Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བདམས་ཐོན་སྤྱི་འཐུས་ཀྱི་དམ་འབུལ་དང་འབྲེལ་བའི་གནད་དོན་དེ་སང་ཉིན་དང་གནངས་ཉིན་ནང་ཐག་གཅོད་གནང་རྒྱུར་ཐུགས་རེ།

ཁ་ཉིན་ཕྱི་ཚེས་ ༨ ཉིན་སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པ་སྡེ་ཚན་གཉིས་ཏེ་བདམས་ཐོན་སྤྱི་འཐུས་ ༢༡ ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་བདམས་ཐོན་སྤྱི་འཐུས་ ༢༢ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་བཞེས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་སྐབས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་མཁན་བདམས་ཐོན་སྤྱི་འཐུས་ ༢༡ ལས་བྱུང་མེད་སྟབས། བཅའ་ཁྲིམས་དགོངས་དོན་ལྟར་གྲོས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་ཚང་གི་མེད་རྐྱེན་གྲོས་ཚོགས་ཀྱི་ལས་རིམ་གནང་ཐབས་བྲལ་སྐོར་གསུངས་ཏེ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཁག་གནང་ཐུབ་མེད་པ་རེད། གནས་སྟངས་དེའི་་རྐྱེན་པས་ད་ཆ་གྲོས་ཚོགས་ཀྱི་ལས་རིམ་ཡོངས་རྫོགས་འགྲོ་ཐུབ་ཀྱི་མེད་སྟབས་དེ་རིང་གསར་འགོད་པས་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་གནད་དོན་དེ་སེལ་ཐབས་ཐོག་འབྲེལ་ཡོད་ཚོས་ཕྱོགས་ཡོངས་ནས་དགོངས་པ་གང་འདྲ་བཞེས་ཀྱི་ཡོད་མེད་གནས་ཚུལ་རྒྱུས་ལོན་ཞུས་པར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་དང་ཚོགས་དྲུང་ལས་ཁུངས་ནས་དེའི་སྐོར་བཅར་འདྲི་ཞུ་རྒྱུའི་གོ་སྐབས་གནང་མ་སོང་། འོང་ཀྱང་སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་མཆོག་གིས་བཅར་འདྲི་ང་ལེན་དང་སྦྲགས་ཏེ་འདས་པའི་ཉིན་གྲངས་གཉིས་ཙམ་གྱི་རིང་ལ་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་དང་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག དེ་བཞིན་བར་བརྒལ་ཚོགས་བཅས་ཀྱི་དབར་ལ་ད་ལྟའི་དམ་འབུལ་དང་འབྲེལ་བའི་དཀའ་ངལ་དེ་སེལ་ཐབས་ཀྱི་ཐབས་ལམ་ཡོད་མེད་ཐོག་ལ་གྲོས་བསྡུར་གནང་ཡོད་པ་དང་། དེ་ཡང་གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོསང་དོན་ལྟར་དམ་འབུལ་ཞུ་ཐུབ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་པ་དང་། བདམས་ཐོན་སྤྱི་འཐུས་རྣམ་པ་རྒྱ་ཆེ་མང་ཚོགས་ཀྱིས་ཡིད་ཆེས་དང་རེ་བ་ཆེན་པོ་ཞིག་གི་ཐོག་ནས་བདམས་པ་ཡིན་སྟབས། བཅའ་ཁྲིམས་གཞིར་བཟུང་ཚང་མས་དེར་གུས་བརྩི་ཞུས་ཏེ་ཕྱིན་པ་ཡིན་ན་དཀའ་ངལ་དེ་སང་ཉིན་དང་གནངས་ཉིན་ནང་ཐག་གཅོད་གནང་རྒྱུར་ཐུགས་རེ་གནང་བཞིན་ཡོད་ཅེས་གསུངས་བྱུང་སོང་། ཁོང་ནས་ཁ་ཉིན་༸གོང་ས་མཆོག་གི་སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་བཞེས་མཁན་བདམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་གཏན་ལགས་ཀྱིས་གསར་འགོད་པ་རྣམས་ཀྱི་དྲི་བར་ལན་འདེབས་གནང་སྐབས་སུ་སྐབས་དེར་དམ་འབུལ་གྲུབ་མཚམས་སུ་བར་རྒལ་ཚོགས་གཙོ་མཆོག་ནས་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་བཞེས་མཁན་གྱི་བདམས་ཐོན་སྤྱི་འཐུས་ ༢༡ གི་མཚན་གཞུང་དབུས་འོས་བསྡུ་ལས་ཁུངས་ལ་ཕུལ་བ་དེ་ཁྲིམས་སྒྲིག་དང་མཐུན་གྱི་མེད་སྐོར་གསུངས་པ་ལ་གསལ་བཤད་གནང་ཡོད། གསར་འགོད་པས་བདམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བསྟན་ལགས་གཙོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་བཞེས་མཁན་བདམས་ཐོན་སྤྱི་འཐུས་ཁག་ཅིག་ལ་དེ་འབྲེལ་བཅར་འདྲི་ཞུ་ཐབས་ཞུས་ཀྱང་བཅར་འདྲིའི་གོ་སྐབས་གནང་མ་སོང་།

