Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

དབྱིན་ཡུལ་གྲོས་ཚོགས་སུ་རྒྱ་ནག་གིས་བོད་མིའི་ཆོས་རིག་རྩ་གཏོར་གཏོང་བཞིན་པའི་གླེང་སློང་།

ཁ་ཉིན། དབྱིན་ཡུལ་གྱི་འདི་ལོའི་དགུན་དུས་ཀྱི་གྲོས་ཚོགས་ཀྱི་དབུས་སུ། དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས Navendu Mishra ལགས་ཀྱིས་བོད་དོན་གླེང་སློང་བྱས་ཏེ་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་ཆོས་རིགས་རྩ་གཏོར་གཏོང་གི་ཡོད་པར་མངོན་གསལ་གནང་འདུག དེ་ཡང་དབྱིན་ཡུལ་གྱི་གྲོང་ཆེར་ Manchester གྱི་ཁོངས་གཏོགས་ཀྱི་གྲོང་བརྡལ་ Stockport ཡི་གྲོས་ཚོགས་འཐུས་མི་ Navendu Mishra ལགས་ཀྱིས་སྔར་ལོ་ཁོང་དབྱིན་ཡུལ་ཁུལ་གྱི་བོད་ཀྱི་དོན་གཅོད་ཁང་ལ་ཆེད་བཅར་ཞུས་ཡོད་པ་ལུང་འདྲེན་གྱིས། སྐབས་དེར་ཁོང་གིས་རྒྱ་ནག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས། དེ་བཞིན་སྐད་ཡིག་གི་ངོ་བོ་སོགས་རྩ་གཏོར་གཏོང་གི་ཡོད་པའི་ཐད་ནས་ཤེས་གཏོགས་བྱུང་ཡོད་པར་གསུངས་ཏེ་དབྱིན་ཡུལ་གྱི་ངོས་ནས་གནད་དོན་དེར་རྟོག་ཞིབ་གནང་དགོས་བའི་སྐུལ་མ་གནང་འདུག ཁོང་གིས་སྐབས་དེར། རྒྱ་ནག་གིས་མི་ལོ་བདུན་ཅུའི་སྔོན་ལ་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་དུ་དྲག་གནོན་བྱེད་འགོ་ཚུགས་ཏེ་ཕྱི་ལོགས་ཀྱི་མི་རྣམས་ཀྱིས་བོད་མིའི་གནས་སྟངས་ལ་རྒྱུས་ལོན་བྱེད་ཐབས་མེད་པར་གྱུར་ནས་མུ་མཐུད་དུ་དྲག་གནོན་བྱེད་བཞིན་པ་ཞིག་ཡིན་པ་མ་ཟད། ད་ཆ་རྒྱ་ནག་གིས་བོད་ནང་དུ་སྐད་གཉིས་སློབ་གསོ་ཟེར་བ་ལག་བསྟར་གྱིས་བོད་མི་རྣམས་ལ་སྔར་ལྷག་དྲག་གནོན་བྱེད་བཞིན་པ་མ་ཟད། བོད་ཁུལ་དུ་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས་བོད་ཕྲུག་སློབ་མ་འབུམ་དགུ་ལྷག་ཕ་མ་དང་ཁ་བྲལ་བཏང་སྟེ་རྒྱ་ནག་གིས་ཆེད་འཛུགས་ཀྱི་བཅའ་སྡོད་སློབ་གྲྭ་ཁག་ཏུ་གཏོང་གི་ཡོད་པ་དེ་ཡིས་བོད་མིའི་སྐད་ཡིག་སྦྱང་བརྩོན་གྱི་སྲིད་བྱུས་ལ་མུ་མཐུད་དུ་དམ་དྲག་བྱེད་མུས་ཡིན་པར་གསུངས་འདུག གཞན་ཡང་ཁོང་གིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྔར་ལོ་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གིས་བོད་ནང་དུ་སྐད་ཡིག་རྒྱ་སྒྱུར་གྱི་སྲིད་བྱུས་དང་འབྲེལ་ནས། བོད་རིགས་སློབ་མ་གཉིས་ཀྱིས་དེར་འབྲེལ་གྱི་དགོངས་ཚུལ་གསུངས་པ་འབྲེལ་ནས་རྒྱ་ནག་གིས་འཛིན་བཟུང་བྱས་ཡོད་པར་འཁོད་པ་མ་ཟད། བོད་རིགས་དགེ་རྒན་ཞིག་ཀྱང་རྒྱ་ནག་གིས་སློབ་གྲྭ་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་པ་དང་འབྲེལ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་ལུང་འདྲེན་གྱིས། ཁོང་གིས་ཟླ་བ་སྔོན་མའི་ནང་དུ་ཡང་དབྱིན་ཡུལ་གྲོས་ཚོགས་སུ་ཡང་དེར་འབྲེལ་གྱི་གནད་དོན་གླེང་སློང་གིས་དབྱིན་ཡུལ་གྱི་བློན་ཆེན་ལས་ཁུངས་ཁག་གིས་རྒྱ་ནག་དང་ལྷན་དུ་བོད་མིའི་སློབ་ཕྲུག་ཁག་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་གཏོང་བཞིན་པའི་ཐད་ནས་གླེང་སློང་བྱེད་དགོས་བའི་འབོད་སྐུལ་གནང་ཡོད་ཀྱང་ད་བར་དེར་འབྲེལ་གྱི་ཡ་ལན་མ་བྱུང་བར་བློ་ཕམ་ཡོད་ཅེས་གསུངས་འདུག ཁོང་གིས་དབྱིན་ཡུལ་གྱི་བློན་ཆེན་ལས་ཁུངས་ཁག་གིས་རྒྱ་ནག་དང་ལྷན་དུ་རྒྱ་ནག་གིས་བོད་ཕྲུལ་སློབ་མ་རྣམས་བཙན་དབང་གིས་བཅའ་སྡོད་སློབ་གྲྭར་གཏོང་བཞིན་པའི་གནད་དོན་དེར་གླེང་སློང་བྱེད་དགོས་བར་སྐུལ་བ་མ་ཟད། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ཙམ་མིན་པར། བོད་ནང་གི་དགོན་པ་གྲྭ་ཚང་ཁག་ལ་ཡང་དམ་དྲག་བྱེད་བཞིན་པ་མངོན་གསལ་གནང་སྟེ། རྒྱ་ནག་གིས་བོད་མི་རྣམས་ཀྱི་གཙོ་བྱས་པའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་བའི་འབོད་སྐུལ་གནང་འདུག གཞན་ཡང་ཁོང་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་འོག་ཏུ། བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་གི་རྒྱ་སྒྱུར་བྱེད་ཐབས་ལ་ཤུགས་སྣོན་བྱེད་བཞིན་པ་ལུང་འདྲེན་གྱིས། ཉེ་ཆར་ཁམས་བྲག་མགོ་ཁུལ་ནས་སྟོན་པའི་སྐུལ་བརྙན་དང་རྗེ་བཙུན་བྱམས་མགོན་གྱི་སྐུལ་བརྙན་སོགས་རྩ་གཏོར་བཏང་བ་མ་ཟད། ཁུལ་དེའི་བོད་མི་རྣམས་ལ་དྲག་གནོན་བྱས་པ་སོགས་ཀྱི་གཙོ་བྱས་པའིི་བོད་མི་རྣམས་ཀྱི་དད་མོས་རང་དབང་ལ་དོ་ཕོག་གཏོང་གི་ཡོད་པའི་ཁྲོད། གཞིས་ལུས་བོད་མི་རྣམས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་ཕྱིར་ཆིབས་སྒྱུར་བསྐྱང་རྒྱུའི་མངོན་འདོད་ཕྱི་ལ་སྟོན་པའམ། ཡང་མགོན་པོ་གང་གི་སྐྱེས་སྐར་ལ་གཞས་ཀྱི་མཆོད་པ་ཕུལ་བ་ཙམ་གྱིས་འཛིན་བཟུང་དམ་དྲག་བྱེད་བཞིན་པ་སོགས་དང་འབྲེལ་ནས། ད་ཆ་བོད་ཁུལ་གྱི་དགོན་པ་གྲྭ་ཚང་ཁག་ཡོངས་ལ་རྒྱ་ནག་གིས་སྟངས་འཛིན་དོ་དམ་ནན་པོ་བྱེད་བཞིན་པ་ཡང་མངན་གསལ་གནང་སྟེ།་དབྱིན་ཡུལ་གྱི་བློན་ཆེན་རྣམས་ཀྱིས་གནད་དོན་དེར་ངེས་བར་དུ་རྟོག་ཞིབ་གནང་དགོས་བའི་སྐུལ་མ་ཞུས་འདུག

