Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ལྕམ་སྐུ་ Bachelet མཆོག་གི་རྒྱ་ནག་གི་འཚམས་གཟིགས་དབུ་འཛུགས།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་དེ་རིང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་ Guangzhou གྲོང་ཁྱེར་དུ་ཕེབས་འབྱོར་དང་སྦྲགས་ཏེ་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་ལྷན་མཇལ་མོལ་དབུ་འཛུགས་ཟིན་པ་དང་། ཐེངས་འདིའི་འཚམས་གཟིགས་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ་ལོ་ངོ་ ༡༧ རྗེས་ཆེས་ཐོག་མ་ཆགས་ཡོད་ཀྱང་། ཨ་རི་གཞུང་ངོས་ནས་ཁོང་གི་འཚམས་གཟིགས་ལ་སྐྱོན་བརྗོད་གནང་བ་མ་ཟད་འཚམས་གཟིགས་དེ་དོན་འཁྱོལ་ཡོང་མིན་ཐད་ཐེ་ཚོམ་གྱི་རྣམ་པ་ཤུགས་ཆེར་བཏོན་འདུགགནས་ཚུལ་ཐོན་ཁག་ལ་གཞིགས་ན་ལྕམ་སྐུ་ Bachelet མཆོག་གི་ཐེངས་འདིའི་རྒྱ་ནག་ནང་གི་འཚམས་གཟིགས་ཁྲོད་ཡུལ་དེའི་ལྷོ་ཕྱོགས་སུ་ཆགས་པའི་ Guangzhou གྲོང་ཁྱེར་ཙམ་མ་ཟད་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གཟེར་བའི་གྲོང་ཁྱེར་ Kashgar དང་། རྒྱལ་ས་ Urumqi བཅས་ལ་ཆེད་ཕེབས་གནང་གི་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་ལྕམ་སྐུ་མཆོག་རྒྱ་ནག་ཏུ་ཕེབས་འབྱོར་ཟིན་པ་ཡོངས་གྲགས་གནང་བ་དང་ཆབས་ཅིག ཁོང་ཐེངས་འདིར་རྒྱ་ནག་ལ་ཕེབས་སྐབས་གསར་འགོད་པ་སུ་གང་ལྷན་བཅར་མེད་སྐོར་དང་། མགྱོགས་མྱུར་འཚམས་གཟིགས་དེ་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་པ་གསུངས་འདུག བོད་མི་གཙོ་བོར་འགྱུར་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་ཁག་ཅིག་གིས་ཡུན་རིང་ནས་ངང་འགུག་བྱེད་བཞིན་པའི་ལྕམ་སྐུ་མཆོག་གི་འཚམས་གཟིགས་དེར་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་པ་དང་ཆབས་ཅིག ཁོང་ལ་ཐེངས་འདིའི་འཚམས་གཟིགས་ཁྲོད་ཤིན་ཅང་གི་ངལ་རྩོལ་ར་བར་ཆེད་ཕེབས་དང་བཙོན་ཁང་ནང་ཡོད་པའི་ཡུ་གུར་རང་དབང་རྩོད་ལེན་པ་སོགས་དང་ལྷན་མཇལ་མོལ་གྱི་གོ་སྐབས་ཐོབ་བཅས་དོགས་འདྲི་སྣ་ཚོགས་གླེང་བཞིན་པའི་ཁྲོད། རེས་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས་ལྕམ་ Bachelet མཆོག་འཚམས་གཟིགས་དེ་དང་འབྲེལ་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་རྒྱ་ནག་གཞུང་གིས་ཞིབ་འཇུག་མཐིལ་ཕྱིན་པར་ཡོང་སླད་མཐུན་འགྱུར་གནང་བའི་ཡིད་ཆེས་མེད་ཅེས་གསུངས་འདུག སྐུ་ཞབས་ Ned Price ལགས་ཀྱིས་ད་དུང་དེ་སྔ་ཨ་རིའི་གཞུང་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་གིས་ཤིན་ཅང་མི་རིགས་སྡེབ་གསོད་སོགས་ཀྱི་གནད་དོན་དག་ལ་སྐྱོན་བརྗོད་ཁྲོད་ལྕམ་སྐུ Bachelet མཆོག་གི་རིང་མིན་དེ་འབྲེལ་སྙན་ཐོ་འདོན་སྤེལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་ད་བར་དུས་འགྱངས་བྱས་པར་སྐྱོན་བརྗོད་དང་འབྲེལ། ཤིན་ཅང་ཙམ་མ་ཚད་པར་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་འགྲོ་བ་མིའི་ཐོན་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་སོགས་ལྡོག་ཏུ་མེད་པའི་དཀའ་ངལ་འཕྲང་བཞིན་ཡོད་ཀྱང་། དེ་ལ་ཁོང་གི་ཡ་ལན་མེད་པར་ཁ་ཁུ་སིམ་པོར་བཞུགས་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་པའི་མཇུག་འབྲས་སུ་ངལ་རྩོལ་བ་དག་ལ་དྲང་བདེན་གྱི་ཁྲིམས་མཐུན་རྒྱབ་སྐྱོར་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་རྣམས་ལ་ཉེས་ཆད་གཏོང་དགོས་པ་གསུངས་ཡོད། ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་ Sophie Richardson ལགས་ཀྱིས་ལྕམ་སྐུ་མཆོག་གི་འཚམས་གཟིགས་དེ་རྒྱ་ནག་གཞུང་གི་བཀོད་ཁྱབ་དང་གྲ་སྒྲིག་གཞིར་བཟུང་བྱ་སྲིད་པའི་ཉེན་ཁ་ཡོད་པར་སོང་དོན་དངོས་ཐོག་ཡིད་ཆེས་འཕེར་བ་ཞིག་ཡོང་དཀའ་བའི་གནས་རེད་ཅེས་དང་། ད་ལྟ་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཀྱི་དཀའ་ངལ་ནི་སྔར་ལས་མང་བའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་དེར་བསམ་ཞིབ་ནན་ཏན་གྱིས་ད་ལྟའི་གཙོ་འཛིན་མཆོག་ནས་འཚམས་གཟིགས་འདི་དོན་འཁྱོལ་ཡོང་བ་ཞིག་ངེས་པར་དུ་དགོས་ཀྱི་རེད་ཅེས་གསུངས་འདུག ལྷག་དོན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཤེས་རྟོགས་ཐུབ་སླད་གཙོ་འཛིན་ཆོག་བོད་ནང་དུ་ངེས་པར་དུ་ཕེབས་དགོས་ཞེས་གསུངས་འདུག གཞི་རྩའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གོང་མ་ Louise Arbour མཆོག་དེ་སྔ་ ༢༠༠༥ ལོར་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཡོད་ཀྱང་རྒྱ་ནག་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་དམིགས་བསལ་དོན་འབྲས་སོན་པའི་ནུས་པ་ཐོན་མེད།