རྒྱ་ནག་གིས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བློ་འཚབ།

ཁ་སང་ཉི་ཧོང་དང་ཨོ་སི་ཊོ་ལི་ཡ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་བདེ་སྲུང་བློན་ཆེན་གྱི་མཇལ་འཕྲད་གནང་རྗེས་མཐུན་མོང་གིས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་རྒྱལ་ཁབ་ཕྱོགས་གཉིས་ཀས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མང་ཚོགས་དང་གཞན་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་ཡོད་པ་གསུངས་འདུགརྩ་བའི་འདས་པའི་ལོ་ཤས་ནང་དུ་རྒྱ་གཞུང་གིས་ཤིན་ཅང་ནང་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་དང་འབྲེལ་ནས་ཁུལ་དེའི་ཡུ་གུར་ང་ཚོགས་དང་གཞན་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་མི་ས་ཡ་གཅིག་ལྷག་ངལ་བརྩོལ་ར་བར་བཅུག་ནས་ཆབ་སྲིད་སློབ་གསོ་སྤེལ་བ་དང་ངལ་བརྩོལ་ར་བ་ནང་དུ་བཀག་ཉར་འོག་བེུད་རྣམས་ལ་བཙན་དབང་གིས་སྐྱེ་སྒོ་བཀག་པ་དང་། དེ་དག་གི་ཕྲུ་གུ་རྣམས་དྭ་ཕྲུག་བཞིན་གཞུང་གི་ལྟ་སྐྱོང་འོག་བཞག་སྟེ་ཆུང་དུས་ནས་ཆབ་སྲིད་སློབ་གསོ་སྤེལ་བཞིན་པ་སོགས་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེས་བཞིན་པ་ལྟར་ཉེ་ཆར་ཨ་རི་གཞུང་ནས་རྒྱ་གཞུང་གིས་ཤིན་ཅང་ནང་གི་བྱ་སྤྱོད་དེ་དག་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ཡིན་པར་གསུངས་ཡོད་པ་མ་ཟད་ཨིན་ཡུལ་དང་ཁེ་ན་ཌའི་གྲོས་ཚོགས་ནས་ཀྱང་རྒྱ་གཞུང་གིས་ཤིན་ཅང་ནང་དུ་སྤེལ་བཞིན་པའི་སྲིད་བྱུས་རྣམས་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་སྐོར་གསུངས་ཡོད་པ་རེད། ཁ་སང་ Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཁ་སང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ Toshimitsu Motegi མཆོག་དང་བདེ་སྲུང་བློན་ཆེན་ Nobuo Kishi མཆོག དེ་བཞིན་ཨོ་སི་ཊོ་ལི་ཡའི་བེུད་བློན་ཆེན་དང་ཕྱི་སྲིད་བློན་ཆེན་ Marise Payne མཆོག་དང་བདེ་སྲུང་བློན་ཆེན་ Peter Dutton མཆོག་བཅས་དྲ་རྒྱའི་ལམ་ནས་མཇལ་འཕྲད་གནང་སྟེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བདེ་འཇགས་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་ཐོག་གྲོས་བསྡུར་ལྷུག་པོ་གནང་རྗེས་མཉམ་མཐུན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།བསྒྲགས་གཏམ་དེའི་ནང་དུ་རྒྱལ་ཁབ་ཕྱོགས་གཉིས་ཀས་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་ཐུགས་འཚབ་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གཙོས་པའི་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་རུ་ཁག་རྣམས་ཆ་རྐྱེན་དང་བཀག་སྡོམ་མེད་པར་དོན་དམ་གྱི་ཤེས་རྟོགས་སླད་ཤིན་ཅང་ནང་དུ་སྐྱོད་འཇུགག་དགོས་པར་གསུངས་འདུག རྒྱལ་ཁབ་ཕྱོགས་གཉིས་ཀྱི་བློན་ཆེན་རིམ་པའི་ཚོགས་འདུའི་ཐོག་ད་དུང་ཉེ་ཆར་ཧོང་ཀོང་ནང་དུ་ས་ཁུལ་གྱི་མང་གཙོའི་སྒྲིག་འཛུགས་ཉམ་ཆགས་གཏང་རྒྱུའི་བྱ་འགུལ་དང་། ཤར་རྒྱ་ནག་རྒྱ་མཚོའི་བདེ་འཇགས་ཀྱི་གནད་དོན། དེ་བཞིན་ཐེངས་དང་པོ་ཐེ་ཝན་ Strait ས་ཁུལ་དུ་ཞི་བདེ་ཡོང་ཐབས་སྐོར་ལ་གྲོས་བསྡུར། དེ་བཞིན་ Myanmar ནང་དུ་དཀའ་ངལ་འཕྲད་བཞིན་པ་བཅས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག

རྒྱ་ནག་གིས་སྦྱིན་བདག་བྱས་པའི་ཨོ་རྩེད་སྒྲིག་ཆས་ལ་རྒྱ་གར་ནས་ངོས་ལེན་གནང་མི་འདུག