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

དེ་རིང་ཕྱི་ཚེེས་ ༢༨ ཉིན་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༩ དབུ་འཛུགས་གནང་ཡོད་པ་དང་བསྟུན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཐོག་མུ་མཐུད་ནས་ཁུ་སིམ་པོར་མ་བཞུགས་པར་ལྷན་ཚོགས་ཐོག་ངེས་པར་དུ་གསུངས་དགོས་ཞེས་དགོས་འདུན་ཕུལ་ཏེ་རྒྱལ་ཚོགས་མདུན་དུ་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་།ལས་འགུལ་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་། ས་གནས་གཞུང་འབྲེལ་མིན་པའི་སྐུ་ཚབ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་ཞུགས་གནང་ཡོད་པ་རེད།སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༩ པ་དེ་ཕྱི་ཟླ་ ༢ ཚེས་༢༨ ནས་ཟླ་ ༤ ཆེས་ ༡ བར་ཚོགས་ཀྱི་ཡོད་པ་དང། ད་ལན་གྱི་ལྷན་ཚོགས་དང་བསྟུན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ལ་རྒྱ་གཞུང་གིས་ཉེ་ཆར་ཁམས་བྲག་མགོར་སྟོན་པའི་སྐུ་བརྙན་གཏོང་བཤིག་བཏང་བའི་གནད་དོན་དང་། བོད་མིའི་སྐད་ཡིག་དང་ངོ་བོ་རྩ་མེད་བཟོ་ཆེད་བོད་ཁུལ་དུ་བཅའ་སྡོད་སློབ་གྲྭ་རྒྱ་སྐྱེད་སྲིད་བྱུས་སྤེལ་བཞིན་པའི་སྐོར། བོད་ནང་གི་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་མུ་མཐུད་དམ་དྲག་དང། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་བཙོན་འཇུག་ཁྲིམ་ཐག་བཅད་པ་སོགས། བོད་ནང་དུ་བཞུགས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་འཁོད་པའི་ཞུ་སྙན་ཞིག་ཕུལ་བ་དང་འབྲེལ། རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་མུ་མཐུད་བོད་ཀྱི་གནད་དོན་ཐོག་ཁུ་སིམ་པོར་བཞུགས་པའི་ཉེས་ལས་ཀྱིས་རྒྱ་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུར་སྙིང་རྗེ་མེད་པར་འགྱུར་བཞིན་ཡོད་སྟབས་ལྷན་ཚོགས་སྐབས་གཙོ་འཛིན་མཆོག་གིས་བོད་ཀྱི་གནད་དོན་ཐོག་ངེས་པར་དུ་གསུངས་དགོས་ཞེས་དགོས་འདུན་ཕུལ་ཡོད་པ་རེད།

པེ་ཅིང་ཨོ་རྩལ་བྱས་རྗེས་དངོས་ནི་ལས་འགུལ་བ་ཚང་མ་ཆིག་སྒྲིལ་ཐུབ་པ་དེ་ཆགས་ཀྱི་ཡོད།

རྒྱ་ནག་གི་པེ་ཅིང་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་སླད་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུ་གུར་དང་ཧོང་ཀོང་། དེ་བཞིན་རྒྱ་རིགས་ལས་འགུལ་བ་ཚོ་དང་ལྷན་དུ་ No Beijing 2022 campaign ཞེས་པའི་ལས་འགུལ་སྤེལ་ཡོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་འགུལ་དེ་རྒྱ་ནག་གི་ཨོ་རྩལ་ལ་ཤུགས་རྐྱེན་ཞིག་སྤྲད་ཐུབ་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་མ་ཟད། པེ་ཅིང་ཨོ་རྩལ་བྱས་རྗེས་དངོས་ནི་ལས་འགུལ་བ་ཚང་མ་ཆིག་སྒྲིལ་ཐུབ་པ་དེ་ཆགས་ཀྱི་ཡོད་ཅེས་གསུངས་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་ Free Tibet ཡིས་པེ་ཅིང་ཨོ་རྩལ་ལ་ཚོགས་སྡེ་ཁག་ནས་ངོ་རྒོལ་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་བའི་རྐྱེན་གྱིས་ལས་འགུལ་གྱི་གྲུབ་འབྲས་གང་ཙམ་ཐོན་པའི་ཐོག་ཐེར་འདོན་གནང་འདུག་པ་དང་། པེ་ཅིང་ཨོ་རྩལ་ལ་ཚོགས་སྡེ་ཁག་ནས་ངོ་རྒོལ་དང་ཞུ་གཏུག་ལས་འགུལ་སོགས་སྤེལ་བའི་ཁར་ཨ་རི་དང་ཨོ་སི་ཀྲོ་ལི་ཡ། དབྱིན་ཡུལ། ཁེ་ན་ཌ། བྷེལ་འཇམ། ཌན་མག ཨེས་ཊོ་ནི་ཡ། ཀོ་སོ་ཝོ།  ལི་ཐོ་ནི་ཡ། རྒྱ་གར་བཅས་རྒྱལ་ཁབ་བཅུས་གཞུང་འབྲེལ་སྐུ་ཚབ་མི་སྣ་བཏང་མེད་པ་དང་ལྷག་པར་དུ་གཞུང་འབྲེལ་སྐུ་ཚབ་མ་བཏང་བ་དེའང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་རྩ་མེད་གཏོང་བཞིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་ཀྱིས་རྒྱ་ནག་ནས་བསྐྱར་དུ་ཨོ་རྩལ་གོ་སྒྲིག་ཞུས་པར་འོས་བབ་ཡོད་མ་རེད་ཅེས་གསུངས་པ་ལུང་འདྲེན་གནང་འདུག ལྷག་པར་ #IWillNotWatch movement ཞེས་ངས་དགུན་དུས་ཨོ་རྩལ་ལྟ་ཡི་མིན་ཞེས་པའི་ལས་འགུལ་སྤེལ་རྗེས་དབྱིན་ཡུལ་ནང་དེ་སྔ་ ༢༠༡༨ ལོར་ལྷོ་ཀོ་རི་ཡར་ཚོགས་པའི་རྒྱལ་སྤྱིའི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་དང་བསྡུར་ན་པེ་ཅིང་ཨོ་རྩལ་སྒོ་འབྱེད་མཛད་སྒོར་གཟིགས་མཁན་བརྒྱ་ཆ་ ༥༠ ཉུང་དུ་ཕྱིན་པ་དང་དེ་བཞིན་སྤྱི་ཡོངས་ནས་བརྒྱ་ཆ་ ༤༣ ཉུང་དུ་ཕྱིན་འདུག   ད་དུང་ཨ་རིའི་ NBC རྒྱལ་ཡོངས་རྒྱང་སྲིང་ཁང་ནས་ཀྱང་འདི་ལོར་ཨོ་རྩལ་གཟིགས་མཁན་ཉུང་དུ་ཕྱིན་ཡོད་པའི་སྐོར་ལུང་འདྲེན་གནང་ཡོད།གཞི་རྩའི་དེ་སྔ་ཨོ་རྩལ་སྔོན་དུ་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་ཨོ་རྩལ་གཟིགས་མིན་ཐད་དཔྱད་ཞིབ་གནང་སྐབས་དབྱིན་ཡུལ་གྱི་མང་ཚོགས་བརྒྱ་ཆ་ ༥༨ ནས་པེ་ཅིང་ཨོ་རྩལ་མི་ལྟ་བར་འབད་རྒྱུ་དང་དེ་བཞིན་བརྒྱ་ཆ་ ༢༠ ནས་ལྟ་ཡི་མིན་ཞེས་གསུངས་པ་བྱུང་ཡོད།