ལྕམསྐུ་ Michelle Bachelet མཆོག་གཟའ་འཁོར་རྗེས་མར་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གཟའ་ཁོར་རྗེས་མར་རྒྱ་ནག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་ཡོད་པ་ཡོངས་བསྒྲགས་གནང་འདུགབརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། འདས་པའི་ལོ་མང་རིང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ཤིན་ཅང་གཙོས་རྒྱ་ནག་ནང་རང་དབང་དང་དོན་སྙིང་ལྡན་པའི་སྐོར་སྐྱོད་ཅིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་པའི་ཁྲོད་འདིར་ཁ་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མགྲིན་ཚབ་པ་ལྕམ་ Liz Throssell ལགས་ཀྱིས་ཁོང་གི་ལས་ཁུངས་ནས་དེ་སྔ་ལྕམ་སྐུ་ Bachelet མཆོག་ཟླ་བ་འདིའི་ནང་དངོས་སུ་ཤིན་ཅང་གཙོ་བོར་གྱུར་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་ས་ཁུལ་ཁག་ཏུ་སྐོར་སྐྱོད་གནང་གི་ཡོད་པ་ཡོངས་བསྒྲགས་གནང་ཟིན་པ་ལྟར་གང་མགྱོགས་ཕེབས་འཆར་ཡོད་པ་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཀྱང་རྒྱ་ནག་ནང་དེ་འབྲེལ་སྐོར་སྐྱོད་གྲ་སྒྲིག་དང་འབྲེལ་ནས་སྔོན་ཚོད་ནས་ཕེབས་འབྱོར་གྱིས་ད་ཆ་ཟུར་བཀག་གི་དུས་ཡུན་རྫོགས་ཟིན་ཡོད་པར་གསུངས་འདུག ལྕམ་སྐུ་ Bachelet མཆོག་གི་ཐེངས་འདིའི་སྐོར་སྐྱོད་ལ་མཚོན་ན། ཁོང་རྒྱ་ནག་ཏུ་འབྱོར་མ་ཐག་ཁུལ་དེར་ཟུར་བཀག་ལ་བཞུགས་དགོས་ཀྱི་མེད་པ་དང་གཟའ་འཁོར་གཅིག་གི་འཚམས་གཟིགས་ཁྲོད་རྒྱ་ནག་གི་ Guangzhou གྲོང་ཁྱེར་དང་ཤིན་ཅང་ནང་སྐོར་སྐྱོད་གནང་གི་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་དམ་དྲག་རྐྱེན་པས་པེ་ཅིང་ནང་ཕེབས་ཀྱི་མེད་པ་དང་། འཚམས་གཟིགས་དེའི་སྐབས་ལྕམ་སྐུ་མཆོག་ནས་རྒྱ་ནག་གི་དཔོན་རིགས་བགྲེས་པ་ཁག་ཅིག་གཙོས་གཞུང་འབྲེལ་མི་སོགས་དང་ཐུག་འཕྲད་གནང་སྟེ་གཙོ་བོ་རྒྱ་ནག་རྒྱལ་ནང་གཙོས་གོ་ལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་རྒྱུ་དང་། ལྷག་དོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་དབར་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཡོང་རྒྱུར་རེ་བ་གནང་བཞིན་འདུགརྩ་བའི་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་ནས་ལྕམ་སྐུ་  Michelle Bachelet མཆོག་རིང་མིན་ལོ་འདིའི་ཕྱི་ཟླ་ ༥ ནང་ཤིན་ཅང་གཙོས་རྒྱ་ནག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བ་ཡོངས་གྲགས་གནང་ཡོད་ཀྱང་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༢ ནང་འདོན་སྤེལ་གནང་འཆར་སྐོར་གསུངས་པའི་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་སྙན་ཐོ་སྐོར་གང་ཡང་གསུངས་མེད་སྟབས། རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་ཚོགས་པ་ཁག་མཉམ་འབྲེལ་ཐོག་དེ་འབྲེལ་སྙན་ཐོ་གང་མགྱོགས་འདོན་སྤེལ་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པའི་མཚམས་སུ་ཉེ་ཆར་ལྕམ་སྐུ་ Liz Throssell ལགས་ཀྱིས་དེ་འབྲེལ་སྙན་ཐོ་དེ་ལྕམ་སྐུ་ Bachelet མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་ལ་འདོན་སྤེལ་གནང་འཆར་མེད་ལ་སྙན་ཐོ་དེ་ཐད་ཀར་རྒྱ་ནག་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་དང་པོ་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་དགོས་པར་བརྟེན་ད་ལྟའི་ཆར་སྙན་ཐོ་དེ་མང་ཚོགས་ཁྲོད་འདོན་སྤེལ་ནམ་གནང་ཐུབ་མིན་གྱི་འཆར་གཞི་གང་ཡང་མེད་སྐོར་གསལ་བཤད་གནང་འདུག China Human Rights Defenders ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་སྲུང་སྐྱོབ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་William Nee ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་ཐོབ་ཐང་ནས་ད་བར་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་སྙན་ཐོ་དེ་དུས་འགྱངས་ཀྱིས་འདོན་སྤེལ་མ་གནང་བ་འདི་ནི་བསམ་བརྗོད་ལས་འདས་པ་ཞིག་དང་ལྷག་དོན་ཐེངས་འདིའི་སྐོར་སྐྱོད་དེ་ཡིད་ཆེས་འཕེར་བ་ཞིག་ཡོང་མིན་ཐད་སེམས་འཚབ་ཀྱི་རྣམ་པ་བསྟན་པ་མ་ཟད། སྐོར་སྐྱོད་དེ་ལྕམ་སྐུ་མཆོག་ལ་བཟློག་ཏུ་མེད་པའི་བཙན་དབང་གིས་རྒྱ་ནག་གི་སྐོར་སྲུང་མི་སྣའི་ཚོད་འཛིན་འོག་ལ་གནང་དགོས་ངེས་ཡིན་པར་ཟུར་ཟ་གནང་འདུག གཞི་རྩའི་ལྕམ་སྐུ་ Bachelet མཆོག་ཟླ་བ་འདི་ནང་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་གཏན་ཁེལ་བ་དང་འབྲེལ། གཟའ་འཁོར་སྔོན་མར་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་ཁུངས་ཨ་མའི་མདུན་དུ་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་སྣེ་ཁྲིད་གནང་སྟེ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཡུ་གུར་དང་བོད་མི། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཚོགས་སྡེ་ཁག་ཉི་ཤུས་མཉམ་འབྲེལ་ཐོག་གཙོ་འཛིན་ Bachelet མཆོག་གི་ཐག་གཅོད་ལ་སྐྱོན་བརྗོད་ཀྱིས་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། ལྕམ་སྐུ་མཆོག་མཆོག་གི་ངོས་ནས་ད་བར་དུས་འགྱངས་ཀྱིས་འདོན་སྤེལ་མ་གནང་བའི་ཤར་ཏུ་ཀི་སིཐན་ནང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དེ་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་དུ་ངེས་པར་དུ་འདོན་སྤེལ་གནང་དགོས་པར་བསྐྱར་ནན་གནང་ཡོད་པ་རེད།

ལྕམ་སྐུ་ Uzra Zeya མཆོག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་པ་དེས་རྒྱ་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཞིག་མཚོན་གྱི་ཡོད།