རྒྱ་གར་གྱི་ཨོ་ལམ་པིག་རྩེད་འགྲན་པས་ ༢༠༢༠ ལོའི་ Tokyo ནང་གི་དབྱར་དུས་ཨོ་རྩེད་འགྲན་ཚོགས་ཐོག་རྒྱ་ནག་གིས་སྦྱིན་བདག་བྱས་པའི་ཨོ་རྩེད་སྒྲིག་ཆས་གྱོན་རྒྱུ་མིན་པའི་ཐག་གཅོད་ཡོངས་གྲགས་གནང་འདུགརིང་མིན་ཕྱི་ཟླ་ ༧ ཚེས་ ༢༣ ནས་ཟླ་བ་ ༨ བར་ཉིན་གྲངས་ ༡༧ རིང་ཉི་ཧོང་གི་རྒྱལ་ས་ Tokyo ནང་ ༢༠༢༠ ལོའི་དབྱར་དུས་ཀྱི་ཨོ་ལམ་པིག་རྩེད་འགྲན་འཚོགས་ཀྱི་ཡོད་པ་ལྟར་ཁ་ཉིན་རྒྱ་གར་གྱི་ཨོ་ལམ་པིག་རྩེད་འགྲན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Narinder Dhruv Batra དང་དྲུང་ཆེ་ Rajeev Mehta རྣམ་གཉིས་ཀྱིས་དབྱར་དུས་ཨོ་རྩེད་འགྲན་ཚོགས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་གར་གྱི་ཨོ་ལམ་པིག་རྩེད་འགྲན་ལྷན་ཚོགས་ཀྱིས་ཡུལ་དེའི་མི་མང་གི་དགོངས་པ་གཞིར་བཅོལ་བའི་ཐོག་ནས་ཐེངས་འདིའི་དབྱར་དུས་ཨོ་རྩེད་འགྲན་ཚོགས་ནང་རྒྱ་ནག་གི་རྩེད་མོའི་གྱོན་ཆས་ཀྱི་ཚོང་རྟགས་ Li Ning ཞེས་པ་དེ་རྒྱ་གར་གྱི་གཞུང་འབྲེལ་སྒྲིག་ཆས་ཀྱི་སྦྱིན་བདག་ལས་ཕུད་ཡོད་སྐོར་འཁོད་འདུག གསལ་བསྒྲགས་དེའི་ནང་ལྷན་ཚོགས་དེས་རྒྱ་ནག་གི་རྩེད་མོའི་གོས་ཀྱི་ཚོང་རྟགས་ Li Ning མིང་འབོད་མ་གནང་བའི་ཐོག་ནས་ཁོང་རྣམ་པར་ཆེས་དགའ་མོས་གནང་མཁན་མང་ཚོགས་ཀྱི་སེམས་ཚོར་ཤེས་བཞིན་དུ་ད་ཡོད་རྒྱ་ནག་ལྷན་ཚོགས་ཀྱི་གྱོན་ཆས་སྦྱིན་བདག་དང་འབྲེལ་བའི་གན་རྒྱ་དེ་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་དང་ལྷག་དོན་རྩེད་འགྲན་པ་དང་སྦྱོར་བརྡར་སྤྲོད་མཁན། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ནས་མིང་རྟགས་མེད་པའི་ཨོ་རྩེད་སྒྲིག་ཆས་གྱོན་རྒྱུ་ཡིན་པར་འཁོད་འདུག རྩ་བའི་ཟླ་བ་འདིའི་ཚེས་ ༣ ཉིན་རྒྱ་གར་གྱི་ཨོ་རྩེད་ལྷན་ཚོགས་ཀྱིས་རྩེད་འགྲན་པའི་ངོས་ནས་རྒྱ་ནག་གི་ Li Ning ཚོང་རྟགས་འཁོད་པའི་སྒྲིག་ཆས་སྤྲས་ནས་རྒྱ་གར་གཞུང་འབྲེལ་ཨོ་ལམ་པིག་སྒྲིག་ཆས་ཀྱི་སྦྱིན་བདག་རྒྱ་ནག་ཡིན་པའི་ཡོངས་གྲགས་གནང་འཕྲལ་འདས་པའི་གཟའ་འཁོར་ནང་སྒྲིག་ཆས་དེ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་གདལ་ཤུགས་ཆེ་བྱུང་ནས་རྒྱ་གར་མི་མང་གིས་དེ་འབྲེལ་ཨོ་རྩེད་ལྷན་ཚོགས་ལ་སྐྱོན་བརྗོད་ཆེས་ཆེར་གནང་ཡོད་སྟབས། རྒྱ་གར་གྱི་རྩེད་མོའི་བློན་ཆེན་ལྷན་ཁང་གིས་ཡུལ་དེའི་ཨོ་ལམ་པིག་རྩེད་འགྲན་ལྷན་ཚོགས་ལ་རྒྱ་ནག་གི་རྩེད་མོའི་གོས་ཀྱི་ཚོང་རྟགས་ Li Ning དང་འབྲེལ་མཚམས་འཇོག་དགོས་པའི་ལམ་སྟོན་གནང་ཡོད་པ་རེད། ལམ་སྟོན་དེ་གནང་འཕྲལ་རྒྱ་གར་གྱི་ཨོ་ལམ་པིག་རྩེད་འགྲན་ལྷན་ཚོགས་ཀྱི་ངོས་ནས་དེ་འབྲེལ་བསྒྲགས་གཏམ་ཤིག་སྤེལ་ཏེ་ལྷན་ཚོགས་འདིས་གོང་ཞུས་ཐག་གཅོད་གནང་རྒྱུར་རྒྱ་གར་གྱི་ན་གཞོན་ལས་དོན་དང་རྩེད་མོའི་བློན་ཆེན་ལྷན་ཁང་གིས་ལམ་སྟོན་གནང་ཡོད་པར་འགྲེལ་བརྗོད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ལྷན་ཚོགས་དེས་རང་ཉིད་ཀྱི་རྩེད་འགྲན་པ་རྣམ་པར་གོས་ཀྱི་ཚོང་རྟགས་དང་འབྲེལ་བའིི་དྲི་བ་ཁག་ལ་ལན་འདེབས་གནང་མི་དགོས་པའི་ཐོག་ནས་སྦྱོང་བརྡར་སྤྲོད་འདོད་ཡོད་པ་མ་ཟད་རྩེད་འགྲན་པ་རྣམ་པར་འདས་པའི་ལོ་གཅིག་ལྷག་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་པས་ངལ་བ་ཆེས་ཆེར་འཕྲད་ཡོད་སྟབས་ཁོང་རྣམས་རྣམ་གཡེང་གནང་མི་འཇུག་པར་གསུངས་དུག རྒྱ་དཀར་གཉིས་དབར་གྱི་རྩོད་རྙོག་ལ་ལྟོས་མེད་རྒྱ་ནག་གི་སྟབས་བདེའི་ཁ་པར་བཟོ་མཁན་ Vivo ཚོང་ལས་ཁང་གིས་རྒྱ་གར་གྱི་ཀི་རི་ཌ་རྩེད་རིགས་མཐུན་ཚོགས་ཀྱི་འགྲན་བསྡུར་རྩེ་ཕུད་ལ་སྦྱིན་བདག་བྱེད་མཁན་གཙོ་གྲས་སུ་ཐག་གཅོད་བྱས་ཡོད་ཀྱང་རྒྱ་གར་གི་ངོས་ནས་རྒྱ་ནག་ཐོག་འཛིན་བཞིན་པའི་སྡང་སེམས་རྐྱེན་གྱིས་དྲྭ་ཐོག་རྩེད་མོ་གན་འཛུགས་པའི་ཆོང་ལས་ Dream 11 ཡིས་རྒྱ་ནག་གི་ Vivo ཚོང་ལས་དེའི་བརྗེ་ཚབ་གནང་སྟེ་ཀི་རི་ཌ་རྩེད་རིགས་མཐུན་ཚོགས་ཀྱི་འགྲན་བསྡུར་ལ་སྦྱིན་བདག་གནང་ཡོད་པ་རེད། རྒྱ་གར་གྱི་ཐག་གཅོད་དེ་འདས་ལོའི་ཕྱི་ཟླ་དྲུག་པའི་ཟླ་མཇུག་ཏུ་རྒྱ་དཀར་ནག་གཉིས་དབར་བྱུང་བའི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་དམག་མི་ཉི་ཤུའི་ཚེ་སྲོག་ཤོར་བའི་གནད་དོན་ཁྲོད་བྱུང་བ་ཞིག་དང་ས་མཚམས་ཀྱི་དམག་འཐབ་ཆུང་ངུ་རྐྱེན་བྱས་ཏེ་རྒྱ་གར་ལ་རྒྱ་ནག་གི་ཚོགས་པ་དང་འབྲེལ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་མཁན་ཇེ་མང་འགྲོ་ཡོད་པ་རེད། རྒྱ་གར་གྱིས་གསལ་བསྒྲགས་གནང་བའི་ཐག་གཅོད་དེར་རྒྱ་ནག་གི་རྩེད་མོའི་གོས་ཀྱི་ཚོང་རྟགས་ Li Ning ཀྱིས་བསམ་ཚུལ་བཤད་རྒྱུར་ཁས་ལེན་བྱས་མེད་པ་རེད།