རྒྱ་ནག་གིས་ཨུ་རུ་སུས་ཡུ་ཀེ་རེན་ལ་དྲག་རྒོལ་བྱས་པ་དེ་བཙན་འཛུལ་མིན་པར་བརྗོད་འདུག

ཁ་སང་ཨུ་རུ་སུའི་དྲག་པོའི་དམག་དཔུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ས་དང་མཐའ་མཚམས་གྲོང་ཁྱེར་ཁག་གཉིས་ལ་བཙན་འཛུལ་གྱིས་དམག་འཐབ་དངོས་སུ་འགོ་བཙུགས་ཏེ་གནས་ཚུལ་ཛ་དྲག་ཏུ་འགྱུར་བཞིན་པའི་ཁྲོད། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ནས་ཨུ་རུ་སུའི་བྱ་སྤྱོད་དེར་མི་སྤྱོད་ལས་འདས་པ་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། རྒྱལ་ཁབ་དེའི་ཐོག་དཔལ་འབྱོར་དང་འབྲེལ་བའི་སྲིད་དོན་ཉེས་ཆད་ཁག་ཅིག་གསལ་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་གི་ངོས་ནས་ཨུ་རུ་སུའི་གཞུང་གིས་ཡུ་ཀེ་རེན་ལ་དྲག་པོིའི་གཏོར་རྒོལ་བྱས་པ་དེར་ Invasion འམ་རྒྱལ་ཁབ་བཙན་འཛུལ་ལ་འགྲེལ་བརྗོད་བྱས་ན་འགྲིག་གི་མེད་པ་དང་། ཐ་སྙད་དེ་ནི་ཕྱོགས་ལྷུང་གི་ཐ་སྙད་ཅིག་ཡིན་པར་བརྗོད་འདུགདེའང་Vladimir Putin གྱིས་སྣེ་ཁྲིད་པའི་ཨུ་རུ་སུའི་གཞུང་གིས་ཁ་སང་ནས་བཟུང་དམག་དཔུང་དང་འཐབ་འཛིང་རླངས་འཁོར་མང་པོ་བཏང་ནས་ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་བཙན་འཛུལ་བྱས་འགོ་ཚུགས་ཏེ། རྒྱལ་ས་  Kyiv དང་གྲོང་ཁྱེར་ Dnipro སོགས་སུ་འབར་རྫས་གཡུགས་ནས་གཏོར་རྒོལ་བཏང་བའི་ཁྲོད་མང་ཚོགས་བརྒྱ་ལྷག་རྐྱེན་ལམ་དུ་ཕྱིན་པ་དང་། ཨུ་རུ་སུའི་དྲག་རྒོལ་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་ནང་རྒྱལ་ཁབ་ཅིག་གིས་གཞན་ལ་འདི་ལྟ་བུའི་དབང་སྒྱུར་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུགརྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་མང་པོས་ད་ཆ་ཨུ་རུ་སུར་ངོ་རྒོལ་དང་ཡུ་ཀེ་རེན་གྱི་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་པའི་ཁྲོད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག   རྒྱ་ནག་གི་ངོས་ནས་གནས་སྟངས་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཕྱོགས་ཚང་མས་དོགས་ཟོན་དགོས་སྐོར་སོགས་བརྗོད་པ་དང་ཆབས་ཅིག  ཡུ་ཀེ་རེན་ནང་ཡོད་པའི་རྒྱ་རིགས་མང་ཚོགས་ལ་ཡིད་གཟབ་དགོས་པའི་འགྲེལ་བརྗོད་བྱས་འདུག ཁོ་པས་ད་དུང་ཨུ་རུ་སུའི་དམག་མི་ཡུ་ཀེ་རེན་གྱི་ནང་དུ་སླེབས་པ་དེ་ནི་བཙན་འཛུལ་མིན་པ་དང་། ཐ་སྙད་དེ་ནི་ཕྱོགས་ལྷུང་ཅན་གྱི་ཐ་སྙད་ཅིག་ཡིན་པ་བརྗོད་བྱས་འདུག་པ་མ་ཟད། ཡུ་ཀེ་རེན་གྱི་གནད་དོན་དེ་ནི་ལོ་རྒྱུས་ཁྲོད་ཆེས་མགོ་རྙོག་ཆེ་བའི་གནད་དོན་ཞིག་ཡིན་པར་བརྟེན་གསར་འགོད་པ་རྣམས་ཀྱིས་གནད་དོན་དེར་སྡོམ་རྒྱག་རྒྱུ་མེད་པ་དང་། ཨུ་རུ་སུའི་ངོས་ནས་དེ་གའི་བདེ་འཇགས་ཐད་སེམས་ཚབ་ཤུགས་ཆེ་ཡོད་པ་དེར་རྒྱ་ནག་གི་བསམ་ཤེས་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་འདུགཨ་རིའི་བྷ་ཊན་གཞུང་གིས་ཁ་སང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག   ཨ་རིའི་གཞུང་ངོས་ནས་ཨུ་རུ་སུའི་ནང་གི་དངུལ་ཁང་མང་དག་ཅིག་ལ་དཔལ་འབྱོར་བཀག་སྡོམས་དང་། གཞན་ཡང་རྒྱལ་སྲུང་དང་འབྲེལ་བའི་འཕྲུལ་ལས་དང་། གནམ་དམག  