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་འབྱོར་གནང་སྟེ། ཉིན་འཁྱོངས་རིང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་ཁག་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་སུ་གཟིགས་ཞིབ་གནང་སོང་།སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་བཞེས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཞུགས་སྒར་དུ་ཕེབས་པ་འདིས་རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུངས་སོང་། དེ་རིང་སྔ་དྲོ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་བྱུང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་སོགས་དང་དེ་བཞིན་བཞུགས་སྒར་དུ་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་མི་རྣམས་ཀྱིས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་། ཨ་རི་དང་བོད་ཀྱི་རྒྱལ་དར་བསྣམས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་བར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། ཕེབས་བསུའི་མཛད་རིམ་ཁག་གྲུབ་མཚམས་སུ་ལྕམ་སྐུ་ Uzra Zeya མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་བོད་ཀྱི་འགྲེམས་སྟོན་ཁང་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་སུ་འཚམས་གཟིགས་གནང་ཡོད། ལྷག་དོན་ཉིན་རྒྱབ་ཏུ་ལྕམ་སྐུ་ Uzra Zeya མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་ལྷན་དུ་བོད་དོན་སྐོར་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེའི་ཚོགས་འདུ་གྲུབ་མཚམས་སུ་ལྕམ་སྐུ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་དང་སྦྲགས་ཏེ་ཆུ་ཚོད་ཕྱེད་ཀ་ལྷག་གི་རིང་ལ་ཚོགས་གཙོ་སྦྲེལ་པོ་དབུས་སྤྱི་འཐུས་རྣམས་དང་བཀའ་མོལ་གནང་ཡོད།  སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་གནང་གྲུབ་མཚམས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གྲོས་ཚོགས་ནང་གི་འཚམས་གཟིགས་དང་འབྲེལ་བའི་གསར་འགོད་པའི་བཅར་འདྲི་དང་བཞེས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཆེད་མངགས་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་ཏེ་བོད་མི་སྒྲིག་འཛུགས་ལ་འཚམས་གཟིགས་གནང་བ་དེས་བོད་ཀྱི་ངོ་བོ་གསལ་པོ་རྟོགས་ཐུབ་པའི་གནས་སྟངས་ཆགས་པ་མ་ཚད་པར་རྒྱ་ནག་ཕྱོགས་ནས་ཀྱང་བོད་ཀྱི་གནད་དོན་འདི་བཏང་སྙོམས་སུ་འཇོག་ཐབས་མེད་པའི་གནས་སྟངས་ཆགས་ཡོད་སྟབས། ཁོང་གི་འཚམས་གཟིགས་འདིས་རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུངས་སོང་། ཚོགས་གཙོ་མཆོག་གིས་འཚམས་གཟིགས་འདིས་ཨ་རི་གཞུང་ནས་བོད་དོན་ཐོག་ལ་ཐུགས་སྣང་ཡོད་པ་གསལ་པོ་མཚོན་པ་དང་ལྷག་པར་དུ་མཇལ་མོལ་སྐབས་སུ་ལྕམ་སྐུ་མཆོག་ལ་བོད་མིའི་མང་གཙོའི་འཕེལ་རིམ་སོགས་ངོ་སྤྲོད་ཞུས་ཡོད་པ་དང་། ལྕམ་སྐུ་མཆོག་གིས་ཀྱང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་རྒྱ་ནག་གཞུང་དབར་གྲོས་མོལ་མཐུད་ཐབས་ལ་ཤུགས་སྣོན་རྒྱག་རྒྱུའི་ཞལ་བཞེས་གནང་ཡོད་པར་གསུངས་ཡོད།ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གི་དེ་རིང་ཉིན་དང་པོའི་འཚམས་གཟིགས་ཁྲོད་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་བཞེས་གནང་མེད་པ་རེད། མཛད་རིམ་ལ་གཞིགས་ན། ལྕམ་སྐུ་མཆོག་སང་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་རྒྱས་མཇལ་མོལ་གནང་རྒྱུ་དང་། དེ་རྗེས་དྷ་སྟེང་བོད་ཁྱིམ་གཙོས་བཞུགས་སྒར་ཁུལ་གྱི་བོད་མིའི་ཤེས་ཡོན་དང་རིག་གཞུང་བསྟི་གནས་ཁག་ཅིག་ལ་འཚམས་གཟིགས་གནང་གི་ཡོད་པ་རེད། གཞི་རྩའི་ཨ་རི་གཞུང་གིས་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཆེས་ཐོག་མ་བསྐོ་གཞག་གནང་བ་ནས་བཟུང་ལྕམ་སྐུ་ Uzra Zeya མཆོག་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བདུན་པ་དེ་ཆགས་ཀྱི་ཡོད་པ་དང་། ལྕམ་སྐུ་མཆོག་དེ་རིང་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་སྐབས་བཞུགས་སྒར་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་མང་ཚོགས་རྣམས་ཀྱིས་དགའ་སྤྲོ་ཆེན་པོའི་ཐོག་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཞིག་དང་། ཨ་རི་གཞུང་ནས་བོད་མི་ཚོར་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་སྔར་ལྷག་གནང་བའི་རེ་བ་ཡོད་སྐོར་གསུངས་ཡོད། འབྲེལ་ཡོད་པར་ཁག་གཅིག་གི་བདག་དབང་གྲོས་ཚོགས་དང་བོད་མིའི་སྒྲིག་འཛུགས་ལ་ཡོད།

G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་བོད་དུ་རང་དབང་ཐོག་སྐོར་སྐྱོད་ཆོག་པའི་དགོས་འདུན་མངོན་གསལ། 

