Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ལྕམ་པེ་ལོ་སི་མཆོག་གི་ཕྱོགས་བསྐྱོད་དང་འབྲེལ་ཨ་རིས་རྒྱ་ནག་ལ་ཉེན་བརྡ་དང་ཐེ་ཝན་ནང་དམག་གྲབས་སྒྲིག་བཞིན་པ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་རེས་གཟའ་ཟླ་བའི་ཉིན་ Singapore ནང་ཆེད་ཕེབས་དང་འབྲེལ་ཨེ་ཤི་ཡའི་རྒྱལ་ཁབ་བཞིའི་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཕྱོགས་བསྐྱོད་ཀྱི་ལས་འཆར་ནང་ཁོང་ཐའེ་ཝན་ནང་ཕེབས་རྒྱུ་བཀོད་མེད་ཀྱང་། མཚན་གསལ་མི་གནང་བའི་ཨ་རི་དང་ཐའེ་ཝན་གྱི་གཞུང་འབྲེལ་མི་སྣ་འགས་ལྕམ་སྐུ་མཆོག་དེ་རིང་ཕྱི་དྲོ་ཐའེ་ཝན་ལ་ཕེབས་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་བའི་ཁྲོད། རྒྱ་ནག་ངོས་ནས་སླར་ཡང་ཨ་རིར་ཉེན་བརྡ་ཤུགས་ཆེ་བཏང་བ་དང་ཆབས་གཅིག ཐེ་ཝན་ཕྱོགས་ནས་ཀྱང་རྒྱ་ནག་ལ་གདོང་ལེན་གྱིས་དམག་དོན་གྲ་སྒྲིག་བྱེད་བཞིན་པ་མ་ཟད། ཨ་རིས་ཕོ་བྲང་དཀར་པོས་ལྕམ་སྐུ་མཆོག་ལ་ཐའེ་ཝན་ནང་ཕེབས་རྒྱུའི་རང་དབང་ཆ་ཚང་ཡོད་པ་དང་། རྒྱ་ནག་གིས་དེ་འབྲེལ་འཇིགས་སྐུལ་བྱེད་བཞིན་པ་དེར་ཨ་རིའི་ངོས་ནས་ཞེད་དགོས་དོན་གང་ཡང་མེད་པའི་འགྲེལ་བརྗོད་བྱས་འདུགདེ་ཡང་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཇྷོན་ཁར་བི་ John  Kirby ལགས་ཀྱིས་རྒྱ་ནག་ངོས་ནས་ལྕམ་སྐུ་མཆོག་གི་ཕྱོགས་བསྐྱོད་དེ་དཀའ་ཉེན་ཆེ་བའི་གནད་དོན་ལ་འགྱུར་རྒྱུ་མེད་པ་དང་། རྒྱ་ནག་གིས་ད་ཆ་ཐའེ་ཝན་ཉེ་འགྲམ་དུ་དམག་སྦྱོང་སོགས་བྱེད་བཞིན་པའི་འཇིགས་སྐུལ་དེར་ཨ་རིའི་ངོས་ནས་ཞེད་དགོས་དོན་མེད་ལ། ཨ་རིས་ངོས་ནས་དམག་འཐབ་སོགས་ཀྱི་ནང་བཞུགས་འདོད་མེད་སྐོར་འགྲེལ་བརྗོད་གནང་འདུགསྐུ་ཞབས་  Kirby ལགས་ཀྱིས་ད་དུང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དེ་སྔ་ཡང་ཁུལ་དེར་ཕེབས་མྱོང་ཡོད་པ་མ་ཟད། ལོ་འདིའི་ནང་ཨ་རིའི་གྲོས་ཚོགས་འཐུས་མི་གཞན་མང་པོ་ཞིག་ཀྱ་ཁུལ་དེར་ཕེབས་མྱོང་ཡོད་པར་བརྟེན། ད་རེས་ལྕམ་སྐུ་མཆོག་ཀྱང་ཁུལ་དེར་ཕེབས་རྒྱུའི་རང་དབང་ཆ་ཚང་ཡོད་པ་གསུངས་ཡོད།དེ་བཞིན་ཐའི་ཝན་གྱི་སྲིད་བློན་ངོས་ནས་ལྕམ་སྐུ་མཆོག་ལྟ་བུ་ཕྱི་རྒྱལ་གྱི་སྐུ་མགྲོན་སུ་འདྲ་ཞིག་ཕེབས་ན་དགའ་བསུ་ཞུ་རྒྱུ་དང་། འབྲེལ་ཡོད་གྲ་སྒྲིག་ཆ་ཚང་ཞུ་རྒྱུ་ཡིན་སྐོར་གསུང་འདུག་པ་དང་། དེ་བཞིན་ཐའི་ཝན་རྒྱལ་སྲུང་ལས་ཁུངས་ངོས་ནས་ཀྱང་རྒྱལ་ཁབ་དེའི་བདེ་འཇགས་སྲུང་རྒྱུའི་གདེང་ཚོད་དང་ཆོད་སེམས་བརྟན་པོ་ཡོད་སྐོར་གསུང་ཡོད་པ་མ་ཟད། དམག་མི་རྣམས་ཀྱི་གུང་སེང་སོགས་ཀྱང་མེད་པ་བཟོས་ཏེ་རེ་ཞིག་དམག་དོན་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་འདུགསྤྱིར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ལྕམ་སྐུ་མཆོག་ནས་ཕྱོགས་བསྐྱོད་ཀྱི་མཛད་འཆར་ཁྲོད་ཐའེ་ཝན་དུ་ཕེབས་ཏེ་སང་ཉིན་ཕྱི་ཚེས་ ༣ ཉིན་ཁུལ་དེའི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་དང་མཇའ་འཕྲད་གནང་རྒྱུ་ཡིན་པ་འཁོད་འདུག ཡང་གནས་ཚུལ་གཞན་ཁག་གཅིག་ནང་ལྕམ་སྐུ་མཆོག་དེ་རིང་ཕྱི་དྲོ་ཐའེ་ཝན་དུ་ཕེབས་འབྱོར་གྱིས་མཚན་གཅིག་བཞུགས་བཞག་གནང་རྒྱུ་འཁོད་འདུག གང་ལྟར་གལ་ཏེ་དེ་ལྟར་བྱུང་ཚེ་དེ་སྔ་ཕྱི་ལོ་ ༡༩༩༧ ལོའམ་མི་ལོ་ ༢༥ སྔོན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Newt Gingrich ལགས་ཀྱི་རྗེས་སུ་ལྕམ་སྐུ་མཆོག་ནི་ཨ་རིའི་མཐོ་གྲས་དཔོན་རིགས་ཁུལ་དེར་ཕེབས་མཁན་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད་འདུགརྩ་བའི་རྒྱ་ནག་གཞུང་གིས་ངོས་ནས་ལྕམ་སྐུ་མཆོག་ཁུལ་དེར་ཕྱོགས་བསྐྱོད་དེས་མང་གཙོའི་ལམ་ལུགས་གོང་སྤེལ་ལ་ཉེན་ཁ་ཆེན་པོ་ཞིག་མཐོང་གི་ཡོད་པ་མ་ཟད། ཁུལ་དེ་ནི་རྒྱ་ནག་གི་ཆ་ཤས་ལྡོག་ཏུ་མེད་པ་ཞིག་ཡིན་པ་དང་། རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཕྱི་ཕྱོགས་ནས་ཐེ་བྱུས་བྱས་ཚེ་འཁོན་ལེན་ནན་པོ་བྱ་རྒྱུ་ཡིན་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད། གཞི་རྩའི་ཨ་རི་དང་ཐེ་ཝན་གཉིས་ཀྱི་བར་གཞུང་འབྲེལ་གྱི་ཐོག་ནས་ཕན་ཚུན་འབྲེལ་བ་མེད་ཀྱང་དེ་སྔོན་ཕྱི་ལོ་ ༡༩༧༩ ལོར་ཐེ་ཝན་གྱི་བདེ་འཇགས་ལ་ཨ་རིས་རོགས་སྐྱོར་བྱ་རྒྱུའི་ཁྲིམས་འཆར་ཨ་རི་དང་ཐེ་ཝན་འབྲེལ་བ་ཞེས་པ་ཞིག་བཞག་ཡོད་པའི་རྐྱེན་གྱིས་ཕན་ཚུན་འབྲེལ་བ་དེ་ལྟར་བྱུང་བ་ཞིག་ཡིན་པ་རེད་འདུག

ལྕམ་སྐུ་ Nancy Pelosi མཆོག་གི་ཨེ་ཤེ་ཡའི་ཕྱོགས་བསྐྱོད་ནང་ཐེ་ཝན་འཁོད་མེད་པ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy pelosi མཆོག་གིས་ཨེ་ཤི་ཡའི་རྒྱལ་ཁབ་བཞིའི་ནང་ཕྱོགས་བསྐྱོད་དབུ་འཛུགས་གནང་ཡོད་ཀྱང་ཐེངས་འདིར་ཐེ་ཝན་དུ་ཕྱོགས་བསྐྱོད་ཀྱི་མཛད་འཆར་མངོན་གསལ་མེད་པ་རེད་འདུགདེ་ཡང་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་ཁུངས་ནས་སྤེལ་བའི་གསར་འགོད་གལས་བསྒྲགས་ནང་ལྕམ་སྐུ་ Nancy Pelosi མཆོག་གི་སྣེ་འཁྲིད་འོག་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དང་། མ་ལེ་ཤི་ཡ། དེ་བཞིན་ལྷོ་ཀོ་རི་ཡ་དང་ཉི་ཧོང་བཅས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཕྱོགས་བསྐྱོད་ཕེབས་རྒྱུ་དང་ཆབས་ཅིག ཕྱོགས་བསྐྱོད་དེའི་དགོས་དམིགས་གཙོ་བོ་ནི། རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་དུ་ཡོད་པའི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱི་ཐུན་མོང་བདེ་འཇགས་དང་། དཔལ་འབྱོར། དེ་བཞིན་མང་གཙོའི་ལམ་ལུགས་གོང་སྤེལ་བྱ་རྒྱུ་བཅས་ཡིན་པ་འཁོད་འདུག དེ་བཞིན་ཚོགས་གཙོ་མཆོག་ནས་ཀྱང་གསར་འགོད་གསལ་བསྒྲགས་སྐབས་ཕྱོགས་བསྐྱོད་འདི་བཞིན་རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་བར་གཡོ་བ་མེད་པའི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་མཚོན་གྱི་ཡོད་སྐོར་དང་། ཨ་རིས་འཆར་གཞི་ལྡན་པའི་ཐོག་ཁུལ་དེར་བྱེད་སྒོ་འཐུས་ཚང་ཡོང་རྒྱུ་དམ་བཅའ་བརྟན་པོ་ཡོད་པ་མ་ཟད། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་འདི་བཞིན་འཛམ་གླིང་ཡོངས་ཀྱི་ཞི་བདེ་ལ་གལ་འགངས་ཆེན་པོ་ཞིག་ཡིན་པ་གསུངས་འདུགརྩ་བའི་ལྕམ་སྐུ་མཆོག་འདི་ལོ་ཕྱི་ཟླ་ ༤ པའི་ནང་ཐེ་ཝན་དུ་བསྐྱོད་འཆར་གནང་ཡོད་ཀྱང་། སྐབས་དེར་ཁོང་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་རྐྱེན་གྱིས་ཕྱོགས་བསྐྱོད་ཕྱིར་འགྱངས་གནང་དགོས་བྱུང་བ་དང་། འདི་ལོ་ལྕམ་སྐུ་མཆོག་དངོས་སུ་ཐའེ་ཝན་དུ་ཕེབས་ཚེ་དེ་སྔ་མི་ལོ་ ༢༥ སྔོན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Newt Gingrich ལགས་ཀྱི་རྗེས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་མཐོ་གྲས་ཕེབས་མཁན་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད། དེ་རྗེས་ཚོགས་གཙོ་མཆོག་ཕྱི་ཟླ་ ༧ པའི་ནང་ཐའེ་ཝན་དུ་ཕྱོགས་བསྐྱོད་གནང་འཆར་ཡོད་པའི་ཡོངས་ཁྱབ་གནས་ཚུལ་བྱུང་ཡོད་ཀྱང་གནད་དོན་དེའི་ཐད་རྒྱ་ནག་གཞུང་གིས་གལ་ཏེ་ལྕམ་སྐུ་མཆོག་དངོས་སུ་ཐའེ་ཝན་དུ་ཕེབས་ཚེ་ཨ་རིའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ནོར་འཁྲུལ་ཞིག་དང་། རྒྱ་ནག་གིས་ངོས་ནས་དེར་འཁོན་ལེན་ནན་པོ་བྱ་རྒྱུ་ཡིན་པ་བརྗོད་ཡོད།མ་ཟད་