མཚོ་དམག་བཅས་ལ་ཐད་ཀར་འབྲེལ་བའི་འཕྲུལ་ལས་ཀྱི་ཚོང་ལས་བཀག་སྡོམས་བཅས་ཀྱི་སྲིད་དོན་ཉེས་ཆད་གསལ་བསྒྲགས་བྱས་པ་མ་ཟད། ཡུ་རོབ་མཐུན་ཚོགས་ནས་ཀྱང་ཨུ་རུ་སུའི་ཚོང་ལས་ཁང་མང་དག་ཅིག་ལ་དཔལ་འབྱོར་དང་ཚོས་ལས་བཀག་སྡོམས་ཀྱི་ཉེས་ཆད་བཅད་ཡོད་པ་རེད། དེའི་བར་ན་རྒྱ་གར་གཞུང་གིས་ཨུ་རུ་སུའི་ཐོག་བཟུང་པའི་ལང་ཕྱོགས་ལ་དཔྱད་ཞིབ་པ་མང་དག་ཅིག་གིས་སྐྱོན་བརྗོད་བྱེད་བཞིན་པའི་ཁྲོད། ཁ་སང་རྒྱ་གར་གྱི་སྲིད་བློན་ནས་ཨུ་རུ་སའི་སྲིད་འཛིན་ལ་ཞལ་པར་བཏང་ཚེ་ལས་དོན་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དོན་དམ་གྱི་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་འདུགཨུ་རུ་སུའི་བྱ་སྤྱོད་དང་འབྲེལ་རྒྱ་གརརྒྱ་གར་གྱི་གཞུང་འཛིན་ཁ་གཏད་ཚོགས་པའི་གྲོས་ཚོགས་འཐུས་མི་དང་རྒྱ་གར་གྱི་གཞུང་ཚབ་པ་ཟུར་བ། སྐུ་ཞབས་ Shashi Tharoor ལགས་ཀྱིས་ཐེངས་འདིའི་གོ་སྐབས་དང་བསྟུན། འཕགས་བོད་ཀྱི་ས་མཚམས་ཀྱི་གནད་དོན་གླེང་བ་དང་འབྲེལ། གལ་ཏེ་རྒྱ་ནག་གི་དམག་མི་རྒྱ་གར་གྱི་ནང་དུ་སླེབས་པ་ཡིན་ན། ང་ཚོས་ཀྱང་རྒྱལ་ཁབ་གཞན་གྱིས་ང་ཚོར་རྒྱབ་སྐྱོར་བྱེད་རྒྱུར་རེ་བ་རྒྱག་ངེས་ཡིན་སྟབས། གལ་སྲིད་ཡུ་ཀེ་རེན་གྱིས་རྒྱ་གར་གྱི་ངོས་ནས་ཨུ་རུ་སུ་ལ་བཀའ་མོལ་གནང་རྒྱུར་རེ་ཞུ་བྱེད་ཀྱི་ཡོད་ཚེ། རྒྱ་གར་གྱི་ངོས་ནས་ངེས་བར་ཐབས་ཤེས་ཤིག་བྱས་ཏེ་གནད་དོན་འདིའི་ལེགས་ཕྱོགས་ཀྱི་ཁོངས་གཏོགས་སུ་ལངས་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་འདུགགཞན་ཡང་རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ཁ་གཏད་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས། Gaurav Gogoi ལགས་ཀྱིས་ཀྱང་། འཕྲུལ་སྒྲའི་ཐོག  ཨུ་རུ་སུས་ཡུ་ཀེ་རེན་གྱི་ནང་དུ་དམག་དཔུང་རྒྱ་བསྐྱེད་གནས་བབ་དེར་གཞིགས་ནས། རྒྱ་གར་གྱི་གཞུང་འཛིན་ཚོགས་པའི་ངོས་ནས་གྲོས་ཚོགས་ཀྱི་དབུས་སུ་རྒྱ་ནག་དང་འབྲེལ་བའི་གྲོས་བསྡུར་ཁག་གཡོལ་ཐབས་མེད་པ་ཞིག་ཡིན་པར་བསྒྲགས་ཏེ། སྲིད་བློན་མོ་དི་མཆོག་གིས་གྲོས་ཚོགས་ཀྱི་དབུས་སུ་ངེས་བར་དུ་ཆབ་སྲིད་ཚོགས་པ་འདྲ་མིན་དང་མཉམ་དུ་འཕགས་བོད་མཐའ་མཚམས་ཀྱི་དཀའ་རྙོག་གི་སྐོར་ནས་གྲོས་བསྡུར་བྱས་ཏེ་ཁོང་གི་བཞེངས་ཕྱོགས་གསལ་བོར་བཟོ་དགོས་བར་གསུངས་འདུག དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ NilotpalBasu ལགས་ཀྱིས་ཀྱང་དུས་སྐབས་འདིར་གཙོ་བོ་ཡུ་ཀེ་རེན་གྱི་ཁུལ་དུ་ཡོད་པའི་རྒྱ་གར་བ་རྣམས་ཀྱི་བདེ་འཇགས་གཙོ་བོ་ཡིན་པར་གསུངས་ཏེ། རྒྱ་གར་དབུས་གཞུང་གིས་ཁུལ་དེར་ཡོད་པའི་རྒྱ་གར་བ་རྣམས་ངེས་བར་དུ་བདེ་འཇགས་ངང་ཕྱིར་ལོག་རྒྱུར་རམ་འདེགས་གནང་དགོས་བར་གསུངས་འདུགགཞི་རྩའི་ཁ་སང་དེ་རིང་ཞོགས་པར་ཨུ་རུ་སུའི་དམག་དཔུང་དང་འཐབ་འཛིང་རླངས་འཁོར་མང་པོས་ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་བཙན་འཛུལ་བྱས་ཡོད་པ་མ་ཟད། ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ས་  Kyivདང་གྲོང་ཁྱེར་ Dnipro སོགས་སུ་བཙན་འཛུལ་བྱས་ཏེ་འབར་རྫས་གཡུགས་ནས་གཏོར་རྒོལ་བཏང་བའི་ཁྲོད་མང་ཚོགས་བརྒྱ་ལྷག་རྐྱེན་ལམ་དུ་ཕྱིན་པ་དང་འབྲེལ་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཨུ་རུ་སུའི་བྱེད་ཕྱོགས་དེར་ངོ་རྒོལ་དང་ཡུ་ཀེ་རེན་གྱི་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པའི་ཁྲོད། ཁ་སང་ཨ་རིའི་ནང་དུ་ཡང་མང་ཚོགས་ཀྱིས་ཨུ་རུ་སུའི་བྱེད་བབ་དེར་ངོ་རྒོལ་བྱས་པའི་ཁྲོད། བོད་མི་ཁག་ཅིག་གིས་ཀྱང་མཉམ་ཞུགས་ཀྱིས་ཡུ་ཀེ་རེན་གྱི་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་ཡོད་པའི་རྣམ་འགྱུར་བསྟན་འདུག

བོད་ཀྱི་རིག་ཞུང་རྩ་མེད་བཟོ་རྒྱུའི་བྱེད་སྟངས་དེ་ནི་འཇིགས་སྐུལ་བའི་རྗེས་སུ་འབྲང་པ་ཞིག་རེད།

