ཕོགས་དངུལ་འབོར་ཞལ་འདེབས་བཅས་ཁྱོན་ས་ཡ་ ༥༠ ཙམ་རྒྱ་གར་གཞུང་དམངས་ལ་ཞལ་འདེབས་གནང་ཡོད་པ་མངོན་གསལ་གནང་འདུག སྲིད་སྐྱོང་མཆོག་གིས་དེ་དང་ཆབས་ཅིག རྒྱ་གར་གཞུང་དམངས་གཉིས་ནས་བོད་མི་རྣམས་ཀྱི་རང་ས་ཤོར་ནས་ཉག་ཕྲག་པའི་དུས་སྐབས་སུ་ཕྱོགས་ཡོངས་ནས་གཟིགས་སྐྱོང་གང་ལེགས་གནང་བར་ཧ་ལས་པའི་དཀའ་འདྲིན་ཆེན་པོ་ཡིན་པ་ལྟར། ད་ལན་བོད་མི་རྣམས་ནས་ཐུགས་རྗེ་ལེགས་འབུལ་གྱི་རྣམ་འགྱུར་སྟོན་ཐུབ་པ་དེས་རྒྱ་གར་གཞུང་དམངས་གཉིས་ལ་ཡང་བོད་མི་རྣམས་བཀའ་དྲིན་བསམ་ཤེས་ཐུབ་མཁན་ཡིན་པ་དང་། གདུང་སེམས་མཉམ་སྐྱེད་ཀྱི་བརྡ་ལན་ཤུགས་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་གསུངས་འདུགརྩ་བའི་ད་ལན་ཙམ་མ་ཟད། སྔར་ལོ་རྒྱ་གར་ནང་དུ་རིམས་ནད་ཀྱི་གནས་སྟངས་ཐོག་མར་བྱུང་བའི་སྐབས་སུའང་བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས་རྒྱ་གར་སྲིད་བློན་གྱི་རོགས་སྐྱོར་ཐེབས་རྩར་ཧིན་སྒོར་ས་ཡ་མང་པོ་ཞལ་འདེབས་གནང་ཡོད་པ་རེད། ད་ལྟ་རྒྱ་གར་ནང་དུ་ཏོག་དབྱིབས་ནད་རླབས་གཉིས་པའི་ཁྲོད་དཀའ་ངལ་ཆེ་ཤོས་གཅིག་ནི། ནད་པ་ཛ་དྲགས་ཧ་ཅང་མང་རུ་ཕྱིན་པའི་ཁྲོད། སྲོག་རླུང་གི་མཐུན་རྐྱེན་མ་འདང་བའི་དཀའ་ངལ་ཤུགས་ཆེན་པོ་འཕྲད་བཞིན་པ་དང་སྟུན། ཁ་སང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་མཚུར་ཕུ་བླ་བྲང་ཀྱི་ངོ་དེབ་དྲ་ལམ་བརྒྱུད་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་ཀུན་སྐྱོང་དགེ་རྩ་ཚོགས་པ་ནས། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧེམ་ཀུཎ་ཊ་དགེ་རྩ་ཚོགས་པར་སྲོག་རླུང་གི་བླུག་སྣོད ༡༠༠ ཐམ་པ་ཞལ་འདེབས་གནང་ཡོད་པ་མ་ཟད། ལྡི་ལི་ས་གནས་འགོ་འཛིན་གྱི་སྣེ་ཁྲིད་པའི་ཏོག་དབྱིབས་སྔོན་འགོག་ལས་དོན་རུ་ཁག་ལ་ PPE Kit ༡༥༠ ལྷག་ཞལ་འདེབས་གནང་ཡོད་པ་རེད་འདུག དེ་བཞིན་ཉེ་ཆར་ཕྱི་ཟླ་ ༥ པའི་ནང་དུ་ཏོག་དབྱིབས་ཀྱི་གནས་སྟངས་ཛ་དྲག་ཁྲོད། ལྡི་ལི་ནང་དུ་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པ་དང་གཞོན་ནུ་ལྷན་ཚོགས་བཅས་ནས། ནད་ཡམས་ཀྱི་མནར་བའི་བོད་མི་རྣམས་ལ་སྨན་ཁང་འཚོལ་རྒྱུ་དང་སྨན་ཅོས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་སོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་པའི་ཁྲོད། རྒྱ་གར་བ་དཀའ་ངལ་ཤུགས་ཆེར་འཕྲད་མཁན་ཁག་ཅིག་ལའང་སྲོག་རླུང་གི་ཕྱག་རོགས་དང་ནད་པ་མྱུར་སྐྱོབ་ཀྱི་རླང་འཁོར་གྱི་མཐུན་རྐྱེན་སོགས་ཀྱི་ཕྱག་རོགས་གང་ཐུབ་གནང་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒེར་ཁག་ཅིག་ནས། གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཁྲོད།  འཚོ་བའི་ཡོངས་འབབ་མེད་མཁན་དང་དཀའ་འཕྲད་བཞིན་པའི་རྒྱ་གར་ཡུལ་མི་རྣམས་ལ་བཟའ་བཅའ་སོགས་ཀྱི་རོགས་སྐྱོར་གནང་བཞིན་པ་རེད། དེ་བཞིན་བལ་ཡུལ་ནང་དུའང་དགེ་འདུན་པ་བསོད་ནམས་དབང་ཆེན་ཞུ་བ་ཞིག་གིས། སྔར་ལོ་ནས་བཟུང་ད་བར་བལ་པོའི་མི་དབུལ་ཕོངས་རྣམས་ལ་བཟའ་བཅའ་དང་དངུལ། དེ་བཞིན་སྨན་བཅོས་དང་ད་ཕྲུག་ལྟ་སྐྱོང་སོགས་ཀྱི་ཞབས་ཞུ་སྒྲུབ་མུས་རེད། ཁ་སང་སྲིད་སྐྱོང་མཆོག་གིས་གསུངས་བཤད་བརྙན་པར་དེའི་ནང་ད་དུང་། ནད་ཡམས་དང་འབྲེལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྔོན་ཁབ་རིན་མེད་རྒྱག་རྒྱུ་སོགས་ཀྱི་མཐུན་རྐྱེན་གང་ཐུབ་སྦྱོར་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་པ་དང་འབྲེལ། སྲིད་སྐྱོང་མཆོག་གི་སྣེ་ཁྲིད་པའི་བཀའ་ཤག་ལས་ཡུན་གཉིས་པ་དེ་གཙང་ལ་རན་པ་དང་བསྟུན། ད་བར་ནད་ཡམས་ལ་གདོང་ལེན་གཙོས་པའི་ལས་དོན་ཅི་རིགས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་པ་ཚོས་སྐུ་ལས་ཧ་ཅང་ཆེན་པོ་སྐྱོན་གནང་བར་ཐུགས་རྗེ་ཆེ་ཞུས་དང་འབྲེལ།   