G7ཞེས་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པས་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས་ཏེ་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གཙོས་རང་དབང་རྟོག་ཞིབ་པ་རྣམས་འཕྲལ་མར་ཁུལ་དེ་དག་ཏུ་བཀག་སྡོམ་གང་ཡང་མེད་པར་རང་དབང་ཐོག་སྐྱོད་འཇུག་དགོས་པའི་དགོས་འདུན་མངོན་གསལ་གནང་འདུགའཇར་མ་ནི་གཞུང་གི་གོ་སྒྲིག་འོག་ཉེ་ཆར་ཡུལ་དེར་ G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་ཉིན་གསུམ་རིང་ཚོགས་འདུ་ཞིག་ཚོགས་པ་དང་འབྲེལ་ཕྱི་ཚེས་ ༡༤ ཉིན་གཞུང་འབྲེལ་གྱི་སྤྱི་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་སྒོས་བོད་དང་ཤིན་ཅང་ནང་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲིམས་དང་མཐུན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པར་ནན་སྐུལ་གནང་འདུགཕྱི་སྲིད་བློན་ཆེན་རྣམ་པས་སྤྱི་བསྒྲགས་འདིའི་ཐོག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་རིང་མིན་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་དང་བསྟུན་ཁོང་གིས་གཙོས་པའི་རང་དབང་ཅན་གྱི་རྟོག་ཞིབ་པ་རྣམས་བོད་དང་ཤིན་ཅང་གི་ས་ཁུལ་ཁག་ཏུ་བཀག་སྡོམ་གང་ཡང་མེད་པར་ཕེབས་འཇུག་སྟེ་དོན་དམ་པའི་ཞིབ་འཇུག་ཡོང་ཐབས་དགོས་པའི་ཞུ་སྐུལ་གནང་འདུགདེ་བཞིན་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་དག་ལ་བརྩི་སྲུང་ཞུས་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་དང་འབྲེལ། འཕྲོད་བསྟེན་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐོག་ཞབས་འདེགས་ཞུ་ཐུབ་པའི་རེ་བ་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་ནང་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་དོན་ལ་སྐྱོན་བརྗོད་དང་འབྲེལ་ཏེ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ངལ་རྩོལ་ཁྲིམས་སྒྲིག་གྱི་དོན་ཚན་ ༢༩ དང་ ༡༠༥ ལ་ཁྲིམས་མཐུན་གཏན་འབེབས་བྱས་ནས་དེ་དག་དོན་འབྲས་སྨིན་པའི་ལག་བསྟར་ཡོང་བར་ནན་སྐུལ་གནང་ཡོད།G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་སྤྱི་བསྒྲགས་དེ་སྤེལ་མ་ཐག་ཏུ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལྷན་ཚོགས་དེའི་ངོས་ནས་ཐེངས་འདིའི་སྤྱི་བསྒྲགས་བརྒྱུད་དེ་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ངོས་འཛིན་གནང་བ་དེར་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་ལས་འགུལ་ཁང་གི་བལ་བརྒལ་ཚོགས་གཙོ་བུ་ཆུང་ཚེ་རིང་ལགས་ཀྱིས་བོད་དེ་འཛམ་གླིང་ཡུལ་སྐོར་སྤྲོ་འཆམ་པ་དང་ཕྱིའི་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ། གསར་འགོད་པ། རང་དབང་རྟོག་ཞིབ་པ་སོགས་སུ་གང་ཕེབས་མ་ཐུབ་པའི་ཆེས་དམ་དྲག་ཆེ་བའི་ས་ཁུལ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་བ་དང་ཆབས་ཅིག་ཏུ་བོད་འདི་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁ་བྲལ་བཏང་བ་ལྟ་བུའི་བྱེད་བབ་དེ་ནི་རྒྱ་ནག་གཞུང་གིས་ཆེད་མངགས་རྒྱལ་སྤྱིའི་ཁྲིམས་ལ་ཆ་འཇོག་མེད་པར་བོད་ནང་གི་བོད་མི་རྣམས་ལ་བཙན་གནོན་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་སྐོར་གསུངས་འདུགབུ་ཆུང་ཚེ་རིང་ལགས་ཀྱིས་ G7 ལྷན་ཚོགས་གཙོས་པའི་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ནི་བོད་མི་ཁོ་ན་ཙམ་མིན་པར་རྒྱལ་སྤྱིའི་ཁྱོན་ལ་ཆེས་གནད་ཆེ་ཆགས་ཡོད་པར་གསུངས་འདུགགཞི་རྩའི་ G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་སྤྱི་བསྒྲགས་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Bachelet མཆོག་རིང་མིན་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་འཆར་ཡོད་པའི་ཁྲོད་འདོན་སྤེལ་གནང་བ་ཞིག་ཡིན་པ་དང་། བུ་ཆུང་ཚེ་རིང་ལགས་ཀྱིས་ལྕམ་སྐུ་ Bachelet མཆོག་གི་ཐེངས་འདིའི་སྤྱི་བསྒྲགས་དེ་བོད་ནང་རང་དབང་ཐོག་ནས་ཕེབས་ཐུབ་རྒྱུར་སེམས་སྐུལ་སྤེལ་བའི་གཞི་རྩར་ངོས་འཛིན་གནང་བའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།སྤྱིར་ཉེ་ལམ་ཕྱི་ཚེས་ ༡༣ ཉིན་ཡུ་གུར་མཐུན་ཚོགས་ཀྱི་སྣེ་ཁྲིད་འོག་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཡུ་གུར་དང་བོད་མི། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཚོགས་སྡེ་ཁག་ཉི་ཤུས་མཉམ་འབྲེལ་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Bachelet མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་གཏན་ཁེལ་བའི་དུས་མཚམས་དེར་ཁོང་གིས་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཁོང་རྒྱ་ནག་ཏུ་འཚམས་གཟིགས་གནང་རྒྱུར་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་སོགས་སྤེལ་ཡོད་པ་དང་། ཡང་ཟླ་འདིའི་ཚེས་ ༢ ཉིན་བོད་མི་སྒྲིག་འཛུགས་ཀྱིས་ལྕམ་སྐུ་ Bachelet མཆོག་ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེ་མཐོང་སྲུང་པའི་ཐོག་བོད་ལ་ཕེབས་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

Michelle Bachelet མཆོག་རྒྱ་ནག་ཏུ་འཚམས་གཟིགས་གནང་རྒྱུར་ངོ་རྒོལ་གནང་བ།  

