Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ས་ཡོངས་སུ་རྒྱ་གཞུང་དཔོན་རིགས་ཁག་གི་པར་སྒྲིག་གཤོམ་མངོན་གསལ།

རྒྱ་ནག་གཞུང་གིས་གཟའ་འཁོར་སྔོན་མའི་ནང་རྒྱལ་སྤྱིའི་གསར་འགོད་པ་བཅུ་གྲངས་ཤིག་བོད་ཀྱི་རྒྱལ་ས་ལྷ་སར་ལྟ་རྟོག་ནན་པོའི་འོག་འཚམས་གཟིགས་ལ་ཕེབས་རྒྱུའི་ཆོག་མཆན་སྤྲད་པ་ལྟར། Reuters གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་དུ་གསར་འགོད་པས་འཚམས་གཟིགས་ཁྲོད་ལྷ་སའི་སློབ་གྲྭ་ཁག་ཅིག་དང་། ཁྲོམ་གཞུང། ཆོས་ལུགས་ལས་ཁུངས། ཁྱིམ་ཚང་། དེ་བཞིན་དགེ་འདུན་པའི་ཉལ་ཁང་སོགས་གང་དུ་བསྐྱོད་ཀྱང་ཞི་ཅིན་ཕིང་གཙོས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་གི་པར་སྒྲིག་གཤོམ་བྱས་ཡོད་པ་ཁོ་ན་མངོན་རྒྱུ་ཡོད་པ་མ་གཏོགས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རྩ་བ་ནས་མཇལ་རྒྱུ་མེད་པར་གསུངས་འདུག ལྷ་སའི་ཕྱི་ཕྱོགས་སུ་ཡོད་པའི་ Tibet's College of Buddhism འམ་ནང་བསྟན་སློབ་གླིང་དེར་སློབ་གླེང་དེའི་རྩེ་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་དང་། འཛིན་ཁང་ཡོད་དོ་ཅོག་གི་ནང་དུ་ཞི་ཅིན་ཕིང་གི་པར་སྒྲིག་གཤོམ་བྱས་པ་དོ་སྣང་བྱུང་བ་དང་འབྲེལ། སློབ་གླིང་དེའི་ངེས་སྟོན་པ་གཞོན་པ་སྐལ་བཟང་དབང་འདུས་ཟེར་བ་ཞིག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་གི་འོག་ནས་ང་ཚོས་ཆབ་སྲིད་སློབ་གཉེར་དགོས་པ་དང་། ལྷག་པར་དུ་སློབ་གླིང་གི་བསླབ་གཞིའི་ཁྲོད་ནས་བརྒྱ་ཆ་བཞི་བཅུ་ལྷག་ཆབ་སྲིད་ཀྱི་སློབ་གསོར་བཞག་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་བྱ་འཆར་ཡོད་སྐོར་བཤད་འདུག རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ངོ་ ༧༠ འཁོར་བའི་དུས་ཚིགས་དང་བསྟུན་ད་སྐབས་བོད་ནང་ཆབ་སྲིད་སློབ་གསོའི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་ལྟ་རྟོག་འོག་གོ་སྒྲིག་བྱས་པའི་ཉིན་ལྔའི་འཚམས་གཟིགས་ཐོག་བཅར་འདྲི་དང་ལེན་བྱ་རྒྱུར་བཀོད་སྒྲིག་བྱས་པའི་མི་སེར་དང་ཆོས་ལུགས་མི་སྣས་རྒྱ་ནག་གཞུང་དང་ཞི་ཅིན་ཕིང་ལ་བློ་དཀར་སེམས་དཀར་གྱི་རྣམ་པ་བསྟན་པའི་ཁྲོད། Reuters གསར་ཁང་གི་གསར་འགོད་པས་ལྷ་སའི་ཇོ་ཁང་གི་ནང་དུ་ཡོད་པའི་དགེ་འདུན་པ་ཞིག་ལ་ཁྱེད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དེ་སུ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་གསང་བའི་པར་ཆས་དང་རྒྱ་གཞུང་གི་ལྟ་ཞིབ་པས་མདུན་ནས་ང་ར་བཟི་མེད། རང་དབང་གི་སྒོ་ནས་བརྗོད་རྒྱུར་ངའི་འགོ་ཁྲིད་དེ་ཞི་ཅིན་ཕིང་ཡིན་ཞེས་བཤད་ཡོད་པར་འགྲེལ་བརྗོད་གནང་འདུག གསར་ཁང་གིས་རྒྱ་གཞུང་གི་ངོས་ནས་བོད་ནང་གི་ས་ཕྱོགས་གང་སར་ཞི་ཅིན་ཕིང་གཙོས་པའི་དམར་ཤོག་དཔོན་རིགས་རྣམས་ཀྱི་དྲ་པར་སྒྲིག་གཤོམ་གྱི་ལས་གཞི་དེ་ག་དུས་ནས་འགོ་འཛུགས་བྱས་པ་སོགས་ཀྱི་གནས་ཚུལ་ཁ་གསལ་རག་གི་མེད་སྐོར་གསུངས་ཡོད་ཀྱང་། London ཡི་གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་དང་ཨ་ཕི་རི་ཀའི་ཞིབ་འཇུག་པ་དང་བོད་རིག་པའི་མཁས་དབང་ Robert Barnett ལགས་ཀྱིས་གསར་ཁང་དེར་གྱང་སྦྱར་གྱི་པར་དེ་དག་རྒྱ་ནག་གཞུང་ལ་བཀའ་དྲིན་བསམ་ཤེས་ཀྱི་སླད་དུ་ཆབ་སྲིད་ཀྱི་དགོས་མཁོའི་ཐོག་ནས་སློབ་གསོ་སྤྲོད་ཆེད་ཅིག་ཡིན་པར་བརྗོད་འདུག རྒྱ་ནག་གཞུང་གྱི་ཕྱི་དྲིལ་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་མཐུན་འགྱུར་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པ་མ་ཟད་བོད་མི་རིགས་ཀྱི་ཆོས་དད་རང་མོས་དེ་ཡང་རྒྱ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་དགོངས་དོན་འོག་སྲུང་སྐྱོབ་བྱས་ཡོད་ལུགས་དང་། རྒྱ་གཞུང་གི་དཔོན་རིགས་གཞན་ཞིག་གིས་ཆབ་སྲིད་སློབ་གསོ་དེ་ནི་བོད་ཀྱི་འབྱུང་འགྱུར་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཆགས་ཀྱི་ཡོད་སྐོར་དང་། རྒྱ་གཞུང་གི་དཔོན་རིགས་ཀྱི་པར་རིས་དང་གྲོང་ཁྱེར་གྱི་ཁྲོམ་གཞུང་གཡས་གཡོན་དུ་ཡོད་པའི་རྒྱ་གཞུང་གི་རྒྱལ་དར་ཆུང་ཆུང་མང་པོ་མཐོང་རྒྱུ་ཡོད་པ་ནི་བོད་མི་ཚོས་དམར་གཤོག་གཞུང་ལ་བཅངས་པའི་རྒྱལ་གཅེས་སྙིང་སྟོབས་ཀྱི་མཚོན་རྟགས་ཤིག་ཡིན་སྐོར་བརྗོད་འདུག

རྒྱ་གཞུང་ནས་ཕྱིའི་ཉེས་ཆད་ལ་ངོས་ལེན་མེད་པའི་ཁྲིམས་གཞི་གསར་པ་གཏན་འབེབས།

རྒྱ་ནག་གཞུང་ནས་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འགོ་ཁྲིད་དང་ཚོང་པ་སོགས་ཀྱི་ཐོག་སྲིད་དོན་གྱི་ཉེས་ཆད་བལཏང་བ་ཁག་ལ་གདོང་ལེན་བྱ་རྒྱུའི་སླད་དུ་ China's Anti-Foreign Sanctions Law ཞེས་ཕྱིའི་ཉེས་ཆད་ལ་ངོས་ལེན་མེད་པའི་ཁྲིམས་གཞི་གསར་དུ་གཏན་འབེབས་བྱས་ཏེ་སྲིད་འཛིན་ཞི་ཅིན་ཕིང་གི་མིང་རྟགས་ཐོག་དངོས་སུ་ལག་བསྟར་བྱས་ཡོད་པ་དང་རྒྱ་ནག་གཞུང་ནས་ཁྲིམས་གཞི་གསར་པ་དེ་བརྒྱུད་ད་བར་རྒྱ་ནག་གི་འགོ་ཁྲིད་དང་འབྲེལ་ཡོད་ཚོང་གི་སྡེ་ཚན་ཁག་ལ་སྲིད་དོན་གྱི་ཉེས་ཆད་བཏང་མཁན་ཕྱིའི་རྒྱལ་ཁབ་དང་ཚོགས་པ་ཁག་ཁག་གི་མིང་གཞུང་ཟུར་འགོད་བྱས་ཏེ་རྒྱལ་ཁབ་དེ་དག་གི་འབྲེལ་ཡོད་འགོ་ཁྲིད་མི་སྣ་རྣམས་རྒྱ་ནག་ནང་བསྐྱོད་རྒྱུར་དམ་དྲག་དང་སྔོན་ཚུད་ནས་རྒྱ་ནག་ནང་ཡོད་པ་ཞིག་ཡིན་ན་ཕྱིར་འབུད་བཏང་རྒྱུ། དེ་བཞིན་འབྲེལ་ཡོད་དེ་དག་གི་ཚོང་དང་དངོས་པོ་ཁག་རྒྱ་ནག་ཏུ་ཡོད་རིགས་རྣམས་རྒྱ་གཞུང་ནས་དོ་དམ་སོགས་བྱེད་རྒྱུ་ཡིན་པ་རེད། རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་ནས་རྒྱ་ནག་གཞུང་གིས་ཁྲིམས་དེ་འདྲ་ཞིག་གཏན་འབེབས་བྱེད་དགོས་དོན་ནི་ཉེ་ལམ་ནས་ཨ་རི་དང་ཡོ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་སྲིད་དོན་ཉེས་ཆད་བཏང་བ་དང་། རྒྱ་ནག་གི་ཚོང་ཟོག་ཁག་ཕྱིར་འོར་འདྲེན་བྱེད་རྒྱུར་དམ་དྲག་སོགས་བྱས་པ་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་ཅེས་གསུང་མཁན་འདུག་ལ། ཁག་ཅིག་ནས་རྒྱ་ནག་གཞུང་གིས་དུས་རྒྱུན་ནས་ཕྱིའི་རྒྱལ་ཁབ་ཁག་གི་ཐག་གཅོད་ལ་ཡར་ལན་བྱེད་བཞིན་ཡོད་སྟབས་ད་རེས་ཀྱི་ཁྲིམས་དེ་གཞན་ལ་རྣམ་འགྱུར་མངོན་གསལ་བྱས་ཡོད་པ་ཞིག་མཚོན་དོན་ཙམ་རེད་ཅེས་གསུང་མཁན་འདུག