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་དྲ་ཐོག་བརྒྱུད་བཀའ་མོལ་གནང་བའི་སྐབས། ཞི་ཅིང་ཕིང་གིས་ཨ་རིས་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྩིས་སྲུང་ཞུ་དགོས་པ་དང་། གལ་ཏེ་མ་བྱུང་ན་སུས་མེ་ལ་འཆང་ཚེ་འཚིག་རྒྱུ་ཡིན་པའི་ཉེན་བརྡའང་བཏང་ཡོད། སྐབས་དེར་ཨ་རིའི་སྲིང་འཛིན་མཆོག་ནས་ཞི་ཅིང་ཕིང་ལ་ཐེ་ཝན་གནད་དོན་ཐད་ཨ་རིའི་བཞེངས་ཕྱོགས་འགྱུར་བ་ཕྱིན་མེད་སྐོར་དང་། རྒྱ་ནག་གིས་ཕྱོགས་གཅིག་ཁོ་ནའི་བརྒྱུད་ཐེ་ཝན་གྱི་གནད་དོན་ཐད་འགྱུར་བ་དང་། དེ་བཞིན་ཁུལ་དེའི་ཞི་བདེ་དང་སྲ་བརྟན་ལ་སྣང་ཆུང་བྱེད་པ་དེ་ཧ་ཅང་མི་འོས་པ་ཞིག་ཡིན་པར་སྐྱོན་བརྗོད་བྱས་ཡོད།རྩ་བའི་ད་རེས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་དུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཕྱོགས་བསྐྱོད་མཛད་འཆར་ཡོད་པ་དེའི་ནང་ཐེ་ཝན་འཁོད་མེད་ན་ཡང་རྒྱ་གར་ཞི་བདེའི་རྒྱ་མཚོའི་ཁུལ་འདི་བཞིན་རྒྱ་ནག་གི་ལོ་ཤས་སྔོན་ནས་ཐེ་བྱུས་ཤུགས་ཆེར་བྱས་བཞིན་ཡོད་པའི་རྐྱེན་གྱིས་ད་རེས་རྒྱ་ནག་གིས་གོའང་ཅོ་ Guangzhou ལྷོ་མཚོ་ཁུལ་དང་། ཐེ་ཝན་ནས་སྤྱི་ལེ་ ༡༠༠ ལྷག་གི་མཚམས་སུ་ཡོད་པའི་ཕྷུ་ཤན་ Fuijan ཞིང་ཆེན་གྱི་མཚོ་ཁ་རུ་དམག་སྦྱོང་བྱེད་བཞིན་ཡོད་པར་ཉེན་བརྡ་མངོན་གསལ་གཏོང་བཞིན་ཡོད་པ་རེད་འདུག གཞི་རྩའི་ལྕམ་སྐུ་མཆོག་གིས་ཨེ་ཤི་ཡའི་ཕྱོགས་བསྐྱོད་དེ་ནི་ཨ་རི་དང་རྒྱ་ནག་བར་གྱི་ཆབ་སྲིད་ཀྱི་གནད་དོན་ཛ་དྲག་ཞིག་ཏུ་གྱུར་ཡོད་པ་མངོན་གསལ་བྱུང་ཡོད།

རྒྱ་རིགས་མཁས་དབང་ཁག་ཅིག་གིས་ཨ་རིའི་ཁྲིམས་འཆར་དེས་བོད་དོན་ཐོག་ཤུགས་རྐྱེན་ཆེན་པོ་འཐེབ་རྒྱུ་ཡིན་པ་གསུངས་འདུག

ཨ་རིར་གནས་བཞུགས་རྒྱ་རིགས་མཁས་དབང་བཞི་ནས་ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་ཞིག་བཏོན་པ་དེས་མ་འོངས་པར་བོད་དོན་ཐོག་ཤུགས་རྐྱེན་ཆེན་པོ་ཞིག་འཐེབ་རྒྱུར་ངོས་འཛིན་དང་སྦྲགས། ཁྲིམས་འཆར་དེའི་བརྒྱུད་ཨ་རིས་གཙོས་པའི་མང་གཙོ་རྒྱལ་ཁབ་རྣམས་ནས་བོད་རྒྱའི་དཀའ་རྙོག་གི་ཐད་ལ་བཞེངས་ཕྱོགས་མངོན་གསལ་གནང་ཡོད་པ་ཞིག་ཀྱང་མཚོན་གྱི་ཡོད་སྐོར་གསུངས་འདུགདེ་ཡང་ཨ་རིའི་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་ཁྲིམས་འཆར་དེ་དང་འབྲེལ་ཕྱི་སྡོད་རྒྱ་རིགས་མཁས་དབང་བཞི་དང་ལྷན་འབྲེལ་བ་ཞུ་པར་ Colorado