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་མོར་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་ཁུངས་ཨ་མའི་མདུན་དུ་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་སྣེ་ཁྲིད་གནང་སྟེ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཡུ་གུར་དང་བོད་མི། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཚོགས་སྡེ་ཁག་ཉི་ཤུས་མཉམ་འབྲེལ་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Michelle Bachelet མཆོག་ཟླ་བ་འདིའི་ནང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་གཏན་ཁེལ་བའི་དུས་མཚམས་འདིར་ Mc Bachelet མཆོག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཁོང་རྒྱ་ནག་ཏུ་འཚམས་གཟིགས་གནང་རྒྱུར་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་སྤེལ་སོང་།ངོ་རྒོལ་གྱི་ལས་འགུལ་དང་བསྟུན་ཚོགས་པ་ཁག་ཉི་ཤུས་མཉམ་འབྲེལ་ཐོག་གསར་འགོད་སྤྱིར་བསྒྲགས་ཤིག་སྤེལ་སོང་བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Mc Bachelet མཆོག་གི་ངོས་ནས་ད་བར་དུས་འགྱངས་ཀྱིས་འདོན་སྤེལ་མ་གནང་བའི་ཤར་ཏུ་ཀི་སིཐན་ནང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དེ་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་དུ་ངེས་པར་དུ་འདོན་སྤེལ་གནང་དགོས་པར་བསྐྱར་ནན་གནང་བ་མ་ཟད། གཙོ་འཛིན་མཆོག་ནས་ཐེངས་འདིའི་རྒྱ་ནག་ཏུ་འཚམས་གཟིགས་མ་ཕེབས་པའི་སྔ་རོལ་དུ་རྒྱ་ནག་གི་བཙན་གནོན་འོག་དཀའ་སྡུག་མྱངས་པའི་ཡུ་གུར་བ་དང་བོད་མི། དེ་བཞིན་ཧོང་ཀོང་བ་སོགས་ཀྱི་འབྲེལ་ཡོད་ཁག་དང་ལྷན་དུ་ཐུག་འཕྲད་གནང་དགོས་པ་དང། ཐེངས་འདིའི་གཙོ་འཛིན་མཆོག་གི་རྒྱ་ནག་གི་འཚམས་གཟིགས་དང་འབྲེལ་ནས་ད་བར་ཡུ་གུར་བ་དང་བོད་མི་མཚོན་པའི་འབྲེལ་ཡོད་ཚོགས་སྡེ་ཁག་དང་ཆབ་སྲིད་བཙོན་ཟུར་སོགས་ནས་གཙོ་འཛིན་མཆོག་ལ་ས་ཁུལ་དེ་དག་ནང་གི་དཀའ་སྡུག་དང་མང་ཚོགས་ཀྱི་རེ་འདུན་ཞུ་འབོད་སྙན་སེང་ཞུས་པ་ཁག་ལ་གཙོ་འཛིན་མཆོག་གི་སྣེ་ཁྲིད་པའི་ལས་ཁུངས་ནས་ད་བར་ཁ་གསལ་གྱི་ལན་འདེབས་གང་ཡང་གནང་མེད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེར་གནང་འདུགརྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་གོང་འཁོད་ཚོགས་སྡེ་ཁག་གིས་ད་བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Mc Bachelet མཆོག་ལ་སྔ་རྗེས་སུ་ཞུ་འབོད་གནང་བར་ཡ་ལན་གང་ཡང་གནང་མེད་སྟབས་ད་ལན་རྒྱ་ནག་གི་བཙོན་གནོན་འོག་ཏུ་ཡོད་པའི་ཡུ་གུར་དང་བོད་མི་མཚོན་པའི་ཚོགས་སྡེ་ཁག་མཉམ་འབྲེལ་ཐོག་ནས་ངོ་རྒོལ་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་ཞིག་ཆགས་ཀྱི་འདུགསྐབས་དེར་ལས་འགུལ་བ་རྣམས་ཀྱིས་རྒྱལ་ཚོགས་ཀྱི་མདུན་ཐང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་ལས་ཁུངས་བར་ཞི་བའི་གོམ་བགྲོད་གནང་བ་མ་ཟད། མཐར་གཙོ་འཛིན་མཆོག་གི་ལས་ཁུངས་མདུན་དུ་ངོ་རྒོལ་གྱི་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང།ལས་འགུལ་ནངལས་འགུལ་སྣེ་ཁྲིད་གནང་མཁན་འཛམ་གླིང་ཡུ་གུར་མཐུན་ཚོགས་གཙོས་ཡོ་རོབ་ཡུ་གུར་ཚོགས་པ་ཁག གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་སྐུ་ཚབ། ཇི་ནི་ཝ་སྐུ་ཚབ་དོན་གཅོད་ཁང་། སུད་སི་དང་ལི་ཏིག་སིཌཡན་བོད་རིགས་མི་མང་། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། སུད་བོད་མཐུན་ཚོགས་བཅས་མཉམ་ཞུགས་གནང་འདུགརྩ་བའི་ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་རྒྱལ་ཚོགས་སྔོན་འགྲོའི་གཟིགས་སྐོར་ཚོགས་ཆུང་རྒྱ་ནག་ཏུ་འབྱོར་ཟིན་ཡོད་པ་དང། གཙོ་འཛིན་ Bachelet མཆོག་གི་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ནང་འཚམས་གཟིགས་གནང་འཆར་ཡོད་པ་རེད། ཁོ་མོའི་ཐེངས་དེའི་འཚམས་གཟིགས་དང་འབྲེལ་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་རྒྱལ་སྤྱིའི་ནང་གི་ཚོགས་སྐྱིད་ཁག་ ༢༢༠ མཉམ་འབྲེལ་གྱིས་སྤྱིར་བསྒྲགས་ཤིག་སྤེལ་ནས་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་ཐེངས་འདིའི་འཚམས་གཟིགས་འདིར་བློ་འཚབ་ཡོད་སྐོར་གསུངས་པ་དང་སྦྲགས། གཙོ་འཛིན་མཆོག་གི་འཚམས་གཟིགས་དེ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། དེ་བཞིན་ཧོ་ཀོང་དང་ལྷོ་སོག་གཙོས་ད་བར་རྒྱ་ནག་གི་མངའ་འོག་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མང་ཚོགས་ཐོག་དྲག་གནོན་བྱས་པའི་རྒྱ་ནག་གཞུང་གི་བྱ་ངན་དེ་དག་དག་སེལ་བྱ་རྒྱུའི་ལག་ཆ་ལྟ་བུ་ཆགས་སྲིད་པའི་ཉེན་ཁ་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག གཙོ་འཛིན་མཆོག་ནས་རྒྱ་ནག་ཏུ་ཕེབས་རྒྱུའི་འཚམས་གཟིགས་དེ་འཕྲལ་མར་དུས་འགྱངས་གནང་དགོས་ཞེས་དགོས་འདུན་བཏོན་ཡོད།

བོད་པའི་བེུད་གཅིག་ཨ་རིའི་ཝ་ཤིན་ཊོན་མངའ་སྡེའི་ Clark County ཁུལ་གྱི་ཁྲིམས་དཔོན་ལ་བསྐོ་གཞག

ཨ་རིའི་ Washington མངའ་སྡེའི་ Clark County ཁུལ་དུ་གནས་བཞུགས་བོད་པའི་བེུད་ཚེ་རིང་ Cornell ལགས་ཁུལ་དེའི་ས་གནས་ཁྲིམས་དཔོན་དུ་བསྐོ་གཞག་གནང་འདུག ཟླབ་འདིའི་ཚེས་ ༡༡ ཉིན་ཨ་རིའི་ཝ་ཤིན་ཊོན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Jay Inslee ལགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་བ་རྗེས་མའི་ཟླ་མཇུག་ཏུ་འཁྱུར་ལ་ཉེ་བའི་ Clark County ཁུལ་གྱི་ཁྲིམས་དཔོན་སྐུ་ཞབས་ Scott Collier ལགས་ཀྱི་ཚབ་ཏུ་ཁྲིམས་དཔོན་གསར་པ་ཁུལ་དེར་གནས་བཞུགས་ཚེ་རིང་ Cornell ལགས་བསྐོ་གཞག་གནང་གཏན་འཁེལ་ཡོད་པ་དང་ཁོང་རིང་མིན་ཕྱི་ཟླ་ ༧ ཚེས་ ༡ ནས་ལས་འགན་དངོས་སུ་བཞེས་རྒྱུ་ཡིན་པ་གསུངས་འདུག