Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་གར་གཞུང་གིས་བོད་རྒྱ་གྲོས་མོལ་ཡོང་བར་འབད་བརྩོན་གནང་དགོས།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱ་ནག་དང་ཨ་རི་གཉིས་སུ་རྒྱ་གར་གྱི་གཞུང་ཚབ་པའི་ཐུགས་འགན་བཞེས་མྱོང་ཡོད་པ་ལྕམ་ Nirupama Rao ལགས་ཀྱིས་རྒྱ་གར་གཞུང་གིས་བོད་ཀྱི་མ་འོངས་གནད་དོན་དང་འབྲེལ་བོད་རྒྱ་གྲོས་མོལ་ཡོང་བར་འབད་བརྩོན་གནང་དགོས་པ་གསུངས་འདུག ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བོད་དོན་གླེང་མོལ་གྱི་ལས་རིམ་ཐོག་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Nirupama Rao ལགས་དང་ལྷན་དུ་ཁོང་གིས་རྩམས་པའི་ The Fractured Himalaya: India Tibet China 1949-62 ཆག་གྲུམ་ཤོར་བའི་ཧི་མཱ་ལ་ཡ། རྒྱ་གར། བོད། རྒྱ་ནག ༡༩༤༩ ནས་ ༦༢ ཞེས་འཁོད་པའི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ཀྱི་ནང་དོན་སྐོར་གླེང་མོལ་གནང་འདུག་པ་དང་། གླེང་མོལ་ཐོག་ཁྲོད་ལྕམ་ Nirupama Rao ལགས་ཀྱིས་རྒྱ་ནག་གིས་བོད་བཙན་འཛུན་བྱས་པའི་བརྒྱུད་རིམ་ཁག་ཅིག་དྲན་གསོ་དང་སྦྲགས་ཏེ་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་གར་གྱི་བདེ་འཇགས་དང་། དེ་སྔ་བོད་དང་ས་འབྲེལ་ཡོད་པའི་ས་མཚམས་ཀྱི་ངོས་བཞེས་ཐོག་ཤུགས་རྐྱེན་ཆེན་པོ་ ཐེབས་ནས་སྐབས་དེའི་འཕགས་བོད་གཉིས་ཀྱི་ས་མཚམས་ཁག་དང་འབྲེལ་བའི་གནད་དོན་རྣམས་ད་ཆ་རྒྱ་ནག་དང་འབྲེལ་བ་བྱེད་དགོས་པའི་གནད་སྟངས་ཤིག་ཆགས་ཡོད་པར་མ་ཟད་ས་མཚམས་ཀྱི་དོན་རྐྱེན་དེས་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་དང་ཉེ་ས་ཕྱི་ལོ་ ༢༠༢༠ ལོར་ Galwan ལུང་གཤོངས་སུ་བྱུང་བའི་གདོང་ཐུག་གི་གནད་དོན་སོགས་དུས་ད་ལྟའང་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་བདེ་འཇགས་མེད་པའི་གནས་སྟངས་སུ་གྱུར་ཡོད་པ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་གར་ལ་ཐེབས་པའི་ཤུགས་རྐྱེན་ཆེ་ཤོས་དེ་ཆགས་ཡོད་པ་གསུངས་འདུག ཁོང་ནས་ད་ལྟའི་གནས་སྐབས་སུ་སྐབས་དེའི་གནད་དོན་དང་ལས་དོན་བྱེད་ཕྱོགས་སྐོར་གསུངས་པར་ཕྲན་བུའི་མི་བདེ་བ་ཞིག་འདུག་ཀྱང་དོན་དངོས་ཚོར་བར་སྐབས་དེའི་རྒྱ་གར་གྱི་སྲིད་བྱུས་གཏན་འབེབས་གནང་མཁན་གྱི་དབུ་ཁྲིད་ཚོས་བོད་དང་འབྲེལ་བའི་རྒྱ་གར་གྱི་ཕུགས་རྒྱང་ཐོག་དགོངས་པ་དེ་ཙམ་བཞེས་ཐུབ་མེད་པ་དང་ལྷག་པར་དེ་སྔ་བོད་ནང་ཡོད་པའི་རྒྱ་གར་གྱི་རང་དབང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་མ་ཐུབ་པར་རྒྱ་ནག་གི་ལག་ཏུ་སྤྲད་ཡོད་པར་དགོངས་ཚུལ་ཆེན་པོ་ཡོད་སྐོར་གསུངས་འདུག ལྷག་དོན་ལྕམ་ Nirupama Rao ལགས་ད་ལྟའི་བོད་ཀྱི་གནས་བབ་དང་འབྲེལ་ཏེ་ཉེ་ཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya མཆོག་ བཞུགས་སྒར་དུ་དངོས་སུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་བ་དེས་ཨ་རི་གཞུང་དང་ཕྱི་སྲིད་ལས་ཁུངས། དེ་བཞིན་ཆབ་སྲིད་ཀྱི་སྲིད་བྱུས་ཐོག་ཕྱག་ལས་གནང་མཁན་ཚོས་བོད་དོན་ལ་དོ་སྣང་གནང་བ་ཞིག་མཚོན་གྱི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྱི་ངོས་ནས་ཀྱང་བོད་དོན་ཐོག་ད་ལྟའི་གནས་བབ་ལས་མང་ཙམ་གནང་ཐུབ་རྒྱུ་ཡོད་པ་དང་། གཙོ་བོ་བཙན་བྱོལ་ནང་ཡོད་པའི་བོད་མིའི་དབུ་ཁྲིད་དང་རྒྱ་ནག་དབར་བོད་ཀྱི་མ་འོངས་གནས་བབ་སྐོར་གྲོས་བསྡུར་དང་གྲོས་མོལ་ཡོང་བར་འབད་འབད་བརྩོན་གནང་དགོས་པར་གསུངས་འདུག དེ་བཞིན་ཁོང་གིས་ཨ་རི་དང་རྒྱ་གར་གཉིས་ནས་བསམ་བློ་བརྗེ་རེས་ཙམ་མིན་པར་ད་ལྟའི་བོད་ཀྱི་གནད་དོན་འདིར་མཇུག་འབྲས་བཟང་པོ་ཞིག་ཡོང་བར་སྲིད་བྱུས་ཀྱི་འདམ་ག་གང་ཡོད་མེད་ལའང་དགོངས་པ་བཞེས་རྒྱུ་གལ་ཡིན་པ་དང་། རྒྱ་ནག་ཕྱོགས་ནས་ཀྱང་དུས་རྟག་ཏུ་བོད་འདི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྟབས་ཕྱིའི་རྒྱལ་ཁབ་ཚོས་དེར་ཐད་གཏོགས་གནང་བར་ཁ་རྩོད་ཁོ་ན་བྱས་ནས་མ་བསྡད་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཐུན་མོང་གི་གཞི་གཏན་ཞིག་གི་ཐོག་ལ་བབ་དགོས་ཞེས་གསུངས་ཡོད། ལྕམ་སྐུ་ Nirupama Rao ལགས་ཀྱི་ཁ་སང་གི་གླེང་མོལ་ལས་རིམ་དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ཨེ་ཤ་ཡའི་གནད་དོན་ཐོག་གྱི་ཆེད་མཁས་པ་ལྕམ་ Ellen Bork ལགས་ནས་གཙོ་སྐྱོང་གནང་བ་སྦྲགས། རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཙམ་མ་ཟད་རྒྱ་ནག་གི་བོད་བཙན་འཛུལ་བྱེད་སྐབས་དང་དེའི་མཇུག་འབྲས་སྐོར་སོགས་འཁོད་པའི་དཔེ་དེབ་ The Fractured Himalaya: India Tibet China 1949-62 ཞེས་པ་ལོ་རྒྱུས་ཀྱི་དེབ་གལ་ཆེ་ཞིག་ཡིན་སྐོར་སོགས་གསུངས་འདུག གཞི་རྩའི་སྔར་ལོའི་ལོ་མཇུག་ཙམ་ལ་འདོན་སྤེལ་གནང་བའི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Nirupama Rao ལགས་ཀྱི་དཔེ་དེབ་ The Fractured Himalaya: India Tibet China 1949-62 ནང་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ། ཕྱོགས་ཕན་ཚུན་དབར་བྱུང་བའི་བཙན་འཛུལ་དང་དམག་དོན། དེ་བཞིན་འབྲུག་ཡུལ་སོགས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནས་བབ་དང་ཆབ་སྲིད་ཀྱི་སྲིད་བྱུས་སོགས་ཀྱི་སྐོར་འཁོད་ཡོད་པ་དང་། ལྕམ་ Nirupama Rao ལགས་ཀྱི་དཔེ་དེབ་དེ་ཐོག་མར་འདོན་སྤེལ་སྐབས་སུ་བརྒྱུད་ལམ་ཁག་གི་བཅར་འདྲིའི་ཐོག་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་དུ་འཛུལ་བ་དེ་ཆགས་ཡོད་པ་མ་ཟད། སྐབས་དེའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་གནང་བ་དེ་རེད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས་ལྕམ་སྐུ་ Michelle Bachelet མཆོག་ལ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མེད་པའི་ནན་བཤད།

ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་བརྙན་པར་བརྒྱུད་ཐུག་འཕྲད་སྐབས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་བྱེད་བཞིན་ཡོད་ཚུལ་བརྗོད་པ་དང་།  ད་ལྟའི་གནད་དོན་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མེད་པའི་ནན་བཤད་བྱས་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet ལགས་ཀྱིས་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་དབུ་འཛུགས་ཀྱིས་སྤེན་པ་བར་ཉིན་གྲངས་དྲུག་རིང་གི་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སླད་གཟའ་ཟླ་བ་ནས་རྒྱ་ནག་གི་ Guangzhou གྲོང་ཁྱེར་དུ་ཕེབས་འབྱོར་བྱུང་ཡོད་པ་ལྟར། ཁ་སང་རེས་གཟའ་ལྷག་པ་ཉིན་ལྕམ་སྐུ་ Bachelet མཆོག་ནས་རང་གི་ལྷན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi སོགས་ཡོད་པའི་ཐོག་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བརྙན་པར་བརྒྱུད་ཐུག་འཕྲད་བྱས་འདུག་པ་དང་།  སྐབས་དེར་གཙོ་འཛིན་མཆོག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ནས་ལོ་ངོ་ ༡༧ རྗེས་ཐེངས་དང་པོར་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ཆོད་སེམས་བཅངས་པ་འདི་ནི་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་རྒྱ་གཞུང་དང་ཐད་ཀར་འབྲེལ་བ་བྱེད་རྒྱུ་ནི་ཁོ་མོས་གལ་ཆེ་དོན་ཆེར་བརྩི་བཞིན་ཡོད་ཅེས་གསུངས་པ་མ་ཟད། ས་གནས་ས་ཐོག་དང་ས་མཚམས་བརྒལ་ནས་ཞི་བདེ་དང་བདེ་འཇགས་ཡར་རྒྱས་གོང་འཕེལ་གྱི་ཆེད་དུ་རྒྱལ་ནང་གཙོས་གླིང་ཆེན་དང་ཁུལ་སོ་སོ། དེ་བཞིན་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་མཉམ་ལས་ག་འདྲ་གནང་དགོས་མིན་ཐད་གཟིགས་རྒྱུ་ཡིན་ཞེས་གསུངས་འདུག ལྕམ་སྐུ་མཆོག་གིས་ད་དུང་ད་ཆ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་དང་དེ་བཞིན་དཔལ་འབྱོར་གྱི་གནས་བབ་མ་མཉམ་པ་དང་། གནམ་གཤིས་ལ་འགྱུར་ལྡོག་སོགས་འཛམ་གླིང་སྤྱི་ལ་ངལ་བ་མང་དག་ཞིག་འཕྲད་པ་གདོང་ལེན་བྱེད་རྒྱུར་རྒྱལ་ཁབ་མང་པོའི་མཉམ་ལས་ནང་ལ་རྒྱ་ནག་ལ་ལས་འགན་གནད་འགགས་ཡོད་སྟབས་ཁོང་གི་ལས་ཁུངས་ཀྱིས་རྒྱ་ནག་དང་ལྷན་དེ་འབྲེལ་གནད་དོན་གཙོས་གནད་དོན་གཞན་ཁག་གི་ཐོག་ལ་གྲོས་བསྡུར་གཟབ་ནན་གནང་དགོས་པའི་རེ་འདུན་བཅངས་བཞིན་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། མི་ཀུན་ལ་ཁྲིམས་ཀྱི་དབང་བསྒྱུར་བཅས་ཀྱི་གོང་འཕེལ་དང་སྲུང་སྐྱོབ་ཆེ་རུ་བྱ་རྒྱུ་ནི་ཁོང་གི་ལས་ཁུངས་ཀྱིས་འབད་བརྩོན་བྱ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག འོན་ཀྱང་དྲ་ལམ་གྱི་ཐུག་འཕྲད་དེའི་སྐབས་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་ནས་དུས་ཡུན་རིང་པོའི་རིང་དཀའ་ལས་བརྒྱབ་ནས་ཡུལ་དེའི་ནང་གི་གནས་སྟངས་སྤྱི་དང་སྒོས་དུས་ཚོད་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ལམ་ལ་ལེགས་པར་བཞུགས་ཡོད་ཚུལ་གྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་བྱས་པའི་བྱེད་ལུགས་དང་གནད་དོན་འདི་ཐད་སྐྱོན་མེད་པའི་རྒྱལ་ཁབ་སུ་ཡང་མེད་ལ་འདིའི་ཐད་གཅིག་གི་དགེ་རྒན་ལྟར་རྒྱལ་ཁབ་གཞན་ལ་ཚོགས་གཏམ་བཏང་དགོས་ཡག་མེད་པ་མ་ཟད།འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཆབ་སྲིད་ཀྱི་ལག་ཆར་བཟོས་ནས་མ་ཡིན་ཡིན་ཁུལ་བྱེད་རྒྱུ་ཡང་ན་དེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུར་སྙད་འདོགས་བྱེད་ས་ཞིག་ཏུ་བཟོ་རྒྱུ་མེད་པ་སོགས་བཤད་འདུག རྩ་བའི་ཞི་ཅིན་ཕིང་དང་དྲ་ཐོག་གི་ཚོགས་འདུ་དེའི་སྐབས་ཡུ་གུར་བའི་སྐོར་ལ་གླེང་ཡོད་དང་མེད་ཀྱི་ཐད་ལ་ཁ་སང་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་གསར་འགོད་པས་སྐད་ཆ་དྲིས་དུས་མགྲིན་ཚབ་པ་ Wang Wenbin གིས་ལན་གཡོལ་བའི་གནས་ཚུལ་འདུག་པ་དང་། ད་ཐེངས་ཀྱི་དྲ་ལམ་ཚོགས་འདུ་འདིའི་སྐོར་རྒྱ་ནག་གཞུང་བརྙན་བརྒྱུད་ལམ་ CCTV ཡི་ནང་དུ་གང་ཡང་བཀོད་མེད་ལ།  དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་བསྒྲགས་གཏམ་ནང་དུའང་ཤིན་ཅང་གི་གནས་ཚུལ་སྐོར་གང་ཡང་གསལ་མེད་པ་རེད་འདུག

བོད་ནང་གི་སྔོན་འགྲོའི་གཏན་སློབ་ཁག་སྒོ་བརྒྱབ་ནས་བོད་ཕྲུག་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་གནང་དགོས།

བོད་ནང་གི་ཤེས་ཡོན་སློབ་གསོ་བ་གྲགས་ཅན་ཞིག་གིས་རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་ནང་གི་སྔོན་འགྲོ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་བཙན་གྱིས་གཏན་སྡོད་སློབ་གྲྭར་སྡོད་དགོས་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་དངོས་སུ་ར་སྤྲོད་དང་འབྲེལ་ཏེ། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ད་ཆ་ལོ་ངོ་ ༡༧ རྗེས་ཐཻངས་དང་པོ་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ་དང་སྟུན།  ལྕམ་སྐུ་མཆོག་གིས་དབུས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་པའི་བྱིས་པ་རྣམས་བཙན་གྱིས་གཏན་སྡོད་སློབ་གྲྭར་བཅུག་བཞིན་པའི་རྒྱ་ནག་གི་སྲིད་བྱུས་དེ་ཕྱིར་འཐེན་གྱིས་བྱིས་པ་རྣམས་བོད་མིའི་ཆོས་རིག་སྐད་ཡིག་བཅས་པ་ལོངས་སྤྱོད་ཐུབ་པའི་ཁོར་ཡུག་ཞིག་ནང་རང་གི་ནང་མི་ལྷན་མཉམ་འཛོམས་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུགབོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཁ་སང་གསར་འགོད་གསལ་བསྒྲགས་འདོན་སྤེལ་གནང་བར་སྔ་ལོར་རྒྱ་ནག་དམར་ཤོག་ནས་ཕྱིར་ཐོན་གྱིས་ད་ཆ་ཁེ་ན་ཌར་སྐྱབས་བཅོལ་དུ་གནས་བཞུགས་གནང་བཞིན་པའི་འབུམ་རམས་པ་མཁས་དབང་རྒྱལ་ལོ་ལགས་ཀྱིས་ཁོང་བོད་ནང་གི་གཏན་སྡོད་སློབ་གྲྭ་དེ་ལྟ་བུ་གྲངས་ ༥༠ ཙམ་ལ་དངོས་སུ་ལྟ་སྐྱོར་དུ་ཕེབས་མྱོང་ཡོད་པ་དང་སློབ་གྲྭ་དེ་དག་གི་ནང་དུ་ཕྲུ་གུ་བྱིས་པ་ལོ་ན་ ༤ ནས་ ༦ བར་གྱི་ཁྱོན་ཆིག་འབུམ་ཙམ་ཞིག་ཡོད་པར་འགྲེལ་བརྗོད་དང་འབྲེལ། སློབ་མ་དེ་དག་རང་གི་ཕ་མ་དང་ཁ་བྲལ་འཇུག་བཞིན་པ་འདི་ནི་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད་རྒྱ་གཞུང་གི་བྱེད་ཕྱོགས་འདིས་བོད་ཕྲུག་རྣམས་བཙན་དབང་གིས་རང་གི་ནང་མི་དང་ཁ་བྲལ་དུ་བཅུག་ཏེ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་ཆ་རྒྱུས་མེད་པའི་མི་ཞིག་བཟོ་ཐབས་བྱས་ཡོད་པར་སྐྱོན་བརྗོད་གནང་འདུག འབུམ་རམ་པ་རྒྱལ་ལོ་ལགས་ཀྱིས་ཕྲུ་གུ་ལོ་ན་ཤིན་ཏུ་ཆུང་བའི་དུས་ནས་ཕ་མ་དང་ཁ་བྲལ་བཅུག་པ་འདིས་བྱིས་པའི་སེམས་ཁམས་ལ་གནོད་འཚེ་བཟོ་ཡི་ཡོད་པ་མ་ཟད། ཁོང་རང་ཉིད་ཀྱི་ནང་མིར་མཚོན་ན་བྱིས་པ་རྣམས་ཟླ་བ་གསུམ་ཙམ་རིང་གཏན་སྡོད་སློབ་གྲྭ་དེ་དག་ནང་བསྡད་པ་ཙམ་གྱིས་རྒྱ་སྐད་ཁོ་ན་སྤྱོད་པ་དང་དེ་བཞིན་བྱིས་པ་དེ་དག་གུང་སེང་སྐབས་རང་ཁྱིམ་དུ་ཕྱིར་ལོག་གནང་སྐབས་སུའང་རང་གི་སྤྱི་ཚོགས་དང་ནང་མི་ཁྲོད་དུ་མགྲོན་པོ་ལྟ་བུ་དང་རང་མི་རིགས་ཀྱི་སྐད་ཡིག་མི་ཤེས་མཁན་ཞིག་ཆགས་ཀྱི་ཡོད་པར་ལུང་འདྲེན་གནང་སྟེ། བོད་པའི་ཁྱིམ་ཚང་ཚང་མར་ངལ་བ་གཅིག་མཚུངས་འཕྲད་བཞིན་ཡོད་སྟབས་ད་ཆ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་རྒྱ་ནག་ཏུ་ལྟ་སྐོར་གནང་བཞིན་པའི་གོ་སྐབས་དང་བསྟུན་བོད་ནང་གི་སྔོན་འགྲོའི་གཏན་སྡོད་སློབ་གྲྭ་ཁག་ཡོངས་གྲགས་ཐོག་ནས་སྒོ་བརྒྱབ་ཏེ་བོད་ཕྲུག་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷག་སྒྲོན་བཀྲས་མཐོང་ལགས་ཀྱིས་རྒྱ་ནག་གཞུང་ནས་ལོ་ན་ཤིན་ཏུ་ཆུང་བའི་བོད་ཕྲུག་བྱིས་པ་ཚོར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྤྱོད་རྒྱུའི་གཞི་རྩའི་ཐོབ་ཐང་ཁག་འཕྲོག་བཅོམ་པ་ནི་མི་རིགས་ཀྱི་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་ཤིག་ཡིན་པར་སྐྱོན་བརྗོད་དང་སྦྲགས། ཁོང་རང་ཉིད་བྱིས་པ་གསུམ་གྱི་ཨ་མ་ཡིན་པའི་ཆ་ནས་བྱིས་པ་རྣམས་བཙན་གྱིས་རང་གི་ཕ་མ་དང་ཁ་བྲལ་དུ་འཇུག་པ་དེ་བྱིས་པ་དང་ཕ་མའི་སེམས་ཁམས་ལ་གདུང་བ་ཆེན་པོ་ཞིག་ཡིན་པར་ཚོད་དཔག་ཐུབ་ཀྱི་འདུག་ཅེས་དང་། སྲིད་བྱུས་འདི་བོད་ས་ཁྱོན་ཡོངས་ནང་ལག་བསྟར་བྱེད་བཞིན་ཡོད་ཀྱང་དུས་མཚུངས་གནས་ཚུལ་དེ་རྒྱལ་སྤྱིའི་ཁྱོན་ལ་སྦས་བསྐུངས་བྱེད་བཞིན་པ་ནི་གཏོར་བརླག་གི་གནད་དོན་ཚབས་ཆེན་ཞིག་ཡིན་པར་གསུངས་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ད་ཐེངས་བོད་ནང་ཕེབས་ཀྱི་མེད་ཀྱང་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་འབྲེལ་ཐོག་རྒྱ་ནག་ལ་བོད་ནང་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་དེ་ཕྱིར་འཐེན་གྱིས་བོད་ཕྲུག་བྱིས་པ་ཚོ་བོད་མིའི་ཆོས་རིག་སྐད་ཡིག་བཅས་པ་ལོངས་སྤྱོད་ཐུབ་པའི་ཁོར་ཡུག་ཞིག་ཏུ་རང་གི་ནང་མི་དང་མཉམ་འཛོམས་ཡོང་བར་འབོད་སྐུལ་ཞུས་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུགརྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Bachelet མཆོག་གི་ཐེངས་འདིའི་རྒྱ་ནག་ནང་གི་འཚམས་གཟིགས་ལ་མཚོན་ན།  ཁོང་ཁ་ཉིན་རྒྱ་ནག་གི་ Guangzhou གྲོང་ཁྱེར་དུ་ཕེབས་འབྱོར་དང་སྦྲགས་ཏེ་ཡུལ་དེའི་ཕྱི་སྲིད་བློན་ཆེན་ Wang Yi ཐུག་འཕྲད་བྱས་ཡོད་པ་དང་སྐབས་དེར་ Wang Yi ཡིས་ལྕམ་སྐུ་མཆོག་གི་ད་ཐེངས་ཀྱི་སྐོར་སྐྱོད་འདིས་ཕྱོགས་གཉིས་དབར་གྱི་འཁྱོག་བཤད་དག་གཙང་སེལ་བརྒྱུད་ཕན་ཚུན་གྱི་མཉམ་འབྲེལ་དང་གོ་རྟོགས་ནུས་པ་འཕེལ་རྒྱས་འགྲོ་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་པ་དང་ལྷག་དོན་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཆབ་སྲིད་ཀྱི་ངོ་བོ་བཟོ་རྒྱུར་འགག་པ་ཡོད་ཅེས་ནན་བརྗོད་བྱས་འདུགརྩ་བའི་ལྕམ་སྐུ་ Bachelet མཆོག་གི་ཐེངས་འདིའི་རྒྱ་ནག་ནང་གི་འཚམས་གཟིགས་ཁྲོད་ཡུལ་དེའི་ལྷོ་ཕྱོགས་སུ་ཆགས་པའི་ Guangzhou གྲོང་ཁྱེར་ཙམ་མ་ཟད་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གཟེར་བའི་གྲོང་ཁྱེར་ Kashgar དང་། རྒྱལ་ས་ Urumqi བཅས་ལ་ཆེད་ཕེབས་གནང་གི་ཡོད་པ་དེ་ལྟར་ཡང་། ཁོང་ནས་སྐོར་སྐྱོད་དེའི་ཁྲོད་ཡུ་གུར་བ་ས་ཡ་ལྷག་དོ་དམ་བྱེད་སའི་ས་ཚིག་ཁག་ཏུ་རང་དབང་ངང་གཟིགས་ཞིབ་གནང་ཐུབ་མིན་ཐད་དྲི་བ་མང་དག་ཅིག་ཕེབས་བཞིན་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དེ་སྔོན་གསར་འགོད་ལྷན་ཚོགས་ཐོག་ལྕམ་སྐུ་མཆོག་རྒྱ་ནག་ཏུ་ཕེབས་འབྱོར་ཟིན་པ་ཡོངས་གྲགས་གནང་བ་དང་ཆབས་ཅིག ཁོང་ཐེངས་འདིར་རྒྱ་ནག་ལ་ཕེབས་སྐབས་གསར་འགོད་པ་སུ་གང་ལྷན་བཅར་མེད་སྐོར་དང་། མགྱོགས་མྱུར་འཚམས་གཟིགས་དེ་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་པ་གསུངས་འདུག

འཆི་མེད་ལྷ་མོ་ལགས་ཀྱིས་ཨོས་ལོའི་རང་དབང་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་བ།

ཟླ་བ་འདིའི་ཕྱི་ཚེས་ ༢༣ ནས་དེ་རིང་ཕྱི་ཚེས་ ༢༥ བར་དུ་ Oslo Freedom Forum  ཞེས་ཨོས་ལོའི་རང་དབང་གླེང་སྟེགས་འཚོགས་བཞིན་ཡོད་པ་དང་སྦྲགས་ཏེ། རྒྱལ་སྤྱིའི་གླེང་སྟེགས་དེའི་ཐོག་ཁེ་ན་ཌ་གནས་བཞུགས་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་ཚོར་ཤུགས་དྲག་པོས་བོད་དོན་གཏམ་བཤད་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachlet མཆོག་ནས་བོད་ཀྱི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པའི་ཞུ་འབོད་གནང་སོང་།འདི་ལོའི་ནོར་ཝེ་རྒྱལ་ས་ཨོས་ལོ་ནང་ཚོགས་པའི་ཨོས་ལོའི་རང་དབང་གླེང་སྟེགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་དོན་གཉེར་བ་དང་ལས་འགུལ་བ། གསར་འགོད་པ། རྩོམ་པ་པོ། སྒྱུ་རྩལ་བ་སོགས་ནས་མཉམ་ཞུགས་ཀྱིས་བརྗོད་གཞི་སྣ་མིན་ཐོག་གླེང་སློང་གནང་བཞིན་པའི་ཁྲོད་ཕྱི་ཚེས་ ༢༣ ཉིན་འཆི་མེད་ལྷ་མོ་ལགས་ཀྱིས་ Sportswashing: From the Beijing Genocide Games to Qatar Fifa world cup migrant worker’s crisis