Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཨ་རིའི་གྲོས་ཚོགས་ཀྱི་མདུན་དུ་ཉིན་བཅུའི་བོད་རང་བཙན་གོམ་བགྲོད་མཇུག་སྒྲིལ་བ།

རྒྱ་ནག་དམར་གཞུང་གིས་བོད་མིར་བཙན་དབང་གི་ཐོག་ནས་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་བཞག་ནས་འདི་ལོ་མི་ལོ་ ༧༠ བའི་ཉིན་མོ་དང་བསྟུན་ཨ་རིའི་ཁུལ་དུ་བོད་མི་དྭང་བླངས་བ་ཁག་གཅིག་གིས་འགོ་འཛུགས་བྱས་པའི་ཉིན་བཅུའི་རིང་གི་བོད་རང་བཙུན་གྱི་གོམ་བགྲོད་ལས་འགུལ་དེ་ཁ་སང་ཨ་རིའི་གྲོས་ཚོགས་ཚོགས་ཁང་གི་མདུན་ཐང་དུ་མཇུག་སྒྲིལ་གནང་འདུག གཞི་རྩའི་ཐེངས་འདིའི་ལས་འགུལ་དེ་ནི་ཟླ་བ་སྔོན་མའི་ཚེས་ཉེར་གསུམ་གྱི་ཉིན། བོད་རང་བཙན་འཐབ་རྩོད་བ་དོན་འགྲུབ་ལྷ་དར་ལགས་ཀྱི་གཙོ་བྱས་པའི་མི་དྲུག་གིས་ཨ་རིའི་ཧྥི་ལ་ཌ་ཧྥེ་ཡའི་རང་བཙན་ཚོགས་ཁང་ནས་དབུ་འཛུགས་གནང་ཡོད་པ་དང་། ཁ་སང་རྒྱལ་ས་Washington DC ནང་དུ་ལས་འགུལ་མཇུག་སྒྲིལ་གནང་བའི་སྐབས་སུ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་Chris Smith ལགས་ཀྱིས་རང་གི་སྐུ་ཚབ་ལས་བྱེད་ཅིག་ཆེད་གཏོང་གནང་ཡོད་འདུག ཁོང་གིས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་བོད་དོན་དང་བོད་མིའི་གནད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ད་ལྟ་འཛམ་གླིང་གིས་དོ་སྣང་བྱ་ས་གཙོ་བོ་དེ་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དེ་ཡིན་ནའང་། ཤིན་ཅང་གི་སྔོན་ལ་རྒྱ་ནག་གིས་བོད་ནང་དྲག་གནོན་བྱས་པ་དང་། དེ་བཞིན་ད་ལྟ་ང་ཚོས་ཧྥ་ལོང་ཀོང་ལ་དྲག་གནོན་བྱས་པའི་་སྐོར་བཤད་ཀྱི་ཡོད་ནའང། དེ་སྔོན་ལ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དྲག་གནོན་བྱས་ཡོད་སྐོར་དང་། ཨ་རིའི་ངོས་ནས་བོད་མིའི་དཀའ་སྡུག་དང་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེས་ཞུ་ཡི་ཡོད་སྐོར་གསུངས་ཡོད་འདུགགཞན་ཡང་། མཛད་སྒོའི་སྟེང་གོམ་བགྲོད་ལས་འགུལ་བ་དང་བོད་རང་བཙན་འཐབ་རྩོད་པ་དོན་གྲུབ་ལྷ་དར་ལགས་ཀྱིས་ཐེངས་འདིའི་གོམ་བགྲོད་དང་འབྲེལ་ནས་གསུངས་བཤད་གནང་བའི་ནང་དུ། གོམ་བགྲོད་པ་རྣམས་ཀྱིས་རང་དབང་རང་བཙན་སླར་གསོ་དེ་དགོས་འདུན་གྱི་གཙོ་བོར་བཞག་དགོས་དོན་ནི། རྒྱ་ནག་གིས་ཕྱི་ཟླ་ ༥ ཚེས་ ༢༣ ལ་བོད་དེ་ཞི་བས་བཅིངས་གྲོལ་བཏང་ཡིན་ཟེར་ནས་ཧམ་པ་དང་སྐྱག་རྫུན་བཤད་ནས་ལོ་ངོ་ ༧༠ འཁོར་བ་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། སྐབས་དེ་ནས་བཟུང་ད་ལྟའི་བར་དུ་བཙན་འཛུལ་མནར་གཅོད་ཀྱི་འོག་བོད་ལ་ཁྲག་དང་མིག་ཆུའི་ལོ་རྒྱུས་མ་གཏོགས་གང་ཡང་རག་མེད་སྟབས། དགྲ་བོ་རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་ཡིན་ཟེར་བ་དེ་ཡོངས་སུ་སྐྱག་རྫུན་ཡིན་པ་ར་སྤྲོད་བྱ་རྒྱུའི་ཆེད་དུ་ང་ཚོས་གོམ་བགྲོད་ལས་འགུལ་འདི་སྤེལ་བ་ཡིན་པར་གསུངས་འདུགཐེངས་འདིའི་བོད་མི་སྒེར་བ་ཅག་ཅིག་གི་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེར། ཁེ་ན་ཊར་གནས་བཞུགས་སཱ་ནེས་བསོད་ནམས་ལགས་ཀྱིས་ཀྱང་དངོས་སུ་མཉམ་ཞུགས་གནང་འདོད་ཡོད་ནའང་། རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཨ་རིར་ཡོང་མ་ཐུབ་པར་བརྟེན་ཁོང་གིས་ཨ་རི་དང་ཁེ་ན་ཊའི་ས་མཚམས་ནས་ཊོ་རིན་ཊོ་གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་བར་དུ་ཁྱེར་རྐྱང་གོམ་བགྲོད་གནང་སྟེ་ཁ་སང་ལས་ཉིན་བཅུ་བའི་ཉིན་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེ་མཇུག་སྒྲིལ་གནང་འདུག གཞི་རྩའི་ཐེངས་འདིའི་གོམ་བགྲོད་པ་རྣམས་ཀྱིས་དགོས་འདུན་དོན་ཚན་དྲུག་ཕྱིར་བསྒྲགས་གནང་བའི་ནང་དུ། རྒྱ་ནད་ཀྱིས་འཛམ་གླིང་མི་མང་ས་ཡ་གཉིས་ལྷག་བསད་པའི་འགན་འཁྲི་རྒྱ་ནག་གཞུང་གིས་འཁྱེར་དགོས་པ་དང་། རྒྱ་ནག་གིས་བོད་པ་དང་ཡུ་གུར་བ་སོགས་ཀྱི་བཙོན་པ་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱས་ཏེ་ཅ་དངོས་བཟོ་སྐྲུན་བྱེད་ཀྱི་ཡོད་སྟབས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བ། དེ་བཞིན་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་བདེན་དོན་དང་།བོད་རང་བཙན་སླར་གསོ་ལ་ཨ་རིའི་གཞུང་དམངས་གཙོས་རྒྱལ་སྤྱིས་ངོས་ལེན་དང་བདེན་རྒྱབ་བྱེད་དགོས་བ་སོགས་ཀྱི་དོན་ཚན་དྲུག་གི་ཐོག་ནས་ཉིན་བཅུའི་རིང་གི་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེ་དབུ་འཛུགས་ཀྱིས་ཁ་སང་ཨ་རིའི་གྲོས་ཚོགས་ཁང་གི་མདུན་དུ་ལས་འགུལ་མཇུག་སྒྲིལ་ཡོད་པ་རེད།

རྟོགས་བརྗོད་འདུན་ལེགས་མའི་བཀའ་ཆོས་མཇུག་སྒྲིལ་དང་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་སྩལ་བ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩ མ་ཟིན་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བོད་རིགས་གཞོན་སྐྱེས་རྣམས་ལ་༸རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་བཀའ་ཆོས་མཇུག་སྒྲིལ་མཛད་པ་དང་འབྲེལ་ཏེ་རྒྱུན་ལྡན་ནས་མགོན་པོ་མཆོག་གིས་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་སྐོར་བཀའ་སྩལ་མཛད་ཀྱི་ཡོད་པར་བཀའ་སྩལ་བ་དང་། བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ཞོགས་པ་བརྟག་པ་བགྱིས་དོན་ལྟར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་བཀའ་དྲིན་ཆེ་བར་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་ཆོས་འབྲེལ་ཐོག་འཛམ་གླིང་ནང་གི་ཆོས་ལུགས་ཚང་མས་བྱམས་བརྩེ་གཙོ་འདོན་གནང་ནས་བདེ་སྐྱེད་ཀྱི་རྩ་བ་དེ་བྱམས་བརྩེ་དང་སྙིང་རྗེ་ཡིན་པར་གསུང་བཞིན་ཡོད་པ་ལྟར་སྟོན་པས་གསུངས་པའི་ཆོས་ལུགས་ཀྱི་ནང་དུ་སྟོན་པའི་བཀའ་ལའང་དད་པ་ཙམ་མིན་པར་བརྟག་དཔྱད་བགྱིས་ཤིག་ཞེས་ལམ་སྟོན་སྤྱི་དང་ལྷག་པར་དུ་སེམས་ཁམས་རིག་པ་དང་འབྲེལ་ནས་བློ་མ་འདུལ་བ་རྣམས་འདུལ་བར་བྱ་རྒྱུ་དང་་བྱམས་བརྩེ་གོང་སྤེལ་གནང་ཕྱོགས་སོགས་ཀྱི་ཐད་ལ་པཎ་གྲུབ་བཅུ་བདུན་གྱིས་གཙོས་པའི་རྒྱ་གར་མཁས་པའི་གཞུང་དང་བོད་མཁས་པ་རྣམས་ཀྱིས་བརྩམས་པའི་ལེགས་བཤད་དག་སྤུས་དག་པོ་ཡོད་ཀྱང་། སྐབས་རེ་ལྷའི་རྣལ་འབྱོར་སོགས་དང་འབྲེལ་ནས་ཆོས་ལུགས་ཕན་ཚུན་དབར་ཕྱོགས་ལྷུང་དང་མཐུ་རྒྱག་རེས་བྱེད་བཞིན་པའི་གནད་དོན་ཡོང་གི་ཡོད་པ་ལྟར་མགོན་པོ་མཆོག་ནས་དེ་སྔ་དོལ་རྒྱལ་ལ་དམ་བསྒྲགས་མཛད་ཚུལ་སྐོར་བཀའ་སློབ་སྩལ་ཡོད་ཀྱང་། དེ་ནི་མཐའ་གཅིག་ཏུ་བརྩེ་བ་བྱ་ཡུལ་ཞིག་དང་མཐའ་གཅིག་ཏུ་བྱམས་བརྩེ་སྒོམ་ཡུལ་ཞིག་ཡིན་པ་ལས་རྒྱུ་མཚན་ཕྲ་མོ་ཞིག་ལ་བརྟེན་ནས་དེས་བསྟན་པ་ལ་གནོད་མཁན་ཞིག་རེད་ཅེས་བརྗོད་ནས་སེམས་ཐག་རིང་བར་བསྡད་ན་ནོར་འཁྲུལ་ཡིན་པར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་གནང་གོང་དང་གསུང་ཆོས་མཇུག་སྒྲིལ་ཟིན་པའི་རྗེས་སུ་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཤད་སྒྲུབ་ཟུང་འབྲེལ་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་སརྒྱས་པའི་ཆོས་ཉམས་ལེན་བྱ་རྒྱུར་དད་པ་ཁོ་ནས་འདང་ངེས་ཤིག་མེད་པར་ཆོས་རབ་དུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་སྒོ་ནས་བསམ་བློ་བཏང་ནས་སློབ་གཉེར་བྱེད་དགོས་པ་མ་ཟད་སློབ་གཉེར་བྱ་རྒྱུ་དེཡང་དགེ་འདུན་པ་གཅིག་པོ་མིན་པར་མི་སྐྱ་ཕོ་མོ་ཚང་མས་སརྒྱས་པའི་ཆོས་ཞེས་བརྗོད་སྐབས་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་ལ་བསམ་བློ་གཏང་དགོས་པ་དང་བཤད་པ་དང་སྒྲུབ་པ་ཟུང་འབྲེལ་གྱི་སྒོ་ནས་ནང་ཆོས་ལ་བགྲོ་གླེང་བྱ་རྒྱུ་དང་། སྤྱོད་འཇུག་དང་དབུ་མ་འཇུག་པ་སོགས་ལ་སློབ་གཉེར་གནང་ནས་ཤེས་ཚད་དང་ལྡན་པའི་ཉམས་མྱོང་ཅན་གྱི་མི་ཉུང་ཤས་ཤིག་མིན་པར་རྒྱ་ཆེ་མང་ཚོགས་ཁྲོད་ནས་ག་ཚོད་ཐུབ་ཐུབ་ཀྱིས་བཤད་སྒྲུབ་ཟུང་འབྲེལ་ཡོང་རྒྱུར་འབད་བརྩོན་གནང་དགོས་པར་བཀའ་སྩལ་ཡོད།གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པསརྒྱས་་བཅོམ་ལྡན་འདས་ཀྱིས་མྱ་འདས་ཀྱི་མཛད་པ་བསྟན་པ་ལྟར་པཎ་གྲུབ་བཅུ་བདུན་ལ་སོགས་པས་ཀྱང་མྱ་ངན་ལས་འདས་པའི་མཛད་པ་བསྟན་ཡོད། དེ་བཞིན་༸རྗེ་རིན་པོ་ཆེའང་མྱ་ངན་ལས་འདས་པའི་མཛད་པ་བསྟན་ནས་རྗེས་འཇུག་ཀྱི་འདུལ་བྱ་རྣམས་ལ་༸རྗེ་རིན་པོ་ཆེས་མཛད་པའི་ལེགས་བཤད་པོ་ཏི་བཅོ་བརྒྱད་ཡོད་པ་དེ་དག་༸རྗེ་རིན་པོ་ཆེའི་ཞལ་འཆེམས་ཤིག་ཡིན་པ་ལྟར་གསུང་འབུམ་པོ་ཏི་བཅོ་བརྒྱད་དེ་བདག་གཉེར་གནང་རྒྱུ་དང་།ལྷག་པར་དུ་དེའི་ནང་ནས་ལམ་རིམ་ཆེ་ཆུང་གཉིས་དང་ལེགས་བཤད་སྙིང་པོ། རྫོགས་རིམ་རིམ་ལྔ་སེལ་སྒྲོན་ལ་སོགས་པའི་གཞུང་གིས་གཙོས་རྩ་བ་ཤེས་རབ་ཀྱིས་མཚོན་པའི་རིགས་ཚོགས་དྲུག་པོ་རྒྱུན་ལྡན་ནས་སློབ་གཉེར་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་སྩལ་གྲུབ་མཚམས་སུ་སློབ་ཕྲུག་རྣམས་ནས་དོགས་འདྲི་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བཀའ་དྲིན་ཆེ་བར་སྩལ་བ་ལྟར། སློབ་ཕྲུག་རྣམས་ནས་གཞན་གྱི་བྱ་སྤྱོད་ངན་པ་ལ་བརྟེན་ནས་རང་གི་ངོས་ནས་བཟོད་བསྲན་ཇི་ལྟར་བྱེད་དགོས་པ་དང་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་སེམས་གཉིས་ཀྱི་ཁྱད་པར། དེ་བཞིན་ཁོང་ཁྲོ་ལངས་པའི་སྐབས་སུ་སེམས་ཞི་བདེར་སྐྲུན་ཐབས་སོགས་ཀྱི་སྐོར་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ནས་ཡིན་པའི་སློབ་མ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་སེམས་སྐྱོན་གྱི་ན་ཚ་་མི་ན་བའི་སྔོན་འགོག་དང་ན་ཚ་དེས་ཟིན་པ་རྣམས་ལ་བཅོས་ཐབས་ཀྱི་ཐབས་ལམ་གང་ཡོད་མིན་སྐོར་ལ་བཀའ་སློབ་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་མཆོག་གིས་བྱང་ཆུབ་སེམས་དང་བདག་གཞན་མཉམ་བརྗེའི་བློ་ག་ཚོད་ཐུབ་ཐུབ་ཀྱིས་ཤུགས་ཆེ་བར་ཡོང་ཐབས་བྱ་རྒྱུ་གཙོས་སེམས་སྡུག་བྱས་ནས་བསྡད་ན་ཕན་ཐོགས་གང་ཡང་མེད་པ་དང་སེམས་གུ་ཡངས་པོ་བྱེེད་དགོས་པ་དང་། ཕུགས་རྒྱང་རིང་པོ། དེ་བཞིན་བདག་གཞན་མཉམ་བརྗེའི་བསམ་བློ་གཏང་ཚེ་ཕན་ཐོགས་ཡོང་ངེས་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།

ཧན་གྷ་རིའི་རྒྱལ་ས་ Budapest མངའ་ཁུལ་གྱི་གཞུང་ལམ་ཞིག་ལ་ཏཱ་ལའི་བླ་མ་གཞུང་ལམ་ཞེས་མིང་བསྒྱུར་གནང་བ།

ཡོ་རོབ་རྒྱལ་ཁབ་ Hungary རྒྱལ་ས་ Budapest ནང་རྒྱ་ནག་གི་ Fudanགཙུག་ལག་སློབ་ཆེན་ཆེད་འཛུགས་ཀྱི་ལསགཞིར་ས་གནས་གྲོང་སྡེ་ལས་ཁུངས་ནས་ངོ་རྒོལ་མཚོན་ཆེད་སློབ་ཆེན་དེའི་ཉེ་འཁོར་གྱི་གཞུང་ལམ་གི་མིང་ལ་ཏཱ་ལའི་བླ་མ་གཞུང་ལམ་ཞེས་གཞུང་འབྲེལ་གྱི་མིང་བསྒྱུར་གནང་འདུགཕྱི་ལོ་ ༢༠༡༩ ལོར་ Hungary གཞུང་དང་རྒྱ་ནག་གི་གྲོང་ཁྱེར་ Shanghai ནང་རྟེན་གཞི་བྱས་པའི་ Fudan གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་དབར་ཨ་སྒོར་ཐེར་འབུམ་གཅིག་ལྷག་གི་ལས་འཆར་འོག Fudan གཙུག་ལག་སློབ་གྲྭ་ཆེན་མོའི་ཡན་ལག་སློབ་གྲྭ་ཆེན་མོ་ཞིག་ Hungary རྒྱལ་ས་ Budapest ལྟེ་གནས་སུ་གསར་རྒྱག་བྱ་རྒྱུའི་གྲོས་མཐུན་བཞག་འདུག་ཅིང། ཕྱོགས་གཉིས་དབར་གྱི་གྲོས་མཐུན་གྲོས་ཡིག་ཆ་ཁག་ཅིག་གི་ནང་དོན་ཉེ་ཆར་ཕྱིར་འགྱར་བྱུང་ནས་ས་གནས་འབྲེལ་ཡོད་གྲོང་སྡེ་ལས་ཁུངས་དང་གྲོས་ཚོགས་འཐུས་མི། དེ་བཞིན་མང་ཚོགས་བཅས་ནས་ལས་གཞི་དེར་ངོ་རྒོལ་གནང་འདུག་པ་མ་ཟད་ལྷག་པར་དུ་ད་ལན་རྒྱ་གཞུང་གིས་ Fudan གཙུག་ལག་སློབ་གྲྭ་ཆེན་མོའི་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཡུལ་གྱི་རྒྱལ་ས་ Budapest ཁུལ་གྱི་རྫོང་དགུ་པའི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་སྐུ་ཞབས་ Krisztina Baranyi ལགས་ཀྱིས་གཟའ་འཁོར་ཁ་ཤས་སྔོན་ལ་ལས་གཞི་དེར་ངོ་རྒོལ་གནང་ཡོད་པ་དང་། ཁྱད་པར་དུ་ཁོང་གིས་གལ་ཏེ་ལས་གཞི་དེ་ཕྱིར་འཐེན་མ་གནང་ཚེ་སློབ་གྲྭ་ཆེན་མོ་གནས་ཡུལ་གྱི་མཐའ་འཁོར་གྱི་གཞུང་ལམ་ཁག་ལ་ཏཱ་ལའི་བླ་མའི་གཞུང་ལམ་དང་ཧོང་ཀོང་རང་དབང་གཞུང་ལམ། དེ་བཞིན་ཡུ་གུར་དཔའ་པོའི་གཞུང་ལམ་ཞེས་མིང་བསྒྱུར་གནང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།ཁ་སང་རེས་གཟའ་མིག་དམར་ཉིན་ Budapest རྒྱལ་ས་མངའ་ཁུལ་གྱི་ Ferencvaros གྲོང་སྡེ་ལས་ཁུངས་ཀྱི་ངོས་ནས་གཞུང་ལམ་དེ་དག་དངོས་སུ་མིང་བསྒྱུར་གནང་བའི་མིང་བྱང་ཁག་བཙུགས་འདུག དེ་རིང་སྔ་དྲོ་ Ferencvaros གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ Krisztina Baranyi ལགས་དང་། Budapest གྲོང་ཁྱེར་སྤྱི་ཁྱབ་ Gergely Karacsonyl ལགས་གཉིས་གཙོ་བཞུགས་ཐོག་མིང་བསྒྱུར་གནང་བའི་གཞུང་ལམ་ཁག་གཞུང་འབྲེལ་ཐོག་ནས་དངོས་སུ་དབུ་འབྱེད་གནང་འདུག སྐབས་དེའི་ས་གནས་བོད་མི་དངབོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ནས་མཛད་སྒོའི་ཐོག་ཆེད་བཅར་གྱིས་གྲོང་སྡེ་སྤྱི་ཁྱབ་མཆོག་ལ་ཐུགས་རྗེ་ལེགས་འབུལ་ཞུས་འདུགརྩ་བའི་ད་ལན་ Budapest གྲོང་ཁྱེར་ནང་དུ་གསར་རྒྱག་བྱ་རྒྱུའི་རྒྱ་ནག་གི་ Fudan གཙུག་ལག་སློབ་གྲྭ་ཆེན་མོའི་ལས་འཆར་ལ་གཞིགས་པ་ཡིན་ན་རིང་མིན་ ༢༠༢༤ ནང་ཚུད་ལ་ལས་གྲཡོངས་རྫོགས་ཚར་རྒྱུའི་འཆར་གཞི་འདུག་ཅིང། དེ་ནི་ཡོ་རོབ་ནང་རྒྱ་ནག་གིས་གཉེར་བའི་གཙུག་ལག་སློབ་གྲྭ་ཐོག་མ་དང་རྒྱ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད། ཡུལ་དེའི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་གྲོང་སྡེ་ལས་ཁུངས། དེ་བཞིན་མང་ཚོགས་བཅས་ནས་ངོ་རྒོལ་དང་འབྲེལ། རྒྱ་ནག་གཞུང་གིས་གཙུག་ལག་སློབ་གྲྭ་ཆེན་མོའི་ལས་གཞི་བརྒྱུད་ནས་དེ་སྔའི་ཨུ་རུ་སུ་འོག་ནས་ཁ་འཐོར་ཕྱིན་པའི་ཡོ་རོབ་ཡུལ་གྲུ་ཁག་ཏུ་རྒྱ་ནག་གིས་དམར་ཤོག་ལྟ་བ་ཁྱབ་སྤེལ་བྱ་རྒྱུར་དམིགས་པ་ཞིག་ལ་ངོས་འཛིན་གྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུགཉེ་ཆར་ Hungary གྲོས་ཚོགས་ནང་དུ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Szel Bernadett ལགས་ཀྱིས་བོད་ཀྱི་རྒྱལ་དར་གྱོན་ནས་གྲོང་ཁྱེར་ Budapest ནང་ཆེད་འཛུགས་གནང་རྒྱུའི་རྒྱ་ནག་ Fudan གཙུག་ལག་སློབ་ཆེན་གྱི་ལས་གཞིར་ངོ་རྒོལ་གྱི་གཏམ་བཤད་སྤེལ་ནས་ Hungary གཞུང་གིས་ལས་གཞི་དེ་ནི་རྒྱ་ནག་གི་ཁེ་ཕན་ཆེད་ཆགས་ཀྱི་ཡོད་པ་ལས་ཧན་གྷ་རིེ་སློབ་ཕྲུག་དང་མང་ཚོགས་ལ་ཁེ་ཕན་གང་ཡང་མེད་པ་མ་ཟད་མ་འོངས་པར་ལས་གཞི་འདི་བརྒྱུད་ Hungary གཞུང་དེ་རྒྱ་ནག་གི་བུ་ལོན་འོག་ཚུད་རྒྱུའི་ཉེན་ཁ་ཡོད་ཅེས་གསུངས་འདུགགཞི་རྩའི་ Hungary རྒྱལ་ས་ Budapest ནང་ཕྱི་ལོ་ ༢༠༡༠ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་མཛད་ཡོད་ཅིང། སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པ་ Gabor Demsky ལགས་ཀྱིས་གཞུང་འབྲེལ་ཐོག་ནས་མགོན་པོ་མཆོག་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།དེ་བཞིན་ཉེ་ཆར་ཁུལ་དེའི་ནང་རྒྱ་གཞུང་གིས་བདེ་སྲུང་བློན་ཆེན་གཞུང་འབྲེལ་སྐོར་སྐྱོད་སྐབས་སུ་ Budapest གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ Ference Garencsér ལགས་ཀྱིས་གྲོང་སྡེ་ལས་ཁུངས་མདུན་ངོས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་རེད།

རྒྱ་གཞུང་གིས་ཁྱིམ་ཚང་རེར་ཕྲུ་གུ་གསུམ་སྐྱེ་ཆོག་པ་བཟོས་པ་དེ་ཁྲིམས་འགལ་རེད།

ཁ་ཉིན་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་ནས་དེ་སྔ་ཡུལ་དེའི་ནང་གི་ཁྱིམ་ཚང་རེར་ཕྲུ་གུ་གཉིས་ལས་ལྷག་པ་སྐྱེ་མི་ཆོག་ཅེས་པའི་སྲིད་དེར་བསྐྱར་བཅོས་བྱས་ཏེ་ད་ཆ་ཁྱིམ་ཚང་རེར་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་བྱུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་ཡོངས་གྲགས་བྱས་ཡོད་པ་དང་ཐག་གཅོད་དེར་རྒྱ་ནག་གཞུང་ཕྱོགས་ནས་གུ་ཡངས་དང་བཟང་ཕྱོགས་ཀྱི་རྣམས་པ་ཞིག་ཡིན་སྐོར་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་ཐོག་འགྲོ་བ་མའི་ཐོབ་ཐང་དང་མི་འབོར་འཕེལ་རིམ་གྱི་གནས་བབ་ཐད་དཔྱད་ཞིབ་གནང་མཁན་ཁག་ཅིག་གིས་རྒྱ་གཞུང་གི་ཐག་གཅོད་དེ་ནི་དེ་སྔའི་སྲིད་བྱུས་ལྟར་མུ་མཐུད་ཁྲིམས་འགལ་ཞིག་ཆགས་ཀྱི་ཡོད་པ་མ་ཟད་དེ་ནི་རྐང་མི་མང་གི་མངོན་འདོད་དང་མཐུན་པ་ཞིག་མིན་པར་མ་འོངས་ཚོང་གི་ཁེ་ཕན་ལ་དམིགས་པའི་སྲིད་བྱུས་ཤིག་ཡིན་པ་སོགས་སྐྱོན་བརྗོད་གནང་འདུགརྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས Joshua Rosenzweig ལགས་ནས་རྒྱལ་ཁབ་ཀྱི་སྲིད་གཞུང་ཞིག་གི་ངོས་ནས་མི་འབོར་འཕེལ་རྒྱས་དང་འབྲེལ་བའི་སྲིད་བྱུས་བཟང་དུ་གཏང་རྒྱུ་དེར་མཐུན་རྐྱེན་སྦྱར་རྒྱུའི་འགན་ཡོད་པ་ལས་མི་སྒེར་དང་ཁྱིམ་ཚང་གི་གནད་དོན་ཐོག་ཐེ་བྱུས་བྱས་ཏེ་ཕྲུ་གུ་ག་ཚོད་སྐྱེ་ཆོག་མིན་གྱི་ཚད་བཀག་དང་དམ་དྲག་རིགས་བྱ་རྒྱུའི་ཐོབ་ཐང་ཡོད་མ་ཅེས་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་ནས་དམ་དྲག་རང་བཞིན་གྱི་སྲིད་བྱུས་གཏན་འབེབས་བྱ་རྒྱུའི་ཚབ་ཏུ་དང་ཐོག་དེར་མི་སེར་སྒེར་གྱི་མི་ཚེའི་གདམ་གའི་རང་དབང་ལ་གུས་བརྩི་ཞུས་ནས་གང་ཟག་སྒེར་གྱི་ཁྱིམ་ཚང་གི་འཆར་གཞི་ལས་དོན་ཐད་དམ་དྲག་དང་ཁྲིམས་མཐུན་མ་ཡིན་པའི་ཐེ་བྱུས་རིགས་མཚམས་འཇོག་བྱེད་དགོས་ཞེས་གསུངས་འདུག ད་ལྟའི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཁྱིམ་ཚང་རེར་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པའི་སྲིད་བྱུས་གསར་པ་དེ་ནི་དོན་དངོས་ལག་བསྟར་ཐོག་གུ་ཡངས་ཀྱི་རྣམ་པ་གང་ཡང་མིན་པ་དེ་ནི་དེ་སྔའི་སྲིད་བྱུས་ལྟར་ཁྱིམ་ཚང་ཞིག་ལ་ཕྲུ་གུ་གསུམ་ལས་མང་བ་སྐྱེས་ཚེ་སྲིད་གཞུང་གི་ངོས་ནས་ཁྱིམ་ཚང་དེར་ཆད་པ་སོགས་གཏང་ངེས་ཡིན་པ་དང་ལྷག་པར་དུ་འགྲོ་བ་མིའི་གཞིའི་ཐོབ་ཐང་ནང་ལ་འགྲོ་བ་མི་ཚང་མར་རང་ཉིད་ཀྱི་འདོད་མོས་ལྟར་ཕྲུ་གུ་སྐྱེ་རྒྱུ་དང་གསོ་སྐྱོང་བྱེད་རྒྱུའི་ཐོབ་ཐང་ཡོད་སྟབས། ད་རེས་རྒྱ་ནག་གཞུང་ནས་དེ་སྔའི་ཕྲུ་གུ་གཉིས་ཀྱི་སྲིད་བྱུས་ལ་བསྒྱུར་བཅོས་ཀྱིས་ཕྲུ་གུ་གསུམ་བར་སྐྱེ་ཆོག་པ་བཟོས་ཡོད་ཀྱང་། སྲིད་བྱུས་དེས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་འགྲུ་དོན་ལ་རྩིས་སྲུང་ཞུས་པ་ཞིག་ནམ་ཡང་མཚོན་ཐུབ་ཀྱི་མ་རེད་ཅེས་གསུངས་འདུགགཞི་རྩའི་རྒྱ་ནག་ནི་ད་ལྟའི་ཆ་ལ་རྒྱལ་སྤྱིའི་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཀྱི་ཡོད་པ་དང་དེ་སྔ་སྤྱི་ལོ་ ༡༩༨༠ ལོར་ཡུལ་དེའི་མི་འབོར་འཕེལ་གྱི་གྲངས་ཚད་ཤིན་ཏུ་ཆེ་བའི་སྐབས་སུ་སྐབས་དེའི་རྒྱ་ནག་གི་འགོ་ཁྲིད་ Deng Xiaoping ཀྱིས་མི་འབོར་འཕེལ་རྒྱས་ཀྱི་གྲངས་ཚད་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབས་དབར་ཆ་མ་སྙོམས་པའི་གནས་སྟངས་སོགས་ལ་གཞིགས་ཏེ་ཁྱིམ་ཚང་རེ་རེ་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་གཏན་འབེབས་ཐོག་མི་འབོར་འཕེལ་རྒྱས་ཀྱི་གྲངས་ཚད་ལ་ཚོད་འཛིན་བྱས་ཡོད་པ་དང་། དེ་ནས་རིམ་པས་རྒྱ་ནག་གི་མི་སེར་ཁྲོད་གཞོན་སྐྱེས་ཀྱི་གྲངས་ཚད་ཇེ་ཉུང་དུ་སོང་བ་དང་བསྟུན་ཕྱི་ལོ་ ༢༠༡༦ ལོར་གྲུ་གུ་གཅིག་གི་སྲིད་བྱུས་ལ་བསྒྱུར་བ་བཏང་སྟེ་ཕྲུ་གུ་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་གཞོན་སྐྱེས་ཀྱི་གྲངས་འབོར་ཇེ་མང་དུ་གཏོང་ཐབས་བྱས་ཡོད་ཀྱང་ཉེ་ཆར་ཟླ་བ་གཅིག་ཙམ་གྱི་གོང་དུ་ཡོངས་གྲགས་བྱས་པའི་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཀྱི་སྙན་ཐོའི་ནང་ལ་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་པའི་རྗེས་སུ་རྒྱ་ནག་གི་མི་འཕོར་འཕེལ་རྒྱས་ལ་དེ་ཙམ་དོན་འབྲས་སོན་མེད་པ་དང་ལྷག་པར་དུ་འདས་ལོའི་ནང་རྒྱ་ནག་ཏུ་ཁྱོན་ཕྲུ་གུ་ས་ཡ་ ༡༢ སྐྱེས་ཡོད་པ་དེ་ནི་དེ་སྔ་ ༢༠༡༦ ལོ་ལས་ས་ཡ་ ༦ ཉུང་བ་ཆགས་པ་མ་ཟད། ཕྱི་ལོ་ ༡༩༨༠ ཐམ་པ་ནས་ད་བར་གྱི་ཕྲུ་གུ་སྐྱེ་ཚད་ཀྱི་གྲངས་འབོར་ཉུང་ཤོས་དེ་ཆགས་ཡོད་པ་རེད།གནས་སྟངས་དེ་དག་ཁྲོད་རྒྱ་ནག་གི་མེ་སེར་ལས་ད་ཆ་ལོ་ན་དྲུག་ཅུ་ཡན་གྱི་རྒན་རབས་ཀྱི་གྲངས་ཚད་ཇེ་མང་དང་གཞོན་སྐྱེས་ཀྱི་གྲངས་ཚད་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། ཉེ་ཆར་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཚོགས་འདུར་ཁྱིམ་ཚང་རེར་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་བྱུས་གཏན་འབེབས་བྱས་ཏེ་སྲིད་བྱུས་དེ་ལག་བསྟར་བྱེད་མཁན་ཚོར་གཞུང་ཕྱོགས་ནས་མཐུན་འགྱུར་སོགས་ཀྱང་བསྐྲུན་རྒྱུ་ཡིན་པ་མ་ཟད། དེ་ནི་རྐང་རྒྱ་ནག་གི་མི་འབོར་གྲུབ་ཆ་བཟང་དུ་གཏང་རྒྱུའི་ཐབས་ལམ་ཞིག་ཡིན་པ་སོགས་བཤད་ཡོད་པ་རེད། འོན་ཀྱང་རྒྱལ་སྤྱིའི་ཐོག་མི་འབོར་འཕེལ་རིམ་གྱི་གནས་བབས་ཐོག་དཔྱད་ཞིབ་གནང་མཁན་ཁག་ཅིག་ནས་བརྒྱུད་ལམ་ཁག་ཏུ་གསུངས་པར་གཞིགས་ན་རྒྱ་ནག་གི་སྲིད་བྱུས་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཙོ་བོ་དེ་མི་སེར་ལ་རང་དབང་སྤྲད་པ་ཞིག་མིན་པར་རྒྱ་ནག་གི་ལས་གནས་ཁག་ནས་རྒས་ཡོན་དུ་འགྲོ་མཁན་གྱི་གྲངས་ཚད་མང་དུ་བཞིན་པའི་སྐབས་དེར་རྒྱལ་ཁབ་ནང་གཞོན་སྐྱེས་ཀྱི་གྲངས་ཚད་སྤར་ས་་ཚོང་དང་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ཁག་མུ་མཐུད་རྒྱུན་འཛིན་བྱ་སླད་རེད་ཅེས་གསུང་མཁན་འདུག ཁག་ཅིག་ནས་རྒྱ་ནག་གཞུང་གིས་དོན་ངོ་མའི་ཐོག་མི་འབོར་འཕེལ་རྒྱས་ཀྱི་གནད་དོན་ལ་དགོངས་པ་བཞེས་ཀྱི་ཡོད་ཚེ་དང་ཐོག་དེར་ཤིན་ཅང་ཁུལ་དུ་སྐྱེ་སྒོ་བཀག་སྡོམ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་ཕྱིར་འཐེན་བྱེད་དགོས་པ་སོགས་གསུངས་འདུག

བོད་ཀྱི་ཆོས་དང་རིག་གཞུང་བདག་གཉེར་ལེགས་པོ་གནང་བ་ནི་བཙན་བྱོལ་བའི་གཟི་བརྗིད་ཡིན་པར་བཀའ་བསྩལ་བ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩ མ་ཟིན་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྭ་ལམ་ཐད་གཏོང་བརྒྱུད་བོད་རིགས་གཞོན་སྐྱེས་རྣམས་ལ་༸རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་གསུང་ཆོས་དབུ་འཛུགས་བཀའ་དྲིན་ཆེ་བར་བསྐྱངས་གནང་མཛ་པ་དང་འབྲེལ་ཏེ་ང་ཚོ་རང་གི་ལུང་པ་བྲལ་ནས་བཙན་བྱོལ་བ་ཞིག་ཆགས་ཡོད་ཀྱང་ཉག་ཕྲ་བའི་དུས་དེར་རང་གི་ཆོས་དང་རིག་གཞུང་དེ་དག་མི་ཉམས་གོང་སྤེལ་གནང་སླད་འབད་བརྩོན་ཧུར་ཐག་གནང་རྒྱུ་དང་ཚན་རིག་གི་སློབ་ཚན་གསར་སྣོན་གནང་རྒྱུ་སོགས་ནི་མགོན་པོ་མཆོག་གིས་དུས་རྟག་གུ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་བཀའ་སློབ་ལམ་སྟོན་སྩལ་བ་ལས་ཕ་མེས་ནས་ཡོད་པའི་སརྒྱས་པའི་ལྟ་གྲུབ་ཤེས་པའི་ཐོག་ནས་ཚན་རིག་པའི་རྣམ་གཞག་ཤེས་པ་གནང་རྒྱུ་དེ་ཡིན་པར་བཀའ་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་ཀྱི་རིང་བསྩལ་རྒྱུའི་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་དང་སློབ་ཕྲུག་ཚོས་བཀའ་འདྲི་ཞུས་པར་བཀའ་ལན་མ་སྩལ་གོང་ནས་དུས་རབས་བདུན་པའི་ནང་ཆོས་རྒྱས་སྲོང་བཙན་གྱིས་རྒྱལ་བཟའ་དང་བལ་བཟའ་རྣམ་གཉིས་ཀྱི་ལྷན་དུ་ཁྲུངས་ས་སྐྱོན་ཡོད་ཀྱང་བོད་མི་རིགས་ལ་བོད་ཡིག་ཟུར་དུ་དགོས་པར་དགོངས་པ་ནི་རླབས་ཆེན་ཞིག་ཡིན་པ་མ་ཟད། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་གི་སྐུ་དུས་སུ་ལེགས་སྦྱར་དང་པཱ་ལིའི་་གཞུང་རྣམས་བོད་ཡིག་ཐོག་བསྒྱུར་བ་སོགས་སོ་སོའི་སྐད་ཡིག་གི་ཐོག་ནས་རང་མགོན་ཐོན་རྒྱུ་ཡོད་པ་ཞིག་ཡིན་སྐོར་ངོ་སྤྲོད་མཛད་པ་དང་འབྲེལ། སརྒྱས་པའི་ཆོས་དེ་ཚད་མ་རིགས་པའི་གཞུང་གི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པའི་སྐད་ཡིག་དེ་བོད་ཡིག་ཁོ་ན་ཆགས་ཡོད་སྟབས། རྒྱ་གར་བའི་ནང་ནས་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ནང་པ་གཞིར་བཞག་བྱས་ནས་སློབ་གཉེར་བྱེད་རྒྱུ་མིན་པར་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་མིའི་རྣམ་དཔྱོད་གོང་ནས་གོང་དུ་སྤེལ་རྒྱུའི་རིགས་པའི་སྒོ་འབྱེད་ཞིག་ལ་ངོས་འཛིན་དགོས་པར་བཀའ་སྩལ་ཡོད།མགོན་པོ་༸གང་ཉིད་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོའི་དོགས་དྲིར་ཀབའ་ལན་བཀའ་དྲིན་ཆེ་བར་སྩལ་སྐབས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་བསྟན་འཛིན་ཚེ་རིང་ལགས་ཀྱིས་ཏོག་དབྱིབས་གཉན་རིམས་བཅོ་དགུའི་ཛ་དྲག་གི་དུས་སུ་སེམས་ལ་དངངས་སྐྲག་མི་ཡོང་བའི་བསམ་བློ་གཏོང་སྟངས་སྐོར་ལ་ལམ་སྟོན་སྐྱབས་འཇུག་ཞུས་པར་མགོན་པོ་མཆོག་གིས་ནད་ཀྱིས་ལུས་ལ་སྡུག་བསྔལ་དང་སེམས་ལ་དངངས་སྐྲག་སྐྱེས་རྒྱུ་གཉིས་ཡོད་པ་ལས་སེམས་ལ་དངངས་སྐྲག་ཡོང་རྒྱུ་དང་འབྲེལ་ནས་ལས་ཉོན་གྱི་དབང་གིས་སེམས་བརྒྱུད་ཀྱི་སྡུག་བསྔལ་དེ་དག་ནམ་ཞིག་གི་བར་དུ་མ་སེལ་བར་དེ་སྲིད་དུ་སྡུག་བསྔལ་དེ་ཡོང་རྒྱུ་ཡིན་པར་ཤེས་ནས་ཐར་པ་ཐོབ་དགོས་པའི་བསམ་བློ་གཏོང་ཕྱོགས་གཅིག་དང་ད་ལྟ་མནར་བཞིན་པའི་སྡུག་བསྔལ་དེ་སྔར་གྱི་སྡིག་སྒྲིབ་དག་བཞིན་པའི་བསམ་བློ་བཏང་ནས་ངན་འགྲོ་དང་ངན་སོང་གྱི་གནས་ལ་སྐྱེས་རྒྱུའི་ལས་ངན་དེའང་ནད་འདིས་དག་པར་བྱས་སོང་བསམ་པའི་བསམ་བློ་གཏོང་དགོས་ཞེས་ལམ་སྟོན་སྩལ་སོང་།དེ་བཞིན་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་མ་བདེ་པོ་འཚོ་ལགས་ཀྱིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནང་ཆོས་ཉམས་ལེན་གནང་ཕྱོགས་དང་བསམ་བློ་གཏོང་ཕྱོགས་ཀྱི་ཐད་ལ་ In hand book འམ་དེབ་ཆུང་དགོས་གལ་གཟིགས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་འཛམ་གླིང་གི་མི་ཚང་མ་བརྩེ་བ་དང་ལྡན་པ་ཞིག་དང་གཞན་ལ་གནོད་པ་མི་བྱེད་མཁན་ཞིག་ཡོང་བར་ཐར་པ་དང་ཐམས་ཅད་མཁྱེན་པ་དང་། སྐྱེ་བ་སྔ་ཕྱི་སོགས་མིན་པར་འཕྲལ་དུ་སེམས་ལ་བདེ་སྐྱིད་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སློབ་སྦྱོང་སྤྲོད་རྒྱུ་དང་། དེ་ལྟ་བུའི་ hand book བཟོ་རྒྱུའི་དོན་གཉེར་ཡོད་མཁན་ཚོས་གཞན་དང་ལྷན་དུ་བགྲོ་གླེང་དང་ལམ་སྟོན་ཞུས་ནས་དེབ་གཟུགས་དེ་འདྲ་བཟོ་ཚེ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པར་བཀའ་སྩལ་ཡོད།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་བཅོ་ལྔའི་རིང་ལ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཤེས་ཡོན་ལམ་སྟོན། ནང་ཆོས་ནས་གསུངས་ཟིན་པའི་ཚན་རིག་དང་ལྟ་གྲུབ། དེ་བཞིན་ནང་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སོགས་ཀྱི་སྐོར་ལ་བཀའ་ཆོས་བཀའ་དྲིན་ཆེ་བར་སྩལ་གནང་མཛད་ཡོད་པ་དང་། དེ་རིང་གི་གསུང་ཆོས་ཐོག་སློབ་གྲྭ་དང་མཐོ་སློབ་སོགས་ཀྱི་སྡེ་ཁག་མི་འདྲ་བ་བཅུ་གཉིས་ཙམ་གྱི་སློབ་ཕྲུག་ནས་མཉམ་ཞུགས་གནང་ཡོད་པ་རེད།

ནིའུ་ཛ་ལན་ཌི་དང་ཨོ་གླིང་གཉིས་ཀྱིས་མཉམ་རུབ་ཀྱིས་རྒྱ་ནག་ལ་རྒོལ་ལན།