དམའ་རིམ་ལས་བྱེད་པའི་གླ་ཕོགས་བརྒྱ་ཆ་ ༡༨ དང་ལས་བྱེད་མཐོ་རིམ་གྱི་ཕོགས་བརྒྱ་ཆ་ ༡༠ ཙམ་སྤར་ཐུབ་པ་བྱུང་ཡོད་པ་དང་། འཕྲོད་བསྟེན་ལས་བྱེད་ཁྲོད། སྨན་ཞབས་པའི་རིམ་པ་འདྲ་མིན་གསུམ་ལ་གླ་ཕོགས་བརྒྱ་ཆ་ ༡༠ དང་ ༡༥། ༢༠ དེ་བཞིན་འཕྲོད་བསྟེན་ལས་ཁུངས་ལས་བྱེད་པ་ཚོའི་གླ་ཕོགས་བརྒྱ་ཆ་ ༤༠ ཙམ་སྤར་ཐུབ་པ་བྱུང་ཡོད་སྐོར་གསུངས་སོང་། ལྷག་པར་དུ་སྨན་ཞབས་པ་ཚོར་ནད་པ་དང་ཐད་དཀར་འབྲེལ་བ་ཆགས་སྐབས་ཁོང་རྣམས་ལ་ནད་གཞི་འགོས་པའི་གནད་དོན་ཡང་བྱུང་བཞིན་ཡོད་པ་དང་། གཉན་རིམས་གྱི་ཛ་དྲག་གནས་སྟངས་འདི་མུ་མཐུད་གནས་རྒྱུ་ཡིན་སྟབས། ཁོང་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་ཧིན་སྒོར་སྟོངས་ཕྲག་ ༥ རེ་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་འབུལ་གཏན་ཁེལ་ཡོད་པ་མ་ཟད། སྨན་ཞབས་པར་མཐུན་རྐྱེན་གང་ཐུབ་མུ་མཐུད་སྦྱོར་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་ནང་སྲིད་ཀྱི་ལས་ཁུངས་ལས་བྱེད་པ་དང་ལྷག་པར་དུ་བསམ་བྷོ་ཊ་སློབ་གྲྭའི་ལས་བྱེད་དང་དགེ་རྒན་རྣམ་པའི་གླ་ཕོགས་ནང་དུ་རྒྱ་ཆ་ ༡༥ ཙམ་སྤར་ཆ་གནང་ཐུབ་པ་བྱུང་ཡོད་སྐོར་སོགས་གསུངས་པ་དང་འབྲེལ། ལས་བྱེད་པ་རྣམས་ནས་དེ་སྔ་སྐུ་ལས་སྐྱོན་པ་བཞིན་མུ་མཐུད་སྐུ་ལས་བསྐྱོན་དགོས་པའི་སྐུལ་མ་གནང་འདུག

༸གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་ཀྱི་མཛའ་འབྲེལ་གྱི་གློག་བརྙན་གསར་ཐོན།

Academy Award ཞེས་པའི་རྒྱལ་སྤྱིའི་ཁྲོད་གློག་བརྙན་དང་འབྲེལ་བའི་གཟེངས་རྟགས་ཆེ་ཤོས་བཞེས་མྱོང་མཁན་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ Louie Psihoyos ལགས་ཀྱིས་དཀའ་སྡུག་གི་དུས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་༸གོང་ས་མཆོག་དང་ཡི་ཤུའི་ཆོས་དཔོན་ཊུ་ཊུ་གཉིས་དབར་གྱི་མཛའ་བརྩེའི་འབྲེལ་ལམ་དང་མཇལ་མོལ་སྐོར་གྱི་གློག་བརྙན་ཞིག་བཟོ་སྐྲུན་གནང་འདུག་པ་དང་། གློག་བརྙན་འདི་ནི་འདི་ལོའི་ Tribeca གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ་རེད་འདུག དེ་ཡང་ཉེ་ཆར་ Tribeca གློག་བརྙན་བཟོ་སྐྲུན་ཁང་དང་དུས་སྟོན་གོ་སྒྲིག་པའི་དྲ་གནས་ཐོག་རིང་མིན་ཕྱི་ཟླ་ ༦ པའི་ནང་དྲ་ཐོག་བརྒྱུད་འཚོགས་འཆར་ཡོད་པའི་ལོ་འདིའི་ Tribeca གློག་བརྙན་དུས་སྟོན་ཐོག་སྐུ་ཞབས་ Louie Psihoyos ལགས་དང་། Peggy Callahan གཉིས་ཀྱི་ཟུང་འབྲེལ་ཐོག་བཟོ་བསྐྲུན་གནང་བའི་གློག་བརྙན་དེ་གཟིགས་འབུལ་གནང་རྒྱུ་ཡིན་པ་དང་། གློག་བརྙན་དེའི་ནང་དུ་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་སྟེ་འཛམ་གླིང་འདིའི་ཉེ་བའི་ལོ་རྒྱུས་ཀྱི་ནང་དུ་མཛད་རྗེས་རླབས་ཆེན་འཇོག་མཁན་འཛམ་གླིང་ཞི་བདེའི་དེད་དཔོན་རྣམས་གཉིས་དབར་མཇལ་འཕྲད་བྱུང་བའི་བརྙན་པར་ཁག་ཅིག་དང་འགུལ་རིས་བརྙན་པར་གསལ་སྟོན་གནང་བ་མ་ཟད། དེ་བརྒྱུད་དབུ་ཁྲིད་གཉིས་དབར་གྱི་ཁྱད་དུ་འཕགས་པའི་མཛའ་བརྩེའི་འབྲེལ་བ་དང་ཆབས་ཅིག དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་ལ་གདོང་ལེན་དང་འབྲེལ་བའི་སྐུ་སྒེར་གྱི་ངལ་བ་ཁག་དང་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་ཀྱི་འགན་བཞེས་པའི་ཐོག་ནས་འཛམ་གླིང་འགོ་ཁྲིད་ཀྱི་འགན་ཁུར་བཞེས་པའི་དབུ་ཁྲིད་རྣམས་ཀྱི་ལོ་རྒྱུས་བཅས་གསལ་འདོན་གནང་ཡོད་པ་རེད་འདུག Mission Joy ཞེས་པའི་གློག་བརྙན་འདིའི་ནང་དུ། དེ་སྔ་མཛའ་གྲོགས་གཉིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བདུན་ཕྲག་གཅིག་རིང་ལྷན་འཛོམས་ཀྱིས་ཕྱག་ཚོད་བཏང་བའི་བརྙན་པར་ཁག་ཅིག་གཟིགས་འབུལ་བརྒྱུད། དབུ་ཁྲིད་གཉིས་ཀྱིས་གནས་སྟངས་འདྲ་མིན་ལ་མ་ལྟོས་པར། ཐུགས་སྤྲོ་སྣང་ལྡན་པའི་སྒོ་ནས་ཕན་ཚུན་ལ་བློ་བསྐྱེད་གནང་བ་ཁག་མངོན་གསལ་གནང་ཡོད་པ་རེད་འདུག རྩ་བའི་ Tribeca གློག་བརྙན་དུས་སྟོན་དེ་བཞིན་ལོ་ལྟར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་དུ་འཚོགས་ཀྱི་ཡོད་ཀྱང་། སྔར་ལོ་གཉན་རིམས་རྐྱེན་པས་འཚོགས་མ་ཐུབ་པར། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ནང་དུ་དྲ་རྒྱའི་ཐོག་ནས་འཚོགས་གཏན་ཁེལ་ཡོད་པ་རེད་འདུག Mission Joy: Finding Hapiness in Troubled Times ཞེས་པའི་གློག་བརྙན་འདི་དྲ་ཐོག་དུས་སྟོན་འདིའི་ཁྲོད་ཕྱི་ཟླ་ ༦ པའི་ཚེས་ ༡༢ ཉིན་རྒྱབ་ཕྱག་ཚོད་གཉིས་པའི་ཐོག་གཟིགས་འབུལ་གནང་རྒྱུ་རེད་འདུག

རྒྱ་གཞུང་གིས་ཆོས་དད་རང་དབང་ལ་མུ་མཐུད་དམ་དྲག་བྱེད་བཞིན་པ་མངོན་གསལ།

རྒྱ་ནག་གཞུང་ནས་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་དང་ཤིན་ཅང་། ཧོང་ཀོང་དང་མེ་ཀའོ་སོགས་ཀྱི་ནང་ལ་གསལ་ཁ་མེད་པའི་ཐ་སྙད་དང་ཁྲིམས་སྒྲིག་གཏན་འབེབས་བྱས་ཏེ་ས་གནས་མང་ཚོགས་ཀྱི་གཞི་རྩའི་ཆོས་དད་རང་དབང་ལ་མུ་མཐུད་དམ་དྲག་དང་ཚོད་འཛིན་བྱས་པ་མ་ཟད། ཆོས་ཕྱོགས་ཀྱི་ལས་དོན་ནང་ཞུགས་མཁན་ཁག་ཅིག་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་ཁ་གཡར་ཏེ་འཛིན་བཟུང་བཙན་ཁྲིད་དང་བཙོན་འཇུག་སོགས་ཀྱང་བྱེད་བཞིན་པ་མངོན་གསོལ་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདས་ལོའི་ཕྱི་ཟླ་དང་པོ་ནས་ཕྱི་ཟླ་བཅུ་གཉིས་བར་རྒྱལ་སྤྱིའི་རྒྱལ་ཁབ་༢༠༠ ཙམ་གྱི་ཆོས་དད་རང་དབང་གི་གནས་བབ་ཐོག་དཔྱད་ཞིབ་གནང་སྟེ་་ཕྱི་ལོ་༢༠༢༠ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་གནང་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ས་གནས་ཀྱི་མང་ཚོགས་རྣམས་ལ་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་པ་ཁ་གསལ་འཁོད་ཡོད་པ་ལྟར། རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་ས་གནས་ཀྱི་མང་ཚོགས་རྣམས་ནས་ཆོས་དད་རང་དབང་ལོངས་སུ་སྤྱོད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། དོན་དངོས་ལག་བསྟར་ཐོག་རྒྱ་ནག་གཞུང་ནས་ཡུལ་དེའི་ཁྲིམས་སྒྲིག་དང་བཀའ་ཁྱབ་ཁག་གི་ནང་ལ་རྒྱུན་ལྡན་གྱི་ཆོས་ཕྱོགས་ལས་དོན་ཞེས། རྒྱུན་ལྡན་ཞེས་པའི་ཐ་སྙད་དེའི་ནང་ལ་བྱེད་སྒོ་གང་ཚུད་ཀྱི་ཡོད་མེད་དང་། དེའི་འགྲེལ་བརྗོད་གང་ཡིན་གསལ་ཁ་མེད་པར་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་ཚོད་འཛིན་དམ་དྲག་བྱེད་བཞིན་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་ཐ་སྙད་དེའི་འོག་རྒྱ་ནག་སྤྱི་དང་། བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གི་བཀའ་ཁྲོལ་དང་རྒྱབ་གཉེར་མེད་པར་ཆོས་ཕྱོགས་ཀྱི་ལས་དོན་གང་ཡང་སྤེལ་མི་ཆོག་པ་སོགས་ཀྱི་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མངོན་གསལ་གནང་འདུགལྷག་པར་དུ་སྙན་ཐོ་དེའི་ནང་གསལ་བའི་བོད་ནང་གི་ཆོས་དད་རང་དབང་གི་ཚན་པའི་ཁོངས་སུ། རྒྱ་ནག་གཞུང་ནས་བོད་ནང་ལ་བོད་ཀྱི་ནང་ཆོས་སློབ་གཉེར་དང་ དེ་འབྲེལ་འདུ་འཛོམས་ཀྱི་བྱ་བཞག དེ་བཞིན་ཆོས་ཕྱོགས་མི་སྣ་ཁག་ལ་དམིགས་བསལ་གྱི་དམ་དྲག་དང་དོགས་ཟོན་བྱས་པ།  ༧གོང་ས་མཆོག་དབུས་པའི་ཕྱི་ཕོགས་སུ་བཞུགས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་། ཚོགས་པ་ཁག་གི་སློབ་གསོ་དང་ཤུགས་རྐྱེན་འོག་མ་ཚུད་པར། དེ་དག་ལ་གདོང་ལེན་བྱེད་དགོས་པ་སོགས་བཤད་པ་མ་ཟད། ཆོས་ཕྱོགས་ཀྱི་ལས་དོན་ཁག་ཏུ་ཞུགས་མཁན་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་འགྲེལ་བརྗོད་བྱས་པའི་ཆོས་ཕྱོགས་ཀྱི་རྩ་འཛིན་ཁག་ལ་བརྩི་བཀུར་དང་། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་རྒྱལ་ཁབ་གཉིས་རྒྱལ་ཞེན་གྱི་བསམ་བློ་བཅངས་དགོས་པའི་བཀའ་རྒྱ་གཏོང་བཞིན་པ་གསལ་འདུགམ་ཟད་འདས་ལོ་དེའི་ནང་རྒྱ་ནག་གཞུང་ནས་ཆོས་ཕྱོགས་དང་འབྲེལ་བའི་སྡེ་ཚན་ཁག་གི་འཛིན་སྐྱོང་ལས་དོན་དང་འབྲེལ་བའི་སྒྲིག་གཞི་ཁག་ལ་བསྐྱར་ཞིབ་བྱས་ཏེ། རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ས་གནས་ཁག་ཏུ་ཆོས་ཕྱོགས་ཀྱི་ལས་དོན་ནང་ཞུགས་པའི་རྐྱེན་གྱིས་ཉེས་མེད་འཛིན་བཟུང་དང་། མནར་གཅོད་བཏང་བ། དེ་བཞིན་གར་སོང་ཆ་མེད་དུ་བསྒྱུར་་བ་དང་བཀག་ཉར་བྱས་ཡོད་པ་སོགས་ཀྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ས་གནས་མི་མང་ཁག་ཅིག་མནར་གཅོད་དེ་དག་ཁྲོད་ཚེ་སྲོག་ཤོར་བ་དང་། ཁག་ཅིག་གློད་བཀྲོལ་བཏང་ཡོད་ཀྱང་བཀག་ཉར་བྱེད་པའི་སྐབས་སུ་མནར་གཅོད་འདྲ་མིན་བཏང་སྟབས་སྐུ་ཚེ་མ་ཟིན་པའི་གནས་སྟངས་སོགས་བྱུང་ཡོད་པ་དང་། ལྷག་པར་དུ་འདས་ལོ་དེའི་ནང་རྒྱ་ནག་གཞུང་ནས་ལས་རིགས་སྦྱོང་བརྡར་སོགས་ཀྱི་མིང་བྱང་འོག་ས་གནས་མི་མང་རྣམས་དམག་གི་རང་བཞིན་ལྡན་པའི་ངལ་རྩོལ་གྱི་སྦྱོང་བརྡར་དང་རྒྱ་ནག་གི་ལྟ་གྲུབ་དང་མཐུན་པའི་སློབ་གསོའི་རིགས་འདྲ་མིན་སྤེལ་ཏེ་སོ་སོའི་ཕ་མེས་ནས་མཆེད་པའི་ཆོས་ཕྱོགས་ཀྱི་དད་མོས་དང་བྱེད་སྒོ་ཁག་དང་རྒྱང་ཐག་རིང་དུ་གཏོང་བཞིན་པ་ཡང་གསལ་སྟོན་གནང་འདུག  གཞན་ཡང་སྙན་ཐོ་དེའི་ནང་ལ་རྒྱ་ནག་གཞུང་ནས་བོད་ནང་གི་རྩོམ་པ་པོ་དང་། གཞས་བ་དང་སྒྱུ་་རྩལ་བ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གསོ་བ། དེ་བཞིན་༧གོང་ས་མཆོག་དབུས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁག་གི་བཀའ་ཆོས་དང་བཀའ་སློབ་ཁག་ལ་བརྩི་བཀུར་ཞུ་མཁན་རྣམས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་མུ་མཐུད་འཛིན་བཟུང་བྱེད་བཞིན་པ་མ་ཟད། བོད་ཀྱོ་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་ལ་ཚད་བཀག་བཟོས་ཏེ་ད་བར་བོད་ནང་གི་ཆོས་སྡེ་ཆེ་ཁག་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ནས་གྲ་བཙུན་༡༧༠༠༠ ཙམ་ཕྱིར་ཕུད་བཏང་ཟིན་པ་མ་ཟད། དགོན་སྡེ་ཁག་ཅིག་ཏུ་༧གོང་ས་མཆོག་གི་སྐུ་པར་ཚབ་ཏུ་རྒྱ་ནག་གི་འགོ་ཁྲིད་མའོ་དང་ཞི་ཅིན་ཕིང་གི་པར་འགྲེམ་སྤེལ་བྱེད་དུ་བཅུག་པ་དང་། ལྷག་པར་དུ་ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁ་ལ་ཁ ལ་ཁྱེར་ཏེ་དེ་སྔ་ནས་ཆོས་སྡེ་ཁག་ལ་གསང་བའི་ལྟ་སྲུང་གི་ཡོ་ཆས་བཙུགས་ཏེ་གྲྭ་བཙུན་རྣམས་ཀྱི་ཉིན་རེའི་བྱ་བཞག་ལ་ཚོད་འཛིན་བྱེད་མུས་ཐོག ས་གནས་གཅིག་ནས་གཞན་དུ་བསྐྱོད་སྐབས་རྒྱ་གཞུང་གི་ལས་བྱེད་ཀྱིས་བཀའ་འཁྲོལ་དགོས་པ་སོགས་བཟོས་ཏེ་དམ་དྲག་རིགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ཐེར་འདོན་གནང་འདུགདེ་བཞིན་རྒྱ་ནག་གཞུང་ནས་འདས་ལོ་དེའི་ནང་བོད་ནང་གི་བོད་ཕྲུག་ལོ་ངོ་༡༨ མན་རྣམས་ཆོས་ཕྱོགས་ཀྱི་ལས་དོན་ལ་ཞུགས་མི་ཆོག་པ་བཟོས་པ་དང་། སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་བཟུང་ཐོག་སློབ་ཁྲིད་དགོས་པ། དགོན་སྡེ་ཁག་གི་གྲ་བཙུན་རྣམས་ངེས་པར་དུ་ཆབ་སྲིད་སློབ་གསོའི་ནང་ཞུགས་དགོས་པ། ཆོས་སྡེ་ཁག་གི་འཛིན་སྐྱོང་ལས་དོན་ཁྲོད་རྒྱ་ནག་གཞུང་གི་མི་སྣ་བསྐོ་བཞག་ངེས་པར་དུ་བྱེད་དགོས་པ། རྒྱ་ནག་གི་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེ་ལ་བརྩི་བཀུར་བྱེད་དགོས་པ་སོགས་ཆོས་དད་རང་དབང་གཙོས་པའི་གཞི་རྩའི་ཐོབ་ཐང་སྤྱི་ཡོངས་ཐོག་ལ་དམ་དྲག་བྱེད་བཞིན་པ་ཁག་མངོན་གསལ་དང་སྦྲགས། རྒྱ་ནག་གཞུང་ནས་མུ་མཐུད་བོད་ནང་གི་གནས་སྟངས་དེ་དག་ཐོག་ཉམས་ཞིབ་གནང་མཁན་ཕྱིའི་སྲིད་གཞུང་ཁག་གི་སྐུ་ཚབ་དང་། གསར་འགོད་པ་རྣམས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཨ་རི་གཞུང་ནས་རྒྱ་ནག་ལ་ཡོད་པའི་ཨ་རི་གཞུང་ཚབ་དང་། ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་སོགས་བརྒྱུད་བོད་ནང་གི་གནས་སྟངས་རྒྱུས་ལོན་བྱེད་བཞིན་པ་མ་ཟད། ཨ་རིའི་ཁྲིམས་སུ་བཅད་པ་ Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་འོག་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རིག་གཏོང་མཁན་གྱི་རྒྱ་ནག་འགོ་ཁྲིད་རྣམས་ལ་ཉེས་ཆད་འགེལ་་རྒྱུ་དང་། ལྷག་པར་དུ་ཉེ་ཆར་གཏན་འབེབས་གནང་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞིའི་དགོངས་དོན་འོག་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་། ལྷག་པར་དུ་༸གོང་ས་མཆོ་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས་དེར་རྒྱ་ནག་གཞུང་ནས་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་པ་ཁ་གསལ་འཁོད་པ་སོགས་གསལ་སྟོན་གནང་འདུགགཞི་རྩའི་ཨ་རི་ཕྱི་སྲིད་ལས་ཁུངས་ནས་ལོ་ལྟར་རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་གི་གནས་བབ་གོང་མཐོར་ཡོང་སླད་རྒྱལ་ཁབ་སོ་སོའི་ནང་གི་ཆོས་དད་རང་དབང་གི་གནས་བབ་ཐོག་སྙན་ཐོ་འདོན་སྤེལ་གནང་སྟེ། ཡུལ་དེའི་གྲོས་ཚོགས་སུ་ཕུལ་གྱི་ཡོད་པ་དང་། ད་རེས་ཡོངས་གྲགས་གནང་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་ནས་བོད་ནང་ཙམ་མ་ཟད། རྒྱ་ནག་ཁྱོན་ཡོངས་སུ་ཡོད་པའི་ཡི་ཤུའི་ཆོས་དད་པ་དང་། ཁ་ཆེའི་ཆོས་དད་པ། དེ་བཞིན་རྩ་རླུང་ཆོས་འཁོར་རྒྱུད་འཛིན་མཁན་བཅས་ལ་ཡང་དེ་མཚུངས་ཀྱིས་དམ་དྲག་དང་མནར་གཅོད་གཏོང་བཞིན་པ་སོགས་གསལ་སྟོན་གནང་འདུག   མ་ཟད། སྙན་ཐོ་འདོན་སྤེལ་དང་འབྲེལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken ལགས་ནས། ཆོས་དད་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཆ་ཤས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། ཨ་རིའི་ངོས་ནས་དེའི་ཐོག་མུ་མཐུད་ལས་དོན་སྤེལ་རྒྱུ་སོགས་འགྲེལ་བརྗོད་གནང་འདུག