ལྷག་པར་དུ་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ FREE TIBET བོད་རང་དབང་ཚོགས་པས་རྒྱ་ནག་གཞུང་ནས་ཕྱིའི་ཉེས་ཆད་ལ་གདོང་ལེན་བྱ་རྒྱུའི་ཁྲིམས་ཤིག་བཟོ་བ་ཙམ་གྱིས་ད་བར་ཨ་རི་དང་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་སྲིད་དོན་གྱི་ཉེས་ཆད་རིགས་བཏང་བ་དེས་རྒྱ་ནག་ལ་ཕོག་ཐུག་དང་ན་ཟུག་ཞིག་བཏང་ཡོད་པ་གསལ་པོ་རེད་ཅེས་གསུངས་འདུག་པ་མ་ཟད་ཚོགས་པའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Sam Walton ལགས་ནས་རྒྱ་ནག་གི་ཁྲིམས་གསར་པ་དེ་ད་ཆ་རྒྱ་ནག་གཞུང་གིས་མི་རིགས་རྩ་གཏོར་གྱི་བྱེད་བབས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་རྣམས་རང་ཉིད་ཀྱི་ཕྱོགས་སུ་གཏན་པོ་ཉར་ཐུབ་ཕྱིར་འཇིགས་སྐུལ་རང་བཞིན་གྱི་ཐབས་བྱུས་ཤིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། བོད་མིའི་རང་དབང་ནི་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཡོད་པའི་སྲིད་གཞུང་རྣམས་ནས་ཚོང་ལས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་འགངས་ཆེ་བར་བརྩི་མིན་ལ་རག་ལུས་ཡོད་སྟབས་དབྱིན་ཡུལ་གཞུང་ནས་ད་རེས་རྒྱ་གཞུང་གི་ཁྲིམས་གསར་པའི་འོག་ལ་མགོ་བོ་མི་སྒུར་བའི་བརྡ་ལན་སླད་དུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་རྒྱ་ནག་དབུས་ལྷན་ཁང་གི་ཚོགས་མི་ Chen Quanguo ལ་ཆབ་སྲིད་ཀྱི་ཉེས་ཆད་གཏོང་དགོས་པར་གསུངས་འདུག དེ་བཞིན་ཨ་རིར་ཡོད་པའི་རྒྱ་ནག་གི་ཐབས་བྱུས་ཉམས་ཞིབ་ལྟེ་གནས་ནང་ཕྱག་ལས་གནང་མཁན་ Deng Yuwen ལགས་ཀྱིས་སྲིད་དོན་ཉེས་ཆད་གཏང་རེས་ཀྱི་ཐབས་བྱུས་དེ་ནི་རྒྱལ་ཁབ་ཕན་ཚུན་དབར་ཛ་དྲག་རང་བཞིན་གྱི་གྲང་དམག་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་ཕྱོགས་ནས་ཁྲིམས་ཞིག་བཟོས་པ་དེས་ཨ་རིས་གཙོས་པའི་རྒྱ་ནག་ལ་ཉེས་ཆད་གཏོང་མཁན་ཚོར་བརྡ་ལན་ཞིག་མཚོན་པ་མ་ཟད། ཨ་རི་དང་རྒྱ་ནག་གཉིས་ཀྱི་ད་ལྟའི་གནས་བབས་ཁྲོད་ཕྱོགས་གཅིག་ལ་ཕམ་ཉེས་བྱུས་ན་མ་གཏོགས་ཐག་གཅོད་ཅིག་ཡོང་ཁག་པོ་ཆགས་ཟིན་ཡོད་པ་སོགས་བརྗོད་འདུག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་ཀྱི་དགོས་འདུན།

ཁ་སང་ཨིན་ཡུལ་གྱི་ Cornwall གྲོང་ཁྱེར་ནང་དུ་ G7 Summit ཞེས་པའི་ཨ་རི་དང་ཁེ་ན་ཌ། ཨིན་ཡུལ། ཉི་ཧོང་། འཇར་མ་ནི། ཕ་རན་སི། དེ་བཞིན་ཨི་ཊ་ལི་བཅས་འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་ ༧ ལས་གྲུབ་པའི་ལོ་འཁོར་ལྷན་ཚོགས་མཇུག་སྒྲིལ་དང་སྦྲགས། ཚོགས་མི་རྒྱལ་ཁབ་རྣམས་ནས་ཐེངས་འདིའི་ལྷན་ཚོགས་ཐོག་གྲོས་འཆམ་བྱུང་བའི་གནད་དོན་ཁག་ཡོངས་གྲགས་གནང་བར་རྒྱ་ནག་གིས་ཧོང་ཀོང་དང་ཤིན་ཅང་ནང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། རྒྱ་ནག་ནས་འཛམ་གླིང་ཁྱོན་ལ་ཁྱབ་བརྡལ་ཕྱིན་ནས་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་བཟོ་མཁན་ཏོག་དབྱིབས་གཉན་རིམ་ས ༡༩ པའི་བྱུང་ཁུངས་དངོས་སུ་རྩད་གཅོད་སླད་རྒྱལ་སྤྱིའི་རྟོག་ཞིབ་རུ་ཁག་རྒྱ་ནག་ནང་དུ་ཕེབས་འཇུག་དགོས་པའི་དགོས་འདུན་བཏོན་འདུགཁ་སང་ Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༡ ནས་ཁ་སང་ཚེས་ ༡༣ བར་ཚོགས་པའི་ཐེངས་འདིའི་ G7 ལྷན་ཚོགས་ཐོག་རྒྱལ་སྤྱིའི་གནད་དོན་འདྲ་མིན་ཐོག་ལ་གྲོས་བསྡུར་ལྷུག་པོ་གནང་བའི་ཁྲོད་རྒྱ་ནག་ལ་གདོང་ལེན་ཐོག་གཅིག་མཐུན་གྱི་གྲོས་མཐུན་བྱུང་བའི་ཁོངས་སུ་སྟོབས་ཆེན་རྒྱལ་ཁབ་བདུན་པོ་ནས་རང་གི་རྩ་ཆེར་འཛིན་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་གོང་འཕེལ་དང་འབྲེལ། རྒྱ་ནག་གཞུང་ལ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་གུས་བརྩི་ཞུས་དགོས་པ་དང་། ཤིན་ཅང་ནང་གི་གནས་སྟངས། དེ་སྔ་རྒྱ་ནག་དང་ཨིན་ཡུལ་དབར་བཞག་པའི་གྲོས་མཐུན་གཞིར་བཟུང་ཧོང་ཀོང་ལ་རང་སྐྱོང་གི་ཐོབ་ཐང་ཆེ་ཙམ་སྤྲོད་དགོས་པ་གསུངས་ཡོད་པ་སྤེལ་འདུག ལྷག་པར་དུ་ལྷན་ཚོགས་དེའི་ངོས་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་མི་སྣ་ལས་གྲུབ་པའི་རྒྱལ་སྤྱིའི་ཆེས་མཁས་རུ་ཁག་ཞིག་ཏོག་དབྱིབས་གཉན་རིམས་ཀྱི་བྱུང་འཁུངས་རྩད་གཅོད་སླད་རྒྱ་ནག་ནང་དུ་ཕེབས་འཇུག་དགོས་པ་གསུངས་པ་མ་ཟད་ཐེ་ཝན་དང་རྒྱ་ནག་དབར་གྱི་རྩོད་རྙོག་རྣམས་ཞི་བའི་སྒོ་ནས་སེལ་དགོས་པ་དང་། ལྷོ་རྒྱ་ནག་དང་ཤར་རྒྱ་ནག་རྒྱ་མཚོའི་གནས་སྟངས་ཐོག་ལ་ཐུགས་འཚབ་ཀྱིམའགྲེལ་བརྗོད་གནང་བ་དང་སྦྲགས་ཏེ་རྒྱ་ནག་ལ་ཚོར་བ་རྣོ་བའི་གནད་དོན་མང་དག་ཅིག་གི་ཐོག་འཛེམ་ཟོན་མེད་པར་འགྲེལ་བརྗོད་ཀྱང་གནང་འདུག ཐེངས་འདིའི་ལྷན་ཚོགས་དང་འབྲེལ། ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་ང་ཚོའི་ངོས་ནས་རྒྱ་ནག་ལ་དམིགས་སུ་བཀར་ནས་མིན་ཡང་འཛམ་གླིང་ཁྲོད་དབང་ཆ་གཅིག་བསྡུས་ཀྱི་སྲིད་དབང་ཡོངས་རྫོགས་ལ་གདོང་ལེན་གནང་བཞིན་པ་དང་། འགྱུར་ལྡོག་ཆེ་བའི་དུས་རབས་ ༢༡ དེའི་ནང་མང་གཙོའི་རྒྱལ་ཁབ་ཁག་ནས་སྲིད་དབང་སྒེར་སྤྱོད་ཀྱི་གཞུང་ཁག་དང་འགྲན་བསྡུར་གནང་ཐུབ་མིན་གྱི་གནད་དོན་ཞིག་ཀྱང་ཆགས་ཡོད་པར་གསུངས་འདུག སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཀྱི་བསྒྲགས་གཏམ་དེ་འདོན་སྤེལ་མ་གནང་གོང་དུ་རྒྱ་ནག་གཞུང་ཕྱོགས་ནས་དེང་སྐབས་རྒྱལ་ཁབ་ཁ་ཤས་ཀྱིས་འཛམ་གླིང་ཁྱོན་གྱི་ལས་དབང་བསྒྱུར་བཅོས་གཏང་རྒྱུའི་དུས་ཚོད་ཡལ་ཟིན་སྐོར་དང་འབྲེལ་ནས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ནས་རྒྱ་ནག་སྐོར་གྲོས་བསྡུར་གནང་རྒྱུ་མེད་པའི་ཉེན་བརྡའི་རྣམ་འགྱུར་ཆེད་བཏོན་གནང་འདུག རྩ་བའི་ཨིན་ཡུལ་དེ་བཞིན་ལོ་འདིའི་ G7 ལྷན་ཚོགས་གོ་སྒྲིག་གནང་མཁན་ཡིན་པ་དང་འབྲེལ་ཏེ་ཨིན་ཡུལ་གྱི་ངོས་ནས་ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་གར་དང་ཨོ་སི་ཊི་ལི་ཡ། ལྷོ་ཀོ་རི་ཡ། དེ་བཞིན་ལྷོ་ ཨ་ཕི་རི་ཀ་བཅས་ལྷན་ཚོགས་ཀྱི་སྐུ་མགྲོན་རྒྱལ་ཁབ་དུ་གདན་ཞུ་གནང་ཡོད་པ་ལྟར། རྒྱ་གར་གྱི་སྲིད་བློན་ Narender Modi མཆོག་གིས་དྲ་རྒྱའི་ཐོག་ནས་ལྷན་ཚོགས་ནང་མཉམ་ཞུགས་གནང་བ་དང་འབྲེལ། རྒྱ་གར་དེ་བཞིན་ G7 ལྷན་ཚོགས་དང་ལྷན་དུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། དྲག་སྤྱོད་རིང་ལུགས། དེ་བཞིན་བཙན་དབང་གིས་ཚོང་འབྲེལ་གནང་བ་སོགས་ལ་གདོང་ལེན་ཐད་བློ་མཐུན་རྒྱལ་ཁབ་ཅིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ཤུགས་རྐྱེན་ལ་གདོང་ལེན་ཐད་ཨ་རིའི་ཐབས་བྱུས་ལ་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་སོགས་གསུངས་འདུག ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་ནས་ G7 ཀྱི་དབུ་ཁྲིད་རྣམས་ལ་རྒྱ་ནག་ལ་གདོང་ལེན་གྱི་གནད་དོན་སྐོར་ལ་བཀའ་མོལ་གནང་སྐབས་བོད་ཀྱི་གནད་དོན་དེ་རང་བཞིན་གྱིས་གལ་གནད་ཆེན་པོ་ཆགས་ཀྱི་ཡིད་པ་ལྟར་ཐེངས་འདིའི་ལྷན་ཚོགས་ནས་ངེས་པར་དུ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་བོད་ནང་གི་བོད་མི་ཚོའི་རང་དབང་སྐོར་ལ་གླེང་མོལ་གནང་དགོས་པའི་ཞུ་སྐུལ་གནང་ཡོད་ཀྱང་། ལྷན་ཚོགས་ཀྱི་འབྲུ་དོན་ནང་བོད་དོན་སྐོར་དམིགས་སུ་བཀར་ནས་གླེང་སློང་གང་ཡང་གནང་མི་འདུག

ཕྱོགས་གཉིས་ཀས་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཡིན་གསུངས་ཀྱང་ཐབས་ལམ་ཞིག་གི་ཐོག་འབབ་ཐུབ་མི་འདུག

༸གོང་ས་མཆོག་གི་༸སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་བཞེས་མཁན་མདོ་སྟོད་དང་ཆོས་བརྒྱུད་ཁག་གི་བདམས་ཐོན་སྤྱི་འཐུས་ ༢༠ དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་བཞེས་མཁན་དབུས་གཙང་དང་མདོ་སྨད་བདམས་ཐོན་སྤྱི་འཐུས་ ༡༩ བཅས་ཀྱི་སྐུ་ཚབ་སོ་སོ་ནས་དམ་འབུལ་གྱི་གནད་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་རེ་རེ་གནང་སོང་བ་དང་། ༸གོང་ས་མཆོག་གི་༸སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་བཞེས་མཁན་ཚོས་ད་ལྟའི་གནས་བབ་ཀྱི་ཐོག་ནས་ཕྱོགས་གཉིས་ཀ་ངོས་འཛིན་ཡིན་མཉམ་དང་། ཡང་ན་མིན་མཉམ་དགོས་པ་ལས་བཅའ་ཁྲིམས་དོན་ཚན་ ༤༧ གྱི་གནས་བབ་ལུང་འདྲེན་བྱས་པ་གཅིག་པུས་དཀའ་རྙོག་འདི་སེལ་དཀའ་བ་ས་རིས་ཐང་གསལ་ཡིན་པར་གསུངས་ཡོད་པ་དང་། དེ་བཞིན་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་བཞེས་མཁན་རྣམས་ཀྱིས་ཁྲིམས་དང་སྒྲིག་གཞི་དང་མཐུན་པ་འགྲོ་དགོས་པ་ལས་དེ་ལས་གཞན་པའི་ཐབས་ལམ་ཞིག་གཟིགས་ཀྱི་མེད་པར་འགྲེལ་བརྗོད་གནང་ཡོད་པ་བཅས། ཕྱིགས་གཉིས་ཀའི་ངོས་ནས་གྲོས་མོལ་གནང་རྒྱུརགྲ་སྒྲིག་ཡིན་སྐོར་གསུངས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་གནད་དོན་དེ་སེལ་རྒྱུའི་ཐབས་ལམ་ཞིག་གི་ཐོག་འབབ་ཐུབ་མི་འདུགརྩ་བའི་ཉེ་ཆར་ཕྱི་ཚེས་ ༨ ཉིན་སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པ་སྡེ་ཚན་གཉིས་ལ་གྱེས་ཏེ་བདམས་ཐོན་སྤྱི་འཐུས་ ༢༡ ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་བདམས་ཐོན་སྤྱི་འཐུས་ ༢༢ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་ཞུས་པའི་རྗེས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་མཁན་བདམས་ཐོན་སྤྱི་འཐུས་ ༢༡ ལས་བྱུང་མེད་སྟབས། བཅའ་ཁྲིམས་དགོངས་དོན་ལྟར་གྲོས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་མ་ཚང་བའི་རྐྱེན་གྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཁག་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་པ་མ་ཟད་ཕྱི་རྒྱལ་ནས་ཕེབས་པའི་བདམས་ཐོན་སྤྱི་འཐུས་ཁག་ཅིག་རང་གནས་སུ་ཕྱིར་ཕེབས་གནང་ཟིན་འདུགགནད་དོན་དེ་དང་འབྲེལ་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠་༣༠ ཐོག་༸གོང་ས་མཆོག་གི་༸སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་བཞེས་མཁན་མདོ་སྟོད་དང་ཆོས་བརྒྱུད་ཁག་གི་བདམས་ཐོན་སྤྱི་འཐུས་ ༢༠ ནས་གསར་འགོད་གསལ་བསྒྲགས་ཤིག་གནང་སྟེ། སྐབས་བཅུ་དྲུག་པའི་གྲོས་ཚོགས་འཕར་མ་འཚོག་རྒྱུ་ཆེད་དུ་འགལ་རྐྱེན་བཟོས་ནས་ཁྲིམས་སྒྲིག་ལ་བསྐྱར་བཅོས་མ་ཐུབ་པ་མ་ཟད། བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་བཞིན་དམ་འབུལ་ཞུ་རྒྱུའི་ལམ་ཁ་ཡོངས་སུ་འགག་ཟིན་པས་དེའི་དགོངས་དོན་བཞིན་དམ་འབུལ་ཞུ་ལམ་གཏན་ནས་མེད་པ་མ་ཟད། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་དེ་དག་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས་པ་རྣམས་ཁྲིམས་ཞིབ་པར་བརྩི་བཀུར་བྱས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ་ཞིག་ཏུ་གྱུར་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༨ ཉིན་ཁོང་རྣམ་པའི་སྐུ་ཚབ་འོས་བསྡུའི་འགན་འཛིན་སར་བཅར་སྐབས་དམ་འབུལ་ཞུས་པའི་ཡིག་ཆ་རྣམས་ཚད་ལྡན་འདུག་ཅེས་གསུངས་པ་ལྟར། ད་ལྟའི་གནས་བབ་ཀྱི་ཐོག་ནས་ཕྱོགས་གཉིས་ཀ་ངོས་འཛིན་ཡིན་མཉམ་དང་། ཡང་ན་མིན་མཉམ་དགོས་པ་ལས་བཅའ་ཁྲིམས་དོན་ཚན་ ༤༧ གྱི་གནས་བབ་ལུང་འདྲེན་བྱས་པ་གཅིག་པུས་དཀའ་རྙོག་འདི་སེལ་དཀའ་བ་ས་རིས་ཐང་གསལ་ཡིན་པ་ངོས་འཛིན་གསལ་པོ་ཐུབ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྒྲོག་སྦྱང་གནང་ཡོད།  གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་གནང་གྲུབ་མཚམས་སུ་གསར་འགོད་པ་རྣམ་པའི་དྲི་བར་བཀའ་ལན་གནང་སྐབས་བདམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ནས་འོས་བསྡུའི་འགན་འཛིན་མཆོག་གི་ངོས་ནས་ལས་འགན་གཙོ་བོ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་རྒྱུ་དེ་ཡིན་པ་དང་། དེར་ང་ཚོའི་ངོས་ནས་གྲ་སྒྲིག་ཨང་གསར་ཡིན་པ་མ་ཟད་ཆོས་བརྒྱུད་ཁག་དང་མདོ་སྟོད་ཆོལ་ཁུངས་ཀྱི་རྒྱུན་ལས་ཁག་ཀྱང་བསྐོ་བཞག་གནང་རྒྱུའི་གྲ་སྒྲིག་ཡིན་སྐོར་གསུངས་པ་དང་སྦྲགས། བཀའ་མོལ་གནང་སྟེ་གོམ་པ་མདུན་སྤོས་ཤིག་གནང་བ་ཡིན་ན་དཀའ་ངལ་འདི་ཆུ་ཚོད་གཅིག་གཉིས་ནང་ཐག་གཅོད་ཐུབ་ཀྱི་རེད་ཅེས་གསུངས་ཡོད། གསར་འགོད་པས་སྐབས་དེར་ཁོང་རྣམས་ནས་༸གོང་ས་མཆོག་གི་༸སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་དུ་ལས་ཁུར་དམ་འབུལ་བཞེས་པ་དེ་བཅའ་ཁྲིམས་དང་མཐུན་མིན་ཐད་དྲི་བ་ཞུས་པར་ལན་དེ་ལྟར་གནང་ཡོད།དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༢་༣༠ ཡོལ་ཙམ་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་བཞེས་མཁན་དབུས་གཙང་དང་མདོ་སྨད་ཀྱི་བདམས་ཐོན་སྤྱི་འཐུས་ ༡༩ ཡི་སྐུ་ཚབ་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་སྟེ་བར་བརྒལ་ཚོགས་གཙོ་མཆོག་གི་མདུན་ནས་དམ་འབུལ་བཞེས་མཁན་བདམས་ཐོན་སྤྱི་འཐུས་གྲངས་ ༢༡ བྱུང་བའི་མཚན་གཞུང་སྤྱི་འཐུས་ལྷན་ཁང་གི་ལས་ཤོག་ཐོག་ཚོགས་དྲུང་ལས་ཁུངས་ཀྱིས་དབུས་འོས་བསྡུ་ལས་ཁང་ལ་ཕུལ་ཡོད་པ་དང་། འདེམས་ཐོན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་བཀའ་འཁྲོལ་མེད་པར་སྤྱི་འཐུས་ལྷན་ཁང་གི་མཚན་རྟགས་དང་འབྱོར་ཐོ། དེ་བཞིན་དགོང་མོའི་ཁྲིམས་འགལ་ལས་རིམ་གསུམ་འོས་བསྡུ་ལས་ཁང་ལ་ཕུལ་བ་ནི་ཁྲིམས་སྒྲིག་ལམ་ལུགས་གང་གི་ཆ་རྐྱེན་ཡང་མི་ལྡན་པ་མ་ཟད་འདེམས་ཐོན་སྤྱི་འཐུས་ ༢༢ ཀྱིས་ཁྲིམས་མཐུན་དམ་འབུལ་ཞུས་པའི་དཔང་རྟགས་ཀྱང་མི་ཉན་པ་སོགས་གསལ་བཤད་དོན་ཚན་གསུམ་དང་སྦྲགས། འོས་བསྡུའི་འགན་འཛིན་མཆོག་གིས་གསལ་བསྒྲགས་གནང་དོན་ལྟར་འབྱུང་འགྱུར་འདེམས་ཐོན་སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པ་གཞིར་བཟུང་དམ་འབུལ་ཞུས་ཏེ་བཅའ་ཁྲིམས་དོན་ཚན་ ༤༩ པའི་ཆ་རྐྱེན་མ་ལོང་བར་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་བསྡུའི་མཚོན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་གང་ལའང་མཉམ་ཞུགས་གནང་ཐབས་བྲལ་ཞེས་འཁོད་པའི་བསྒྲགས་གཏམ་ཞིག་སྒྲོག་སྦྱང་གནང་ཡོད།བསྒྲགས་གཏམ་སྒྲོག་སྦྱང་གནང་གྲུབ་མཚམས་སུ་གསར་འགོད་པ་རྣམས་ནས་ད་ལྟའི་དཀའ་ངལ་དེ་སེལ་ཐབས་དང་གོམ་པ་མདུན་སྐྱོད་ཇི་གནང་སྐོར་བཀའ་འདྲི་ཞུས་པར་བཅའ་ཁྲིམས་དོན་ཚན་ ༤༧ ལྟར་ཕྱིན་པ་ཡིན་ན་དཀའ་ངལ་འདི་ཡོང་དགོས་དོན་མེད་པ་དང་དཀའ་ངལ་འདི་ཆགས་པ་ནས་བཟུང་ད་བར་བར་བརྒལ་ཚོགས་གཙོ་དང་། དེ་བཞིན་བདམས་ཐོན་སྤྱི་འཐུས་སྒེར་དབར་འབྲེལ་བ་ཞུས་ཏེ་དཀའ་ངལ་འདི་སེལ་ཐབས་གནང་ཡོད་པ་མ་ཟད་དུས་ད་ལྟ་ཡིན་ནའང་མུ་མཐུད་འབད་བརྩོན་ཞུ་མུས་ཡིན་སྐོར་གསུངས་པ་དང་འབྲེལ། ཁྲིམས་དང་སྒྲིག་གཞི་དང་མཐུན་པ་ཞིག་འགྲོ་དགོས་པ་ལས་བཅའ་ཁྲིམས་དོན་ཚན་ ༤༧ ཟུར་དུ་བཞག་ནས་དེ་ལས་གཞན་པའི་ཐབས་ལམ་ཞིག་གཟིགས་ཀྱི་མེད་པར་འགྲེལ་བརྗོད་གནང་ཡོད།  དེ་བཞིན་ཁོང་རྣམས་ནས་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་དེ་བཞིན་དེ་སྔ་སྐབས་ ༡༦ པའི་གྲོས་ཚོགས་ནས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་ཐོག་ནས་འཕོ་འགྱུར་བཏང་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་ནས་དམ་འབུལ་ཞུས་པ་དེ་བཅའ་ཁྲིམས་དང་མཐུན་མིན་སོགས་ཀྱི་དྲི་བར་ལན་འདེབས་དེ་ལྟར་གནང་ཡོད།  གཞི་རྩའི་ཐེངས་འདིའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་གནད་དོན་དེ་ནི་དེ་སྔ་སྐབས་ ༡༦ པའི་གྲོས་ཚོགས་ཐོག་བཞག་པའི་གྲོས་ཆོད་ཨང་ ༣༩ དང་འབྲེལ་ཏེ་ད་རེས་བདམས་ཐོན་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་མཆོག་ནས་གྲོས་ཆོད་ཨང་ ༣༩ གཞིར་བཟུང་འཕོ་འགྱུར་ཟིན་པའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་ནས་དམ་འབུལ་ཞུས་པ་དེ་ཁྲིམས་མཐུན་ཆགས་མིན་སོགས་ལས་འཕྲོས་པ་ཞིག་ཡིན་པ་དང་། དཀའ་ངལ་དེས་རྐྱེན་པས་ད་ལྟའི་ཆ་ལ་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་མ་ཐུབ་པར་གྲོས་ཚོགས་ཀྱི་ལས་དོན་ཡོངས་རྫོགས་གནང་ཐུབ་ཀྱི་མེད་པ་དང་། གྲོས་ཚོགས་ཀྱི་ལས་དོན་ཁག་འགྲོ་མ་ཐུབ་པའི་དབང་གིས་བཀའ་ཤག་གསར་པའི་བཀའ་བློན་བསྐོ་བཞག་དང་། དཔལ་འབྱོར་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་གནང་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་དབུས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་སྟོབས་ཆེན་རྒྱལ་ཁབ་ཁག་ལ་སྔོན་ཁབ་མཁོ་འདོན་གྱི་ཞུ་སྐུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Archbishop of Canterbury འམ་དབྱིན་ཇིའི་ཡི་ཤུའི་ཆོས་དཔོན་ཟུར་པ་ Rowan Williams གཙོས་དབུས་པའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་ཅིག་གིས་ G7 ཞེས་པའི་རྒྱལ་སྤྱིའི་སྟོབས་ཆེན་གྱི་རྒྱལ་ཁབ་བདུན་ལ་དེང་སྐབས་ཏོག་དབྱིབས་རིམས་ནད་སྔོན་ཁབ་བགོ་འགྲེམས་ཆ་སྙོམས་མེད་པ་དེ་མཚམས་འཇོག་གནང་དགོས་པའི་ཞུ་ཡིག་ཅིག་ཕུལ་འདུགདེ་རིང་ནས་དབྱིན་ཡུལ་དུ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་ལྷན་ཚོགས་དེ་འཚོགས་ཀྱི་ཡོད་པ་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གིས་དབུས་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་ཅིག་གིས་དབུ་ཁྲིད་མཛད་པ་བརྒྱུད་དབྱིན་ཡུལ་གྱི་སྲིད་འཛིན་ Boris Johnson མཆོག་གིས་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་ཞུ་ཡིག་ཅིག་ཕུལ་བའི་ནང་དུ་སྟོབས་ཆེན་གྱི་རྒྱལ་ཁབ་དེ་དག་གིས་རིམས་ནད་སྔོན་ཁབ་ཀྱི་བདག་དབང་ཚོང་བསྒྱུར་གྱི་གནས་བབ་དེ་ཕྱིར་བསྡུ་གནང་སྟེ་འཛམ་གླིང་ནང་གི་དཔལ་འབྱོར་གྱི་ཡོངས་འབབ་ཆེས་ཞན་པའི་རྒྱལ་ཁབ་ཁག་གི་ནང་དུ་རིམས་ནད་སྔོན་ཁབ་བགོ་འགྲེམས་ཀྱི་མཐུན་རྐྱེན་སྐྲུན་པར་ཤུགས་སྣོན་གནང་དགོས་རར་ཐུགས་བརྩོན་མཛད་འདུག བཀའ་ཡིག་དེའི་ནང་དུ་དེང་གི་སྤྱི་ཚོགས་ཀྱི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་སྔོན་འགོག་གནང་རྒྱུར་འགོག་ཁབ་འགྲེམས་སྤེལ་གནང་བར་བསྔགས་བརྗོད་དང་སྦྲགས་ཏེ། ད་ཆ་རྒྱལ་སྤྱིའི་ཁྲོད་རིམས་ནད་འགོག་ཁབ་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱལ་ཁབ་ཕན་ཚུན་དབར་དབུལ་ཕྱུག་གི་ཧེ་བག་ཉིན་རེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པར་བཀའ་སྩལ་བ་དང་ད་ལྟའི་བར་འགོག་ཁབ་ས་ཡ་ ༩༠༠ ལྷག་བགོ་འགྲེམས་ཀྱི་ཁྲོད་དཔལ་འབྱོར་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཁག་ཏུ་བརྒྱ་ཆ་ ༨༣ ལྷག་རག་ཡོད་ཀྱང་། འཚོ་བའི་ཡོང་འབབ་ཞན་པའི་དབུལ་ཕོངས་ཀྱི་རྒྱལ་ཁབ་ཁག་གི་ནང་འགོག་ཁབ་བརྒྱ་ཆ་ ༡ ལས་ཉུང་བ་ལས་རག་མེད་ཅེས་བཀའ་སྩལ་ཏེ། ད་ཆ་སྟོབས་ཆེན་རྒྱལ་ཁབ་ཁག་གིས་དབུ་ཁྲིད་པའི་ཐོག་ནས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་འགོག་ཁབ་མང་ཙམ་མཁོ་འདོན་གནང་དགོས་པའི་ཞུ་སྐུལ་གནང་འདུག འཛམ་གླིང་གི་འབྱོར་ལྡན་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་ཁོངས་སུ་ཨ་མི་རི་ཀ་དང་ཕ་རན་སི། འཇར་མན། དབྱིན་ཇི། ཁེ་ན་ཌ། ཨི་ཊ་ལི། ཉི་ཧོང་བཅས་ཡོད་པ་དང་། ལྷན་ཚོགས་དེ་ད་ལོ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཡིན་མིན་ལ་མ་ལྟོས་པར་དབྱིན་ཡུལ་དུ་འཚོགས་ཀྱི་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་དང་ཨོ་གླིང་། ལྷོ་ཀོ་རི་ཡ། ཡོ་རོབ་མཐུན་ཚོགས་བཅས་ཟུར་ཉན་དུ་ཞུགས་ཀྱི་ཡོད་འདུག དེ་བཞིན་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱི་བཀའ་ཡིག་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ ACT-A scheme ཞེས་པའི་ཏོག་དབྱིབས་རིམས་ནད་ལ་སྙོབས་ཚད་ཀྱི་ལས་གཞི་དེ་ལམ་ལྷོངས་བྱུང་བར་མ་ལྟོས་པར་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་ཀྱིས་འགོག་ཁབ་སྐྱོན་པར་མ་དངུལ་མཁོ་འདོན་གནང་མ་ཐུབ་པ་ཡིན་ཚེརིམས་ནད་ལ་གདོང་ལེན་གནང་རྒྱུར་འཕེལ་རྒྱས་འགྲོ་ཐབས་མེད་པའི་གསལ་འདེབས་གནང་སྟེ་སྟོབས་ཆེན་གྱི་རྒྱལ་ཁབ་བདུན་གྱི་མ་དངུལ་མཁོ་འདོན་གནང་བ་ཡིན་ན། འགོག་ཁབ་ཐོན་སྐྱེད་བྱེད་ཐུབ་པ་ཙམ་མིན་པར་འགོག་ཁབ་ཐོན་སྐྱེད་ཀྱི་ས་ཚིགས་ཁག་ཀྱང་སྔར་ལྷག་ཇེ་མང་དུ་གཏོང་ཐུབ་པ་མ་ཟད་རིམས་ནད་ཁྱབ་བརྡལ་གྱི་དུས་ཡུན་ཇེ་ཐུང་དུ་གཏོང་ཐུབ་པར་ལམ་སྟོན་བཀའ་སྩལ་འདུག

བོད་མི་དང་ཡུ་གུར་ལ་གདུང་སེམས་མཉམ་བསྐྱེད་སླད་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ཞུགས་རྒྱུ་མེད་པའི་གྲོས་ཆོད་གཏན་འབེབས།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་དུ་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་དང་ཡུ་གུར་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་སླད་དུ་ཡུལ་དེའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་ནང་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་རྩལ་རྩེད་འགྲེན་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་འདུགཁ་ཉིན་ཕྱི་ཚེས་ ༡༠ ཉིན་ CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་བའི་གྲོས་ཆོད་དེའི་ནང་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩེད་ལ་མཉམ་ཞུགས་གནང་རྒྱུ་མིན་པ་དང་། གལ་ཏེ་མཉམ་ཞུགས་གནང་བ་ཡིན་ན་རྒྱ་ནག་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པ་རྣམས་ཁྲིམས་མཐུན་ཡིན་པར་ངོས་འཛིན་གནང་བ་དང་གཅིག་མཚུངས་ཆགས་ཀྱི་རེད་ཅེས་གསུངས་འདུག