ཞེས་པའི་བརྗོད་གཞི་ཐོག་ལས་འགུལ་བ་གཞན་གཉིས་དང་ལྷན་བགྲོ་གླེང་གི་ལས་རིམ་ཐོག་མཉམ་ཞུགས་གནང་ཡོད། སྐབས་དེར་ཁོང་གིས་པེ་ཅིང་ནང་དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་དབྱར་དུས་ཨོ་རྩེད་རྩལ་འགྲན་ཚོགས་སྐབས་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་ཡོད་ཀྱང་རྒྱལ་སྤྱིའི་ནས་བོད་མི་རྣམས་ཀྱི་ཞུ་འབོད་ལ་ཡ་ལན་གང་ཡང་གནང་མེད་པ་དང་།   ལྷག་པར་རྒྱ་གཞུང་གིས་དབྱར་དུས་ཨོ་རྩལ་ཚོགས་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་བཟང་དུ་གཏང་རྒྱུའི་ཁས་ལེན་བྱས་ཀྱང་དེ་ལྟར་ལག་ལེན་ལ་འཁེལ་མེད། ཕྱོགས་མཚུངས་ཕྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་ཨོ་རྩལ་ཚོགས་པ་ནས་བསྐྱར་དུ་རྒྱ་ནག་ལ་ཨོ་རྩལ་འགྲན་བསྡུར་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་སྤྲད་ཡོད་སྟབས། དེ་ནི་ནོར་འཁྲུལ་བསྐྱར་བཟློས་བྱས་པ་ཞིག་རེད་ལ། དེས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ཁག་ཁྲིམས་མཐུན་ལ་ངོས་འཛིན་བྱས་པ་ལྟ་བུ་ཞིག་ཆགས་ཡོད་པར་ཚོར་ཤུགས་ཆེན་པོས་གསུངས་སོང་། དེ་བཞིན་ཁ་སང་ཕྱི་ཚེས་ ༢༤ ཉིན་ཁོང་གིས་ A story of Tibetan Resilience ཞེས་རྒྱ་གཞུང་གིས་དྲག་གནོན་སྲིད་བྱུས་འོག་བོད་མི་རྣམས་དཀའ་སྡུག་མྱོང་བཞིན་པ་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་དང་གཏམ་བཤད་ཀྱི་ཐོག་མར་ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༠༦ ལོར་ནང་པ་ལ་བརྒྱུད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་ཚོར་མཐའ་མཚམས་ཀྱི་རྒྱ་མིའི་དམག་མིས་མེ་མདའ་རྒྱག་པའི་བརྙན་ཐུང་མང་ཚོགས་ལ་བསྟན་པའི་ཐོག་བོད་ནང་རྒྱ་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་བརྟེན་བོད་མི་རྣམས་བྲོས་བྱོལ་དུ་ཕེབས་ཀྱི་ཡོད་ཀྱང་། ད་ཆ་རྒྱ་གཞུང་གིས་དོགས་སྲུང་ཤུགས་ཆེ་རྐྱེན་གྱིས་བོད་མི་མི་ཉུང་བ་ཞིག་མ་གཏོགས་བྲོས་བྱོལ་དུ་ཕེབས་ཐུབ་ཀྱི་མེད་པ་དང་། ལྷག་པར་དམ་དྲག་ཤུགས་ཆེ་རྐྱེན་བོད་ནང་རྒྱལ་སྤྱིའི་གཞུང་གི་སྐུ་ཚབ་དང་གསར་འགོད་པ་སོགས་བསྐྱོད་རྒྱུར་ཁག་པོ་ཆགས་ཡོད་པ་སོགས་ངོ་སྤྲོད་ཀྱིས་བོད་དེ་རང་དབང་ཁང་པས་ཆེས་རང་དབང་སྡུག་ཤོས་ཀྱི་གྲས་སུ་མིང་འདོན་གནང་ཡོད་པར་འགྲེལ་བརྗོད་གནང་ཡོད།ཁོང་གི་གཏམ་བཤད་ཁྲོད་རྒྱ་གཞུང་གིས་བོད་ཙམ་མིན་པར་ཕྱི་ཕྱོགས་རང་དབང་ལུང་པར་སྨྲ་བརྗོད་རང་དབང་འགོག་ཐབས་བྱེད་ཀྱི་ཡོད་པ་དང་འབྲེལ། ཁོ་མོ་རང་ཉིད་ཊོ་རོན་ཊོ་གཙུག་ལག་སློབ་ཁང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོའི་འོས་མིར་བཞེངས་སྐབས་རྒྱ་རིགས་ཚོས་ཁོང་ལ་འཇིགས་སྐུལ་སོགས་བྱས་པའི་མྱོང་བ་གསུངས་སོང་།    ཁོང་གིས་ད་དུང་རྒྱ་གཞུང་ནས་བོད་ནང་བོད་མི་རྣམས་གང་བྱུང་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནད་དོན་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachlet མཆོག་ནས་རང་ཉིད་ཀྱི་ལས་ཁུར་ཞུས་པ་ནས་བཟུང་ཞལ་ནས་བོད་ཀྱི་ཚིག་ཙམ་ཡང་གསུངས་མྱོང་མེད་པས་ཁོང་ད་ཆ་རྒྱ་ནག་ལ་ཡོད་སྟབས། མང་ཚོགས་ནས་ twitter དྲ་ལམ་ཐོག་ལྕམ་སྐུ་ Bachlet མཆོག་ལ་བོད་དོན་གླེང་སློང་གནང་རོགས་ཞེས་དང་དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་ཀྱི་གནད་དོན་སྐོར་དྲི་བ་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་། གཞི་རྩའི་ལོ་ལྟར་ཚོགས་པའི་ཨོ་སོ་ལོ་རང་དབང་གླེང་སྟེགས་ཐོག་རྒྱབ་ལྗོངས་འདྲ་མིན་གྱི་ལས་འགུལ་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། སྤྱི་ཚོགས་ནང་བཟང་ཕྱོགས་ནས་བསྒྱུར་བ་དང་ཤུགས་རྐྱེན་སྤྲོད་མཁན་གྱི་མི་སྣ་རྣམས་གདན་འདྲེན་ཞུ་གྱི་ཡོད་པ་རེད།  ཐེངས་འདིའི་ལྷན་ཚོགས་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་པད་མ་སྒྲོལ་མ་ལགས་གཙོས་ས་གནས་བོད་མི་ཁག་ཅིག་ནས་མཉམ་ཞུགས་གནང་འདུག འབྲེལ་ཡོད་པར་ཁག་གི་བདག་དབང་ཁག་འཆི་མེད་ལྷ་མོ།

ཐེ་ཝན་གྱི་གནད་དོན་ཐོག་རྒྱ་ནག་གིས་ཨ་རིར་སྐྱོན་བརྗོད།

ཁ་ཉིན་ཕྱི་ཚེས་ ༢༣ ཉིན་ཉིན་ཧོང་ནང་ཚོགས་པའི་ QUAD མཐུན་ཚོགས་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་གལ་ཏེ་རྒྱ་ནག་གྱི་ཐེ་ཝན་ལ་བཙན་འཛུལ་བྱས་ཚེ་ཨ་རིས་དམག་མི་སོགས་དངོས་སུ་བཏང་སྟེ་ཐེ་ཝན་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་པར་རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་གི་རྒྱལ་ནང་གནད་དོན་ལ་ཐེ་བྱུས་བྱས་པར་ངོས་འཛིན་གྱིས་སྐྱོན་བརྗོད་ལན་འདེབས་བྱས་འདུག ཨ་རིའི་སྲིད་འཛིན་སྐུ་ཞབས་ Biden མཆོག་གིས་ཉེ་ཆར་ར་ཤི་ཡས་ཡུཀ་རེན་ལ་བཙན་འཛུལ་གྱི་གནད་དོན་དང་འབྲེལ་ཏེ། རྒྱ་ནག་གིས་ཐེ་ཝན་ནང་བཙན་འཛུལ་བྱ་འཆར་ཡོད་པ་མངོན་གསལ་བྱུང་བ་དང་སྦྲགས། གལ་ཏེ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཚེ་ཨ་རིའི་དེར་དམག་དོན་ཐོག་ནས་དངོས་སུ་མཉམ་ཞུགས་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་དང་། དེ་ནི་ཨ་རིའི་ངོས་ནས་ཐེ་ཝན་སྲུང་སྐྱོབ་ཀྱི་གནད་དོན་ཐོག་གསུངས་པའི་བཀའ་མོལ་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་པར་མ་ཟད། ཐེ་ཝན་གཞུང་གིས་ཀྱང་དེར་དགའ་བསུ་ཞུས་ཡོད།ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin  ནས་རྒྱ་ནག་རྒྱལ་ནང་དང་ས་མཚམས་སོགས་ཀྱི་གནད་དོན་ཐད་ཕྱི་ཕྱོགས་ནས་བར་འདུམ་དང་། འགྲིག་འཇགས་སོགས་ཀྱི་གོ་སྐབས་མེད་སྐོར་བརྗོད་པ་མ་ཟད། ཨ་རི་གཞུང་ནས་དེ་སྔ་ཁས་ལེན་བྱས་པ་ལྟར་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་དང་རྒྱབ་སྐྱོར་བྱེད་དགོས་པའི་ནན་སྐུལ་དང་སྦྲགས་ཏེ། ཐེ་ཝན་གྱི་གནད་དོན་ཐད་ལ་བཀའ་མོལ་གནང་སྐབས་ཚིག་སྦྱོར་སོགས་སྤྱོད་པར་གཟབ་གཟབ་གནང་དགོས་པ་ལས་ཐེ་ཝན་གྱི་མཐུན་ཕྱོགས་དང་ཁ་བྲལ་རིང་ལུགས་པ་རྣམས་ལ་གོ་བ་དང་བརྡ་ལན་ནོར་བ་འགྲོ་ཉེན་ཡོད་སྐོར་བཤད་འདུགཁོང་གིས་ཨ་རི་གཞུང་ནས་མུ་མཐུད་དེ་ལྟར་བྱས་ཚེ་ཐེ་ཝན་གྱི་གནད་དོན་ལ་གནོད་སྐྱོན་འཚབས་ཆེ་རུ་འགྲོ་རྒྱུ་ཙམ་མ་ཟད་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ལའང་དོ་ཕོག་ཐེབས་ངེས་ཡིན་པ་དང་། ཨ་རི་གཙོས་ཕྱིའི་གནོན་ཤུགས་དང་དྲག་ཤུགས་གང་གིས་ཀྱང་རྒྱ་ནག་མི་མང་ནས་ཐེ་ཝན་དང་མཉམ་གནས་བྱ་རྒྱུའི་མངོན་འདོད་ལ་འགྱུར་བ་གཏང་ཐུབ་ཀྱི་མ་རེད་ལ། ཐེ་ཝན་རང་བཙན་འདོད་མཁན་གྱི་མངོན་འདོད་ལའང་ཕན་ཐོགས་གང་ཡང་མེད་ཅེས་བཤད་འདུག དེ་བཞིན་རྒྱ་གཞུང་གི་ཐེ་ཝན་གྱི་གནད་དོན་དང་འབྲེལ་བའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ Zhu Fenglian ཟེར་བས་ཨ་རིས་རྒྱ་ནག་གཅིག་གྱི་སྲིད་བྱུས་ལ་དོ་ཕོག་འགྲོ་གཞིའི་བཀའ་མོལ་རིགས་གནང་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། སུས་མེ་ལ་ལག་པ་འཆང་ཚེ་འཚིག་རྒྱུ་རེད་ཅེས་ཨ་རི་གཞུང་ལ་ཟུར་ཟའི་ལན་འདེབས་བྱས་འདུག ཁ་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་གི་ཐེ་ཝན་གྱི་བདེ་འཇགས་དང་རང་དབང་སྲུང་སྐྱོབ་དང་འབྲེལ་ནས་གསུངས་པའི་བཀའ་མོལ་དེར་ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Joanne Ou ལགས་ཀྱིས་དགའ་བསུ་དང་བཀའ་དྲིན་ཆེ་ཞུས་ཡོད་པ་དང་། ད་ཆ་གནད་དོན་འདིའི་ཐོག་རྒྱལ་སྤྱིའི་ཆབ་སྲིད་དཔྱད་ཞིབ་པ་མི་ཉུང་བ་ཞིག་གིས་ཨ་རི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པར་ངོས་འཛིན་གནང་ཕྱོགས་གཙོས་ཐེ་ཝན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏང་ཡོད་མེད་སོགས་ཀྱི་དོགས་དྲི་སྣ་ཚོགས་གནང་འདུག་ཀྱང་། ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་སྲིད་འཛིན་སྐུ་ཞབས་བྷ་ཌན་མཆོག་གིས་དམག་དཔུང་སོགས་བེད་སྤྱོད་བྱས་ནས་ཐེ་ཝན་སྲུང་སྐྱོབ་བྱེད་ཀྱི་ཡིན་ཞེས་གསུངས་པ་དེས་ཨ་རིས་ཐེ་ཝན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པ་ཞིག་མཚོན་གྱི་མེད་པ་དང་། ཐེ་ཝན་གྱི་ས་མཚམས་སུའང་ཞི་བདེ་དང་སྲ་བརྟན་ཡོང་རྒྱུ་དང་ལྷར་པར་དུ་ཨ་རི་གཞུང་གིས་ཐེ་ཝན་བདེ་འཇགས་དང་འབྲེལ་བའི་གྲོས་ཆོད་ Taiwan Relations Act གཏན་ལ་ཕབ་པ་དེར་ཆེ་མཐོང་གིས་དེ་ལྟར་གསུངས་པ་ཞིག་ཡིན་སྐོར་བརྗོད་འདུག གཞི་རྩའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་ ཉི་ཧོང་ནང་ལ་ཚོགས་པའི་ QUAD ལྷན་ཚོགས་དང་འབྲེལ་ཨེ་ཤ་ཡ་མངའ་ཁུལ་དུ་ཕེབས་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་ QUAD ལྷན་ཚོགས་ཐོག་ལྷན་ཞུགས་དང་འཚམས་གཟིགས་ཁག་གནང་དོན་གཙོ་བོ་ནི་རྒྱ་གར་ཞི་བདེ་རྒྱ་མཚོའི་བདེ་འཇགས་དང་འབྲེལ། མཐུན་ཕྱོགས་རྒྱལ་ཁབ་ཁག་ཆིག་སྒྲིལ་བཟོ་རྒྱུ་དང་། ལྷག་པར་དུ་ཐེ་ཝན་དང་འབྲེལ་ནས་རྒྱ་ནག་ལ་རྣོ་ངར་ཅན་གྱི་བཀའ་མོལ་གནང་བ་ནི་རྒྱ་ནག་གི་ཤུགས་རྐྱེན་དང་གནོན་ཤུགས་རྣམས་ལ་གདོང་ལེན་བྱ་རྒྱུར་དམིགས་པ་ཞིག་ཡིན་སྐོར་ཚོད་དཔག་གནང་གི་འདུག  

གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་ནས་མི་ལོ་ ༧༡ འཁོར་བ་དང་བསྟུན་བོད་མི་ཚོས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ལས་འགུལ་སྤེལ་བ།

ཁ་སང་ཕྱི་ཟླ་ ༥ ཕྱ་ཚེས་ ༢༣ ཉིན་མོ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༡ ཕྱི་ཟླ་ ༥ ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གཞུང་གི་བཙན་དབང་འོག་བོད་མི་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་དགོས་བྱུང་ནས་ལོ་ངོ་ ༧༡ འཁོར་བའི་ཉིན་མོ་དང་བསྟུན། སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐང་ལྷན་ཁང་གི་མདུན་ཐང་དུ་ས་གནས་བོད་མི་རྣམས་ཀྱིས་དུས་ཚིགས་དེ་དྲན་གསོ་དང་འབྲེལ་བའི་ལས་འགུལ་སྤེལ་འདུགལས་འགུལ་དེ་ནི་ཇི་ནི་ཝའི་ཚོགས་ཆུང་གིས་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་འདུག་པ་དང་སྐབས་དེར་སུད་སི་དོན་གཅོད་ལས་ཁུངས་ཀྱི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཕྱི་ཟླ་ ༥ ཕྱི་ཚེས་ ༢༣ ཉིན་མོ་འདི་ནི་བོད་ཀྱི་ཉེ་བའི་རྒྱལ་རབས་ལོ་རྒྱུས་ཁྲོད་ཀྱི་བརྫེད་དཀའ་བའི་ཉིན་མོ་ཞིག་དང་། དེ་སྔ་ ༡༩༥༡ ཕྱི་ཟླ་ ༥ ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གཞུང་གི་བཙན་དབང་འོག་བོད་མི་ཚོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་མིང་རྟགས་བཀོད་བཅུག་ཡོད་པ་དང་། ད་ཆ་བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་དང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་མང་པོས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཐོག་ནས་ཁྲིམས་འགལ་གྱི་བྱེད་སྟངས་ཤིག་ཡིན་པ་དང་། གྲོས་མཐུན་དེ་ནི་རྒྱ་ནག་གཞུང་ནས་རང་བཙན་གཙང་མ་ཡིན་པའི་བོད་རྒྱལ་ཁབ་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་གྲུབ་ཆེད་ཀྱི་ལག་ཆ་ལྟ་བུར་སྤྱོད་བྱེད་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད་པ་གསུངས་འདུགཁོང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་སྐབས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༡༦ ཙམ་ལས་ཕེབས་མེད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་དང་ལྷན་དུ་ཞི་སྒྲིག་ཡོང་ཐབས་སུ་སྐུལ་ལས་མང་པོ་བསྐྱོན་ཡོད་ཀྱང་། མཐར་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་གྲོས་མཐུན་ཁག་ལ་བརྩི་མེད་ཐོག་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་ཡོངས་ལ་དྲག་པོའི་བཙན་འཛུལ་བྱས་པ་དང་། སྐབས་དརེ་༸གོང་ས་མཆོག་བཙན་བྱོལ་ལ་ཕེབས་ཏེ་རྒྱ་གར་ཨ་སཱམ་གྱི་གྲོང་ཁྱེར་ཏེ་ཛི་པུར་དུ་༸ཞབས་སོར་བདེ་བར་འཁོད་མ་ཐག་ཏུ་ གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་ངོས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་བསྐྱངས་ཡོད་པ་སོགས་དེ་བྱུང་གི་བརྒྱུད་རིམ་ཁག་ཅིག་དྲན་གསོ་དང་སྦྲགས། བོད་མི་ཚོ་འཐབ་རྩོད་པ་ཞིག་ཆགས་ཀྱི་ཡོད་སྟབས་སོ་སོའི་ལོ་རྒྱུས་ལ་དོ་སྣང་གནང་རྒྱུ་དང་ལས་འགུལ་ཁག་གི་ནང་དུ་མཉམ་ཞུགས་གནང་གལ་ཡིན་པ་སོགས་གསུངས་འདུག   