འགྲོ་བ་མིའི་གཅིག་གྱུར་གྱི་བསམ་བློ་གོང་སྤེལ་བྱ་གལ་སྐོར་བཀའ་སྩལ་བ།

དེ་རིང་སྟེ།  ཟླ་ ༦ ཚེས་ ༩ ཉིན་ཡུ་རོབ་ཀྱི་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སེམས་དང་སྲོག་གི་སྡེ་ཚན་གྱི་ཚོགས་མི་ Pier Luigi Luisa ལགས་དང་། Amy Cohen Varel ལགས། དེ་བཞིན་ Elena Antonova བཅས་དང་ལྷན་དུ་མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་དམ་པ་ Chile རྒྱལ་ཁབ་ཀྱི་ཚན་རིག་པ་དང་ལྟ་གྲུབ་པ་གྲགས་ཅན་སྐུ་ཞབས་Francisco Varela ལགས་ལ་རྗེས་དྲན་དང་འབྲེལ་འཛམ་གླིང་བཟང་ཕྱོགས་སུ་བསྐྱོད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་བཀའ་སློབ་ལམ་སྟོན་དང་འབྲེལ་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཅིག་ལ་བཀའ་ལན་སྩལ་སོང་། དེ་རིང་གི་བཀའ་སློབ་ཀྱི་ཐོག་མར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་སྐུ་ན་གཞོན་དུས་ནས་འཕྲུལ་རིགས་ལ་ཐུགས་མཉེས་པོ་གནང་མཁན་ཞིག་ཡིན་པར་བཀའ་སྩལ་ཏེ། མགོན་པོ་མཆོག་སྐུ་ན་ཕྲ་བའི་སྐབས་སུ་སྐུ་གོང་མའི་སྐབས་ཀྱི་བརྙན་སྟོན་འཕྲུལ་ཆས་ཤིག་ཡོད་པ་དེར་ཡང་ཡང་གཟིགས་དཔྱད་གནང་སྟེ་འཕྲུལ་ཆས་དེས་གློག་ཇི་ལྟར་ཐོན་སྐྱེད་བྱེད་བཞིན་ཡོད་པའི་སྐོར་ལ་ཡང་ཡང་དགོངས་པ་བཞེས་ཀྱི་ཡོད་པར་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་དམ་པ་ Francisco Varela ལགས་ཀྱང་ཕྱོགས་གཅིག་ནས་ཚན་རིག་པ་དང་ཕྱོགས་གཞན་ཞིག་ནས་ནང་པའི་ལྟ་སྤྱོད་ལ་སློབ་སྦྱོང་གནང་མཁན་ཞིག་ཡིན་པ་ལྟར། ༸གོང་ས་མཆོག་ཀྱང་གྲོགས་པོ་ཁོང་ལྟར་ནང་པའི་ལྟ་སྤྱོད་དང་ཚན་རིག་ལ་ཐུགས་མཉེས་པོ་གནང་མཁན་ཞིག་ཡིན་པའི་ཆ་ནས་གྲོགས་པོ་ཁོང་དུས་རྒྱུན་ནས་དྲན་གསོ་མཛད་ཀྱི་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་གཟིམ་ཆུང་དུ་ཁོང་གི་སྐུ་པར་ཞིག་ཡོད་པར་བཀའ་སྩལ་ཏེ་སྐུ་ཞབས་ Varela ལགས་ཀྱི་སྐྱེ་བ་རྗེས་མ་དེ་མགོན་པོ་མཆོག་དང་ཐག་ཉེ་བའི་འཁོར་ཞིག་ཏུ་འཁྲུངས་བའི་ཐུགས་རེ་ཡོད་པར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་མཆོག་གིས་འཛམ་གླིང་བཟང་ཕྱོགས་སུ་བསྐྱོད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བར་དེང་རབས་ཀྱི་དུས་སྐབས་འདིར་འཛམ་གླིང་གི་ས་ཕྱོགས་གང་སར་གོ་མཚོན་སོགས་ཀྱིས་གཙོས་པའི་ཕྱིའི་དངོས་པོའི་འཕེལ་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་ནའང་། མིའི་རིགས་ཀྱི་ནང་བསམ་པའི་དཔལ་ཡོན་དེ་ད་དུང་ཡང་རང་ལྟ་མཆོག་འཛིན་གྱི་ངོ་བོར་གནས་ཡོད་སྟབས་ང་དང་ངའི་རྒྱལ་ཁབ་དང་ཆོས་ལུགས་སོགས་ཀྱི་ལྟ་བའི་འོག་ནས་མི་ཕན་ཚུལ་བར་དང་སྡེ་ཚན་བྱེ་བྲག་གི་བར་དུ་དགྲར་འཛིན་གྱི་བསམ་བློ་ཡོང་གི་ཡོད་པ་དེ་ནི་ནོར་འཁྲུལ་ཞིག་ཡིན་པར་བཀའ་སྩལ་ཏེ། འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་དེ་ཚང་མ་གཅིག་གྱུར་ཡིན་པར་བཀའ་སྩལ་ནས་ད་ཆ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐབས་འདིར་འགྲོ་མ་མི་ཡོངས་ནས་གཅིག་གྱུར་ཐོག་གདོང་ལེན་གནང་གལ་ཡིན་པ་དང་དེ་བཞིན་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་རྒྱ་སྐྱེད་གནང་གལ་ཡིན་པར་བཀའ་སྩལ་ཡོད།དེ་བཞན་༸གོང་ས་མཆོག་གིས་༸གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་དང་འབྲེལ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཡིན་པར་བཀའ་སྩལ་ཏེ་བོད་མཐོ་སྒང་ནི་གངས་རི་དང་གཙང་པོ་མང་པོའི་འབྱུང་ཁོངས་ཡིན་སྟབས། བོད་དང་ས་འབྲེལ་ཡོད་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་མང་ཚོགས་ཁྲི་སྟོང་མང་པོ་བོད་ཀྱི་གཙང་པོ་ཁག་ལ་བརྟེན་ཡོད་པར་བཀའ་སྩལ་ཏེ་འགྲོ་མ་མིའི་རིགས་ཀྱིས་རང་བྱུང་སྐྱེ་ཁམས་ལ་བདག་གཅེས་གནང་གལ་ཡིན་སྐོར་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་སོང་།བཀའ་འདྲི་དགོངས་སྐོར་གྱི་མཛད་རིམ་སྐབས་སུ་སྐུ་ཞབས་དམ་པ། Francisco Varela ལགས་ཀྱི་སྐུ་ཟླས་མགོན་པོ་༸གང་ཉིད་མཆོག་གིས་ལོ་མང་རིང་ལ་ཚན་རིག་པ་དང་མཉམ་དུ་འབྲེལ་འདྲིས་མཛད་པའི་ཁྲོད་ཐུགས་ཕན་གསོས་པ་གང་དག་བྱུང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་༸གང་ཉིད་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་སྟབས། དུས་རྒྱུན་ནས་འགྲོ་བ་མིའི་རིགས་ཀྱི་བདེ་རྩར་དགོངས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ་དང་སྦྲགས་ཏེ་མགོན་པོ་༸གང་ཉིད་མཆོག་གིས་བྱ་བཞག་ཆུང་ཆུང་ཞིག་ཡིན་ནའང་སྤྱི་ལ་ཕན་ཐོགས་རེ་འབྱུང་རྒྱུའི་ཐུགས་རེ་མཛད་ནས་རྣམ་ཀུན་ནས་ཚན་རིག་པ་རྣམས་དང་འབྲེལ་འདྲིས་མཛད་སྐོར་བཀའ་ལན་སྩལ་སོང་།དེ་བཞིན་སེམས་དང་ཚན་རིག་གིས་ཅི་ལྟར་འགྲོ་བ་མིའི་རིགས་ཀྱི་བདེ་རྩ་དང་འབྲེལ་འདྲིས་གོང་སྤེལ་གནང་ཐབས་ཀྱི་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ལྷག་ཡོད་པ་དེ་མཉམ་རུབ་ཀྱི་ཐོག་ནས་གཅིག་ལ་གཅིག་ལ་བརྟེན་གྱིས་འཚོ་དགོས་དུས་འགྲོ་བ་མི་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་ཡོད་པའི་ཐོག་ནས་མཉམ་གནས་བྱེད་རྒྱུ་གལ་ཆེན་པོ་ཡིན་སྟབས། རང་ལྟ་མཆོག་འཛིན་གྱིས་ཕན་ཚུལ་དབར་ལ་འཁྲུག་པ་བརྒྱབ་ནས་བསྡད་ན་རང་གཞན་སུ་ལ་ཡང་ཕན་ཐོགས་མེད་པས་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་གནས་བྱ་རྒྱུར་ཀུན་གྱིས་ཧུར་བརྩོན་གནང་དགོས་པའི་ལམ་སྟོན་མཛད་ཡོད།