གསར་འགོད་པས་ཁོང་ལ་ཁྲིམས་དཔོན་དུ་བསྐོ་གཞག་བྱུང་བར་ཐུགས་ཚོར་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་རང་ཉིད་ལ་ལས་འགན་གནད་ཆེ་བཞེས་རྒྱུ་བྱུང་བར་དགའ་སྤོབས་ཚད་མེད་བྱུང་སོང་ཞེས་དང་། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་དང་དེ་བཞིན་ཁོང་གི་ཕ་མ་རྣམ་གཉིས་ཀྱིས་གཙོས་པའི་ལམ་སྟོམ་གནང་མཁན་རྣམ་པའི་རྒྱབ་སྐྱོར་ལ་བརྟེན་ནས་གོ་སྐབས་དེ་ལྟར་ཐོབ་ཡོད་སྐོར་གསུངས་སོང་། ཚེ་རིང་ Cornell ལགས་ས་གནས་ཀྱི་ཁྲིམས་དཔོན་གསར་པར་བསྐོ་གཞག་བྱུང་བའི་གནས་ཚུལ་ཐོན་འཕྲལ་ཁ་སང་ The Columbian གསར་ཁང་གིས་ཁོང་ལ་དམིགས་བསལ་བཀའ་འདྲི་ཞུས་པར་ཚེ་རིང་ལགས་ཀྱིས་ཁོང་ས་གནས་ཀྱི་ཁྲིམས་དཔོན་དུ་བསྐོ་གཞག་བྱུང་བ་ནི་ལས་འགན་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། རང་ཉིད་ཀྱི་ངོས་ནས་འབད་བརྩོན་གང་ཐུབ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་དང་། ལྷག་དོན་ས་ཁུལ་དེ་ནི་ཁོང་གི་ཁྱིམ་དང་ཁོང་ས་ཁུལ་དེའི་བོུ་ཞིག་ཡིན་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་རང་ཉིད་ཀྱི་འཇོན་ནུས་གང་ཡོད་རྣམས་ལ་གཞིགས་ཏེ་ཁུལ་དེའི་མང་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུ་ཡིན་ཞེས་གསུངས་འདུག ཚེ་རིང་ Cornell ལགས་ནི་ཨ་རིའི་ Oregon མངའ་སྡེའི་གྲོང་ཁྱེར་ Astoria དུ་སྐྱེས་ཤིང་། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་ Dartmouth མཐོ་རིམ་སློབ་གྲྭ་དང་གཙུག་ལག་རབ་འབྱམས་པའི་སློབ་གཉེར་ California ནང་རྟེན་གཞི་བྱས་པའི་ Alliant རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ནས་གནང་ཡོད་པ་དང་། ཕྱིས་སུ་ California གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ཀྱི་ཕྱག་འཁྱེར་བཞེས་ཏེ་ད་བར་གཞི་རིམ་དགེ་རྒན་དང་ Olympia མངའ་སྡེའི་ཁྲིམས་དོན་སྤྱི་ཁྱབ་དང་དྲུང་ཆེ་བཅས་གནང་ཡོད་པ་མ་ཟད། ཁོང་ Clark County ཁུལ་གྱི་དང་བླངས་ཁྲིམས་རྩོད་ལས་གཞིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ཨ་རི་ནུབ་བྱང་བོད་ཀྱི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཀྱང་གནང་མྱོང་ཡོད་པ་རེད།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བལ་ཡུལ་ནང་འཚམས་གཟིགས་གནང་རྒྱུ།

ཁ་ཉིན་ཕྱི་ཚེས་ ༡༠ ཉིན་ཨ་རིའི་རྒྱལ་ས་ Washington DC ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་ཨ་རིར་རྟེན་གཞི་བྱས་པའི་བལ་ཡུལ་གཞུང་ཚབ་པ་སྐུ་ཞབས་ Shridar Khatri ལགས་རྣམ་གཉིས་མཇལ་མོལ་གནང་ཡོད་པ་དང་ལྕམ་སྐུ་མཆོག་ཟླ་བ་འདིའི་གཟའ་འཁོར་གསུམ་པར་བལ་ཡུལ་དུ་འཚམས་གཟིགས་གནང་གི་ཡོད་པ་རེད།ལྕམ་སྐུ་ Uzra Zeya མཆོག་གིས་རང་ཉིད་ཀྱི་ twitter དྲྭ་ལམ་ཐོག་ཨ་རིར་རྟེན་གཞི་བྱས་པའི་བལ་ཡུལ་གཞུང་ཚབ་པ་སྐུ་ཞབས་ Shridar Khatri ལགས་དང་མཇལ་འཕྲད་གནང་བའི་པར་རིས་དང་ལྷན་བལ་ཡུལ་གཞུང་ཚབ་པ་དང་མཇལ་མོལ་བྱུང་བར་དགའ་པོ་བྱུང་ཞེས་དང་། མཇལ་མོལ་ཁྲོད་ཨ་རི་དང་བལ་ཡུལ་གཉིས་ཀྱི་མང་གཙོ་གོང་སྤེལ་གྱི་འབྲེལ་ལམ་དམ་ཟབ་ཀྱི་གནད་དོན་གཙོས་བེུད་ཀྱི་ཐོབ་ཐང་སོགས་གནད་དོན་མང་དག་ཐོག་བཀའ་བསྡུར་ལྷུག་པོ་བྱུང་ཡོད་སྐོར་བཀོད་འདུགདེ་བཞིན་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་ཁྲོད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བལ་ཡུལ་ནང་འཚམས་གཟིགས་གནང་རྒྱུའི་སྐོར་བཀའ་མོལ་བྱུང་བ་ལྟར་ལྕམ་སྐུ་མཆོག་ཟླ་བ་འདིའི་བདུན་ཕྲག་གསུམ་པར་ཁུལ་དེར་ཆེད་ཕེབས་གནང་རྒྱུ་དང་འཚམས་གཟིགས་ཁྲོད་རྒྱལ་ཁབ་གཉིས་ཀྱི་གནད་དོན་དང་ལྷག་པར་དུ་བལ་ཡུལ་ཁུལ་དུ་གནས་སྡོད་གནང་མཁན་བཙན་བྱོལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དང་འབྲེལ་བའི་ཐོག་བལ་ཡུལ་གཞུང་དང་ལྷན་དུ་བཀའ་བསྡུར་གནང་ངེས་ཡིན་སྐོར་གསུངས་འདུགཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་གནང་སྐབས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་མཇལ་འཕྲད་གནང་སྟེ་བོད་ཀྱི་ལོ་རྒྱུས་གནས་བབ་དང་ད་ལྟའི་བོད་ནང་གི་གནས་སྟངས། བོད་རྒྱའི་དཀའ་རྙོག་སེལ་ཐབས། བོད་རྒྱ་གྲོས་མོལ་ཡོང་ཐབས་སུ་ཐབས་ལམ་གསར་པ་ཇི་ཡོད། དེ་བཞིན་མ་འོངས་ཕྱག་ལས་གནང་ཕྱོགས་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་བཀའ་མོལ་གནང་ཡོད་པ་མ་ཟད། སྐབས་དེར་ལྕམ་སྐུ་ Uzra Zeya མཆོག་གིས་ཀྱང་སྐུ་སྒེར་གྱི་འཕྲུལ་སྒྲར་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་ཀྱི་སྐུ་པར་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་བྱུང་བར་དགའ་པོ་བྱུང་ཞེས་དང་། ཨ་རིའི་ངོས་ནས་བོད་ཀྱི་ཆོས་དང་སྐད་ཡིག་གཙོས་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་སྲུང་སྐྱོབ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུ། དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་ཐོག་མུ་མཐུད་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་བཀོད་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་ལྕམ་སྐུ་ Uzra Zeya