ལྷག་པར་དུ་གྲོས་ཆོད་དེ་ཆེད་འདོན་གནང་མཁན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཚུང་དང་བདེ་འཇགས་ཚན་པའི་ཚོགས་གཙོ་སྐུ་ཞབས་ Pavel Fischer ལགས་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་རྣམས་མུ་མཐུད་རྡོག་རོལ་གཏོང་བཞིན་ཡོད་པ་དང་དེ་ཡང་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་བའི་ཐོག་དྲག་གནོན་ཚོད་འཛིན་བྱས་པ་རྣམས་ནི་གཞི་རྩའི་འགྲོ་བ་མིའི་ཐོག་ཐང་རྩིས་མེད་རྡོལ་གཏོང་བཞིན་པའི་དཔེ་མཚོན་གྱི་ཆ་ཤས་ཤིག་རེད་ཅེས་གསུངས་པ་དང་ཆབས་ཅིག ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་ཨོ་རྩལ་རྩེད་འགྲེན་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོ་བྱས་ཏེ་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་ཁག་རྡོལ་རོལ་བཏང་དུ་བཅུག་རྒྱུ་ཡོད་མ་རེད་ཅེས་གསུངས་འདུག སྐུ་ཞབས་ཁོང་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་ལམ་པིག་རྩེད་འགྲན་དང་འབྲེལ་རྒྱ་ནག་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་སྲུང་ཞུ་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་རྒྱུ་དེ་ནི་ཨོ་རྩེད་ཀྱི་གཞི་རྩའི་རྩ་ཁྲིམས་ནང་ལ་ཡང་གསལ་ཡོད་པ་ཞིག་རེད་ཅེས་གསུངས་ཡོད། དེ་བཞིན་ CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Přemysl Rabas ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩེད་དེ་བཞིན་དེ་སྔ་ཕྱི་ལོ་ ་༢༠༠༨ ལོར་རྒྱ་ནག་ནང་ཚོགས་པའི་ཨོ་རྩེད་སྐབས་སྤྱི་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་ཐད་དམ་དྲག་ཆེན་པོ་བྱས་པའི་གནས་སྟངས་ལྟར་ཆགས་ངེས་ཡིན་པར་གསུངས་པ་བཞིན་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་ནས་ཀྱང་ CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མ་ལྟར་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩེད་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་གྲོས་ཆོད་འཇོག་དགོས་པའི་རེ་སྐུལ་གནང་འདུག་པ་མ་ཟད། ད་རེས་ཀྱི་གྲོས་ཆོད་འདི་ནི་ཉེ་ཆར་ CZECH སྤྱི་མཐུན་རྒྱལ་ཁབ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་དང་སྦྲགས་ཏེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་དུས་རྟག་ཏུ་བོད་མི་ཚོ་དང་མཉམ་དུ་ཡོད་ཅེས་གསུངས་པ་ལྟར་ད་རེས་དོན་དངོས་ལག་བསྟར་ཞུས་པ་ཞིག་མཚོན་གྱི་ཡོད་པ་གསུངས་འདུག ད་རེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མས་ཡུལ་དེའི་སྲིད་གཞུང་ནས་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩེད་འགྲན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་གྲོས་ཆོད་གཏན་འབེབས་གནང་བ་དང་འབྲེལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་དང་གྲོས་ཚོགས་འཐུས་མི་ཟུར་པ་ Katerina Bursik Jacques ལགས་ཀྱིས་ད་རེས་ལོ་ངོ་བཅུ་ཙམ་གྱི་རྗེས་སུ་སླར་ཡང་ཡུལ་འདིའི་གྲོས་ཚོགས་གོང་མའི་ནང་བོད་དོན་དང་འབྲེལ་བའི་གྲོས་ཚོད་ཅིག་བཞག་ཐུབ་པར་དགའ་བསུ་དང་སྦྲགས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་དང་ཤིང་ཅང་ནང་གི་གནས་སྟངས་ཙམ་མ་ཟད་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་འཁུར་ཆེན་པོ་བཞེས་བཞིན་ཡོད་པ་དང་། དེ་ཡང་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་གནས་བབ་ཐོག་ནས་དེ་གའི་མི་སེར་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་འཇོག་ཆེན་པོ་ཞུ་བཞིན་པ་སོགས་གསུངས་འདུག

G 7 ཚོགས་ཆེན་ཐོག་བོད་དོན་གླེང་གློང་དགོས་པའི་ཞུ་སྐུལ།

སང་ཉིན་ཕྱི་ཟླ་ ༦ ཚེས ༡༡ ནས་ ༡༣ བར་དབྱིན་ཡུལ་དུ་ G7 ཞེས་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ ༧ གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་འཚོགས་གཏན་འཁེལ་བར་བརྟེན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་གཙོས་ཕ་རན་སི་དང་འཇར་མ་ནི། ཉི་ཧོང་ཅེས་ཀྱི་དབུ་ཁྲིད་སོ་སོར་ཞུ་སྙན་ཕུལ་ཏེ་ཐེངས་འདིའི་ཚོགས་འདུ་ཐོག་བོད་དོན་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུགརྒྱ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞུ་ཡིག་དེའི་ནང་སྟོབས་ཆེན་རྒྱལ་ཁབ་བདུན་པོ་དེ་དག་གི་དབུ་ཁྲིད་རྣམས་ཀྱིས་ད་རེས་ཀྱི་ལྷན་ཚོགས་ཐོག རྒྱ་ནག་གི་དབང་ཤུགས་ལ་གདོང་ལེན་ཐད་ལ་བཀའ་སྡུར་གནང་རྒྱུ་ཡིན་པ་ལྟར་ཚོགས་ཆེན་ཐོག་ཨེ་ཤ་ཡའི་གླིང་ཆེན་གྱི་རྒྱ་ཆེ་སའི་གནད་དོན་དང་འབྲེལ་ནས་བོད་དོན་ངེས་པར་དུ་་གླེང་སློང་གནང་དགོས་པ་མ་ཟད་རྒྱ་ནག་དང་འབྲེལ་བའི་ཐབས་བྱུས་གང་ཞིག་གི་ཐད་བཀའ་མོལ་གནང་ཡང་སྐབས་དེར་བོད་རྒྱ་ཞི་མོལ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་བགྲོ་གླེང་གནང་དགོོས་པར་གསུངས་འདུག ཕྱག་ཡིག་དེའི་ནང་མི་ལོ་དྲུག་ལྷག་གི་རིང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་འགྱུར་བ་གང་ཡང་མེད་པར་རྒྱ་གཞུང་གིས་མུ་མཐུད་དམ་དྲག་ཤུགས་ཆེར་བྱེད་མུས་ཡིན་པ་མ་ཟད་སྔ་ལོར་ freedom house འམ་རང་དབང་ཁང་པའི་སྙན་ཐོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ Syria དང་མཉམ་པ་ཡོད་སྐོར་བཀོད་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན་བོད་ནང་གསར་འགོད་པ་དང་གནད་ཡོད་མི་སྣ་སོགས་རང་དབང་གི་སྒོ་ནས་འགྲུལ་སྐྱོད་གནང་ཐུབ་ཀྱི་མེད་པ་སོགས་ཀྱི་གནད་དོན་གླེང་རྒྱུའི་སྐུལ་མ་གནང་འདུག