རྒྱ་ནག་ལ་འགྲན་རྩོད་ཀྱིས་ཨ་རིའི་ཁྲིམས་འཆར་གསར་པར་བོད་གནད་ཁག་ཅིག་འཁོད་པ།

ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་ལ་དཔལ་འབྱོར་ཐད་ཁ་གཏད་གཅོག་རྒྱུའི་་ཁྲིམས་འཆར་ཞིག་ཚད་མཐོའི་མང་མོས་ཐོག་ནས་གཏན་འབེབས་གནང་འདུག་པ་དང་ཁྲིམས་འཆར་དེའི་ནང་ཨ་རིའི་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་མཐུན་ཕྱོགས་རྒྱལ་ཁབ་དང་མཉམ་འབྲེལ་དགོས་པ་་དང་པེ་ཅiང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ལ་བོད་ཀྱི་སྡེ་ཚན་ཟུར་འཛུགས་དགོས་པ་སོགས་བོད་དོན་དང་འབྲེལ་བའི་གལ་ཆེའི་གནད་དོན་ཁག་ཅིག་བཀོད་འདུགUS innovation and Competition Act ཞེས་པའི་ཁྲིམས་འཆར་འདི་ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Charles Ellis Schumer ལགས་དང་། Republican ཚོགས་པའི་འཐུས་མི་སྐུ་ཞབས་ Todd Young ལགས་གཉིས་མཐུན་མོང་གིས་འདོན་སྤེལ་གནང་འདུག་པ་དང་དེའི་ནང་ཨ་རིའི་འཕྲུལ་ལས་དང་ཉམས་ཞིབ་ཐད་ཨ་སྒོར་འཐེར་འབུམ་ ༡༩༠ ཙམ་བཀའ་འཁྲོལ་ཞུས་པ་དང། དེ་བཞིན་འཕྲིན་གཏོང་ཐོན་སྐྱེད་སོགས་དང་འབྲེལ་ནས་མ་དངུལ་ཨ་སྒོར་འཐེར་འབུམ་ ༥༤ ཙམ་གི་བཀའ་འཁྲོལ་ཞུས་ཡོད་པ་རེད། ལྷག་དོན་ཁྲིམས་འཆར་དེའི་ནང་བོད་དང་འབྲེལ་བའི་སྲིད་བྱུས་ཞེས་པའི་སྡེ་ཚན་འོག་ཏུ་ཨ་རིའི་གཞུང་གིས་དེ་སྔ་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གྱི་ནང་དོན་ཁག་ཅིག་བསྐྱར་བཅོས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་གནད་དོན་ཐད་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་དགོས་པ་དང་། དེའང་དྲུང་ཆེ་ལས་རོགས་སམ་དེ་ལས་གོ་གནས་མཐོ་བའི་མི་སྣ་བསྐོ་གཞག་དགོས་པ། དེ་བཞིན་རྒྱ་གཞུང་གིས་ལྷ་ས་དང་ཁྲེན་ཏུ་ནང་དུ་ཨ་རིའི་གཞུང་ཚབ་ཡན་ལག་ཆེད་འཛུགས་མ་ཐུབ་པར་དུ་ཨ་རིའི་ངོས་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་བོད་ཀྱི་སྡེ་ཚན་ལོགས་སུ་ཟུར་འཛུགས་དགོས་པ། ལྷག་པར་དུ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱ་རྒྱུའི་འགན་དབང་ནི་མགོན་པོ་༸གང་ཉིད་མཆོག་དང་བོད་མི་ཚོར་ཡོད་པ་ལས་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་དབང་མེད་པ་དང་རྒྱ་ནག་གི་དཔོན་རིགས་སུ་ཞིག་གིས་༸གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་ནས་ཐེ་གཏོགས་བྱས་ཚེ། ཨ་རིའི་སྲིད་གཞུང་གི་ངོས་ནས་དཔོན་རིགས་དེ་དག་ལ་ཁྲིམས་ཐོག་ནས་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་སོགས་བསྐྱར་ནན་གནང་བ་དང་འབྲེལ། ཨ་རིའི་ངོས་ནས་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ཕྱག་ལས་མཉམ་གནང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་དབུ་ཁྲིད་རྣམས་ལ་༸སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་ཆོས་ཕྱོགས་ཀྱི་འགན་དབང་སྤྲོད་རྒྱུར་རྒྱབ་སྐྱོར་གནང་རྒྱུ་དང་། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གི་ཐེ་བྱུས་རིགས་ལ་གདོང་ལེན་དགོས་པ་གསལ་འདུག ཁྲིམས་འཆར་དེའི་ནང་གཞན་ཡང་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁག་ནས་རྒྱ་གཞུང་གིས་བོད་གཙོས་ཧོང་ཀོང་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པ་དང་ཡུ་གུར་མི་མང་གིས་མཚོན་པའི་ Kazakh དང་། Kyrgyz སོགས་ཀྱི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱས་ཏེ་བཟོ་ལས་ཐོན་སྐྱེད་དེ་དག་ཨ་རི་ནང་ཚོང་འབྲེལ་བྱེད་བཞིན་པར་སེམས་འཚབ་ཡོད་སྐོར་གསུངས་ཏེ་བྱེད་ལས་དེ་དག་མཚམས་འཇོག་ཡོང་བའི་ནན་བརྗོད་དང་ཡང་སྒོས་རྒྱ་ནག་དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཁྲོད་དབང་གཙོ་རིང་ལུགས་སྨྲ་བའི་རྒྱལ་ཁབ་དམིགས་དཔེ་འོས་པ་ཞིག་མ་ཆགས་པའི་སླད་ཐུན་མོང་གི་ཐབས་ལམ་ཞིག་འཚོལ་ནས་ས་ལག་བསྟར་དགོས་སྐོར་འཁོད་འདུག ཐེངས་འདིའི་ཁྲིམས་འཆར་ལ་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དགག་ཆ་གནང་ཡོད་ཀྱང་དེར་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ ༦༨ གྱིས་འོས་འཕངས་ཏེ་མང་མོས་ཀྱི་ཐོག་ནས་ཐོབ་ཡོད་པ་མ་ཟད་ཁྲིམས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་ཨ་རིའི་བཟོ་སྐྲུན་དང་ཉམས་ཞིབ་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་ལྡིངས་ཆའི་ཐོག་རྒྱ་ནག་གི་དཔལ་འབྱོར་གྱི་འཇིགས་སྐུལ་ཉེན་ཚབས་ཆེས་ཆེར་འགྲོ་བཞིན་པར་ཁ་གཏད་གཅོག་ཆེད་ཡིན་འདུག ཁྲིམས་འཆར་འདོན་མཁན་སྐུ་ཞབས་ Charles Ellis Schumer ལགས་ཀྱིས་གྲོས་ཚོགས་གོང་མའི་ནང་གསུང་བཤད་གནང་སྐབས་སུ་ཁྲིམས་འཆར་དེ་ཆབ་སྲིད་ཚོགས་པ་གཉིས་ཀྱི་ཡུན་རིང་པོའི་གྲུབ་འབྲས་གལ་ཆེའི་གྲས་ཤིག་ཡིན་པས་དེ་ནི་ཨ་རིའི་དུས་རབས་ ༢༡ ཀྱི་མགོ་ཁྲིད་ལམ་ལུགས་ཁྲོད་འཕོ་འགྱུར་འགྲོ་མཚམས་ཀྱི་ལོ་རྒྱུས་རང་བཞིན་ཞིག་ཡིན་པར་གསུངས་འདུག དེ་བཞིན་ཁོང་གིས་རྒྱ་ནག་དེ་འཛམ་གླིང་ཁྲོད་མི་གསོད་ཁྲག་སྦྱོར་བྱས་ཡོད་པར་ནན་བརྗོད་དང་འབྲེལ་རྒྱ་གཞུང་གིས་ཨ་རི་ལྟ་བུའི་མང་གཙོ་རྩོད་མཁན་གྱི་རྒྱལ་ཁབ་རྣམས་མཉམ་ལས་ཐུབ་རྒྱུ་མེད་པའི་ཡིད་ཆེས་ཐོག་རྒྱལ་ཁབ་ཀྱི་གལ་གནད་ཆེ་ཤོས་དེ་མང་གཙོའི་རྒྱལ་ཁབ་གཞན་ཁག་དབང་བསྡུད་བྱ་ཕྱིར་ཡིན་པ་མ་ཟད། རྒྱ་གཞུང་གིས་མང་གཙོའི་རྒྱལ་ཁབ་དག་བཙན་ཤེད་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་གནང་འདུག ད་ལྟའི་འཆར་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཚད་མཐོའི་མང་མོས་སྒོ་ནས་གཏན་འབེབས་ཐུབ་ཡོད་ཀྱང་། ད་ཆ་གྲོས་ཚོགས་འོག་མ་བརྒྱུད་དགོས་པ་དང་གྲོས་ཚོགས་འོག་མའི་ནང་གཏན་འབེབས་ཐུབ་རྗེས་སྲིད་འཛིན་ Joe Biden མཆོག་ནས་མཚན་རྟགས་བཀོད་རྗེས་གཞི་ནས་ཁྲིམས་གཞི་ཆགས་ཀྱི་ཡོད་པ་རེད།