རྒྱ་གར་གྱི་འཐབ་བྱུས་ཆེད་མཁས་པ་སྐུ་ཞབས་ Brahma Chellaney ལགས་ཀྱིས་དཔྱད་བརྗོད་ཅིག་སྤེལ་བར་རྒྱ་ནག་གིས་ཁམས་བྲག་མགོའི་ཁུལ་དུ་དུས་རབས་དྲུག་པའི་ནང་བཞེངས་པའི་སྟོན་པ་དང་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེན་པོ་གཉིས་གཏོར་བཤིག་བཏང་བའི་བྱེད་སྟངས་དེ་ནི་དེ་སྔ་ Afghanistan ཁུལ་དུ་ Taliban ཡི་འཇིགས་སྐུལ་བ་ཚོས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་གཙོ་གྱུར་ཆོས་ཕྱོགས་ཀྱི་གནའ་རྫས་མང་དག་ཅིག་གཏོར་བཅོམ་བཏང་བའི་བྱ་སྤྱོད་ངན་པའི་རྗེས་སུ་འབྲང་པ་ཞིག་རེད་ཅེས་གསུངས་འདུག རྒྱ་གར་ ANI གསར་འགྱུར་བརྒྱུད་ལམ་དུ་འདོན་སྤེལ་གནང་བའི་དཔྱད་བརྗོད་ནང་། སྐུ་ཞབས་ Brahma Chellaney ལགས་ཀྱིས་རྒྱ་ནག་གཞུང་གིས་ཐབས་བྱུས་ཡོད་དགུ་རྩལ་སྤྲུག་ཐོག་ནས་བོད་མིའི་རང་དབང་དང་ཐོབ་ཐང་ཁག་ལ་དྲག་གནོན་བྱས་པ་མ་ཟད་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱས་ནས་བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་རྣམས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གིས་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་དུ་ཕི་ཊི་ ༩༩ ཅན་གྱི་སྟོན་པའི་སྐུ་འདྲ་དང་རྒྱལ་བ་བྱམས་པའི་སྐུ་འདྲ་གཏོར་བཤིག་བཏང་བ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༡ ཕྱི་ཟླ་ ༣ ནང་ Afghanistan གྱི་ Bamiyan ཁུལ་དུ་འཇིགས་སྐུལ་བ་དྲག་སྤྱོད་པས་སྟོན་པའི་སྐུ་འདྲ་གྲགས་ཅན་ཞིག་གཏོར་བཤིག་བཏང་བའི་བྱ་སྤྱོད་དང་གཅིག་མཚུངས་ཡིན་པར་འགྲེལ་བརྗོད་དང་འབྲེལ། ཨཕ་གྷ་ནིསྟན་ནང་སྟོན་པའི་སྐུ་འདྲ་གཏོར་བཤིག་བཏང་བའི་གནས་ཚུལ་ཐོན་སྐབས་འཛམ་གླིང་རྒྱལ་ཁབ་ཚང་མ་ཧང་སང་དགོས་པའི་གནད་དོན་ཞིག་ཏུ་གྱུར་བ་ལྟར་རྒྱ་ནག་གཞུང་གིས་ད་ཆ་འཇིགས་སྐུལ་བའི་རྗེས་སུ་འབྲང་ནས་བྱ་ངན་དེ་དག་སྤེལ་བཞིན་ཡོད་སྐོར་གསུངས་ཡོད། ཁོང་གིས་ཉེ་ལམ་རྒྱ་ནག་ནང་དུ་སྐོང་ཚོགས་བྱས་པའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ཏེ། རྒྱ་ནག་གཞུང་ནི་གྲངས་ཉུང་མི་རིགས་རྣམས་ལ་མནར་གཅོད་གཏོང་མཁན་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་མང་པོས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་རྒྱ་གཞུང་ལ་རྒྱབ་སྐྱོར་གནང་བར་སྐྱོན་བརྗོད་ཀྱིས་ཁ་བརྡུང་བཏང་བ་མ་ཚད་པར་བོད་མིའི་ཁྲོད་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་དཔང་རྟགས་མངོན་སུམ་དུ་བསྟན་རྒྱུ་ཡོད་བཞིན་དུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཚོང་གི་ཁེ་ཕན་གལ་ཆེ་བར་བརྩི་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེར་གནང་མུས་ཡིན་པ་སོགས་ལུང་འདྲེན་དང་སྦྲགས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རྒྱ་ནག་གཞུང་གི་དབང་སྒྱུར་ནི་ Cultural Genocide འམ་བོད་མིའི་རིག་གཞུང་རྩ་གཏོར་གྱི་བྱ་ངན་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པ་གསུངས་ཡོད། སྐུ་ཞབས་ Brahma Chellaneyལགས་ཀྱིས་ཕྱི་ལོ་ ༢༠༡༤ ནས་བཟུང་རྒྱ་གཞུང་ནས་ཤིན་ཅང་ཁུལ་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཁག་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཡོངས་གྲགས་ཆགས་ཡོད་པ་དང་།  ཡུ་གུར་བ་གཙོ་གྱུར་ཁ་ཆེའི་གྲངས་ཉུང་མི་རིགས་སོགས་བཙན་དབང་གིས་རྒྱ་ནག་གི་སློབ་གསོ་ཁང་དུ་ཆེད་གཏོང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་འཇོག་བཞིན་པར་འགྲེལ་བརྗོད་དང་ཆབས་ཅིག  སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་དེ་ནི་རྒྱ་ནག་ནང་དུ་ཆེས་དཀའ་ངལ་ཆེ་བའི་དུས་རབས་ཤིག་ཆགས་ཡོད་པ་གསུངས་འདུག  

འགྲོ་བ་མིའི་ཚེ་སྲོག་ནི་གཟེངས་རྟགས་ལས་རིན་ཐང་ཆེ།  

ཁ་སང་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་གྱི་ཉིན་མོ་དང་བསྟུན་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་སུད་སི་གྲོང་ཁྱེར་ཆེ་ཁག་སྦེན་དང་ཛུ་རིག་གི་མེ་འཁོར་བབས་ཚུགས་ཁག་ཏུ་བརྡ་ཁྱབ་ཐོག་ནས་འགྲོ་བ་མིའི་ཚེ་སྲོག་ནི་གཟེངས་རྟགས་ལས་རིན་ཐང་ཆེ་བ་རེད་ཅེས་པའི་འབོད་ཚིག་འོག་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་དང་གནས་ཡུལ་མང་ཚོགས་ལ་རྒྱ་ནག་གཞུང་གིས་བོད་གཙོས་པའི་ཁྱབ་ཁོངས་ཀྱི་ས་གནས་ཁག་ཏུ་གཞི་རྩའི་གྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་དངོས་ཡོད་ཀྱི་བྱ་སྤྱོད་ཁག་གི་གོ་རྟོགས་ལས་འགུལ་ཞིག་སྤེལ་ཡོད།ཡོ་བོད་རིགས་བོད་རིགས་མཐུན་ཚོགས་ནས་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་མཇུག་སྒྲིལ་ཟིན་ཡང་ད་ལན་གྱི་རྩེད་འགྲན་དེའི་ཐོག་ནས་རྒྱ་ནག་གི་མངའ་འོག་ལ་བཙན་དབང་དང་དྲག་གནོན་གྱི་མནར་གཅོད་མྱོང་བཞིན་པའི་མི་རིགས་ནང་ཁུལ་དབར་གདུངས་སེམས་མཉམ་བསྐྱེད་དང་ནུས་པ་མཉམ་སྤུངས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ལ་གདོང་ལེན་གནང་ནུས་པ་ཞིག་བྱུང་ཡོད་སྐོར་གསུངས་འདུགགཞི་རྩའི་ཡོ་རོབ་བོད་རིགས་གཞོན་ནུ་ནི། རྒྱ་ནག་གི་ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཤོས་སྤེལ་མཁན་བོད་རིགས་གཞོན་སྐྱེས་ཀྱི་ཚོགས་པ་ཞིག་ཆགས་ཡོད་ཅིང། ཁོང་རྣམས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྔ་ཕྱི་བར་གསུམ་དུ་ངོ་རྒོལ་གྱི་ལས་འགུལ་མང་དག་ཅིག་སྤེལ་ཏེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དུ་མས་གནས་ཚུལ་སྤེལ་ཡོད།

རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྒྱ་ནག་ལ་འགན་ཁུར་ལྡན་པ་ཞིག་བཟོ་དགོས།

ད་ཆ་རྒྱ་ནག་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་མཇུག་སྒྲིལ་ལ་ཉེ་བ་དང་བསྟུན། ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་བྱེད་བབ་ཁག་ཅིག་ཆེད་བཀོད་ཀྱིས་བསྒྲགས་གཏམ་ཞིག་ཡོངས་གྲགས་གནང་སྟེ། སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སོ་སོའི་བྱེད་བབ་ཁག་གི་འགན་ཚད་ལྡན་ཞིག་ཁུར་དགོས་པ་བཟོ་དགོས་ཞེས་གསུངས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་སྤེལ་བའི་སྦྲགས་གཏམ་ནང་། ཉེ་དུས་སུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཚོགས་ཆུང་དང་རྒྱ་གཞུང་ནས་རྩེད་རིགས་དང་ཆབ་སྲིད་གཉིས་མཉམ་བསྲེ་བྱ་རྒྱུ་མེད་ཅེས་བརྗོད་དེ་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ལ་དོ་སྣང་གནང་མེད་ཀྱང་། རྩེད་འགྲན་དེའི་བརྒྱུད་རིམ་ཁྲོད་རྒྱ་ནག་གི་ཨོ་རྩལ་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པས་ཐེ་ཝན་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་བཤད་པ་དེས་དོན་དངོས་ཐོག་རྒྱ་ནག་ དེ་རྩེད་རིགས་དང་ཆབ་སྲིད་གཉིས་མཉམ་བསྲེ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་རེད་ཅེས་ཐེར་འདོན་གནང་འདུགལྷག་པར་དུ་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཚོགས་པའི་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་སྔ་རྗེས་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་བོད་ནང་ལ་དམ་དྲག་ཆེས་ཆེར་བྱས་པ་མ་ཟད་ཤིན་ཅང་ལ་མི་སེར་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ། དེ་བཞིན་ཧོང་ཀོང་ནང་གི་མང་གཙོའི་གནས་བབ་བརྡལ་བཤིག་བཏང་པ་སོགས་ཀྱི་བྱ་སྤྱོད་ངན་པ་རིགས་མང་དག་ཅིག་བྱས་ཡོད་ཀྱང་། རྒྱལ་སྤྱིའི་ངོས་ནས་དེ་དག་ལ་དོ་སྣང་གང་ཡང་མ་གནང་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་ ༢༠༢༢ ལོའི་རྒྱ་ནག་ནང་གི་ཨོ་རྩལ་རྩེད་འགྲན་མཇུག་སྒྲིལ་ལ་ཉེ་སྟབས་རྒྱ་ནག་གཞུང་ནས་མུ་མཐུད་བོད་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བཅས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། ངོ་བོ། ལེགས་བྱང་དང་བཅས་པ་ཤུལ་ལུས་མ་བཟོ་བའི་གོང་ལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སོ་སོའི་བྱེད་བབ་ཁག་གི་འགན་ཚད་ལྡན་ཞིག་ཁུར་དགོས་པ་བཟོ་དགོས་ཞེས་གསུངས་འདུགཨི་རིའི་རང་དབང་ཁང་པའི་སྙན་ཐོར་བོད་འདི་འཛམ་གླིང་ཐོག་གི་རང་དབང་ཆེས་ཞན་ཤོས་གཉིས་པ་ཡིན་པར་མངོན་གསལ་གནང་བའི་གནས་བབ་དང་། ཉེ་ཆར་ཨོ་རྩལ་གྱི་དུས་སྐབས་སུ་ཨ་རིའི་ Associated Press གསར་ཁང་གི་གསར་འགོད་པ་ཞིག་བོད་ནང་ཕེབས་ཐབས་གནང་སྐབས་འགྲིམ་འགྲུལ་སྣུམ་འཁོར་ནས་ཕྱིར་དབྱུང་བ་སོགས་ཀྱི་གནད་དོན་ཁག་ཅིག་ལུང་འདྲེན་དང་སྦྲགས། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་པ་ཁག དེ་བཞིན་རང་དབང་ཅན་གྱི་གསར་འགོད་པ་རྣམས་ནས་ཐེངས་འདིའི་རྒྱ་ནག་ནང་གི་ཨོ་རྩལ་མཇུག་སྒྲིལ་བྱས་པའི་རྗེས་སུ་བོད་ནང་ལ་རང་དབང་ལྡན་པའི་ཐོག་ནས་སྐྱོད་ཐབས་གནང་དགོས་པ་དང་། རྒྱ་ནག་གི་དམ་དྲག་ཁག་ལ་གདོང་ལེན་ཐུབ་ཆེད་དེ་སྔ་ཨ་རིས་གཏན་འབེབས་གནང་པའི་ The  Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལྟ་བུ་ཞིག་རྒྱལ་སྤྱིའི་རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་གཏན་འབེབས་གནང་གལ་ཡིན་པར་གསུངས་འདུགདེ་བཞིན་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གིས་དབུས་པའི་བོད་པའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་འཆར་གཞི་ལྡན་པའི་ཐོག་ནས་ཐེ་བྱུས་སྣ་ཚོགས་བྱེད་བཞིན་པ་དེ་ནི་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ཐེ་བྱུས་དང་དོ་ཕོག་བཏང་བའི་བྱ་སྤྱོད་ཙམ་ཞིག་མིན་པར་འགྲོ་བ་མིའི་གཞི་རྩའི་ཆོས་དད་རང་དབང་ལ་དོ་ཕོག་བཏང་བ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་མ་འོངས་པར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ལ་ངོས་ལེན་མེད་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་དགོས་པ་དང་། ལོ་ངོ་དྲུག་ཅུ་ལྷག་བཙན་བཟུང་འོག་ཡོད་པའི་བོད་ཀྱི་དཀའ་རྙོག་གསལ་ཐབས་སུ་རྒྱལ་སྤྱིའི་སྲིད་གཞུང་གི་ངོས་ནས་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་རྒྱུར་རྒྱ་ནག་གཞུང་ལ་གོན་ཤུགས་སྤྲོད་དགོས་པ་སོགས་གསུངས་ཡོད།རྒྱ་ནག་གི་ཨོ་རྩལ་དང་འབྲེལ་ནས་ད་རེས་ཨོ་རྩལ་ཁྲོད་གསེར་གྱི་རྟགས་མ་གཉིས་ཐོབ་པ་དང་གངས་རྒྱུག་ཁྲོད་འཛམ་གླིང་གི་ཟིན་ཐོ་གསར་པ་འཇོག་མཁན་སུད་ཌེན་རྒྱལ་ཁབ་ཀྱི་གངས་རྒྱུག་རྩེད་འགྲན་པ་ Nils van der Poel ལགས་རྒྱ་ནག་ནང་གི་རྩེད་འགྲན་ཁག་གྲུབ་རྗེས་ཕྱིར་སུད་ཌེན་ལ་འབྱོར་སྐབས། ཨོ་ལམ་པིཀ་དེ་ནི་རྒྱལ་སྤྱིའི་ཐོག་གི་རྩེད་འགྲན་ཡིད་དུ་འོང་བ་ཞིག་ཆགས་ཀྱི་ཡོད་ཀྱང་། ད་རེས་རྒྱ་ནག་ནང་ཚོགས་པའི་ཨོ་རྩལ་དེ་ནི་དེ་སྔ་ ༡༩༦༣ ལོར་བར་ལིན་དང་། ༢༠༡༤ ལོར་ར་ཤི་ཡ་བཅས་སུ་ཚོགས་པའི་ཨོ་རྩལ་དང་གཅིག་མཚུངས་ཡིན་པར་འགྲེལ་བརྗོད་གནང་བ་ཆབས་ཅིག ད་རེས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་གཏང་མཁན་རྒྱ་ནག་རྒྱལ་ཁབ་ལ་རྒྱལ་སྤྱིའི་ཨོ་རྩལ་གོ་སྒྲིག་བྱ་རྒྱུའི་གོ་སྐབས་སྤྲད་པ་དེ་ནི་དོ་སྣང་དང་འགན་ཁུར་མེད་པའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་ནན་པོ་གནང་ཡོད།