མཆོག་དང་མཇལ་མོལ་གནང་སྐབས་སུ་ལྩམ་སྐུ་མཆོག་གིས་ཁོང་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་ཚོ་དང་ལྷན་དུ་མཇལ་འཕྲད་གནང་རྒྱུའི་ཐུགས་བློ་ཡོད་སྐོར་གསུངས་པ་ལྟར། ལྕམ་སྐུ་མཆོག་རིང་མིན་བཞུགས་སྒར་དུ་ཆེད་ཕེབས་གནང་གི་ཡོད་པ་རེད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་རྒྱ་ནག་ནང་འཚམས་གཟིགས་དེ་འཕྲལ་མར་ཕྱིར་བཤོལ་དགོས་ཞེས་སྤྱིར་བསྒྲགས་སྤེལ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Michelle Bachelet མཆོག་ཟླ་བ་འདིའི་ནང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་གཏན་ཁེལ་བའི་དུས་མཚམས་འདིར་ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང། བོད་མི་དང་ཡུ་གུར་བ། དེ་བཞིན་ཧོ་ཀོང་བ་དང་ལྷོ་སོག་བཅས་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ ༢༢༠ མཉམ་འབྲེལ་གྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་རྒྱ་ནག་ནང་འཚམས་གཟིགས་དེ་འཕྲལ་མར་ཕྱིར་བཤོལ་དགོས་ཞེས་སྤྱིར་བསྒྲགས་ཤིག་སྤེལ་སོང་། རྩ་བའི་ལྕམ་སྐུ་ Michelle Bachelet མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་རྟོག་ཞིབ་ཆེད་ཕེབས་རྒྱུའི་འཆར་གཞི་སྐོར་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཐེངས་མང་གནང་བའི་མཐར། འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་ནས་གཙོ་འཛིན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུའི་ཁས་ལེན་གདན་ཞུས་བྱས་ཡོད་པ་མ་ཟད་ཁོང་གི་ལས་ཁུངས་ནས་ཟླ་ ༥ པ་ནང་གཙོ་འཛིན་མཆོག་ཤར་ཏུར་ཀི་སི་ཐན་གཙོ་བོར་གྱུར་པའི་རྒྱ་ནག་གི་མངའ་འོག་ས་ཁུལ་གཞན་ཁག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བ་ཡོངས་གྲགས་གནང་བ་ཙམ་ལས་གནས་ཚུལ་ཞིབ་ཕྲ་གང་ཡང་གསལ་བསྒྲགས་གནང་མེད། གཙོ་འཛིན་ Bachelet མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་དང་འབྲེལ་ནས་ཁ་སང་ཕྱི་ཚེས་ ༥ ཉིན་རྒྱལ་སྤྱིའི་ནང་གི་ཚོགས་སྐྱིད་ཁག་ ༢༢༠ མཉམ་འབྲེལ་གྱིས་སྤེལ་བའི་སྤྱིར་བསྒྲགས་ནང་ཁོང་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་ཐེངས་འདིའི་འཚམས་གཟིགས་འདིར་བློ་འཚབ་དང་སྦྲགས། གཙོ་འཛིན་མཆོག་གི་འཚམས་གཟིགས་དེ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། དེ་བཞིན་ཧོ་ཀོང་དང་ལྷ་སོག་སོགས་ད་བར་རྒྱ་ནག་གི་མངའ་འོག་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མང་ཚོགས་ཐོག་དྲག་གནོན་བྱས་པའི་རྒྱ་གཞུང་གི་བྱ་ངན་དེ་དག་དག་སེལ་བྱ་རྒྱུའི་ལག་ཆ་ལྟ་བུ་ཆགས་སྲིད་པའི་ཉེན་ཁག་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག   གཙོ་འཛིན་མཆོག་ནས་རྒྱ་ནག་ཏུ་ཕེབས་རྒྱུའི་འཚམས་གཟིགས་དེ་འཕྲལ་མར་ཕྱིར་བཤོལ་གནང་དགོས་ཞེས་དགོས་འདུན་བཏོན་འདུག ཇར་མི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནི་ད་རེས་ཀྱི་ལས་འགུལ་གཙོ་ཁྲིད་གནང་མཁན་ཞིག་ཡིན་པ་དང། ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kai Mueller ལགས་ཀྱིས་གོང་གསལ་གནད་དོན་དང་འབྲེལ་ནས་འདི་ག་རླུང་འཕྲིན་ཁང་ལ་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་རང་དབང་དང་ཐོབ་ཐང་ཐོག་ཞིབ་འཇུག་གནང་དགོས་གལ་ཡིན་པ་དང་། རྒྱལ་ཚོགས་ཀྱི་ངོས་ནས་ཐེངས་འདིའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་རྒྱ་ནག་ནང་གི་འཚམས་ཐོག་ཞིབ་འཇུག་གནང་དགོས་པ་ཞིག་རེད། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་གི་རྟོག་ཞིབ་འཚམས་གཟིགས་དེ་ལྟ་བུའི་ཐོག་ཐེ་བྱུས་ཀྱིས་རང་དབང་ངང་རྟོག་ཞིབ་ལ་ཕེབས་རྒྱུར་བཀག་འགོག་བྱས་ཏེ། འཚམས་གཟིགས་དེ་རྒྱ་ནག་རྒྱལ་ཁབ་རང་ཉིད་ཀྱི་དྲིལ་བསྒྲགས་ལག་ཆར་སྤྱོད་པར་དམིགས་ཡུལ་བཅངས་ཡོད་པ་ནི་ཆེས་ཉེན་འཚབ་ཀྱི་རང་བཞིན་ཞིག་ཆགས་ཡོད། དེ་ལྟ་བུའི་འཚམས་གཟིགས་དེ་རྒྱལ་ཚོགས་ཀྱི་ངོས་ནས་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་ལ་ལྟོས་མེད་ངེས་པར་དུ་བཀག་འགོག་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད། ལྷག་པར་དུ་གཙོ་འཛིན་མཆོག་གི་འཚམས་གཟིགས་དང་འབྲེལ། ཉིན་ཤས་སྔོན་དུ་ཡུ་གུར་དང་བོད་མིའི་ཆབ་སྲིད་བཙོན་ཟུར། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་རྒྱ་ནག་གི་བཙན་གནོན་འོག་ཏུ་དངོས་སུ་དཀའ་སྡུག་མྱངས་པའི་མི་སྣ་དང་འབྲེལ་ཚོགས་སྡེ་ཁག་གིས་ Michelle Bachelet མཆོག་གི་འཚམས་གཟིགས་ཀྱི་སྔ་རོལ་དུ་དངོས་སུ་མཇལ་མོལ་ཞུ་རྒྱུའི་དུས་ཚོད་ཞུས་ཡོད་ཀྱང་། ཁོང་ནས་དུས་ཚོད་མ་གནང་བར་ཁོང་རྣམ་པའི་ཞུ་འབོད་སྣང་མེད་དུ་བཏང་བའི་གནས་ཚུལ་ཡང་བྱུང་འདུག་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཐེངས་འདིའི་འཚམས་གཟིགས་ཁྲོད་གཙོ་འཛིན་མཆོག་ནས་བོད་དུ་ཕེབས་ཐུབ་པ་གནང་དགོས་པའི་ཞུ་འབོད་གནང་བར་ལན་འདེབས་གང་ཡང་གནང་མི་འདུག ཇར་མི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kai Mueller ལགས་ཀྱིས་འཚམས་གཟིགས་དེ་དང་འབྲེལ་ད་བར་གཙོ་འཛིན་མཆོག་གིས་གནང་སྟངས་དེ་དག་ལ་ང་ཚོར་ཞེད་སྣང་ཡོང་གི་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུའི་འཚམས་གཟིགས་དང་འབྲེལ་བའི་ཐོག་ལ་ཁོང་གི་ངོས་ནས་བཀའ་མོལ་གང་ཡང་མ་གནང་བར་ཁུ་སིམ་པོར་བཞུགས་པ་མ་ཟད།ད་ཆ་འཚམས་གཟིགས་ཀྱི་དུས་ཚོད་ཐག་ཉེ་པོར་བསླེབས་ཡོད་ཀྱང་། ད་བར་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཁག་དང་ལྷན་དུ་ཞིབ་ཚགས་པོའི་ཐོག་ནས་གོ་བསྡུར་གང་ཡང་གནང་མེད་པ་རེད། ལྷག་པར་དུ་ད་ལན་ཚོགས་སྐྱིད་ཁག་ ༢༢༠ ཡིས་ཐེངས་འདིའི་སྤྱིར་བསྒྲགས་བརྒྱུད་གཙོ་འཛིན་མཆོག་རྒྱ་ནག་ལ་འཚམས་གཟིགས་མ་ཕེབས་པའི་སྔོན་ཞལ་བཞེས་གནང་དགོས་པའི་དོན་ཚན་གསུམ་ཅན་གྱི་དགོས་འདུན་བཏོན་པར་ཤར་ཏུ་ཀི་སི་ཐན་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་རྟོག་ཞིབ་བྱས་པའི་སྙན་ཐོ་འདོན་སྤེལ་གནང་དགོས་པ་དང། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་འབྲེལ་ཡོད་མི་སྣ་ཁག་མཇལ་མོལ་གནང་རྒྱུའི་ཞལ་བཞེས་གནང་དགོས། ད་བར་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་དང་ཤར་ཏུར་སི་ཐན། ལྷོ་སོག།དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་རང་དབང་ངང་རྟོག་ཞིབ་ཆེད་ཕེབས་ཐབས་སུ་ཐབས་ཤེས་གང་དང་གང་གནང་གི་ཡོད་མེད་ཕྱི་གསལ་ནང་གསལ་བཟོ་དགོས་པའི་རེ་སྐུལ་ཞུས་འདུག སྤྱིར་བསྒྲགས་ནང་ད་དུང། Bachelet མཆོག་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་གནས་བཞེས་པ་ནས་བཟུང་ད་བར་གྱི་དུས་ཡུན་ནང་འཛམ་གླིང་ནང་རང་དབང་ཆེས་ཞན་པའི་རྒྱ་ནག་རྒྱལ་ཁབ་ཀྱི་བཙན་འཛུལ་འོག་ཏུ་ཡོད་པའི་བོད་ཀྱི་གནད་དོན་སྐོར་རྒྱལ་ཚོགས་ཐོག་གླེང་སློང་གནང་ཐུབ་མེད་པ་མ་ཟད། ཐེངས་འདིའི་འཚམས་གཟིགས་ཁྲོད་ས་གནས་ཁག་གི་ཁོངས་སུ་བོད་མེད་སྐོར་དང། ལྷག་པར་དུ་དེ་སྔོན་རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣ་དང་སྡེ་ཁག་ལྔ་བཅུས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་སླད་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་གང་མགྱོགས་ཆེད་བསྐོ་དགོས་པའི་ཞུ་འབོད་གནང་བར་གཙོ་འཛིན་མཆོག་གི་ངོས་ནས་ད་བར་སྣང་མེད་དུ་བཞག་ཡོད་པ་བཅས་མངོན་གསལ་གནང་སྟེ་སྐྱོན་བརྗོད་ཀྱང་གནང་འདུག

ཕྱི་རྒྱལ་བ་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་བ།

སྦེལ་ཇམ་གྱི་སྤྱི་ཚོགས་ལས་འགུལ་བ་རྒན་གྲས་དགུང་ལོ་ ༦༤ ལ་ཕེབས་པའི་ལྕམ་སྐུ་ Eva van Tulden ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་རྩ་མེད་གཏོང་བཞིན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལེགས་བྱང་བཅས་པ་རྒྱ་གར་དང་བལ་ཡུལ་ཁུལ་དུ་ཡོད་པའི་བོད་ཕྲུག་ཚོའི་ཁྲོད་ལ་མི་ཉམས་རྒྱུན་འཛིན་ཡོང་བའི་ལས་འཆར་སླད་དུ་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་མངའ་ཁུལ་དུ་ཟླ་བ་གཅིག་རིང་གི་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད། ལྕམ་སྐུ་ Eva van Tulden ལགས་ཀྱིས་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་ནང་དུ་སྤེལ་རྒྱུའི་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་དེའི་ཆེད་དུ་ཁོང་ནས་ཟླ་ ༥ ཚེས་༡ ཉིན་ཁོང་གི་བཞུགས་གནས་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་གྲོང་ཁྱེར་ Antwerpen ནས་རྐང་འཁོར་གྱི་གཡས་གཡོན་དུ་བོད་ཀྱི་རྒྱལ་དར་དང་ལས་འགུལ་གྱི་དགོས་དམིགས་གང་ཡིན་སོགས་ཞིབ་རྒྱས་འཁོད་པའི་ཤོག་བྱང་དཔྱངས་པའི་ཐོག་ནས་ནི་ཐར་ལན་ཌི་བར་ཕེབས་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༤ ཉིན་ཁོང་གིས་ནི་ཐར་ལན་ཌི་གྲོང་ཁྱེར་ Uthere ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལེགས་བྱང་བཅས་པ་སྲུང་སྐྱོབ་ཆེད་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་མངའ་ཁུལ་དུ་ཟླ་བ་གཅིག་རིང་གི་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་ཡོད།བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་སར་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བསྟན་འཛིན་དབང་པོ་བཀྲས་མཐོང་ལགས་དང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཐེངས་འདིའི་ལས་འགུལ་ལ་རྒྱབ་སྐྱོར་དང་དེ་ལྟར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད། སྤྱིར་ཐེངས་འདིའི་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་གནང་མཁན་ལྕམ་སྐུ་ Eva van Tulden ལགས་ནི་ཕྲུ་གུའི་ཤེས་ཡོན་ཐོག་ཕྱགས་ལས་གནང་མཁན་སྤྱི་ཚོགས་ལས་འགུལ་བ་ཞིག་ཡིན་ཅིང། ལོ་ཤས་སྔོན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཕེབས་སྐབས་ས་གནས་ཀྱི་སྐྱབས་བཅོལ་བོད་མི་ཚོ་དང་དངོས་སུ་ཐུག་འཕྲད་ཀྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག ལེགས་བྱང་སོགས་ཀྱི་སྐོར་ཆེས་ཐོག་མ་ངོ་སྤྲོད་བྱུང་འདུག ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་སྐད་ཡིག་དང་རིག་གཞུང་རྩ་བརླག་གཏོང་བཞིན་པའི་ཉེན་ཚབས་རང་བཞིན་ལ་གཟིགས་ཏེ་ཐུན་མིན་གྱི་རིག་གཞུང་དེ་དག་སྲུང་སྐྱོབ་གནང་ཕྱིར་ད་ལན་གྱི་ལས་འགུལ་འདི་དབུ་འཛུགས་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ཚེ་ལྕམ་སྐུ་ Eva van Tulden ལགས་ནས་ཐེངས་འདིའི་བོད་དོན་ཆེད་ཟླ་བ་གཅིག་རིང་གི་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་བསྒྲུབས་རྗེས། རིང་མིན་ཕྱི་ཟླ་ ༨ པ་ནང་དུ་སླར་སྦེལ་ཇམ་ནས་སི་པན་བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག

Latest news