ཁ་སང་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ནིའུ་ཛ་ལན་ཌིའི་སྲིད་བློན་ལྕམ་ Jacinda Ardern ལགས་དང་། Australia ཡི་སྲིད་བློན་ Scott Morrison ལགས་གཉིས་དངོས་སུ་མཇལ་འཕྲད་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཕྱིར་མངོན་པ་དང་འབྲེལ་ནས་ཕྱོགས་གཉིས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ཆིག་སྒྲིལ་གྱི་བཞེངས་ཕྱོགས་གསལ་སྟོན་གནང་འདུག དེའང་ལི་གཅིག་དང་ཕྱེད་ཀ་ཙམ་གྱི་རྗེས་སུ་སྲིད་བློན་རྣམ་གཉིས་ཐེངས་དང་པོ་ཨོ་གླིང་གི་ Sydney གྲོང་ཁྱེར་དུ་དངོས་སུ་མཇལ་འཕྲད་ཀྱིས་མཉམ་འབྲེལ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བར་ད་ལྟའི་ཧོང་ཀོང་མི་མང་གི་གནས་སྟངས་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཅས་ཀྱི་ཐད་ལ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ངིས་ནས་ཐུགས་འཚབ་ཆེན་པོ་གནང་བཞིན་པ་དང་རྒྱ་ནག་གཞུང་གིས་ཡུ་གུར་བ་རྣམས་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་གཞན་གྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རང་དབང་ལྡན་པའི་ཆེད་ལས་མི་སྣར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་ཏུ་རྟོག་ཞིབ་སླད་བསྐྱོད་འཇུག་དགོས་པའི་འབོད་བརྡ་བཏང་བ་བཅས། རྒྱ་ནག་གིས་དེ་གའི་དབང་བསྒྱུར་འོག་གི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པའི་གནད་དོན་དེར་ New Zealand དང་ཨོ་གླིང་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱིས་ཁ་གཏད་གཅོག་རྒྱུ་ཡིན་པར་བསྒྲགས་འདུག དེ་བཞིན་སྲིད་བློན་རྣམས་གཉིས་ཀྱིས་རྒྱ་ནག་གིས་ད་ཆ་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་དེ་དམག་ས་རུ་བསྒྱུར་ཏེ་རྩོད་རྙོག་རིམ་པ་འབྱུང་བཞིན་པ་དང་ཁུལ་དེའི་བདེ་འཇགས་བྲལ་བའི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་སྐོར་དང་འབྲེལ་ཏེ་མཚོ་ཁུལ་ཁག་ངེས་པར་དུ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་འོག་གནས་དགོས་བར་ཞུ་སྐུལ་གྱིས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་བཀུར་བྱེད་དགོས་ལུགས་མངོན་གསལ་གནང་འདུག ཕྱོགས་མཚུངས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནད་དོན་དང་འབྲེལ་རྒྱལ་ཁབ་གཉིས་ཀྱིས་ཁུལ་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་བྱས་ཏེ་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་བྱ་རྒྱུ་ཡིན་ལུགས་དང་སྦྲགས། རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཤེས་ཡོན་གོང་སྤེལ་དང་དང་འཛུགས་སྐྲུན་རྒྱ་སྐྱེད་སོགས་ཀྱི་མཚོན་པའི་ལས་གཞི་མང་དག་ཅིག་གི་ནང་ཕྱིའི་ཤུགས་རྐྱེན་ལ་གདོང་ལེན་བྱེད་རྒྱུར་ནུས་ཤུགས་མཉམ་སྤུངས་བྱེད་རྒྱུ་ཡིན་པར་བསྒྲགས་འདུག རྩ་བའི་ནིའུ་ཛ་ལན་ཌི་གཞུང་གི་ངོས་ནས་དེ་སྔོན་ཧོང་ཀོང་ནང་གི་གནས་སྟངས་ལ་སྐྱོན་བརྗོད་དང་འབྲེལ་བའི་སྤྱི་སྒྲགས་ཤིག་ལ་མཚན་རྟགས་བཀོད་རྒྱུར་དོགས་ཟོན་དང་དེ་བཞིན་ཉེ་ལམ་ཡུལ་དེའི་གྲོས་ཚོགས་ཀྱི་གྲོས་ཆོད་ཅིག་གི་ནང་རྒྱ་གཞུང་གི་ཡུ་གུར་མང་ཚོགས་ལ་དྲག་སྤྱོད་སྤེལ་སྟངས་དེ་ནི་ཡུ་གུར་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཞིག་ཡིན་པའི་ཚིག་བརྗོད་ཕྱིར་འཐེན་དང་བཅས་གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་ནིའུ་ཛ་ལན་ཌི་གཞུང་གིས་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོ་ཞིག་འཛིན་ཐུབ་ཀྱི་མེད་པར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ནིའུ་ཛ་ལན་ཌིའི་སྲིད་བློན་ལྕམ་ Jacinda Ardern ལགས་ཀྱིས་ཁ་སང་གི་གསར་འགོད་གསལ་བསྒྲགས་སྐབས་གནད་དོན་དེར་ངོས་ལེན་མ་གནང་བ་དང་འབྲེལ། རྒྱལ་ཁབ་གཉིས་ཀའི་ངོས་ནས་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེའི་གནད་དོན་ཐོག་རྒྱ་ནག་ལ་བཞེངས་ཕྱོགས་གཅིག་གྱུར་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་རྩ་རྩད་གཅོད་ཀྱི་ཐད་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་པར་བསྒྲགས་པ་དང་ཨོ་གླིང་གི་སྲིད་བློན་གྱིས་ཀྱང་ལྕམ་སྐུ་མཆོག་གི་བཀའ་མོལ་དེར་རྒྱབ་སྐྱོར་གནང་བ་དང་ཆབས་ཅིག་ནིའུ་ཛ་ལན་ཌི་དང་ཨོ་གླིང་གཉིས་ནི་རྒྱ་ནག་གི་ཚོང་འབྲེལ་རྒྱལ་ཁབ་ཡིན་ཀྱང་། ང་ཚོས་ཚོང་འབྲེལ་སླད་རང་ཉིད་རྒྱལ་ཁབ་ཀྱི་བདག་དབང་རྩ་བ་ནས་བློས་གཏོང་གནང་གི་མ་རེད་ཅེས་གསུངས་འདུག ཁ་སང་སྲིད་བློན་རྣམ་གཉིས་ཀྱི་གསར་འགོད་གསལ་བསྒྲགས་དང་འབྲེལ་ནན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin ཟེར་བས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་སྲིད་བློན་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་གསར་འགོད་གསལ་བསྒྲགས་དེར་ངོས་ལེན་མེད་པ་མ་ཟད་དེ་ནི་འགན་འཁུར་མེད་པའི་གཏམ་བཤད་དང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་རྩིས་མེད་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་པར་སྐྱོན་བརྗོད་བྱས་འདུག གཞི་རྩའི་སྔ་ལོ་ནས་བཟུང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཕོག་ནས་ད་ལྟའི་འཛམ་གླིང་འདིའི་ལས་རིགས་ཡོངས་རྫོགས་མཚམས་འཇོག་དགོས་པའི་གནས་བབ་ཅིག་ཏུ་ཆགས་ཡོད་པར་བརྟེན་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མི་སྒེར་མང་དག་ཅིག་གིས་རྒྱ་ནག་ལ་སྡང་སེམས་ཆེན་པོ་བྱེད་ཀྱི་ཡདོ་པ་མ་ཟད་རྒྱ་ནག་གིས་ནང་སྲིད་གྱི་གནད་དོན་ཡིན་ལུགས་ཀྱིས་ཁུལ་དེའི་དབང་སྒྱུར་འོག་གི་བོད་མི་དང་ཡུ་གུར་མི་མང་གིས་གཙོས་པའི་གྲངས་ཉུང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་བློ་འཚབ་ཆེས་ཆེར་གནང་མཁན་ཡོང་གི་ཡོད་པ་ལྟར་བདུན་ཕྲག་སྔོན་མའི་ནང་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་ Wendy Sherman ལགས་དང་ཡུ་རོབ་ཕྱི་འབྲེལ་ལས་དོན་ཁང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Stefano Sannino ལགས་རྣམ་གཉིས་ཡུ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་སྲིད་བྱུས་དང་བདེ་འཇགས་ཀྱི་གནད་དོན་ཐོག་ཚོགས་འདུ་བསྡུ་སྐོང་གནང་བ་མ་ཟད་རྒྱ་ནག་ཐོག་ཆེས་མཐོའི་ལྷན་ཚོགས་ཐོག་མ་དེ་གནང་སྟེ་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར་བརྗོད་ཡོད་པ་རེད།