 རྒྱ་ནག་གིས་བོད་མི་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་གསར་འགོད་པ་རྣམས་ལ་དྲག་གནོན།

དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཀྱི་ Coda གསར་ཁང་གི་དྲ་གནས་ཐོག་ཏུ་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་དང་འབྲེལ་བའི་དཔྱད་རྩོམ་ཞིག་ཕྱི་ལ་ཐོན་པའི་ནང་དུ། རྒྱ་ནག་གིས་བོད་དང་ཤིན་ཅང་གི་མཚོན་པའི་གྲངས་ཉུང་མི་རིགས་ཁག་གི་ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་ལ་དྲག་གནོན་འཇིགས་སྐུལ་བྱེད་བཞིན་པ་མ་ཟད། བོད་དོན་དང་ཤིན་ཅང་གི་གནད་དོན་ཐད་ནས་གསར་འགོད་ལས་རིགས་གཉེར་བཞིན་པའི་མི་སྒེར་གྱི་རྒྱ་ནག་ནང་གི་ཡུལ་མི་རྣམས་ལ་སུན་གཙེར་བྱེད་བཞིན་པ་ཡོངས་གྲགས་གནང་འདུགདེ་ཡང་ Coda གསར་ཁང་གི་གསར་འགོད་པ་རྒན་པ་ལྕམ་ ERICA HELLERSTEIN ལགས་ཀྱིས་བྲིས་གནང་བའི་དཔྱད་རྩོམ་དེའི་ནང་དུ། རྩ་བའི་རྒྱ་ནག་གིས་བོད་ཁུལ་གྱི་མཚོན་པའི་གྲངས་ཉུང་མི་རིགས་ས་ཁུལ་ཡོངས་ལ་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་དང་འབྲེལ་ནས། ཉེ་བའི་ལོ་འགའི་སྔོན་ལ་ཕྱི་ཕྱོགས་སུ་གསར་འགོད་ལས་རིགས་གཉེར་མཁན་གྱི་བོད་པའི་གསར་འགོད་པ་ཞིག་ལ་མི་ག་གེ་མོ་ཞིག་གིས་ཁ་པར་བརྒྱུད་ནས་ཆུང་དུས་ཀྱི་གྲོགས་པོ་ཞིག་ཡིན་མདོག་གིས་འཚིག་ཇ་མཉམ་དུ་འཐུང་ས་ཞིག་ནས་ཐུག་འཕྲད་བྱེད་རྒྱུའི་རེ་ཞུ་བཏོན་པ་ལྟར། གསར་འགོད་པ་གང་དེ་ཡུལ་དངོས་སུ་བཅར་སྐབས་ཁོང་སྐད་གཏོང་མཁན་དེ་སློབ་གྲོགས་ཤིག་མིན་པ་ཤེས་གཏོགས་བྱུང་རྗེས་ཁོང་བཙན་ཁྲིད་བྱས་ཏེ།  མི་ག་གེ་མོ་ཁོ་ནི་རྒྱ་ནག་གི་གསང་བའི་ལས་ཁུངས་དང་འབྲེལ་ཡོད་ཅིག་ཡིན་པར་བརྗོད་དེ་ཁོང་གི་ནང་མི་རྣམས་ལ་ཐུག་འཕྲད་བྱས་ཡོད་པའི་འཇིགས་སྐུལ་བྱས་པ་མ་ཟད།  བོད་ནང་གི་གསར་འགྱུར་མཁོ་སྤྲོད་བྱེད་མཁན་སུ་ཡིན་པ་དང་། བརྒྱུད་ལམ་ག་རེ་ཐོག་ནས་གསར་འགྱུར་བསྡུ་ལེན་བྱེད་བཞིན་པ་སོགས་ཀྱི་འདྲི་གཅོད་སྣ་མང་བྱས་པའི་དངོས་དོན་ཞིག་འགྲེལ་བརྗོད་གནང་འདུགརྒྱ་ནག་གིས་འཇིགས་སྐུལ་དང་ཉེན་བརྡ་ཕོག་པའི་བོད་ཀྱི་གསར་འགོད་པ་དེའི་ལས་རོགས་ཤིག་སྟེ། ཨ་རིར་རྟེན་གཞི་བྱས་པའི་ལས་རོགས་གསར་འགོད་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གི་གྲོགས་པོ་གསར་འགོད་པ་དེ་གནད་དོན་འཕྲད་མ་ཐག་ཁོང་གིས་གསར་འགོད་ཀྱི་ལས་གར་ཞུགས་དུས་ཁོང་གི་གཞིས་བཞུགས་ཀྱི་ནང་མི་རྣམས་ལ་ཉེན་ཁ་ཆེ་བས་སེམས་ཁྲལ་ཆེན་པོ་འདུག་ཅེས་བརྗོད་དེ་ཐད་གར་ལས་གནས་ནས་དགོངས་པ་ཞུས་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པར་འཁོད་འདུགགསར་འགོད་པས་གོང་གི་གནད་དོན་དེར་གཞིར་བཞག་གིས། རྒྱ་ནག་གིས་བོད་ནང་ཙམ་དུ་མ་ཡིན་པར། རྒྱལ་སྤྱིའི་སྤྱི་ཚོགས་གང་སར་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་གསར་འགོད་པ་དང་རྩོམ་པ་པོ་རྣམས་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་ཕྱིར་བསྒྲགས་གནང་བ་མ་ཟད། སྤྱིར་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ ༥༥ ལྷག་ཡོད་པར་འགྲེལ་བརྗོད་ཀྱིས། གྲངས་ཉུང་མི་རིགས་ཁག་ཕུད་པའི་ཧན་རིགས་ཀྱི་མི་འབོར་བརྒྱ་ཆ་ ༩༠ ལྷག་ཟིན་ཡོད་པ་དང་། ད་ཆ་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པའི་ཁྲོད། གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་དང་རིག་གཞུང་ལ་དོ་དམ་ནན་མོ་བྱེད་བཞིན་པ་མ་ཟད། མང་ཚོགས་ཁྲོད་རྒྱ་ནག་གི་སྲིད་བྱུས་དང་འབྲེལ་ནས་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་བཞིན་པར་ངོ་སྤྲོད་ཀྱིས། མདོར་ན་རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་གྲངས་ཉུང་མི་རིགས་ཁག་རྒྱ་ནག་གི་རིག་གཞུང་གི་ཤན་ཤུགས་སྤྲོད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག གཞན་ཡང་ཁོང་གིས། རྒྱ་ནག་གིས་བོད་ཁུལ་དུ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་རིག་གཞུང་རྩ་གཏོར་གྱི་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཡོད་ལྟར། ད་ཆ་བོད་ཁུལ་དུ་ལག་བསྟར་བྱས་ཟིན་པའི་སྲིད་བྱུས་དེ་ཤིན་ཅིང་གི་ནང་དུ་སྤེལ་བཞིན་པ་དང་འབྲེལ་ནས། ཨ་རིའི་ངོས་ནས་རྒྱ་ནག་གི་བྱེད་བབ་དེ་ནི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པར་ཕྱིར་བསྒྲགས་བྱས་ཡོད་པ་མངོན་གསལ་དང་སྦྲགས།  ཁོང་གིས་འབྲེལ་ཡོད་ཀྱི་ཆེད་མཁས་བར་བཅར་འདྲི་ཞུས་པའི་ནང་དུ་ཡང་། སྔོན་ཆད་ཀྱི་བོད་ནང་གི་རྒྱ་ནག་དམར་ཤོག་ཀྱི་དྲུང་ཆེ་དེ་ད་ལྟ་ཤིན་ཅང་གི་ནང་གི་དམར་ཤོག་དྲུང་ཆེ་ཆགས་ཡོད་པའི་ཁྲོད། བོད་ཁུལ་དུ་རིག་གཞུང་བསྲེས་སྦྱོར་དང་གསང་བའི་མྱུལ་ཞིབ་སོགས་ཀྱི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་བཞིན། ད་ཆ་ཤིན་ཅང་གི་ནང་དུ་ཡང་ཡུ་གུར་ཁ་ཆེ་བ་མི་མང་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཡོད་པ་དང་མུ་མཐུད་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་གནང་ཡོད་ལུགས་ལུང་འདྲེན་གནང་འདུགཨ་རིའི་ནང་དུ་PEN ཞེས་པའི་སྨྱུ་གུ་ཚོགས་པའི་ངེས་སྟོན་པ། སྐུ་ཞབས James Tager ལགས་ཀྱིས་རྒྱ་ནག་གིས་སྐད་ཆ་དང་རིག་གནས་ཀྱི་སྟོབས་ཤུགས་ནི་མི་རིགས་གང་དེར་སྐུལ་མ་གཏོང་བའི་སྟོབས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་པ་དང་འབྲེལ།  བོད་ཁུལ་དང་ཤིན་ཅང་ནང་གི་རིག་གནས་རྩ་གཏོར་གྱི་སྲིད་བྱུས་ཁག་མངོན་པར་མི་གསལ་བའི་ཐོག་ནས་རྒྱུན་སྐྱོང་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གྱིས།  རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཞི་བའི་ཐོག་ནས་རིག་གནས་ཀྱི་ཐོབ་ཐང་རྩོད་མཁན་རྣམས་ནི་ཉེས་ཅན་དུ་ངོས་འཛིན་བྱེད་བཞིན་ཡོད་པར་བསྒྲགས་འདུག    དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་ Freedom House ཞེས་པའི་རང་དབང་ཁང་པས་ཀྱང་། རྒྱ་ནག་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་ཙམ་མིན་པར། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་རྣམས་ལ་ཡང་འཕྲུལ་ལས་ཀྱིས་གསང་ཉུལ་བྱས་པ་བརྒྱུད་ནས་དངོས་སུ་བརྙས་བཅོས་དང་མནར་གཅོད་གཏོང་གི་ཡོད་པ་ཡོངས་གྲགས་གནང་འདུག གཞི་རྩའི་རྩོམ་ཡིག་དེའི་ནང་དུ་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་གི་སྐད་དང་ཡི་གེ་རྩ་གཏོར་གཏོང་བཞིན་པའི་སྲིད་བྱུས་ཐེར་འདོན་གྱིས། སྲིད་བྱུས་སྣ་མང་གི་ཁྲོད་དུ་རིག་གཞུང་སྲུང་སྐྱོབ་དང་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་རྣམས་ལ་དམ་དྲག  དེ་བཞིན་བོད་དེ་འཛམ་གླིང་ནང་གི་རང་དབང་ཆེས་ཞན་ཤོས་ཀྱི་ས་ཁུལ་ཞིག་ཆགས་ཡོད་པ་ཙམ་དུ་མ་ཟད། ད་ཆ་བོད་ནང་དུ་རྒྱ་ནག་གི་གསང་བའི་ལྟ་སྲུང་གི་འོག་ཏུ་རྒྱ་ནག་གི་དྲག་སྤྱོད་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཕྱིར་སྤྲོད་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་པ་སོགས་དང་འབྲེལ་ནས། ཕྱི་ལོགས་ཀྱི་རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་དངོས་སུ་བོད་ཁུལ་དུ་སྐྱོད་ནས་གནས་ཚུལ་རྒྱུས་ལོན་བྱེད་དགོས་བ་གལ་ཆེན་ཡིན་པ་སོགས་ཀྱི་གནས་ཚུལ་སྤེལ་འདུག  