ལས་འགུལ་ཐོག་ཕེབས་པ་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ René Longet ལགས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་འཁོད་པའི་དོན་ཚན་ཁག་ཁྲིམས་དང་མཐུན་གྱི་མེད་སྐོར་སོགས་གསུངས་འདུགདེ་བཞིན་ལས་འགུལ་གོ་སྒྲིལ་གནང་མཁན་ཇི་ནི་ཝ་ཚོགས་ཆུང་གི་ཚོགས་གཙོ་གཡང་དགའ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་རྒྱ་ནག་གཞུང་གིས་བོད་མི་ཚོར་བཙན་དབང་ཐོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་མིང་རྟགས་བཀོད་བཅུག་པའི་ལོ་རྒྱུས་ཀྱི་དུས་ཚིགས་ཤིག་དྲན་གསོ་ཞུ་རྒྱུ་དང་ལྷག་པར་དུ་ཁ་སང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet ལགས་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་འབྱོར་དང་བསྟུན་བོད་གཙོས་ཡུ་གུར་དང་། ཧོང་ཀོང་སོགས་ཀྱི་ནང་རྒྱ་གཞུང་གིས་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་བརྡ་ལན་འཕྲོད་ཐབས་སོགས་ལ་ཆེད་དམིགས་གནང་བ་ཞིག་ཡིན་པར་གསུངས་སོང་།ཕྱོགས་མཚུངས་ཁ་སང་ཕྱི་ཟླ་ ༥ ཕྱ་ཚེས་ ༢༣ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་རྒྱ་ནག་ནང་འབྱོར་བ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་གནས་ཚུལ་ཞིག་འདོན་སྤེལ་གནང་བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་རྒྱ་ནག་ཏུ་ཐེངས་དང་པོ་ཕེབས་པ་དེ་རྒྱ་ནག་གཞུང་གི་ངོས་ནས་བོད་མི་ཚོར་བཙན་དབང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་བཅུག་པའི་དུས་ཚིགས་དང་གཅིག་མཚུགས་ཁེལ་ཡོད་པ་འགྲེལ་བརྗོད་དང་སྦྲགས། ལྕམ་སྐུ་ Michelle Bachelet མཆོག་དངོས་སུ་བོད་ནང་ཕེབས་འཆར་མེད་ཀྱང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་ཐུག་འཕྲད་གནང་སྐབས་རྒྱ་ནག་གཞུང་གིས་ཐབས་བྱུས་སྣ་ཚོས་ཐོག་ནས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་སྐད་གསང་མཐོ་བོའི་ཐོག་ནས་གླེང་སློང་གནང་དགོས་པར་གསུངས་འདུག གཞི་རྩའི་ལྕམ་སྐུ་ Michelle Bachelet མཆོག་གིས་ཕྱི་ལོ་ ༢༠༡༨ ལོར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱི་འགན་བཞེས་པ་ནས་བཟུང་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་གང་ཡང་གནང་མེད་པ་རེད། ལྕམ་སྐུ་མཆོག་ད་རེས་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་བསྟུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཨ་རིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་ཁུར་ཡོད་པའི་རྒྱལ་ཁབ་དང་ཚོགས་པ་མི་ཉུང་བ་ཞིག་གིས་འཚམས་གཟིགས་འདི་དོན་འཁྱོལ་ཡོང་མིན་ཐད་ཐུགས་དོགས་ཡོད་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད།

ལྕམ་སྐུ་ Bachelet མཆོག་གི་རྒྱ་ནག་གི་འཚམས་གཟིགས་དབུ་འཛུགས།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་དེ་རིང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་ Guangzhou གྲོང་ཁྱེར་དུ་ཕེབས་འབྱོར་དང་སྦྲགས་ཏེ་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་ལྷན་མཇལ་མོལ་དབུ་འཛུགས་ཟིན་པ་དང་། ཐེངས་འདིའི་འཚམས་གཟིགས་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ་ལོ་ངོ་ ༡༧ རྗེས་ཆེས་ཐོག་མ་ཆགས་ཡོད་ཀྱང་། ཨ་རི་གཞུང་ངོས་ནས་ཁོང་གི་འཚམས་གཟིགས་ལ་སྐྱོན་བརྗོད་གནང་བ་མ་ཟད་འཚམས་གཟིགས་དེ་དོན་འཁྱོལ་ཡོང་མིན་ཐད་ཐེ་ཚོམ་གྱི་རྣམ་པ་ཤུགས་ཆེར་བཏོན་འདུགགནས་ཚུལ་ཐོན་ཁག་ལ་གཞིགས་ན་ལྕམ་སྐུ་ Bachelet མཆོག་གི་ཐེངས་འདིའི་རྒྱ་ནག་ནང་གི་འཚམས་གཟིགས་ཁྲོད་ཡུལ་དེའི་ལྷོ་ཕྱོགས་སུ་ཆགས་པའི་ Guangzhou གྲོང་ཁྱེར་ཙམ་མ་ཟད་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གཟེར་བའི་གྲོང་ཁྱེར་ Kashgar དང་། རྒྱལ་ས་ Urumqi བཅས་ལ་ཆེད་ཕེབས་གནང་གི་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་ལྕམ་སྐུ་མཆོག་རྒྱ་ནག་ཏུ་ཕེབས་འབྱོར་ཟིན་པ་ཡོངས་གྲགས་གནང་བ་དང་ཆབས་ཅིག ཁོང་ཐེངས་འདིར་རྒྱ་ནག་ལ་ཕེབས་སྐབས་གསར་འགོད་པ་སུ་གང་ལྷན་བཅར་མེད་སྐོར་དང་། མགྱོགས་མྱུར་འཚམས་གཟིགས་དེ་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་པ་གསུངས་འདུག བོད་མི་གཙོ་བོར་འགྱུར་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་ཁག་ཅིག་གིས་ཡུན་རིང་ནས་ངང་འགུག་བྱེད་བཞིན་པའི་ལྕམ་སྐུ་མཆོག་གི་འཚམས་གཟིགས་དེར་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་པ་དང་ཆབས་ཅིག ཁོང་ལ་ཐེངས་འདིའི་འཚམས་གཟིགས་ཁྲོད་ཤིན་ཅང་གི་ངལ་རྩོལ་ར་བར་ཆེད་ཕེབས་དང་བཙོན་ཁང་ནང་ཡོད་པའི་ཡུ་གུར་རང་དབང་རྩོད་ལེན་པ་སོགས་དང་ལྷན་མཇལ་མོལ་གྱི་གོ་སྐབས་ཐོབ་བཅས་དོགས་འདྲི་སྣ་ཚོགས་གླེང་བཞིན་པའི་ཁྲོད། རེས་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས་ལྕམ་ Bachelet མཆོག་འཚམས་གཟིགས་དེ་དང་འབྲེལ་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་རྒྱ་ནག་གཞུང་གིས་ཞིབ་འཇུག་མཐིལ་ཕྱིན་པར་ཡོང་སླད་མཐུན་འགྱུར་གནང་བའི་ཡིད་ཆེས་མེད་ཅེས་གསུངས་འདུག སྐུ་ཞབས་ Ned Price ལགས་ཀྱིས་ད་དུང་དེ་སྔ་ཨ་རིའི་གཞུང་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་གིས་ཤིན་ཅང་མི་རིགས་སྡེབ་གསོད་སོགས་ཀྱི་གནད་དོན་དག་ལ་སྐྱོན་བརྗོད་ཁྲོད་ལྕམ་སྐུ Bachelet མཆོག་གི་རིང་མིན་དེ་འབྲེལ་སྙན་ཐོ་འདོན་སྤེལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་ད་བར་དུས་འགྱངས་བྱས་པར་སྐྱོན་བརྗོད་དང་འབྲེལ། ཤིན་ཅང་ཙམ་མ་ཚད་པར་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་འགྲོ་བ་མིའི་ཐོན་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་སོགས་ལྡོག་ཏུ་མེད་པའི་དཀའ་ངལ་འཕྲང་བཞིན་ཡོད་ཀྱང་། དེ་ལ་ཁོང་གི་ཡ་ལན་མེད་པར་ཁ་ཁུ་སིམ་པོར་བཞུགས་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་པའི་མཇུག་འབྲས་སུ་ངལ་རྩོལ་བ་དག་ལ་དྲང་བདེན་གྱི་ཁྲིམས་མཐུན་རྒྱབ་སྐྱོར་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་རྣམས་ལ་ཉེས་ཆད་གཏོང་དགོས་པ་གསུངས་ཡོད། ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་ Sophie Richardson ལགས་ཀྱིས་ལྕམ་སྐུ་མཆོག་གི་འཚམས་གཟིགས་དེ་རྒྱ་ནག་གཞུང་གི་བཀོད་ཁྱབ་དང་གྲ་སྒྲིག་གཞིར་བཟུང་བྱ་སྲིད་པའི་ཉེན་ཁ་ཡོད་པར་སོང་དོན་དངོས་ཐོག་ཡིད་ཆེས་འཕེར་བ་ཞིག་ཡོང་དཀའ་བའི་གནས་རེད་ཅེས་དང་། ད་ལྟ་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཀྱི་དཀའ་ངལ་ནི་སྔར་ལས་མང་བའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་དེར་བསམ་ཞིབ་ནན་ཏན་གྱིས་ད་ལྟའི་གཙོ་འཛིན་མཆོག་ནས་འཚམས་གཟིགས་འདི་དོན་འཁྱོལ་ཡོང་བ་ཞིག་ངེས་པར་དུ་དགོས་ཀྱི་རེད་ཅེས་གསུངས་འདུག ལྷག་དོན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཤེས་རྟོགས་ཐུབ་སླད་གཙོ་འཛིན་ཆོག་བོད་ནང་དུ་ངེས་པར་དུ་ཕེབས་དགོས་ཞེས་གསུངས་འདུག གཞི་རྩའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གོང་མ་ Louise Arbour མཆོག་དེ་སྔ་ ༢༠༠༥ ལོར་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཡོད་ཀྱང་རྒྱ་ནག་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་དམིགས་བསལ་དོན་འབྲས་སོན་པའི་ནུས་པ་ཐོན་མེད།

ལྕམསྐུ་ Michelle Bachelet མཆོག་གཟའ་འཁོར་རྗེས་མར་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གཟའ་ཁོར་རྗེས་མར་རྒྱ་ནག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་ཡོད་པ་ཡོངས་བསྒྲགས་གནང་འདུགབརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། འདས་པའི་ལོ་མང་རིང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ཤིན་ཅང་གཙོས་རྒྱ་ནག་ནང་རང་དབང་དང་དོན་སྙིང་ལྡན་པའི་སྐོར་སྐྱོད་ཅིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་པའི་ཁྲོད་འདིར་ཁ་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མགྲིན་ཚབ་པ་ལྕམ་ Liz Throssell ལགས་ཀྱིས་ཁོང་གི་ལས་ཁུངས་ནས་དེ་སྔ་ལྕམ་སྐུ་ Bachelet མཆོག་ཟླ་བ་འདིའི་ནང་དངོས་སུ་ཤིན་ཅང་གཙོ་བོར་གྱུར་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་ས་ཁུལ་ཁག་ཏུ་སྐོར་སྐྱོད་གནང་གི་ཡོད་པ་ཡོངས་བསྒྲགས་གནང་ཟིན་པ་ལྟར་གང་མགྱོགས་ཕེབས་འཆར་ཡོད་པ་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཀྱང་རྒྱ་ནག་ནང་དེ་འབྲེལ་སྐོར་སྐྱོད་གྲ་སྒྲིག་དང་འབྲེལ་ནས་སྔོན་ཚོད་ནས་ཕེབས་འབྱོར་གྱིས་ད་ཆ་ཟུར་བཀག་གི་དུས་ཡུན་རྫོགས་ཟིན་ཡོད་པར་གསུངས་འདུག ལྕམ་སྐུ་ Bachelet མཆོག་གི་ཐེངས་འདིའི་སྐོར་སྐྱོད་ལ་མཚོན་ན། ཁོང་རྒྱ་ནག་ཏུ་འབྱོར་མ་ཐག་ཁུལ་དེར་ཟུར་བཀག་ལ་བཞུགས་དགོས་ཀྱི་མེད་པ་དང་གཟའ་འཁོར་གཅིག་གི་འཚམས་གཟིགས་ཁྲོད་རྒྱ་ནག་གི་ Guangzhou གྲོང་ཁྱེར་དང་ཤིན་ཅང་ནང་སྐོར་སྐྱོད་གནང་གི་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་དམ་དྲག་རྐྱེན་པས་པེ་ཅིང་ནང་ཕེབས་ཀྱི་མེད་པ་དང་། འཚམས་གཟིགས་དེའི་སྐབས་ལྕམ་སྐུ་མཆོག་ནས་རྒྱ་ནག་གི་དཔོན་རིགས་བགྲེས་པ་ཁག་ཅིག་གཙོས་གཞུང་འབྲེལ་མི་སོགས་དང་ཐུག་འཕྲད་གནང་སྟེ་གཙོ་བོ་རྒྱ་ནག་རྒྱལ་ནང་གཙོས་གོ་ལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་རྒྱུ་དང་། ལྷག་དོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་དབར་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཡོང་རྒྱུར་རེ་བ་གནང་བཞིན་འདུགརྩ་བའི་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་ནས་ལྕམ་སྐུ་  Michelle Bachelet མཆོག་རིང་མིན་ལོ་འདིའི་ཕྱི་ཟླ་ ༥ ནང་ཤིན་ཅང་གཙོས་རྒྱ་ནག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བ་ཡོངས་གྲགས་གནང་ཡོད་ཀྱང་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༢ ནང་འདོན་སྤེལ་གནང་འཆར་སྐོར་གསུངས་པའི་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་སྙན་ཐོ་སྐོར་གང་ཡང་གསུངས་མེད་སྟབས། རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་ཚོགས་པ་ཁག་མཉམ་འབྲེལ་ཐོག་དེ་འབྲེལ་སྙན་ཐོ་གང་མགྱོགས་འདོན་སྤེལ་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པའི་མཚམས་སུ་ཉེ་ཆར་ལྕམ་སྐུ་ Liz Throssell ལགས་ཀྱིས་དེ་འབྲེལ་སྙན་ཐོ་དེ་ལྕམ་སྐུ་ Bachelet མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་ལ་འདོན་སྤེལ་གནང་འཆར་མེད་ལ་སྙན་ཐོ་དེ་ཐད་ཀར་རྒྱ་ནག་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་དང་པོ་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་དགོས་པར་བརྟེན་ད་ལྟའི་ཆར་སྙན་ཐོ་དེ་མང་ཚོགས་ཁྲོད་འདོན་སྤེལ་ནམ་གནང་ཐུབ་མིན་གྱི་འཆར་གཞི་གང་ཡང་མེད་སྐོར་གསལ་བཤད་གནང་འདུག China Human Rights Defenders ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་སྲུང་སྐྱོབ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་William Nee ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་ཐོབ་ཐང་ནས་ད་བར་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་སྙན་ཐོ་དེ་དུས་འགྱངས་ཀྱིས་འདོན་སྤེལ་མ་གནང་བ་འདི་ནི་བསམ་བརྗོད་ལས་འདས་པ་ཞིག་དང་ལྷག་དོན་ཐེངས་འདིའི་སྐོར་སྐྱོད་དེ་ཡིད་ཆེས་འཕེར་བ་ཞིག་ཡོང་མིན་ཐད་སེམས་འཚབ་ཀྱི་རྣམ་པ་བསྟན་པ་མ་ཟད། སྐོར་སྐྱོད་དེ་ལྕམ་སྐུ་མཆོག་ལ་བཟློག་ཏུ་མེད་པའི་བཙན་དབང་གིས་རྒྱ་ནག་གི་སྐོར་སྲུང་མི་སྣའི་ཚོད་འཛིན་འོག་ལ་གནང་དགོས་ངེས་ཡིན་པར་ཟུར་ཟ་གནང་འདུག