གཉན་རིམས་འགོག་རྒྱུ་སོགས་ཀྱི་ལས་དོན་ཆེད་མ་དངུལ་ཇི་ལྟར་གཏང་དགོས་ཀྱང་ཐེ་ཚོམ་མེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་གཉན་རིམས་དང་འབྲེལ་བའི་ལས་དོན་གཙོ་བོ་གསུམ་གྱི་ཐོག་འབད་བརྩོན་གནང་སྐོར་དང་ནད་ཡམས་འགོག་རྒྱུ་སོགས་ཀྱི་ལས་དོན་ཆེད་མ་དངུལ་ཇི་ལྟར་གཏང་དགོས་བྱུང་ནའང་ཐེ་ཚོམ་རྩ་བ་ཉིད་ནས་མེད་ཅེས་གསུངས་འདུག དེའང་ཉེ་ཆར་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༦ པའི་སྲིད་སྐྱོང་གི་ལས་ཁུར་དང་གསང་རྒྱའི་དམ་འབུལ་ཞུས་འཕྲལ་ཁ་ཉིན་ད་ལྟའི་བཀའ་ཤག་གསར་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྔོན་འགོག་དང་མཐུན་སྦྱོར་གནང་ཕྱོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ད་བར་གྱི་ཏོག་དབྱིབས་གཉན་རིམས་ཀྱི་བྱུང་རིམ་སྙན་གསེང་དང་ལྷག་པར་དུ་ནད་ཡམས་དང་འབྲེལ་བའི་ལས་དོན་གཙོ་བོ་གསུམ་གྱི་ཐོག་འབད་བརྩོན་གནང་གལ་སྐོར་དང་སྦྲགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་དེ་གཞུང་དང་ཚོགས་པ་ཁག་ནས་མུ་མཐུད་གཉན་རིམས་དང་འབྲེལ་བའི་དཔལ་འབྱོར་བསྡུ་རུབ་ཀྱི་ལས་གཞི་མཇུག་སྐྱོང་གནང་རྒྱུ་དང་། གལ་སྲིད་རོགས་དངུལ་འདང་ངེས་པ་ཞིག་མ་འབྱུང་ཚེ་ད་ལྟའི་ནད་ཡམས་འདི་ཛ་དྲག་ཆེན་པོ་ཞིག་ཡིན་པ་དང་མིའི་འཕྲོད་བསྟེན་དང་སྲོག་ལ་ཉེན་ཁ་ཆགས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་དངུལ་གང་གི་ཐོག་ནས་གནང་དགོས་ཀྱང་འགྲོ་སོང་གནང་བར་ཐེ་ཚོམ་རྩ་བ་ཉིད་ནས་མེད་ཅེས་གསུངས་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་གསར་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་གཙོ་བོ་གསུམ་ཡོད་པའི་ཁོངས་སུ་དང་པོ་དེ་ཏོག་དབྱིབས་སྔོན་འགོག་གི་སླད་དུ་འཛིན་སྐྱོང་གི་་ངོས་ནས་བོད་མི་གང་མང་ལ་སྔོན་ཁབ་བརྒྱབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་དང་། ད་ལྟ་ཛ་དྲག་ཚོགས་ཆུང་གི་ངོས་ནས་རྒྱ་གར་དབུས་གཞུང་ལ་འགོག་ཁབ་དང་འབྲེལ་ཆོག་མཆན་ཞུ་བ་དང་། སྨན་བཟོ་ཁང་ནས་འགོག་ཁབ་ཐད་ཀར་ཉོ་ཐུབ་མིན་སོགས་ཀྱི་གནས་སྟངས་ཤིག་ལ་གཟིགས་ཞིབ་གནང་གི་ཡོད་པ་དང་། ད་ལྟའི་ཆར་དངུལ་ཡོད་ནའང་ཁྲོམ་རར་འགོག་ཁབ་མི་རག་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ས་གནས་འགོ་འཛིན་ལས་ཁུངས་སོ་སོ་དང་ས་གནས་འཕྲོད་བསྟེན་གྱི་མགོ་ལས་སོ་སོ་དང་འབྲེལ་བའི་ཐོག་ནས་གོ་སྐབས་གང་ཡོད་པ་བཟུང་སྟེ་དཔལ་འབྱོར་ལ་འཛེམས་མི་དགོས་པར་འགོག་ཁབ་བརྒྱབ་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད་བོད་མི་འགོག་ཁབ་བརྒྱབ་པར་ཐོ་འགོད་བྱེད་མི་ཤེས་མཁན་སོགས་ལ་དམིགས་ཏེ་ངེས་པར་དུ་ཐོ་འགོད་བྱེད་མི་བསྐོ་བཞག་གནང་དགོས་པ་དང་། གཞིས་ཁོངས་སུ་འགོག་ཁབ་བརྒྱབ་མི་ཐུབ་ཚེ་ས་གནས་གཞན་ནས་ངེས་པར་དུ་བརྒྱབ་དགོས་སྐོར་གསུངས་འདུག དེ་བཞིན་ཁོང་གིས་འཛིན་སྐྱོང་གི་གཉན་རིམས་དང་འབྲེལ་བའི་ལས་དོན་གལ་ཆེན་གཉིས་པ་ནི་ནད་ཀྱིས་མནར་བཞིན་པ་རྣམས་ལ་ལྟ་སྐྱོང་ཚད་ལྡན་གནང་རྒྱུ་ཡིན་པ་དང་། ད་ལྟ་སྤྱི་ཡོངས་ཀྱི་ནད་པའི་གྲངས་ཕྲན་བུ་ཉུང་དུ་འགྲོ་བཞིན་ཡོད་ནའང་གཉན་རིམས་ཀྱི་ནད་རླབས་གསུམ་པ་ཞིག་ཡོང་རྒྱུ་ཡིན་པའི་ཉེན་ཁ་ཞིག་ཡོད་སྟབས། དེའི་ཐད་སྔོན་ཚུད་ནས་གྲ་སྒྲིག་གནང་གལ་ཆེན་པོ་ཡིན་པ་དང་། འཛིན་སྐྱོང་གི་ངོས་ནས་སྨན་བཅོས་དང་འབྲེལ་ནས་སྲོག་རླུང་སོགས་སྨན་བཅོས་ཀྱི་མཁོ་ཆས་མ་འདང་བར་རྐྱེན་འདས་སུ་ཕྱིན་པའི་གནས་སྟངས་ཤིག་མི་འབྱུང་བ་གནང་རྒྱུར་འབད་བརྩོན་གནང་རྒྱུ་དང་། གསུམ་པ་ནི་ནད་ཡམས་ལ་རྐྱེན་བྱས་ཏེ་འཚོ་བར་དཀའ་ངལ་འཕྲད་བཞིན་པ་དག་ལ་ནང་སྲིད་ལས་ཁུངས་ནས་ལྟ་རྟོག་གནང་རྒྱུའི་རྐང་འགན་འཁུར་རྒྱུ་དེ་ཡིན་པའི་གཏན་འཁེལ་བྱུང་ཡོད་ཅེས་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་ཆ་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་བརྟེན་དབུས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་བསྐྱར་སྒྲིག་གནང་སྟེ་ཚོགས་ཆུང་ཀྱི་སློབ་སྟོན་པ་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་དང་སྐུའི་བླ་སྨན་པ་ས་འདུས་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་སྨན་རྩིས་ཁང་གི་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་གཉིས་སྔར་མུས་སུ་གནས་རྒྱུ་དང་། ཚོགས་ཆུང་གི་ཚོགས་མི་བདུན་ནི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ། སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས། སྨན་རྩིས་ཁང་གི་སྨན་པ་རིན་ཆེན་བཟང་མོ་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་གཏན་འཁེལ་གནང་ཡོད་ཅེས་གསུངས་འདུག གཞན་ཡང་ནད་ཡམས་དང་འབྲེལ་རོགས་དངུལ་གྱི་སྐོར་ལ་སྲིད་སྐྱོང་མཆོག་གིས་ད་བར་དུ་བལ་ཡུལ་ནང་རོགས་དངུལ་ཧིན་སྒོར་འབུ མ་ ༢༢༥ བྱུང་ཡོད་པ་ནས་འགྲོ་གྲོན་ཧིན་སྒོར་འབུམ་ ༡༧༢ ལྷག་ཕྱིན་ཡོད་པ་དང་། རྒྱ་གར་ནང་རོགས་དངུལ་ཧིན་སྒོར་འབུམ་༩༡༥ ལྷག་བྱུང་ཡོད་པ་ནས་འགྲོ་གྲོན་ཧིན་སྒོར་འབུམ་ ༦༥༦ ལྷག་ཕྱིན་པ་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཞལ་འདེབས་ཁྱོན་ཧིན་སྒོར་འབུམ་ ༡༡༤༡ ལྷག་བྱུང་ཡོད་པ་ནས་ད་ལྟ་ཧིན་སྒོར་འབུམ་ ༣༡༢ ལྷག་ཡོད་སྐོར་དང་། དེའི་ཁྲོད་ཨ་རིའི་རོགས་ཚོགས་ཀྱི་དངུལ་དང་ཨ་རིའི་སྐྱབས་བཅོལ་བའི་རོགས་དངུལ་ (PRM) གཉིས་ནི་རོགས་དངུལ་ཆེ་ཤོས་གཉིས་དེ་ཡིན་པ་དང་། ད་ལྟ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས་བོད་ཀྱི་ཐེབས་རྩ་བརྒྱུད་ལྷན་ཁང་གཞན་གྱི་ནང་གཉན་རིམས་སྐབས་ལག་བསྟར་མ་ཐུབ་པའི་ལས་གཞི་ཁག་གི་ལྷག་དངུལ་རྣམས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་གྱི་ཐོག་ལ་ཁ་ཕྱོགས་བསྒྱུར་རྒྱུའི་གནས་སྟངས་ཡོད་མེད་སོགས་ཀྱི་ཐད་བོད་ཀྱི་ཐེབས་རྩའི་འབྲེལ་ཡོད་ལས་བྱེད་དང་གྲོས་བསྡུར་གནང་བཞིན་ཡོད་སྐོར་དང་། ད་ལྟ་བར་དུ་རོགས་དངུལ་གང་འཚམ་ཚད་ལྡན་བྱུང་འདུག་པ་དང་། ད་ལྟ་སྤྱི་འཐུས་རྒྱུན་ལས་ཚོགས་ཐུབ་ཀྱི་མེད་པའི་གནས་སྟངས་འོག་བར་བརྒལ་བཀའ་ཁྲོལ་ཞུ་རྒྱུར་ལྷག་ཡོད་པ་ཧིན་སྒོར་འབུམ་ ༡༤ ལྷག་ཡོད་པ་དང་། དེ་བཞིན་ནད་ཡམས་ཀྱི་གནས་སྟངས་མུ་མཐུད་ཇེ་ལེགས་སུ་དེ་ཙམ་མ་ཕྱིན་པར་གནས་ཚེ་འཕྲོད་བསྟེན་ལས་ཁུངས་ཀྱིས་འབྱུང་འགྱུར་ཟླ་བ་བཅུའི་ནང་དུ་ཧིན་སྒོར་འབུམ་ ༡༠༥༩ ཙམ་འགྲོ་སྲིད་པའི་འཆར་རྩིས་གནང་ཡོད་པ་དང་། དེའི་ཐད་ད་ལྟ་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོག་ཁབ་དང་སྔོན་འགོག་གི་མཁོ་ཆས་སོགས་ཀྱི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་གནང་རྗེས་ཞིབ་ཕྲའི་གནས་ཚུལ་རྗེས་ལ་ཡོངས་ཁྱབ་གནང་རྒྱུ་ཡིན་སྐོར་གསུངས་འདུག