མཚོ་སྔོན་ཁུལ་དུ་སྐོར་སྐྱོད་བྱས་པ་དེས་བོད་ཀྱི་ས་ཐོག་ཏུ་རྟོག་ཞིབ་བྱེད་ཀྱི་ཡོད་པར་མངོན་གསལ།

རྒྱ་ནག་གཞུང་འབྲེལ་གྱི་ Xinhua སོགས་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཁ་ཉིན་རེས་གཟའ་ཟླ་བ་སྟེ་ཚེས་ ༧ ནས་རྒྱ་གཞུང་གིས་དབྱེ་བའི་བོད་ཀྱི་ས་ཁུལ་མཚོ་སྔོན་ཞིང་ཆེན་ཁུལ་དུ་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་རེད་འདུགདེའི་སྐོར་གནས་ཚུལ་སྤེལ་བའི་ནང་དུ་ཐེངས་འདིའི་རྒྱ་ནག་སྲིད་འཛིན་གྱིས་བོད་ཀྱི་ས་ཁུལ་དུ་སྐོར་སྐྱོད་ཀྱི་དུས་ཡུན་ཇི་ཙམ་ཡིན་མིན་དང་དགོས་པ་གང་ཡིན་སོགས་ཁ་གསལ་གང་ཡང་བཀོད་མེད་སྟབས་གསར་འགོད་པས་དེའི་སྐོར་རྒྱ་ནག་ཉམས་ཞིབ་པ་ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་དུ་རྒྱ་ནག་གི་ཚོགས་ཆེན་གཉིས་པོའི་ཐོག་ཞི་ཅིན་ཕིང་ནས་མཚོ་སྔོན་ཞིང་ཆེན་གྱི་ཚོགས་འདུར་དུ་མཉམ་ཞུགས་བྱས་ཡོད་པ་དང་འབྲེལ་ནས་བོད་ཀྱི་ས་ཁུལ་སྐོར་ལ་དོ་སྣང་སླེབས་པར་བརྟེན་ཁོ་པས་ད་བར་གྱི་ལས་ཡུན་ཁྲོད་བོད་ཀྱི་ས་ཁུལ་ནང་དུ་རྟོག་ཞིབ་ཀྱི་ལས་གཞི་དངོས་སུ་སྤེལ་བ་ལྟ་བུར་མངོན་རྒྱུ་ཡོད་པ་དང་། དེ་མིན་ཉེ་ལམ་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་པ་ནས་རྒྱ་ནག་དམར་ཤོག་ཚོགས་པར་ལྟ་ཕྱོགས་བཟང་དུ་གཏང་རྒྱུའི་སྐོར་ལ་བཤད་པ་དང་འབྲེལ། ཁོ་པ་བོད་ཀྱི་ས་ཁུལ་ནང་དུ་སྐྱོད་པ་དེས་བོད་མིའི་བདེ་དོན་ལ་ལྟ་ཞིབ་བྱས་པ་ཞིག་ཀྱང་ཡིན་སྲིད་པར་གསུངས་ཡོད། རྒྱ་ནག་གི་བརྒྱུད་ལམ་ཁག་གི་ཐོག་ལ་འདྲ་པར་དང་བཅས་གནས་ཚུལ་སྤེལ་བར་ཞི་ཅིན་ཕིང་ཕྱི་ཚེས་ ༧ ཉིན་མཚོ་སྔོན་ཁུལ་དུ་འབྱོར་བ་དང་འབྲེལ་ནས་ཚེས་ ༨ ཉིན་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་ནས་ཁུལ་དེའི་བོད་རིགས་མང་ཚོགས་དང་ལྷན་དུ་ཐུག་འཕྲད་བྱས་ཡད་པ་་མ་ཟད་གྲོང་ཚོའི་ཁྱིམ་ཚང་ཁག་ཅིག་གི་ནང་ལ་བསྐྱོད་ཡོད་པ་བཅས་ཀྱི་འདྲ་པར་འདོན་སྤེལ་བྱས་འདུག ཁོ་པ་མཚོ་ཁུལ་གྱི་ས་ཁུལ་ཁག་ཏུ་སྐྱོད་སྐབས་གཙོ་བོ་མི་མང་གི་འཚོ་བ་ཡར་རྒྱས་གཏང་ཕྱོགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཐོག་རྟོག་ཞིབ་བྱེད་རྒྱུ་དེ་ཡིན་སྐོར་དང་འབྲེལ་ནས་ཟི་ལིང་གྲོང་ཁྱེར་ནང་དུ་མང་ཚོགས་དང་ལྷན་དུ་ཐུག་འཕྲད་བྱས་ཡོད་འདུག ཁོ་པ་རྣམ་ཀུན་སྐོར་སྐྱོད་སྐབས་གཞི་རིམ་གྲོང་ཚོ་དང་གྲོང་ཁྱེར་གཉིས་ཀར་ལྟ་ཞིབ་བྱས་ནས་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་རྒྱུས་ལོན་བྱེད་ཀྱི་ཡོད་ལུགས་དང་སྤྱི་ཚོགས་ཡག་པོ་ཞིག་ཡོང་བར་གཞི་རིམ་གྱི་སྒྲིག་འཛུགས་ཤིག་ཡོང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་འདུག རྩ་བའི་འདི་ལོ་རྒྱ་ནག་གཞུང་གི་ངོས་ནས་དམར་ཤོག་ཚོགས་པ་དབུ་བརྙེས་ཏེ་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་དང་འབྲེལ་དེང་སྐབས་རྒྱ་ནག་དེ་རྒྱལ་སྤྱིའི་ཁྲོད་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་བཟོ་ཐབས་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོགས་ཚོགས་པར་ལྟ་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་སྐོར་ལ་གཏམ་བཤད་སྤེལ་བ་དང་ལས་དོན་དེར་གནད་དགག་ཆེན་པོར་རྩི་བཞིན་ཡོད་པ་དེ་ལྟར་ཡང་། རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཧོང་ཀོང་ནང་དུ་དྲག་པོའི་ཁྲིམས་གཞི་ལག་བསྟར་བརྒྱུད་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་གཏོང་བཞིན་པའི་ཁྲོད་ཉེ་ཆར་དྲུག་བཞིའི་དོན་རྐྱེན་དང་འབྲེལ་ནས་མི་གཉིས་ཙམ་འཛིན་བཟུང་བྱས་པ་དང་དོན་རྐྱེན་དེ་རྗེས་དྲན་ལ་ཕྱོགས་ཡོངས་ནས་དམ་དྲག་ནན་པོ་བྱས་ཡོད་པ། དེ་བཞིན་བོད་མི་དང་ཤིན་ཅང་ཡུ་གུར་མང་ཚོགས་ཐོག་རྡུག་རྩུབ་ཅན་གྱི་སྲིད་བྱུས་འཛིན་བཞིན་པ་ལྟར་ཨ་རི་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ནས་རྒྱ་ནག་གིས་ཤིན་ཅང་ནང་དུ་ལག་བསྟར་བྱེད་བཞིན་པ་དེས་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ཡིན་པར་གསུངས་ཟིན་པ་སོགས་ལ་གཞིགས་ཏེ་དབྱེ་ཞིབ་པ་མང་དག་ཅིག་གིས་དམར་ཤོག་ཚོགས་པར་གཟིགས་ཕྱོགས་ལ་འགྱུར་བ་ཡོང་དཀའ་སྐོར་གསུངས་ཡོད་པ་རེད།    

སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།

སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐོག་བོད་མིའི་སྐུ་ཚབ་ཀྱིས་སུད་སི་གྲོས་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་རྒྱུས་མཚོན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སླེང་གནང་དགོས་པ་སོགས་ཀྱི་ཞུ་འབོད་དང་གླེང་སློང་ཞུས་འདུགཕྱི་ཟླ་ ༥ ཚེས་ ༣༡ ནས་སུད་སི་དབྱར་དུས་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་བསྟུན་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་རྒྱལ་ས་སྦན་ལ་རྟེན་གཞི་བྱས་པའི་སུད་སི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཕྱི་ལོ་ ༢༠༢༡ ལོའི་ཚོགས་འདུ་དང་པོ་དེ་བསྐོང་གནང་ཚོགས་འདུག་ཅིང། སྐབས་དེར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Walder Nicolas ལགས་ཀྱིས་གཙོ་སྐྱོང་འོག་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་འདུ་འཛོམས་སར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་གཙོས་སུད་བོད་མཐུན་གྲོགས་དང། དེ་བཞིན་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་བཅས་ཀྱི་སྐུ་ཚབ་ནས་སུད་སི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་རྒྱུས་མཚོན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སླེང། རིང་མིན་རྒྱ་ནག་ཏུ་ཚོགས་རྒྱུའི་དགུན་དུས་ཨོ་རྩེད་འགྲན་རྩོད་སྐོར། སུད་སི་ནང་ཡིག་ཆ་མེད་པའི་བོད་ཀྱི་སྐྱབས་བཅོལ་བའི་གནད་དོན་སྐོར་གྲོས་བསྡུར་གནང་འདུགསྤྱིར་འདི་ལོའི་དཔྱིད་དུས་ཀྱི་གྲོས་ཚོགས་ཐོག་སུད་སི་ནང་གནས་སྡོད་བོད་མི་ཐད་ལ་རྒྱ་གཞུང་གིས་ལྐོག་མྱུལ་བྱེད་བཞིན་པའི་གནད་དོན་ཐོག་སུད་སི་གཞུང་ནས་བདེ་འཇགས་སྲུང་སྐྱོབ་འགན་ལེན་གནང་རྒྱུ་དང། སུད་སི་གཞུང་ནས་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་དང་འབྲེལ་སུད་སི་གཞུང་ནས་གྲོས་ཚོགས་སུ་ཞིབ་ཕྲ་སྙན་ཐོ་ཕུལ་དགོས་པའི་གྲོས་ཆོད་གཉིས་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།རྩ་བའི་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་ལོ་ལྟར་ལོ་གཅིག་ནང་ཐེངས་གཉིས་ཚོགས་ཀྱི་ཡོད་པ་རེད། ད་རེས་ཀྱི་ཚོགས་འདུ་དེ་ཕྱི་ལོ་ ༢༠༢༡ ལོའི་ཚོགས་འདུ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་ད་ཆར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་སུད་སི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་གྲོས་ཚོགས་འཐུས་མི་གྲངས་ ༣༣ ཡོད་པ་རེད་འདུག

སྤྱི་འཐུས་རྣམ་པས་ལམ་གཉིས་ཀྱི་ཐོག་ནས་དམ་འབུལ་གནང་ཡང་ཚོགས་གཙོ་སྦྲེལ་པོ་འོས་འདེམས་ཐུབ་མེད།

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བདམས་ཐོན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམ་ནོར་བུ་མཆོག་གི་དྲུང་ནས་ལས་ཁུར་དམ་འབུལ་ཞུས་གྲུབ་མཚམས་སུ་བདམས་ཐོན་སྤྱི་འཐུས་རྣམ་པའི་ལས་ཁུར་དམ་འབུལ་གྱི་ལས་རིམ་ཐོག་ཕེབས་ཡོད་པ་རེད།དམ་འབུལ་གྱི་མཛད་རིམ་དེའི་ཐོག་ཨོ་སིཀྲི་ཨེ་ཤི་ཡ་མངའ་ཁུལ་གྱི་བདམས་ཐོན་སྤྱི་འཐུས་བསྟན་འཛིན་ཕུན་ཚོགས་ལགས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཛ་དྲག་གནས་སྟངས་རྐྱེན་གྱིས་དངོས་སུ་ཆེད་བཅར་ཐུབ་མེད་པ་དང་། གཞན་བདམས་ཐོན་སྤྱི་འཐུས་ ༤༤ ཆ་ཚང་དངོས་སུ་ཆེད་བཅར་གནང་ཐུབ་པ་བྱུང་འདུག དེ་རིང་དམ་འབུལ་གནང་སྐབས་སུ་བདམས་ཐོན་སྤྱི་འཐུས་ ༢༡ ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་བདམས་ཐོན་སྤྱི་འཐུས་ ༢༢ ནས་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་བཞེས་ཡོད་པ་རེད། དེ་ནི་ད་བར་གྱི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་བདམས་ཐོན་སྤྱི་འཐུས་རྣམ་པས་དམ་འབུལ་རྣམ་པ་མི་འདྲ་བ་གཉིས་ཀྱི་ཐོག་ནས་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།བདམས་ཐོན་སྤྱི་འཐུས་རྣམ་པ་དམ་འབུལ་ཞུས་གྲུབ་སྟེ། ཉིན་རྒྱབ་ཆུ་ཚོད་ ༢ ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དབུ་བཞུགས་ཐོག་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་ཡོད་པ་དང་། སྐབས་དེར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་སྟབས། བཅའ་ཁྲིམས་དགོངས་དོན་ལྟར་གྲོས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་ཚང་གི་མེད་རྐྱེན་གྲོས་ཚོགས་ཀྱི་ལས་རིམ་གནང་ཐབས་བྲལ་སྐོར་གསུངས་ཏེ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཁག་གནང་ཐུབ་མེད་པ་རེད། གཞི་རྩའི་དེ་རིང་བདམས་ཐོན་སྤྱི་འཐུས་ ༢༢ ནས་༸གོང་ས་མཆོག་གི་༸སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་དུ་དམ་འབུལ་ཞུས་དོན་དེ་ནི་དེ་སྔ་སྐབས་ ༡༦ པའི་གྲོས་ཚོགས་ཐོག་བཞག་པའི་གྲོས་ཆོད་ཨང་ ༣༩ དང་འབྲེལ་ཏེ་ད་རེས་བདམས་ཐོན་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་མཆོག་ནས་གྲོས་ཆོད་ཨང་ ༣༩ གཞིར་བཟུང་འཕོ་འགྱུར་ཟིན་པའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་ནས་དམ་འབུལ་ཞུས་པ་དེ་ཁྲིམས་མཐུན་མིན་སྐོར་སོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། སྤྱི་འཐུས་ ༢༢ དེ་དག་གི་སྐུ་ཚབ་ནས་དེ་རིང་ཕྱི་དྲོ་གསར་འགོད་པར་གནད་དོན་དེའི་སྐོར་གསལ་བཤད་གནང་ཡོད། དེ་འབྲེལ་གནས་ཚུལ་རྒྱས་པ་གཤམ་གྱི་སྒྲ་སྣེ་ཐོག་གསན་གནང་ཡོང་བའི་དགོངས་འཇགས་ཞུ།།