བྷང་ལོར་བོད་ཁྱིམ་སྡོད་ཁང་གི་སློབ་མ་སུམ་ཅུ་ལྷག་དྲག་སྐྱེད་བྱུང་འདུག

དེང་སང་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་ཚ་རླབས་གཉིས་པ་ཁྱབ་བརྡལ་ཆེས་ཆེར་འགྲོ་བཞིན་པའི་དུས་འདིར་ས་ཕྱོགས་གང་སར་རིམས་ནད་ཕོག་མཁན་གྱི་ནད་པའི་ཁ་གྲངས་ཉིན་རེ་བཞིན་འཕར་བཞིན་པ་ལྟར།  རིམས་ནད་འགོས་ཁྱབ་བྱུང་བའི་ནད་པ་མང་པོ་ཞིག་རིམ་བཞིན་དྲག་སྐྱེད་བྱུང་བཞིན་པ་རེད་འདུགའདས་བའི་ཉིན་འགའི་རིང་ལ་བྷེང་ལོར་བོད་ཁྱིམ་སྡོད་ཁང་ནང་མཐོ་སློབ་ཀྱི་སློབ་མ་དང་ལས་བྱེད་ཁྱོན་མི་གྲངས་༥༠   ལྷག་ལ་ནད་རྟགས་ཐོན་ཡོད་པ་ལས་ད་ཆ་བོད་ཁྱིམ་སྡོད་ཁང་གི་ནད་དུག་ཕོག་མཁན་གྲངས་༥༠ ལས་ནད་པ་་གྲངས་༣༠ ལྷག་དྲག་སྐྱེད་བྱུང་འདུག འདི་གའི་གསར་འགོད་པས་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་ཆོས་དབྱིངས་ལགས་སུ་སློབ་ཕྲུག་རྣམས་ནད་ཀྱིས་མནར་སྐབས་གཟིགས་རྟོགས་གང་འདྲ་གནང་ཡོད་མིན་དང་དྲག་སྐྱེད་བྱུང་བའི་གནས་ཚུལ་ཐོག་བཀའ་འདྲི་ཁག་ཅིག་ཞུས་པར་འགན་འཛིན་ལགས་ཀྱིས་སྤྱིར་བོད་ཁྱིམ་སྡོད་ཁང་ནང་ལ་ནད་པ་མང་པོ་ཐོན་དུས་ཁོང་ཡང་ནད་པའི་གྲས་སུ་ཡོད་སྐབས་སློབ་ཕྲུག་ནད་པ་རྣམས་ལ་གཟིགས་རྟོགས་ཁ་ཡོད་ལག་ཡོད་བྱ་ཐུབ་མ་སོང་མོད་བོད་ཁྱིམ་སྡོད་ཁང་གི་དོ་དམ་པ་དང་འགན་བདག་རྣམས་ཀྱིས་གང་ཐུབ་ཅི་ཐུབ་ཕྱག་རོགས་གནང་སྟེ་ད་ཆ་གནས་སྟངས་ཇེ་ལེགས་སུ་ཕྱིན་ཡོད་པར་འགྲེལ་བརྗོད་གནང་སོང་། མ་ཟད་རྒྱ་གར་ལྷོ་ཕྱོགས་ནི་བོད་མི་གནས་སྡོད་ཀྱི་གཞིས་ཆགས་ཆེ་ཤོས་གྲས་ཡིན་དུས་གཞིས་ཆགས་ལྔའི་ནང་གི་གཞིས་མི་གང་འཚམ་ཞིག་ནད་པ་ཆགས་ཡོད་པ་རེད།  དེ་ཡང་མོན་གྷོ་འདོད་རྒུ་གླིང་གཞི་ཆགས་ནང་ལ་ནད་པ་༢༡དང་ཀོ་ལི་གྷལ་དོན་ལྡན་གླིང་ནང་ནད་པ་༤༦ ཡང་ཧོན་སུར་རབ་རྒྱས་གླིང་གཞི་ཆགས་ནང་ནད་པ་༤༢  སྦེལ་ཀོབ་གཞི་ཆགས་གསར་རྙིང་གཉིས་སུ་ད་ལྟའི་ཆར་ནད་པ་༥༢ ཙམ་ཡོད་འདུག

ཏོག་དབྱིབས་ནད་ཡམས་ལ་ཁ་གཡར་གྱིས་ས་ག་ཟླ་བའི་རིང་ལྷ་སར་དམ་དྲག

རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ནང་སློབ་ཕྲུག་རྣམས་ཀྱི་གཙོ་བྱས་པའི་ཕ་མ་དང་། དེ་བཞིན་ལས་ཁུངས་ཀྱི་ལས་བྱེད་དང་རྒན་ཡོལ་ལས་བྱེད་ཚོ་ས་ག་ཟླ་བའི་རིང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་གཏོང་གི་ཡོད་པ་ལྟར།  ཉེ་ལམ་ཡང་ལྷ་སའི་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས་ས་ག་ཟླ་བའི་རིང་མང་ཚོགས་ནས་རྩེ་སྐོར་དང་བར་སྐོར།  དེ་བཞིན་གླིང་སྐོར་སོགས་འདུ་འཛོམས་ཆེ་སར་འགྲོ་རྒྱུ་མེད་པ་དང་།  དེ་བཞིན་དགོན་སྡེ་རྣམས་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྟབས་བདེའི་ཐོག་བྱེད་དགོས་ཞེས་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་སྔོན་འགོག་དགོས་ལུགས་ཀྱིས་དོན་ཚན་བཞི་འཁོད་པའི་ཡི་གེ་ཞིག་བཀྲམས་འདུགདེ་ཡང་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས་ཉེ་ལམ་ཕྱི་ཚེས་ ༩ ཉིན་དད་ལྡན་མང་ཚོགས་དང་།  གྲྭ་བཙུན་རྣམ་པ།  དེ་བཞིན་ཡུལ་སྐོར་བ་གསུམ་ལ་ཆེད་དམིགས་ཀྱིས་བཏོན་པའི་གྲོས་འགོ་ཡི་གེ་ཞེས་པ་དེའི་ནང་།   ད་ཆ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྒྱ་ཁྱབ་ཏུ་འགྲོ་མུས་སོགས་ལུང་འདྲེན་གྱིས།   ས་ག་ཟླ་བའི་དུས་ཡུན་རིང་ལ་མི་འབོར་མང་པོ་འདུ་འཛོམས་ཆེ་བར་བརྟེན་ནད་འགོས་ཁྱབ་ཀྱི་ཉེན་ཁ་ཧ་ཅང་ཆེ་སྟབས།  