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་བོད་དོན་སྙན་སེང་།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་གཙོས་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སོགས་ཀྱི་སྐོར་སྙན་སེང་ཞུས་འདུག ཁེ་ཉིན་ཕྱི་ཚེས་ ༡༥ ཉིན་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་བཀྲིས་དོན་གྲུབ་ལགས་རྣམ་གཉིས་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་དང་འབྲེལ་ཡོད་ལས་བྱེད་ Alyx Hoge ལགས་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་བོད་ནང་ལ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་གཙོ་གྱུར་བོད་མིའི་ངོ་བོ་དང་ཆོས་དད་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་སྲིད་བྱུས་ཁག་བསྟུད་མར་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཁག་སྙན་སེང་ཞུས་ཡོད་པ་རེད། སྐུ་ཚབ་དོན་གཅོད་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་རྒྱུར་དབུ་མའི་ལམ་གྱི་ཐོག་ཤར་སྐྱོད་གནང་སྟེ་བོད་རྒྱ་ཕྱོགས་གཉིས་དབར་གྱི་འབྲེལ་མོལ་སླར་གསོ་ཡོང་བར་འབད་བརྩོན་གནང་མུས་ཡིན་པ་དང་། རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ལ་གནོན་ཤུགས་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས་འདུག་པ་དང་། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་འབྲེལ་བ་དམ་ཟབ་ཐོག་ཆོས་དད་རང་དབང་གཙོས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་ལས་གཞི་མཉམ་རུབ་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། སླད་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐུབ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་གསུངས་ཡོད། གཞི་རྩའི་སྐུ་ཞབས་ Rashad Hussain ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་སྐུ་ཚབ་ལ་བསྐོ་གཞག་བྱུང་རྗེས་བོད་མིའི་གནད་ཡོད་མི་སྣ་དང་དངོས་སུ་མཇལ་འཕྲད་བྱུང་བ་ད་རེས་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་དང་དེ་སྔ་ཁོང་གོ་གནས་དེའི་ཐོག་ནས་ཤིན་ཅང་ནང་གི་གནད་དོན་དང་འབྲེལ་ཁ་ཆེ་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་སྲུང་སྐྱོབ་སླད་ཁ་ཆེའི་རྒྱལ་ཁབ་ཚོ་དང་ལྷན་དུ་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་ཕྱག་ལས་གནང་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་དབང་གིས་གར་སོང་ཆ་མེད་དུ་བཏང་བའི་གནས་ཚུལ་ལུང་འདྲེན་དང་སྦྲགས་ཏེ། རྒྱ་ནག་ནི་འཛམ་གླིང་ནང་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་སྟབས་མ་འོངས་པའི་ལས་དོན་ཁྲོད་ཆོས་དད་རང་དབང་གཙོ་གྱུར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྐོར་རྒྱ་ནག་ལ་ཐད་ཀར་བཀའ་མོལ་གནང་གི་ཡིན་ཞེས་གསུངས་ཡོད།

Latest news