༸གོང་ས་མཆོག་༸སྐུ་འཚོ་བཞུགས་སྐབས་འདིར་རྒྱ་ནག་ལ་ཅིའི་ཕྱིར་གདན་འདྲེན་ཞུ་ཡི་མེད་དམ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨུ་རུ་སུའི་ Sputnik གསར་ཁང་གི་བཅར་འདྲིའི་སྐབས་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་པ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པ་ཞིག་ཡིན་པ་དང་། གལ་ཏེ་རྒྱ་གཞུང་གིས་༸གོང་ས་མཆོག་ལ་གུས་བརྩི་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཚེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་ཞིང་གཞེས་པའི་སྐབས་འདིར་རྒྱ་ནག་ལ་ཅིའི་ཕྱིར་གདན་འདྲེན་ཞུ་ཡི་མེད་པ་རེད་དམ་ཞེས་གསུངས་པ་མ་གཏོགས། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་གྲོས་བསྡུར་ཆེད་༸གོང་ས་མཆོག་རྒྱ་ནག་ལ་ངེས་པར་དུ་གདན་ཞུ་གནང་དགོས་ཀྱི་རེད་ཅེས་གསུངས་མེད་པར་གསལ་བཤད་གནང་སོང་།འདི་ག་རླུང་འཕྲིན་ཁང་གིས་ཁ་སང་ཨུ་རུ་སུའི་ Sputnik གསར་ཁང་གི་གསར་འགོད་པ་ Dhairya Maheshwari ལགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་བསྲིངས་ཞུས་པའི་ཁྲོད་༸སྐུའི་ཡང་སྲིད་དང་འབྲེལ་བའི་དྲི་བར་བཀའ་ལན་གནང་སྐབས་སྲིད་སྐྱོག་མཆོག་གིས་གསར་ཁང་དེར་ལོ་རྒྱུས་ཐོག་རྒྱ་ནག་གཞུང་ལ་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་འགན་དབང་མེད་པ་གསལ་པོ་ཡིན་པ་དང་། ལྷག་པར་དུ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་ཆོས་ཕྱོགས་དང་འབྲེལ་བའི་གནང་སྒོ་ཞིག་ཡིན་སྟབས། ༸སྐུའི་ཡང་སྲིད་བསྐོ་གཞག་གནང་མཁན་དེ་ཡང་དང་ཐོག་ཆོས་ལ་ཡིད་ཆེས་དང་སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་མཁན་ཞིག་དགོས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག སྲིད་སྐྱོང་མཆོག་སྐུ་སྒེར་གྱི་ངོས་ནས་རྒྱ་ནག་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་ཆེད་༸གོང་ས་མཆོག་རྒྱ་ནག་ལ་ངེས་པར་དུ་གདན་ཞུ་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་གསལ་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་འདི་ག་རླུང་འཕྲིན་ཁང་ལ་གནད་དོན་དེའི་ཐོག་གསལ་བཤད་དང་འབྲེལ་ཏེ། Sputnik གསར་ཁང་གིས་གནད་དོན་དེའི་སྐོར་གནས་ཚུལ་དེ་ལྟར་སྤེལ་བ་དེ་བདེན་པ་རྩ་བ་ནས་མིན་སྐོར་གསུངས་པ་དང་འབྲེལ་ནས་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་པ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པ་ཞིག་ཡིན་པ་དང་། གལ་ཏེ་རྒྱ་གཞུང་གིས་༸གོང་ས་མཆོག་ལ་གུས་བརྩི་དང་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཚེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་ཞིང་གཞེས་པའི་སྐབས་འདིར་རྒྱ་ནག་ལ་ཅིའི་ཕྱིར་གདན་འདྲེན་ཞུ་ཡི་ མེད་པ་རེད་དམ་ཞེས་གསུངས་ཡིན་སྐོར་གསལ་བཤད་གནང་ཡོད།གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ་ ༥ ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་གི་ལས་ཁུར་དམ་འབུལ་ཞུས་ཏེ་ལས་ཉིན་དང་པོའི་ཐོག་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་དེ་བོད་མི་མང་ཚོགས་ལ་གསུང་བཤད་གནང་སྐབས་འབྱུང་འགྱུར་བོད་དོན་བདེན་མཐའ་སེལ་ཐབས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་རྒྱ་གཉིས་སྨན་དང་། འབྲེལ་གཏུག་གྲོས་མོལ། འཚེ་མེད་ཞི་བ་བཅས་ཀྱི་རྩ་དོན་གཞི་རྩར་བཞག་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུ་དང་། གཞིས་ལུས་བོད་མིའི་མགྲིན་ཚབ་པ་བྱས་ཏེ། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེར་སྤེལ་རྒྱུ། དེ་བཞིན་གཞིས་བྱེས་དབར་འབྲེལ་གཏུག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་ཐུགས་རེ་འགྲུབ་ཐབས་ལ་རམ་འདེགས་ཞུ་སླད་རྒྱ་གཞུང་ལ་འབྲེལ་མཐུད་ཞུ་སྒོ་གང་ཡོང་བྱ་རྒྱུ་སོགས་དེ་འབྲེལ་དོན་ཚན་ལྔ་གསུངས་ཡོད་པ་རེད།སྲིད་སྐྱོང་གི་ལས་ཁུར་བཞེས་ཏེ་བདུན་ཕྲག་གཉིས་ཙམ་འགྲོ་བཞིན་པའི་ཁྲོད་དེར་དྲྭ་ལམ་བརྒྱུད་༸གོང་ས་མཆོག་དང་མཇལ་མོལ་ཐེངས་གསུམ་ཞུས་ཡོད་པ་དང་། ཉེ་ཆར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ལས་རིམ་ཞིག་གི་ཐོག་ཏུ་༸གོང་ས་མཆོག་གིས་སྲིད་སྐྱོང་གསར་མཇལ་སྐབས་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་ནག་ལ་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་རྒྱ་ནག་རི་བོ་རྩེ་ལྔ་དང་༸སྐུའི་འཁྲུངས་གཞིས་མདོ་སྨད་སྟག་ཚེར། དེ་བཞིན་རྒྱལ་ས་ལྷ་ས་བཅས་ལ་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་ཆེན་པོ་མཛད་བཞིན་པར་བཀའ་སྩལ་ཡོད་པ་གསུངས་ཡོད། སྲིད་སྐྱོང་མཆོག་གིས་ད་ལན་ཨུ་རུ་སུའི་ Sputnik གསར་ཁང་གི་བཅར་འདྲིའི་སྐབས་བོད་དང་རྒྱ་ནག་གཉིས་འདས་པའི་ལོ་རྒྱུས་ཐོག་གི་མི་མཐུན་པའི་ཆ་ཁོ་ནར་འཁོན་ནས་བཞུགས་ན་ཕྱོགས་གཉིས་ཀྱི་དཀའ་ངལ་དེ་སེལ་ཐབས་མེད་པ་དང་ང་ཚོའི་ངོས་ནས་རྒྱ་ནག་དང་ལྷན་དུ་མི་མཐུན་པའི་ཆ་རྣམས་ཕྱོགས་གཉིས་ཀར་ཕན་ཞིང་འཚེ་བ་མེད་པའི་ཐབས་ལམ་ཐོག་ནས་སེལ་འདོད་ཡོད་ཅེས་གསུངས་པ་མ་ཟད། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྤྱི་དང་ལྷག་པར་ཁོར་ཡུག་གི་གནད་དོན་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་ཆབས་ཅིག རྒྱལ་སྤྱིའི་གསར་འགོད་པ་རྣམས་ནས་རྒྱ་ནག་གིས་རྒྱབ་ཤ་དཀར་པོའི་ནང་བཀོད་པའི་འཁྱོག་བཤད་དང་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་སླད་བོད་ནང་རང་དབང་ཐོག་སྐྱོད་ཐབས་ཡོང་བའི་འབོད་སྐུལ་བསྐྱར་ནན་གནང་འདུག

Latest news