Vienna རྒྱ་ནག་གཞུང་ཚབ་པར་མངའ་སྡེའི་གཟེངས་རྟགས་མཐོ་ཤོས་དེ་ཕུལ་བར་སྐྱོན་བརྗོད།

ཉེ་ཆར་ཡུ་རོབ་རྒྱལ་ཁབ་ Austria རྒྱལ་ས་ Vienna གྲོང་ཁྱེར་སྤྱི་ཁྱབ་ཀྱི་ངོས་ནས་ཁུལ་དེའི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པ་ Li Xiaosi ཟེར་བར་Vienna མངའ་སྡེར་ཞུབས་ཞུ་རླབས་ཆེན་ཞུས་པར་ངོས་འཛིན་གྱིས་ Great Gold Medal for Services to the State of Vienna ཞེས་མངའ་སྡེའི་ཚད་མཐོའི་གསེར་གྱི་རྟགས་མའི་གཟེངས་རྟགས་དེ་འབུལ་བཞེས་གནང་ཡོད་པ་རེད། རྩ་བའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག Vienna གྲོང་ཁྱེར་སྤྱི་ཁྱབ་པ་ Dr. Michael Ludwig ལགས་ཀྱིས་སྔ་ལོར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཁྲོད། Li Xiaosi ཡི་སྣེ་ཁྲིད་འོག་ཡུལ་དེའི་ནང་དུ་རིམས་ནད་འགོག་ཐབས་ཀྱི་དམིགས་བསལ་ཁ་རས་ ༣༩༠༠༠ ཡུལ་དེའི་མང་ཚོགས་ལ་བགོ་འགྲེམ་གནང་བའི་གནད་དོན་ལུང་འདྲེན་དང་སྦྲགས་ཏེ། དེ་ནི་རྒྱ་ནག་དང་ Austria གཉིས་དབར་གདུང་སེམས་མཉམ་བསྐྱེད་ཀྱི་བློ་ཤུགས་ཆེན་པོ་ཡོད་པའི་མཚོན་རྟགས་ཡིན་སྐོར་དང་འབྲེལ། འདི་ལོ་ Austria དང་རྒྱ་ནག་གཉིས་དབར་འབྲེལ་ལམ་དབུ་འཛུགས་གནང་ནས་ལོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན་རྒྱ་ནག་གཞུང་ཚབ་པར་གཟེངས་རྟགས་དེ་འབུལ་བཞེས་གནང་བཞིན་ཡོད་པར་གསུངས་འདུག ཚེས་ ༢༨ ཉིན་ Forum for Religious Freedom-Europe འམ་ཡུ་རོབ་ཆོས་དད་རང་དབང་གླེང་སྟེགས་ཞེས་ Vienna ནང་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པའི་དྲ་གནས་ཐོག་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བ་བརྒྱུད། Vienna ཡི་ས་གནས་གཞུང་གི་གནང་ཕྱོགས་དེར་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས་ཏེ་དེ་ནི་ཧ་ཅང་ཆེ་མཐོང་ལྡན་པའི་གཟེངས་རྟགས་དེར་མཐོང་ཆུང་གནང་བར་གསུངས་འདུག་པ་དང་། ཡུ་རོབ་ཆོས་དད་རང་དབང་གླེང་སྟེགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་ Peter Zoehrer ལགས་ཀྱིས་ད་རེས་རྒྱ་ནག་གཞུང་ཚབ་པར་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་ཕུལ་རྒྱུའི་ཐག་གཅོད་དེ་ཡ་མཚན་པོ་དང་བློ་ཕམ་པོ་ཞིག་ལ་འགྲེལ་བརྗོད་དང་འབྲེལ། ཐག་གཅོད་དེས་རྒྱ་ནག་མི་མང་དང་སྒོས་སུ་རྒྱ་ནག་དམར་པོའི་སྲིད་གཞུང་འོག་སྡུག་རྩུབ་མྱོང་བཞིན་པའི་ཁ་ཆེ་དང་ཡི་ཤུ། དེ་བཞིན་གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཐབས་ཀྱི་ལས་དོན་ལ་འཕྱ་སྨོད་གནང་བ་ལྟ་བུ་ཞིག་མཚོན་གྱི་ཡོད་པར་གསུངས་འདུག དེ་བཞིན་ཡུ་རོབ་ཆོས་དད་རང་དབང་གླེང་སྟེགས་གི་ཚོགས་མིའི་ཁོངས་སུ་ཡོད་པོའི་ཡུ་རོབ་མཐུན་ཚོགས་ཀྱི་ཆོས་དད་རང་དབང་གོང་འཕེལ་དམིགས་བསལ་སྐུ་ཚབ་ Dr. Jan Figel ལགས་ཀྱིས་ཐག་གཅོད་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ནང་དུ་འགྲོ་བ་མིའི་ཆེ་མཐོང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་སྣང་མེད་བཏང་བ་ཡིན་སྟབས། བློ་ཕམ་པའི་ཐག་གཅོད་ཅིག་ཡིན་སྐོར་གསུངས་འདུག དེ་བཞིན་རྒྱ་རིགས་ཆབ་སྲིད་བཙོན་ཟུར་དང་མང་གཙོ་ལས་འགུལ་བ། དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱ་རིགས་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་ཚོགས་གཙོ་ Dr. Yang Jianli ལགས་ཀྱིས་ཀྱང་། Li Xiaosi ཁོང་ཡུལ་དེའི་ནང་དུ་སྒེར་གྱི་གནས་བབ་ཐོག་ནས་བསླེབ་པ་མ་ཡིན་པར་Vienna མངཚོགས་ཀྱིས་རྩིགས་ཆེར་འཛིན་བཞིན་པའི་རིན་ཐང་རྣམས་ལ་རྩིས་མེད་རྡོག་རོལ་བཏང་མཁན་གྱི་གཞུང་འཛིན་ཞིག་གི་སྐུ་ཚབ་ཐོག་ནས་ཡུལ་དེའི་ནང་བསླེབས་པ་ཡིན་སྟབས། ཁོ་པར་གཟེངས་རྟགས་དེ་ལྟར་ཕུལ་ཏེ་ཆེ་བསྟོད་ས་པ་དེ་ནི་ Vienna ཡི་ཞབས་འདྲེན་ཡིན་པ་གསུངས་འདུག ཁོང་གིས་ད་དུང་སྔ་ལོར་རྒྱ་ནག་གིས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམད་ཁྱབ་བརྡལ་བཏང་བ་དང་རིམས་ནད་ཁྱབ་བརྡལ་གྱི་གནས་ཚུལ་སྦས་སྐུངས་བྱས་པའི་སྐོར་ཡོངས་གྲགས་སུ་གསུང་མཁན་ཚོར་ཉེས་ཆད་བཏང་བ། ས་གནས་ཀྱི་དངོས་ཡོད་གནས་སྟངས་སྦས་སྐུངས་ཀྱི་གནས་ཚུལ་རྫུན་སྤེལ་གྱིས་བསླུ་ཁྲིད་མགོ་སྐོར་བཏང་བ་མ་ཟད། རང་དབང་ལྡན་པའི་རྟོག་ཞིབ་རུ་ཁག་ལ་འགོག་རྐྱེན་སྣ་ཚོགས་བཟོས་ཏེ་རིམས་ནད་བྱུང་ཁུངས་ཀྱི་གནས་ཚུལ་རྟོག་ཞིབ་ལ་བཀག་སྡོམ་བརྒྱུད་ནས་ Vienna གཙོས་འཛམ་གླིང་ཁྱོན་ཡོངས་ཀྱི་མང་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་པའི་གནད་དོན་ཞིབ་ཁྲ་ངོ་སྤྲོད་དང་འབྲེལ། གཞུང་འཛིན་དེ་ལྟ་བུའི་སྐུ་ཚབ་མི་སྣ་ཞིག་ལ་ Vienna གཞུང་གི་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དེས་ལྟ་བ་མཁྲེགས་བཟུང་ཅན་གྱི་རྒྱ་ནག་གཞུང་འཛིན་འོག་མྱོང་བཞིན་པའི་མང་ཚོགས་ཀྱི་ཆེ་མཐོང་ལ་མཐོང་ཆུང་བཏང་མ་ཟད་ཡུལ་དེའི་མང་ཚོགས་ཀྱི་བཞེངས་ཕྱོགས་ལའང་དེ་མཚུངས་བྱས་ཡོད་སྐོར་དང་སྦྲགས། ད་རེས་ཀྱི་གནད་དོན་དེ་བཞིན་ Vienna དང་ཡུ་རོབ། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་དམིགས་བསལ་གྱི་བརྡ་ལན་ཞིག་ཆགས་རྒྱུའི་རེ་བ་ཡོད་པར་གསུངས་འདུག དེ་བཞིན་ཁེ་ན་ཌ་གཞུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ལྷན་ཁང་གི་དྲུང་ཆེ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་མྱོང་ཡོད་པ་སྐུ་ཞབས་ Hon. David Kilgour ལགས་ཀྱིས་དེང་སྐབས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏང་ཐབས་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་ཁྲོད་འདིར་ Vienna སྤྱི་ཁྱབ་ཀྱི་གནང་ཕྱོགས་དེ་ནི་ཡ་མཚན་པོ་ཞིག་རེད་ཅེས་གསུངས་འདུག Austria ནང་གི་ Save Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་བན་པ་བགྲེས་པ་Elisabeth Zimmermann ལགས་ཀྱིས་རྒྱ་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་མི་རིགས་རྩ་གཏོར་གྱི་བྱ་རྒུལ་སྤེལ་བཞིན་པའི་ཁྲོད་ད་ལན་རྒྱ་ནག་གཞུང་ཚབ་པར་གཟེངས་རྟགས་དེ་ལྟར་ཕུལ་བ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་སྤྱིའི་གཞུང་ཚོགས་ཡོངས་ལ་འགྲམ་ལྕག་གཞུས་པ་ལྟ་བུ་ཡིན་སྐོར་དང་སྦྲགས། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཐོག་མར་ཁྱབ་བརྡལ་བྱུང་སྐབས་སུ་གནས་ཚུལ་སྦས་རྐྱེན་རྒྱལ་སྤྱི་ཁྱོན་ལ་གཉན་རིམས་ཁྱབ་བརྡལ་ཁྲོད་ Austria