གཞན་ཡང་བོད་དེ་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་ཡིན་རུང་རྒྱ་ནག་གིས་ཆུ་དེ་དག་བཀག་སྐྱིལ་གྱིས་ཆུ་མཛོད་གསར་པ་རྒྱག་ཡོད་པ་མ་ཟད་བར་སྐབས་ཤིག་ནས་རྒྱ་དཀར་ནག་གཉིས་དབར་འཕགས་བོད་ཀྱི་ས་མཚམས་དང་འབྲེལ་བའི་གདོང་ཐུག་སོགས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལའང་སུན་གཙེར་བཟོས་ཡི་ཡོད་པ་སོགས་བརྗོད་དེ་ལྷོ་ཨེ་ཤ་ཡ་དང་ལྷོ་ཤར་ཨེ་ཤ་ཡའི་ནང་ཞི་བདེ་གོང་འཕེལ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དབར་འབྲེལ་བ་དམ་ཟབ་ཡོད་པརགསུངས་པ་དང་ཆབས་ཅིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར་བོད་ལ་མིང་དོན་མཚུངས་་པའི་རང་སྲིང་རང་སྐྱོང་གི་གནས་བབ་ཅིག་རྩོད་གནང་མཛད་བཞིན་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པས་ཀྱང་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པར་མགོན་པོ་མཆོག་ཀྱི་ཐུགས་ཀྱི་དགོངས་གཞིར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པར་འགྲེལ་བརྗོད་གནང་འདུག

མཚོ་སྔོན་དེ་བོད་དང་ཤིན་ཅང་གཉིས་ཀྱི་མིག་དཔེ་ལྟ་བུ་བྱེད་དགོས་ཞེས་བཤད་པ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གཞུང་གིས་དབྱེ་བའི་བོད་ཀྱི་ས་ཁུལ་མཚོ་སྔོན་ཞིང་ཆེན་ཁུལ་དུ་ཉིན་གྲངས་གསུམ་གྱི་གཞུང་འབྲེལ་སྐོར་སྐྱོད་དེ་མཇུག་སྒྲིལ་དང་སྦྲགས་ཏེ། མཚོ་སྔོན་དེ་བོད་དང་ཤིན་ཅང་གཉིས་ཀྱི་མིག་དཔེ་ལྟ་བུ་བྱེད་དགོས་ཞེས་བཤད་འདུགཁ་སང་ལྷོ་རྒྱ་ནག་སྔ་དྲོའི་འཆར་འཕྲིན་གྱི་གནས་ཚུལ་སྤེལ་བར་ཁ་ཉིན་ཕྱི་ཚེས་ ༩ ཉིན་སྲིད་འཛིན་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐོར་སྐྱོད་མཇུག་སྒྲིལ་དང་འབྲེལ། མི་འབོར་ཁྲོད་བོད་རིགས་བརྒྱ་ཆ་ ༢༡ ཙམ་དང་ཁ་ཆེའི་མི་རིགས་བརྒྱ་ཆ་ ༡༦ ཙམ་ལས་མེད་པའི་མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཁབ་གཅིག་སྒྲིལ་དང་མི་རིགས་མཐུན་སྒྲིལ་གྱི་ཐོག་ནས་མིག་དཔེ་ལྟ་བུར་ཆགས་ཡོད་སྐོར་བཤད་པ་དང་སྦྲགས་ཏེ་ས་གནས་སྲིད་གཞུང་གི་ངོས་ནས་ཞིང་ཆེན་དེའི་ནང་དུ་གྲངས་ཉུང་མི་རིགས་དང་འབྲེལ་བའི་སྲིད་བྱུས་ཁག་ལག་བསྟར་དོན་འཁྱོལ་དགོས་པ་དང་ཆོས་དང་སྤྱི་ཚོགས་ཀྲུང་གོ་ཅན་དུ་བཟོ་རྒྱུའི་ཐོག་ཤུགས་སྣོན་འཕར་མ་རྒྱག་དགོས་པར་བཤད་འདུག ཞི་ཅིན་ཕིང་གིས་ད་དུང་འཛུགས་སྐྲུན་གྱི་དུས་རབས་གསར་པ་འདིའི་ནང་དུ་མཚོ་སྔོན་ཞིང་ཆེན་འདི་བཞིན་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་བདེ་འཇགས་ཀྱི་ཆ་ནས་གནད་དགག་ཆེན་པོ་ཇི་ཙམ་ཆགས་ཀྱི་ཡོད་པ་གསལ་པོ་ཆགས་ཟིན་ཡོད་སྐོར་དང་འབྲེལ། ཤིན་ཅང་དང་བོད་ནང་དུ་བརྟན་ལྷིང་དང་འཛིན་སྐྱོང་ཡག་པོ་ཡོང་ཐབས་སུ་ཞིང་ཆེན་དེ་གནད་དགག་ཆེན་པོ་ཆགས་ཡོད་ཅེས་བཤད་པ་དང་ཆབས་ཅིག་ཏུ་ཞིང་ཆེན་དེ་ནང་དུ་བོད་རིགས་ས་ཁུལ་སྟངས་འཛིན་བྱེད་ཕྱོགས་དེའང་ཞིང་ཆེན་གཞན་དུ་ལག་བསྟར་བྱེད་དགོས་པར་བརྗོད་འདུགགསར་འགོད་པས་ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ད་རེས་ཞི་ཅིན་ཕིང་གི་བཤད་པ་དེས་ཁོ་པས་སྤྱི་ཡོངས་ནས་བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་དང་བཅས་པ་རྩ་མེད་གཏང་རྒྱུར་དམིགས་བཞིན་ཡོད་པ་གསལ་པོ་མངོན་རྒྱུ་འདུག་ཅེས་གསུངས་སོང་།

བླ་རུང་སྒར་དུ་ཕྱི་མི་འགྲོ་སྐྱོད་མི་ཆོག་པ་བཟོས་ཀྱང་དམར་ཤོག་ཚོགས་པའི་ལས་གཞི་མུ་མཐུད་སྤེལ་མུས།

དེ་རིང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ free Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གནས་ཚུལ་སྤེལ་བའི་ནང་དུ། འདི་ལོའི་ཟླ་བ་༡ པའི་ཚེས་ ༣༠ ཉིན་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་གསེར་རྟ་ཆོས་དོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་བཀོད་ཁྱབ་ཅིག་བཏང་བའི་ནང་དུ། གསེར་རྟ་བླ་རུང་སྒར་རམ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་སུ་ཕྱི་མི་ཡོང་མི་ཆོག་པ་དང་། ཁུལ་དེར་ཆོས་ལུགས་དང་འབྲེལ་བའི་མང་ཚོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། གཞན་ཡང་གསེར་རྟ་གནུབ་ཟུར་དུར་ཁྲོད་དེ་ཡུལ་སྐོར་སྤྲོ་འཁྱམ་གྱི་ས་ཚིགས་ཤིག་མིན་པར་བརྗོད་དེ་ཡུལ་སྐོར་སྤྲོ་འཁྱམ་པ་རྣམས་ཁུལ་དེར་འགྲོ་མི་ཆོག་པ་སོགས་ཀྱི་བཀོད་ཁྱབ་བཏང་ཡོད་ནའང་། གསེར་རྟ་བླ་རུང་སྒར་དུ་ཞི་ཅིན་ཕིང་གི་ལོ་རྒྱུས་དྲིལ་བསྒྲགས་ཀྱི་ལས་གཞི་དེ་མུ་མཐུད་སྤེལ་བཞིན་ཡོད་སྐོར་མངོན་གསལ་གནང་འདུགདེ་བཞིན་འདི་ལོའི་ཟླ་བ་༤ བའི་ཚེས་ ༢༧  ཉིན་རྒྱ་ནག་གིས་གསེར་རྟ་ཁུལ་དུ་བཀའ་རྒྱ་ཞིག་བཏང་བའི་ནང་དུ། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དེ་ནི་རྙིང་མ་བ་རྣམས་ཀྱི་སློབ་སྦྱོང་གི་ལྟེ་གནས་སུ་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། ས་གནས་དེའི་དུར་ཁྲོད་དེ་ཡང་ས་གནས་མི་མང་གི་ཆེད་དུ་ཡིན་པར་ནན་བརྗོད་ཀྱིས། ས་གནས་དེ་དག་དུ་ཡུལ་སྐོར་སྤྲོ་འཁྱམ་པ་རྣམས་ལ་འཛིན་བྱང་བཙོང་ནས་ཡུལ་སྐོར་སྤྲོ་འཁྱམ་གྱི་ས་ཚིགས་སུ་བེད་སྤྱོད་གཏོང་མྱོང་མེད་མ་ཟད། སྤྱི་ཚོགས་དྲ་རྒྱའི་ནང་དུ་འཁོད་པའི་ས་གནས་ཀྱི་སྐོར་གྱི་གནས་ཚུལ་དེ་དག་རྫུན་མ་ཡིན་པར་བསྒྲགས་ཡོད་པ་ལས། ཏོག་དབྱིབས་དང་འབྲེལ་བའི་གནས་ཚུལ་གཅིག་ཀྱང་འཁོད་མེད་པར་འཁོད་འདུག