གཞི་རྩའི་ལྕམ་སྐུ་ Bachelet མཆོག་ཟླ་བ་འདི་ནང་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་གཏན་ཁེལ་བ་དང་འབྲེལ། གཟའ་འཁོར་སྔོན་མར་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་ཁུངས་ཨ་མའི་མདུན་དུ་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་སྣེ་ཁྲིད་གནང་སྟེ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཡུ་གུར་དང་བོད་མི། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཚོགས་སྡེ་ཁག་ཉི་ཤུས་མཉམ་འབྲེལ་ཐོག་གཙོ་འཛིན་ Bachelet མཆོག་གི་ཐག་གཅོད་ལ་སྐྱོན་བརྗོད་ཀྱིས་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། ལྕམ་སྐུ་མཆོག་མཆོག་གི་ངོས་ནས་ད་བར་དུས་འགྱངས་ཀྱིས་འདོན་སྤེལ་མ་གནང་བའི་ཤར་ཏུ་ཀི་སིཐན་ནང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དེ་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་དུ་ངེས་པར་དུ་འདོན་སྤེལ་གནང་དགོས་པར་བསྐྱར་ནན་གནང་ཡོད་པ་རེད།

ལྕམ་སྐུ་ Uzra Zeya མཆོག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་པ་དེས་རྒྱ་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཞིག་མཚོན་གྱི་ཡོད།

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་འབྱོར་གནང་སྟེ། ཉིན་འཁྱོངས་རིང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་ཁག་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་སུ་གཟིགས་ཞིབ་གནང་སོང་།སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་བཞེས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཞུགས་སྒར་དུ་ཕེབས་པ་འདིས་རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུངས་སོང་། དེ་རིང་སྔ་དྲོ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་བྱུང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་སོགས་དང་དེ་བཞིན་བཞུགས་སྒར་དུ་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་མི་རྣམས་ཀྱིས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་། ཨ་རི་དང་བོད་ཀྱི་རྒྱལ་དར་བསྣམས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་བར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། ཕེབས་བསུའི་མཛད་རིམ་ཁག་གྲུབ་མཚམས་སུ་ལྕམ་སྐུ་ Uzra Zeya མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་བོད་ཀྱི་འགྲེམས་སྟོན་ཁང་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་སུ་འཚམས་གཟིགས་གནང་ཡོད། ལྷག་དོན་ཉིན་རྒྱབ་ཏུ་ལྕམ་སྐུ་ Uzra Zeya མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་ལྷན་དུ་བོད་དོན་སྐོར་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེའི་ཚོགས་འདུ་གྲུབ་མཚམས་སུ་ལྕམ་སྐུ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་དང་སྦྲགས་ཏེ་ཆུ་ཚོད་ཕྱེད་ཀ་ལྷག་གི་རིང་ལ་ཚོགས་གཙོ་སྦྲེལ་པོ་དབུས་སྤྱི་འཐུས་རྣམས་དང་བཀའ་མོལ་གནང་ཡོད།  སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་གནང་གྲུབ་མཚམས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གྲོས་ཚོགས་ནང་གི་འཚམས་གཟིགས་དང་འབྲེལ་བའི་གསར་འགོད་པའི་བཅར་འདྲི་དང་བཞེས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཆེད་མངགས་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་ཏེ་བོད་མི་སྒྲིག་འཛུགས་ལ་འཚམས་གཟིགས་གནང་བ་དེས་བོད་ཀྱི་ངོ་བོ་གསལ་པོ་རྟོགས་ཐུབ་པའི་གནས་སྟངས་ཆགས་པ་མ་ཚད་པར་རྒྱ་ནག་ཕྱོགས་ནས་ཀྱང་བོད་ཀྱི་གནད་དོན་འདི་བཏང་སྙོམས་སུ་འཇོག་ཐབས་མེད་པའི་གནས་སྟངས་ཆགས་ཡོད་སྟབས། ཁོང་གི་འཚམས་གཟིགས་འདིས་རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུངས་སོང་། ཚོགས་གཙོ་མཆོག་གིས་འཚམས་གཟིགས་འདིས་ཨ་རི་གཞུང་ནས་བོད་དོན་ཐོག་ལ་ཐུགས་སྣང་ཡོད་པ་གསལ་པོ་མཚོན་པ་དང་ལྷག་པར་དུ་མཇལ་མོལ་སྐབས་སུ་ལྕམ་སྐུ་མཆོག་ལ་བོད་མིའི་མང་གཙོའི་འཕེལ་རིམ་སོགས་ངོ་སྤྲོད་ཞུས་ཡོད་པ་དང་། ལྕམ་སྐུ་མཆོག་གིས་ཀྱང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་རྒྱ་ནག་གཞུང་དབར་གྲོས་མོལ་མཐུད་ཐབས་ལ་ཤུགས་སྣོན་རྒྱག་རྒྱུའི་ཞལ་བཞེས་གནང་ཡོད་པར་གསུངས་ཡོད།ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གི་དེ་རིང་ཉིན་དང་པོའི་འཚམས་གཟིགས་ཁྲོད་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་བཞེས་གནང་མེད་པ་རེད། མཛད་རིམ་ལ་གཞིགས་ན། ལྕམ་སྐུ་མཆོག་སང་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་རྒྱས་མཇལ་མོལ་གནང་རྒྱུ་དང་། དེ་རྗེས་དྷ་སྟེང་བོད་ཁྱིམ་གཙོས་བཞུགས་སྒར་ཁུལ་གྱི་བོད་མིའི་ཤེས་ཡོན་དང་རིག་གཞུང་བསྟི་གནས་ཁག་ཅིག་ལ་འཚམས་གཟིགས་གནང་གི་ཡོད་པ་རེད། གཞི་རྩའི་ཨ་རི་གཞུང་གིས་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཆེས་ཐོག་མ་བསྐོ་གཞག་གནང་བ་ནས་བཟུང་ལྕམ་སྐུ་ Uzra Zeya མཆོག་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བདུན་པ་དེ་ཆགས་ཀྱི་ཡོད་པ་དང་། ལྕམ་སྐུ་མཆོག་དེ་རིང་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་སྐབས་བཞུགས་སྒར་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་མང་ཚོགས་རྣམས་ཀྱིས་དགའ་སྤྲོ་ཆེན་པོའི་ཐོག་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཞིག་དང་། ཨ་རི་གཞུང་ནས་བོད་མི་ཚོར་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་སྔར་ལྷག་གནང་བའི་རེ་བ་ཡོད་སྐོར་གསུངས་ཡོད། འབྲེལ་ཡོད་པར་ཁག་གཅིག་གི་བདག་དབང་གྲོས་ཚོགས་དང་བོད་མིའི་སྒྲིག་འཛུགས་ལ་ཡོད།

Latest news