མང་ཚོས་ཁྲི་གཅིག་ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་མང་ཚོགས་སྟོང་ཕྲག་མང་པོའི་ལས་ཀ་ཤོར་བ། ཚོང་ལས་མང་པོ་ཧ་ལོག་པ་ལྟར་ད་ལན་གཟེངས་རྟགས་དེས་ Vienna དང་ Austria མང་ཚོགས་རྣམས་ངོ་ཚ་དགོས་པ་བཟོས་ཡོད་པ་མ་ཟད་རྒྱ་ནག་དམར་པོའི་གཞུང་དང་གཉན་རིམས་འོག་མྱངས་དང་མྱོང་བཞིན་པ་ཚང་མའི་དཀའ་སྡུག་ལ་འཕྱ་སྨོད་གནང་བ་ལྟ་བུ་མཚོན་གྱི་ཡོད་སྐོར་གསུངས་ཡོད། དེ་བཞིན་ International Foundation for Better Governance ཡི་འགན་འཛིན་དང་། Bitter Winter ཞེས་པའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་དུས་དེབ་ཀྱི་འགན་འཛིན། རྒྱལ་མཚམས་མེད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་། Stand with Hong Kong Vienna ཚོགས་པ་བཅས་ཡུ་རོབ་ཆོས་དད་རང་དབང་གླེང་སྟེགས་ཀྱི་ཚོགས་མི་མང་དག་ཅིག་ནས་ད་རེས་ Vienna གཞུང་གིས་རྒྱ་ནག་གཞུང་ཚབ་པར་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས།

རྒྱ་གར་དང་རྒྱ་ནག་དབར་ལ་ས་མཚམས་དང་ས་ཆའི་བདག་དབང་ཐོག་རྒྱུན་མ་ཆད་པར་རྩོད་རྙོག་འབྱུང་བཞིན་པ་རྣམས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བྱུང་བའི་དཀའ་རྙོག་ཞིག་ཡིན་སྟབས་དེ་དག་སེལ་ཐབས་སུ་བོད་འདི་མིང་དོན་མཚུངས་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཏུ་སླར་གསོ་བྱེད་རྒྱུ་དེ་ཡིན་པ་དང་དེའི་ཐད་རྒྱ་གར་གཞུང་ཕྱོགས་ནས་ད་ཡོད་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཞིག་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་འདུག ཕྱི་ཚེས་ ༢༤ ཉིན་རྒྱ་གར་གྱི་བདེ་སྲུང་སློབ་བསྟོན་པ་དང་གསང་བའི་ལས་དོན་ཚོགས་ཆུང་གི་འགན་འཛིན་ཟུར་པ་སྐུ་ཞབས་ SD Pradhan ལགས་ནས་རྒྱ་གར་གྱི་TIMES་OF་INDIA གསར་ཁང་གི་དྲ་གནས་ཐོག་རྒྱ་དཀར་ནག་དབར་གྱི་རྩོད་རྙོག་དང་འབྲེལ་བའི་དཔྱད་གཏམ་ཞིག་འདོན་སྤེལ་གནང་འདུག་པར་ད་བར་རྒྱ་གར་དང་རྒྱ་ནག་དབར་ལ་ས་མཚམས་སྲུང་སྐྱོབ་དང་ས་ཆའི་བདག་དབང་ཐད་རྩོད་རྙོག་རིམ་ཁག་བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་ཉེ་ས་ཞིག་ལ་བལྟས་ཚེ་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་གོང་མཚོ་དང་སྒལ་དབང་ལུང་ཤོང་བཅས་སུ་བྱུང་བའི་གདོང་ཐུག་གི་གནད་དོན་ཡིན་པ་དང་། གནད་དོན་དེ་དག་སེལ་ཐབས་སུ་ད་བར་ཕྱོགས་གཉིས་ཀྱི་དམག་མིའི་འགོ་ཁྲིད་དབར་གྲོས་མོལ་ཐེངས་ ༩ ཙམ་བྱས་ཟིན་ཀྱང་། དོན་ལྡན་གྲུབ་འབྲས་ཤིག་ད་ལྟ་ཡང་བྱུང་མེད་པ་དང་དེ་ཡང་གཙོ་བོ་རྒྱ་ནག་ཕྱོགས་ནས་གུ་ཡངས་ཀྱི་བསམ་བློ་རྩ་བ་ནས་མེད་པ་དང་། མུ་མཐུད་རྩོད་རྙོག་ཅན་གྱི་ས་གནས་ཁུལ་དུ་དམག་མི་མང་དུ་བཏང་ནས་དམག་སྦྱོང་གི་ལས་གཞི་རྒྱ་རུ་གཏོང་བཞིན་པ་སོགས་ལས་བྱུང་གི་ཡོད་པར་བཀོད་འདུག ཁོང་ནས་ད་བར་གྱི་ཉམས་ཞིབ་ཀྱི་གྲུབ་དོན་ཁག་ལ་གཞིགས་ན། རྒྱ་ནག་ཕྱོགས་ནས་ས་ཁུལ་དེ་དག་གི་དཀའ་རྙོག་རྣམས་སེལ་རྒྱུའི་འདུན་པ་མེད་པར་རིམ་པས་ས་ཆ་དེ་དག་གི་བདག་དབང་རྒྱ་ནག་ཉིད་ལ་ཐོབ་ཐབས་བྱེད་བཞིན་པ་གསལ་པོ་ཡིན་པ་དང་། ལྷག་པར་དུ་ཉེ་ཆར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jaishankar མཆོག་ནས་རྒྱ་གར་དང་རྒྱ་ནག་དབར་གྱི་འབྲེལ་བའི་ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་མིན་དེ་རྒྱ་ནག་ཕྱོགས་ནས་དེ་སྔ་ཕྱོགས་གཉིས་དབར་བཞག་པའི་འགྲུ་དོན་ཁག་ལ་ཆ་འཇོག་གང་འདྲ་གནང་མིན་ལ་རག་ལུས་པ་མ་ཟད་རྒྱ་ནག་ཕྱོགས་ནས་ཕྱོགས་གཉིས་ཀྱི་གྲོས་མཐུན་ལ་རྩིས་མེད་བཏང་བ་དང་། ཕྱོགས་གཅིག་ཁོ་ནས་ད་ལྟའི་མཐའ་མཚམས་ཁག་ཏུ་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་ཐུབ་རྒྱུ་ཁག་པོ་རེད་ཅེས་གསུངས་པ་ལུང་འདྲེན་དང་སྦྲགས། དོན་དངོས་རྒྱ་ནག་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་བཞིན་པ་ལྟར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་ས་ཆའི་བདག་དབང་དེ་ཡང་རྒྱ་ནག་ཉིད་ལ་ཐོབ་བྱེད་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཁོང་ནས་རྒྱལ་སྤྱིའི་གནས་བབ་ཐོག་ལ་ད་བར་རྒྱ་ནག་གཞུང་ནས་རྒྱ་གར་འདི་བཞིན་རྒྱལ་ཚོགས་ཀྱི་ཚོགས་ཆུང་ཁག་ཏུ་ཞུགས་རྒྱུར་དགག་པ་བྱས་པ་མ་ཟད། རྟག་ཏུ་པ་ཀི་སི་ཏན་དང་བལ་ཡུལ་གྱི་གནད་དོན་ལ་རྒྱབ་སྐྱོར་བྱས་ཏེ་རྒྱ་གར་ལ་གདོང་ལེན་བྱེད་བཞིན་པ་གསལ་པོ་ཡིན་པ་དང་། དེ་དག་ནི་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་རྒྱ་ནག་ལ་གང་ཡང་བཤད་ནུས་ཀྱི་མ་རེད་བསམ་པའི་གདེང་ཚོད་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་གྱི་ངོས་ནས་དུས་རྟག་ཏུ་རྒྱ་ནག་ལ་དོ་ཕོག་མི་འགྲོ་བའི་སྲིད་བྱུས་ཁོ་ནར་དམ་དོན་བྱས་པའི་དབང་གི་བྱུང་བ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས་ནས་རྒྱ་ཆེ་ས་ནས་དགོངས་པ་བཞེས་ན་ད་ལྟ་རྒྱ་དཀར་ནག་དབར་གྱི་རྩོད་རྙོག་རང་བཞིན་གྱི་གནད་དོན་དེ་དག་རྒྱ་ནག་གིས་བོད་བཙན་འཇུལ་བྱས་པའི་རྗེས་སུ་བྱུང་བ་འབའ་ཞིག་ཡིན་སྟབས། རྒྱ་གར་ཕྱོགས་ནས་དངོས་ཡོད་གནས་སྟངས་དང་ཕུགས་རྒྱང་རིང་པོར་དགོངས་བཞེས་ཀྱིས་དཀའ་རྙོག་དེ་དག་སེལ་ཐབས་སུ་བོད་འདི་མིང་དོན་མཚུངས་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཏུ་སླར་གསོ་བྱེད་རྒྱུའི་ཐོག་དགོངས་པ་བཞེས་པ་དང་དེའི་སླད་དུ་རྒྱ་གར་གཞུང་ཕྱོགས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་མ་ཟད། དེ་ནི་དུས་དང་འཁོར་ཡུག་གི་གནས་སྟངས་ཀྱི་ཆ་ནས་ཀྱང་འོས་མཚམས་ཤིག་རེད་ཅེས་གསུངས་འདུག གཞན་ཡང་སྐུ་ཞབས་ Pradhan ཀྱིས་དཔྱད་གཏམ་དེའི་ནང་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་རྗེས་སུ་བོད་མིར་སྡུག་སྦྱོང་ཚད་བཏང་བ་མ་ཟད། ད་ལྟའི་ཞི་ཅིན་ཕིང་གི་སྲིད་གཞུང་འོག་བོད་བརྒྱུད་ནང་བསྟན་རྩ་མེད་བཟོ་རྒྱུ་དང་། རྒྱ་ཡིག་སློབ་ཁྲིད་གཙོས་པའི་ཆབ་སྲིད་སློབ་གསོའི་ལས་གཞི་རྒྱ་སྐྱེད་གཏང་རྒྱུ། དེ་བཞིན་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་དམག་སྒར་དང་མཐའ་སྲུང་དམག་མི་རྒྱ་སྐྱེད་གཏང་རྒྱུ་བཅས་ཀྱི་ལས་གཞིའི་ཐོག་སྔར་ལྷག་ཤུགས་སྣོན་བྱས་ཡོད་པ་སོགས་གསུངས་འདུག ལྷག་པར་དུ་ཉེ་ལམ་ཨ་རི་གཞུང་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༢༠ ཞེས་པ་གཏན་འབེབས་གནང་བ་ལུང་འདྲེན་དང་སྦྲགས་ཏེ་རྒྱ་གར་ཕྱོགས་ནས་ཀྱང་དེ་མཚུངས་ཀྱི་སྲིད་བྱུས་ཤིག་གཏན་འབེབས་ཐོག་བོད་ཀྱི་གནད་དོན་ཐོག་རྒྱུས་ལོན་གནང་མཁན་གྱི་དམིགས་བསལ་འབྲེལ་མཐུད་པ་ཞིག་ཀྱང་བསྐོ་བཞག་གནང་དགོས་པ་གསུངས་འདུག

Latest news