འོན་ཀྱང་། ཟླ་བ་དང་པོའི་ནང་དུ་བཀོད་ཁྱབ་བཏང་བ་དེ་ནི་གཙོ་བོ་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་དམིགས་པ་ཞིག་ཡིན་པ་ལྟར། བཀོད་ཁྱབ་དེའི་ནང་དུ། ཡུལ་མི་སུ་ཞིག་གིས་གཞུང་འབྲེལ་གྱི་བཀོད་ཁྱབ་དེར་རྩིས་མེད་བྱས་པ་ཡིན་ན་རྒྱ་ནག་གི་བདེ་འཇགས་ཚན་ཁག་གིས་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་འཁོད་པའི་ནང་དུ། མི་མང་འདུ་འཛོམས་བྱས་མི་ཆོག་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་མཚམས་འཇོག་དགོས་བ། དེ་བཞིན་དགོན་པ་ནས་ཕྱིར་ཕེབས་ཟིན་པའི་གྲྭ་བཙུན་རྣམས་ཕྱིར་དགོན་པར་ཕེབས་པའི་ཟླ་དུས་གསལ་བོར་བཟོ་དགོས་བ་སོགས་ཀྱི་གནད་དོན་ཁག་ཅིག་འཁོད་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༨ ལོར་སྤེལ་བའི་གནས་ཚུལ་ལྟར་ན། ཁུལ་དེར་སྔོན་མ་ནས་རྒྱ་ནག་གི་དམ་དྲག་འོག  མང་ཚོགས་རྣམས་ས་གནས་ནས་འགྲོ་སྐྱོད་བྱེད་སྐབས་རྒྱ་སྒོ་རེ་རེ་ནས་ཞིབ་བཤེར་བྱེད་དགོས་བ་མ་ཟད།  ས་གནས་ཀྱི་ཡུལ་མི་རྣམས་ལ་ཨང་རྟགས་དང་ཁ་ཏོག་གིས་རིགས་དབྱེ་བཀར་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་ལུང་འདྲེན་གནང་འདུག Free Tibet ཚོགས་པས་སྤེལ་བའི་གནས་ཚུལ་ནང་སྤྱིར་བླ་རུང་སྒར་གྱི་ས་གནས་ཀྱི་དཔོན་རིགས་རྣམས་ཀྱིས་བླ་རུང་སྒར་ཁུལ་དེ་ཡུལ་སྐོར་སྤྲོ་འཁྱམ་པའི་དམིགས་འདུན་གྱི་ས་ཚིགས་ཤིག་ཏུ་བསྒྱུར་ཐབས་ལ་འབད་བཞིན་པའི་ཐད་ནས་བླ་རུང་སྒར་གྱི་མཁན་པོ་རྣམས་ཀྱིས་ཐུགས་ཁྲལ་ཆེན་པོ་གནང་བཞིན་ཡོད་པ་དང་། དེ་སྔོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བླ་རུང་སྒར་གྱི་སློབ་ཟུར་ཞིག་ལ་བཅར་འདྲི་ཞུས་པའི་ནང་དུ། བླ་རུང་སྒར་དུ་ཡུལ་སྤྲོ་འཁྱམ་དང་འབྲེལ་བའི་གནད་དོན་ཞིག་ཡོད་སྟབས་ཐེངས་འདིར་རྒྱ་ནག་གི་བཀོད་ཁྱབ་དེའི་ནང་དུ་བླ་རུང་སྒར་དུ་ཡུལ་སྐོར་སྤྲོ་འཁྱམ་དང་འབྲེལ་བའི་གནད་དོན་འཁོད་ཡོད་པ་དེ་ནི་ལེགས་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་ཡིན་པར་བརྗོད་ཡོད་འདུག རྒྱ་ནག་གིས་གཞི་རྩའི་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕྱི་མི་འགྲོ་སྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ནའང་། ཕྱོགས་གཞན་ཞིག་ནས་འདི་ལོའི་ཟླ་བ་ལྔ་བའི་ནང་དུ་སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་ནག་གཞུང་གིས་སློབ་གླིང་དེའི་ནང་རྒྱ་དམར་གཞུང་གི་ལོ་རྒྱུས་དྲིལ་བསྒྲགས་ཀྱི་བྱ་འགུལ་མུ་མཐུད་དུ་སྤེལ་མུས་རེད་འདུག རྒྱ་ནག་དྲིལ་བསྒྲགས་ཀྱི་བྱ་འགུལ་དེ་དག་གི་ནང་དུ། རྒྱ་ནག་གི་བཅིངས་གྲོལ་དམག་མིའི་ཁུལ་དེར་འགན་ཅི་ཞིག་ཁུར་ཡོད་པ་དང་། ཕྱི་རྒྱལ་ཁག་དང་རྒྱ་ནག་གི་ནང་དུ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་ཕྱོགས་མཚུངས་བསྡུར། དེ་བཞིན་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ཁྱབ་སྤེལ་སོགས་ཀྱི་མཚོན་པའི་རྒྱ་ནག་གཞུང་གིས་མི་མང་ལ་བརྩེ་ཞེན་དང་བྱམས་སྐྱོང་བྱེད་སྟངས་སོགས་ཚུད་ཡོད་འདུག འདི་གའི་གསར་འགོད་པའི་གསེར་རྟ་བླ་རུང་སྒར་གྱི་གནད་དོན་དང་འབྲེལ་ནས།  free Tibet ཚོགས་པའི་ཉམས་ཞིབ་སྡེ་ཚན་འམ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་སུ་ཐེངས་འདིའི་རྒྱ་ནག་གི་བཀོད་ཁྱབ་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས་གཞི་རྩའི་ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་ཁག་པོ་ཡིན་ནའང་། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་གི་བཀོད་ཁྱབ་སྔར་རྗེས་གཉིས་ཀྱི་ནང་དུ་བླ་རུང་སྒར་དུ་རིམས་ནད་ཁྱབ་བརྡལ་ལ་ཁ་གཡར་ནས་གྲྭ་མང་གི་ཆོས་ལུགས་ཀྱི་བྱེད་སྒོར་བཀག་སྡོམ་དང་ཡུལ་སྐོར་སྤྲོ་འཁྱམ་མཚམས་འཇོག      དེ་བཞིན་རྒྱ་ནག་གི་ས་གནས་ཀྱི་དཔོན་རིགས་ཁག་ཅིག་དགོན་གྲོང་དུ་ཡོང་ནས་གྲྭ་མང་ལ་རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད་སོགས་ཀྱི་སློབ་ཁྲིད་གནང་གི་ཡོད་པ་དེ་ལས། གཙོ་བོ་བོད་ཁུལ་དུ་ཆོས་ལུགས་སློབ་སྦྱོང་ལ་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་ཞིག་མཚོན་ཡོད་པར་གསུངས་སོང་།གཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༠༡ ནས་བཟུང་གསེར་རྟ་བླ་རུང་སྒར་དུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲྭ་བཙུན་ནས་ཕྱིར་ཕུད་བཏང་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་ལས། ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ བར་དུ་གྲྭ་ཤག་ ༤༧༠༠ ལྷག་རྩ་གཏོར་དང་གྲྭ་མང་ ༤༨༠༠ ལྷག་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་ཕྱི་ལ་ཐོན་ཡོད་པ་མ་ཟད། བླ་རུང་སྒར་གྱི་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༧ པའི་ཚེས་ ༡༩ ཉིན་རྒྱ་ནག་གིས་གྲྭ་ཤག་གཏོར་བཅོམ་བཏང་བ་དང་བོད་དུ་རང་དབང་མེད་པ་སོགས་ཀྱི་ཁ་ཆེམས་ཡི་གེ་བྲོས་ཏེ་རང་སྲོག་བཅད་པའི་གནད་དོན་བྱུང་ཡོད་པ་དང་། ཕྱི་ལོག་གི་གསར་ལམ་ཁག་ཏུ་རྒྱ་ནག་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་གྱི་ལྟེ་གནས་སུ་བསྒྱུར་བཞིན་ཡོད་པའི་གསར་འགྱུར་རིམ་པ་ཐོན་ཡོད་པ་མ་ཟད། བོད་མིའི་སྲོལ་རྒྱུན་གྱི་དུར་འཇུག་གི་རྣམ་གྲངས་སྟེ། བྱ་གཏོར་གྱི་འདས་མཆོད་རིགས་ཀྱང་རྒྱ་ནག་གི་ཡུལ་སྐོར་ལྟེ་གནས་སུ་བསྒྱུར་སྐྲུན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Latest news