དད་ལྡན་མང་ཚོགས་ནས་རང་འགུལ་ངང་དམར་ཤོག་ཚོགས་པ་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་གི་བྱ་ཐབས་ཁག་ལ་གཞོགས་འདེགས་ཀྱིས་རིམས་འགོག་སྨན་ཁབ་བརྒྱབ་རྒྱུ་དང་།  ཕྱིར་བསྐྱོད་དང་འདུ་འཛོམས་ཉུང་ཙམ་དང་།  སོ་སོའི་ཐག་ཉེ་ས་དང་སྟབས་བདེ་སར་སྐོར་བ་འགྲོ་བ་ལས་རྩེ་སྐོར་དང་བར་སྐོར།  གླིང་སྐོར་སོགས་འདུ་འཛོམས་ཆེ་སར་འགྲོ་རྒྱུ་མེད་པ་དང་།  ཆོས་ལུགས་ལ་ལྟ་བ་ཡང་དག་བཟུང་ནས་ཚད་ལྡན་ངང་བསང་གསོལ་དང་བབ་མཐུན་ངང་ཚེ་ཐར་གཏོང་དགོས་ཞེས་བརྗོད་འདུག དེ་བཞིན་གྲྭ་བཙུན་རྣམས་ནས་རང་འགུལ་ངང་རྒྱལ་གཅེས་གཙང་སྦྲའི་བྱེད་སྒོ་དང་།  ཤིང་འཛུགས་ནགས་གསོའི་ལས་དོན་ལ་ཞུགས་ཏེ་དགོན་པ་དང་མཐའ་སྐོར་གྱི་ཁོར་ཡུག་མཛེས་བཟོ་བྱེད་དགོས་པ་མ་ཟད།  དགོན་སྡེ་ཁག་ནས་དགོན་པའི་ཞི་མཐུན་བརྟན་ལྷིང་དང་། རིམས་ནད་སྔོན་འགོག་ཐད་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ།   ཆོས་ལུགས་བྱེད་སྒོ་ཁག་སྟབས་བདེའི་ཐོག་ནས་སྤེལ་དགོས་ཞེས་བརྗོད་འདུག  ལྷག་པར་དེའི་ནང་ཡུལ་སྐོར་བ་རྣམས་ཡ་རབས་ལྡན་པའི་ལྟ་སྐོར་བ་ཞིག་བྱེད་རྒྱུ་དང་།  མི་མང་སར་འདུ་འཛོམས་མི་བྱེད་རྒྱུ་དང་དགོན་པའི་ནང་རང་འགར་མི་མྱུལ་བ་སོགས་བརྗོད་འདུག གཞི་རྩའི་བོད་ཟླ་བཞི་པར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཟེར་གྱི་ཡོད་པ་དང་།  ས་ཟླའི་དུས་སྐབས་འདིར་བོད་མི་དད་ལྡན་མང་ཚོགས་རྣམས་དགོན་པར་མཆོད་མཇལ་སོགས་སུ་ཕེབས་ཀྱི་ཡོད་པ་རེད།  འོན་ཀྱང་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཚོའི་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེར་བྱས་པའི་ཁར་ས་ཟླའི་དུས་སུ་རྐང་མང་ཚོགས་རྣམས་མཆོད་མཇལ་དང་གླིང་སྐོར་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཞུགས་མི་ཆོག་པའི་བཙན་བཀའ་གཏོང་གི་ཡོད་པ་དང་།   གལ་ཏེ་དེ་ལྟར་ཆོས་ཕྱོགས་ཀྱི་ལས་དོན་ལ་ཞུགས་པ་ཤེས་རྟོགས་བྱུང་ཚེ་ལས་བྱེད་ཡིན་ན་ལས་ཁུངས་ནས་ཕྱིར་ཕུད་དང་། རྒན་ཡོལ་ཡིན་ན་རྒན་ཡོལ་གྱི་ཐོབ་ཐང་ཁག་མེད་པ་བཟོས་རྒྱུའི་བཀའ་རྒྱ་བཀྲམ་ཀྱི་ཡོད་པ་རེད།

བལ་ཡུལ་ནང་བོད་མི་༧༨ ལ་ནད་རྟགས་ཐོན་ཏེ་གསུམ་འདས་གྲོངས་སུ་གྱུར་འདུག

རྒྱ་གར་དང་བལ་ཡུལ་ནང་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གཉིས་པའི་ཁྲོད་སྨན་བཅོས་ཀྱི་མཐུན་རྐྱེན་གྱིས་མ་འདང་བ་སོགས་ཀྱི་རྐྱེན་གྱིས་མི་སེར་མང་པོའི་ཚེ་སྲོག་ཤོར་བཞིན་པའི་གནས་སྟངས་ཆགས་ཡོད་པ་དང་། དེ་རིང་འདི་གས་གསར་འགོད་པས་བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་ཞལ་པར་བརྒྱུད་ས་གནས་སུ་ཡོད་པའི་བོད་མིའི་གནས་སྟངས་རྒྱུས་ལོན་ཞུ་སྐབས། སྤྱིར་བལ་ཡུལ་ནང་ལ་རྒྱ་གར་དང་གཅིག་མཚུངས་ཐོག་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གཉིས་པའི་དཀའ་ངལ་ཁག་འཕྲད་བཞིན་ཡོད་པ་དང་། ཁུལ་དེར་ཡོད་པའི་བོད་མི་ཚོ་ལ་མཚོན་ན། རྒྱལ་ས་མངའ་ཁུལ་དང་། མཐའ་མཚམས་ས་ཁུལ། དེ་བཞིན་སྤོག་ར་བཅས་བོད་མི་གནས་ཡུལ་ས་གནས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་ཚོགས་ཆུང་བཙུགས་ཏེ་སྔོན་འགོག་དང་། ལྟ་སྐྱོང་གི་ལས་དོན་ཁག་ཚགས་ཚུད་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆ་ལ་མཐའ་མཚམས་ཁག་ཏུ་བཞུགས་པའི་བོད་མིའི་ཁྲོད་རིམས་ནད་ཕོག་པའི་གནས་ཚུལ་བྱུང་མེད་པར་གསུངས་སོང་། འོན་ཀྱང་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གཉིས་པའི་ཁྲོད་རྒྱལ་ས་མངའ་ཁུལ་དང་སྤོག་ར་བཅས་ཀྱི་ཁྱབ་ཁོངས་ནས་ཁྱོན་བོད་མི་ ༧༨ ལ་ནད་རྟགས་ཐོན་ཡོད་པ་དང་། དེའི་ཁྲོད་ནས་བོད་མི་རྒན་གྲས་གསུམ་འདས་གྲོངས་སུ་གྱུར་ཡོད་པ་དང་། ད་ལྟའི་ཆ་ལ་ནད་རྟགས་ཡོད་མཁན་རྣམས་ཁོངས་སོ་སོའི་ཟུར་འཇོག་ཁང་ལ་བཞུགས་བཞིན་ཡོད་པ་གསུངས་ཡོད། དེ་བཞིན་བལ་ཡུལ་ནང་ལ་ཡོད་པའི་བོད་མི་ཚོར་སྔོན་འགོག་སྨན་ཁབ་ཐོབ་ཡོད་མེད་ཐད་བཀའ་འདྲི་ཞུ་སྐབས། ད་བར་བལ་ཡུལ་ནང་ཡོད་པའི་བོད་མི་ལོ་ངོ་ ༦༥ ཡན་ཚང་མ་དང་། འཕྲོད་བསྟེན་ཞབས་ཞུ་བ། དེ་བཞིན་སློབ་གྲྭ་ཁག་གི་དགེ་ལས་བཅས་ལ་སྨན་ཁབ་རིམ་པ་དང་པོ་དེ་ཐོབ་ཟིན་ཡོད་པ་མ་ཟད། ཉེ་ཆར་ལོ་ངོ་༡༨ ཡན་ཚོར་སྨན་ཁག་རྒྱག་འགོ་བཙུགས་སྐབས་རྒྱལ་ས་མངའ་ཁུལ་གྱི་བོད་རིགས་ལོ་ན་༡༨ ཡན་ཁག་ཅིག་ལ་དེ་མཚུངས་ཀྱི་སྨན་ཁབ་ཐོབ་པ་དང་། ས་གནས་སུ་ཡིག་ཆ་མེད་པར་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ལ་ས་གནས་འགོ་འཛིན་གྱིས་རྒྱབ་གཉེར་ཐོག་རོགས་རམ་གང་ཐུབ་ཞུ་བཞིན་པ་སོགས་གསུངས་བྱུང་། གཞི་རྩའི་བལ་ཡུལ་ཙམ་མ་ཟད་ད་ལྟའི་ཆ་ལ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གཉིས་པའི་ཁྲོད་མང་ཚོགས་རྣམས་ལ་སྨན་བཅོས་དང་། རིམས་ནད་རྟགས་དཔྱད་ཀྱི་ཡོ་ཆས་འདང་ངེས་བཞིན་པ་མེད་པ་སོགས་ཀྱི་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། གང་ཟག་སྒེར་སོགས་ནས་དེའི་ཐད་རོགས་རམ་གང་ཐུབ་གནང་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་ཡན་ལགས་གཞོན་ནུའི་ཚོགས་མི་རྣམས་ནས་ས་གནས་ས་ཐོག་ཏུ་རིམས་ནད་དང་འབྲེལ་བའི་ཞབས་ཞུའི་ལས་དོན་སྣ་མང་སྒྲུབ་བཞིན་པ་མ་ཟད། ལྷག་པར་དུ་ད་ཆ་བཞུགས་སྒར་ཁུལ་དུ་ཏོག་དབྱིབས་ནད་རྟགས་ཐོན་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན། ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་དྲ་ཐོག་བརྒྱུད། རིམས་ནད་སྔོན་འགོག་དང་གདོང་ལེན་སླད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བཞུགས་སྒར་དུ་ཡོད་པའི་གཞོན་ནུའི་རང་བཙན་མགྲོན་ཁང་དེ་བཞིན་ནད་རྟགས་ཡོད་མཁན་རྣམས་ཟུར་བཀག་ཏུ་བཞུགས་སའི་ཆེད་དམིགས་བསལ་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག གཞན་ཡང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲ་ཐོག་ནས་དཔལ་འབྱོར་བསྡུ་རུབ་གནང་སྟེ་བཞུགས་སྒར་གཙོས་པའི་ཧི་མ་ཅལ་མངའ་སྡེ། Uttarakhand དང་རྒྱལ་ས་ལྡི་ལི། གཞན་ཡང་རྒྱ་གར་ལྷོ་ཕྱོགས་དང་བྱང་ཤར་སོགས་སུ་ཆགས་པའི་བོད་པའི་གཞིས་ཆགས་དང་སློབ་གྲྭ་ཁག དེ་བཞིན་ཁ་འཐོར་ས་གནས་སོགས་སུ་གནས་པའི་བོད་མི་རྣམས་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་བརྟག་དཔྱད་འབྲེལ་བའི་ཡོ་ཆས་ OxiMeter ཞེས་སྲོག་རླུང་གི་ཚད་གཞི་ལྟ་ཆས་དང་། ཚ་བ་ལྟ་རྒྱུའི་ཐར་མོ་མི་ཀྲར། གཞན་ཡང་རིམས་ནད་སྔོན་འགོག་དང་འབྲེལ་བའི་ཁ་རས་དང་དུག་སེལ་སོགས་ཀྱི་མཐུན་རྐྱེན་བགོ་འགྲེམ་གནང་བཞིན་འདུག གཞི་རྩའི་ད་ལྟའི་ཆར་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཛ་དྲག་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་ཉིན་མ་རེ་རེ་ལ་མི་མང་པའི་ཚེ་སྲོག་ཤོར་བཞིན་ཡོད་པ་མ་ཟད། བཞུགས་སྒར་གཙོས་པའི་བོད་མི་གནས་ཡུལ་ས་གནས་ཁག་ཏུ་ཡང་རིམས་ནད་ཕོག་མཁན་གྱི་གྲངས་འབོར་རིམ་པའི་འཕར་བཞིན་པའི་གནས་སྟངས་སུ་གྱུར་ཡོད།

Latest news