གཙུག་ལག་སློབ་ཁང་གི་ཉམས་ཞིབ་པ་སྐུ་ཞབས་ཏིང་ཡི་ཧྥུ་ Ding Yifu ལགས་ཀྱིས་ཁྲིམས་འཆར་དེའི་བརྒྱུད་བོད་རྒྱ་འབྲེལ་མོལ་ཡོང་ཐབས་དང་། འབྲེལ་མོལ་དེའི་བརྒྱུད་ནས་ཕན་ཚུན་གཉིས་མོས་ཀྱི་ཐོག་ནས་བསམ་ཤེས་དང་ཡིད་ཆེས་ཙམ་མ་ཟད། འདས་པའི་ལོ་རྒྱུས་ནང་བོད་རྒྱ་གཉིས་ཞི་བདེ་ལྷིང་འཇགས་ངང་མཉམ་གནས་བྱས་མྱོང་ཡོད་པའི་དེ་སྔའི་གནས་བབ་དེའང་སྐྱར་གསོ་ཐུབ་སྲིད་པ་ཞིག་འགྲེལ་བརྗོད་གནང་འདུགཁོང་གིས་ད་དུང་བོད་རྒྱ་གཉིས་ནི་ངོ་བོ་དང་། མི་རིགས་སོགས་ཐ་དད་ཡིན་པ་ལོ་རྒྱུས་དང་དངོས་བོའི་གནས་ཚུལ་གྱི་ཐོག་ནས་ར་སྤྲོད་ཐུབ་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་འདི་བཞིན་རྒྱ་ནག་གི་རིག་གཞུང་དང་ལོགས་སུ་ཡོད་པར་བརྟེན། བོད་མི་རིགས་རྒྱ་འགྱུར་དང་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་འགྱུར་རྒྱུ་སོགས་ནི་ཡོང་མི་སྲིད་པ་ཞིག་ཡིན་པར་སྐྱོན་བརྗོད་དང་། སྔ་ཕྱི་མ་གཏོགས་རིམ་པས་རྒྱ་དམར་གཞུང་ནས་བོད་ཐོག་བཞེངས་ཕྱོགས་འགྱུར་བ་བྱུང་ངེས་པ་ཞིག་དང་། རིམ་པས་མཁྲེགས་འཛིན་གྱི་སྲིད་བྱུས་དེ་དག་སྤངས་ཏེ། བོད་མིའི་མངོན་འདོད་དང་ཐོབ་ཐང་ལ་གུས་བཀུར་ཞུས་ངེས་པ་ཡིན་པ་སྐོར་དང་། དེ་ལྟར་ཡོང་ཐབས་སུ་ངེས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་འབྲེལ་མོལ་གནང་དགོས་པ་སོགས་གསུངས་འདུགདེ་བཞིན་རྒྱ་རིགས་རྩོམ་པ་པོ་དང་པེ་ཅིང་དཔྱིད་ཀའི་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ཝུ་ཕིངས་ Hu Ping ལགས་ཀྱིས་དེང་སང་རྒྱ་རིགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཉིད་ཤེས་པའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཐེངས་འདིའི་ཁྲིམས་འཆར་བརྒྱུད་བོད་མིའི་རང་དབང་གོང་སྤེལ་གཅིག་པུ་མིན་པར་འཛམ་གླིང་སྤྱིའི་ཞི་བདེ་དང་དྲང་བདེན། དེ་བཞིན་རྒྱ་རིགས་ཀྱི་རྩ་དོན་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་པ་དང་འབྲེལ། བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་དང་བོད་མི་རིགས་ཀྱི་ངོ་བོ་དང་རྒྱལ་ཞེན་རྩ་གཏོར་གཏོང་བཞིན་པའི་དུས་སྐབས་འདིར་ཁྲིམས་འཆར་འདི་བཞིན་དུས་ཐོག་ཏུ་བཏོན་ཐུབ་པ་བྱུང་ཡོད་སྐོར་གསུངས་འདུགདེ་དང་ཕྱོགས་མཚུངས་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་ City གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་པོ་སྐུ་ཞབས་ཤཱ་མིང་ Xia Ming ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་བོད་མི་གྲངས་ ༡༦༠ ཙམ་གྱིས་རང་ལུས་མེར་བསྲེགས་བརྒྱུད་བོད་མིའི་དཀའ་སྡུག་རྣམས་མངོན་གསལ་བྱས་པའི་ཁྲོད་འདིར། བོད་དོན་ཁྲིམས་འཆར་འདི་ལྟ་བུ་ནི་ཕུགས་ཀྱི་དམིགས་ཡུལ་བཟང་པོ་ཞིག་ལ་བཅངས་བའི་རྒྱལ་སྤྱིའི་གནོན་ཤུགས་ཞིག་ལ་ངོས་འཛིན་ཞུས་ཀྱི་ཡོད་སྐོར་གསུང་འདུག རྒྱ་ནག་གཞུང་གིས་མི་ལོ་༧༠ ལྷག་ཙམ་གྱི་རིང་ནས་བོད་ཆོལ་གསུམ་ཡོངས་ལ་བཙན་ཤེད་དབང་སྒྱུར་བྱེད་ཕྱོགས་དེས་ཡུལ་དེའི་ངོས་ནས་བོད་ཐོག་བདག་དབང་རྩོད་བཞིན་པ་དེ་ནམ་ཡང་ཁྲིམས་མཐུན་བཟོ་ཐུབ་ཐབས་མེད་པ་ཞིག་མ་ཟད། དེང་གི་དུས་སུ་འགན་འཁྲི་མེད་པའི་མི་གཅིག་དབང་འཛིན་གྱི་ལམ་ལུགས་དེ་གསོན་གནས་ཐུབ་ཀྱི་མེད་པ་དང་། ལྷག་པར་དུ་སྡུག་རྩུབ་ཅན་གྱི་སྲིད་གཞུང་ལ་ཁྲིམས་མཐུན་གྱི་གནས་བབ་དེ་བས་ཡོང་རྒྱུ་མེད་པའི་ནན་བརྗོད་དང་སྦྲགས། སྐྱོན་བརྗོད་ཤུགས་ཆེར་བྱས་འདུགཡང་ Hunter མཐོ་སློབ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མཁས་པ་སྐུ་ཞབས་ཐེང་པཱོ་ Teng Biao ལགས་ཀྱིས་ ཐེངས་འདིའི་ཨ་རིའི་ཁྲིམས་འཆར་ལ་དགའ་བསུ་ཞུས་པ་དང་སྦྲགས། ཁྲིམས་འཆར་འདི་བཞིན་བོད་རྒྱའི་འབྲེལ་ལམ་ཐད་ཤུགས་རྐྱེན་ཆེན་པོ་ཞིག་འཐེབ་ངེས་ཡིན་སྐོར་གསུང་འདུག  ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས། དེ་བཞིན་མི་རིགས་རང་སྐྱོང་སོགས་ཀྱི་ཁྲིམས་རྣམས་རྡོག་རོལ་དང་། བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་སྡུག་རྩུབ་དང་དྲག་སྤྱོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་རིགས་དང་རིགས་གཞུང་། དེ་བཞིན་ཆོས་ལུགས་སོགས་ལ་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་བརྒྱུད་མི་རིགས་ཀྱི་ངོ་བོ་རྩ་མེད་དང་བོད་མི་རྣམས་ཀྱི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་དང་སྦྲགས། དེ་ལྟ་བུའི་གནས་སྟངས་ཁྲོད་ཨ་རིས་གཙོས་པའི་མང་གཙོ་རྒྱལ་ཁབ་ཁག་ནས་བོད་རྒྱའི་གནད་དོན་ཐད་བཞེངས་ཕྱོགས་གསལ་པོ་ཞིག་འཛིན་རྒྱུ་དེ་བོད་མིའི་མ་འོངས་གནས་བབ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ཧ་ཅང་གནད་ཆེན་ཞིག་ཏུ་གྱུར་ཡོད་པ་གསུངས་འདུགགཞི་རྩའི་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་པ་དེའི་ནང་རྒྱལ་སྤྱིའི་ཁྲིམས་འོག་ནས་བོད་ཀྱི་གནད་དོན་དེ་དུས་ད་ལྟའང་ཐག་གཅོད་མ་ཟིན་པར་ལུས་ཡོད་པ་དང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན། དེ་བཞིན་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་སོགས་འཁོད་ཡོད། དེ་བཞིན་ཁྲིམས་འཆར་དེས་ཨ་རི་སྲིད་གཞུང་གི་བཞེངས་ཕྱོགས་མངོན་གསལ་གནང་བའི་ཐོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་རྒྱ་ནག་གིས་བོད་དང་བོད་དོན། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་བཅས་ལ་འཁྱོག་བཤད་སྤེལ་བཞིན་པར་གདོང་ལེན་གྱི་ནུས་པ་ཤུགས་ཆེར་གཏང་རྒྱུ་ཡིན་པ་དང་། བོད་ཅེས་པ་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ན་མིན་པར། ཀན་སུའུ་དང་ཟི་ཁྲོན། མཚོ་སྔོན་དང་ཡུན་ནན་ཞིང་ཆེན་ཁག་གི་ནང་འཆར་འགོད་བྱས་པའི་བོད་ཀྱི་ས་ཁུལ་ཁག་ཀྱང་དེ་མཚུངས་ཡིན་པ་མངོན་གསལ་གནང་རྒྱུ་ཡིན་པ་འཁོད་ཡོད། པར་དབང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

རྒྱ་ནག་དེ་བཞིན་འཛམ་གླིང་སྤྱིའི་བདེ་འཇགས་ལ་ཉེན་ཚབས་ཆེ་ཤོས་ཡིན་པ་གསུངས་འདུག

དབྱིན་ཡུལ་གྱི་སྲིད་བློན་འོས་མི་སྐུ་ཞབས་ Rishi Sunak ལགས་ནས་རྒྱ་ནག་དེ་བཞིན་དབྱིན་ཡུལ་དང་འཛམ་གླིང་སྤྱིའི་བདེ་འཇགས་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་གསུངས་འདུགཟླ་བ་འདིའི་འགོ་སྟོད་ཏུ་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Boris Johnson མཆོག་ལས་གནས་ནས་རྩ་དགོངས་ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་སྟབས། ད་ལྟའི་ཆར་དབྱིན་ཡུལ་རྒྱལ་ཁབ་ནང་སྲིད་བློན་གསར་པ་འོས་འདེམས་ཀྱི་ལས་རིམ་ཁག་འགྲོ་མུས་ཁྲོད། དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་ Rishi Sunak ལགས་དང་། ཕྱི་སྲིད་བློན་ཆེན་ལས་ཐོག་ལྕམ་སྐུ་ Liz Truss ལགས་གཉིས་མཐའ་མའི་འོས་མིའི་ཁོངས་སུ་ཚུད་ཡོད།ཁ་སྔོན་རེས་གཟའ་ཉི་མིའི་ཉིན་སྐུ་ཞབས་ Rishi Sunak ལགས་ཀྱིས་དབྱིན་ཡུལ་དང་རྒྱ་ནག་དབར་གྱི་མ་འོངས་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་བཀའ་མོལ་གནང་སྐབས་རྒྱ་ནག་རྒྱལ་ཁབ་དེ་བཞིན་དབྱིན་ཡུལ་དང་འཛམ་གླིང་སྤྱིའི་བདེ་འཇགས་ལ་ཉེན་ཚབས་ཆེ་ཤོས་ཤིག་ཡིན་སྐོར་གསུངས་པ་དང་འབྲེལ་གལ་ཏེ་མ་འོངས་པར་ཁོང་རང་དབྱིན་ཡུལ་གྱི་སྲིད་བློན་དུ་འོས་འདེམས་བྱུང་ཚེ་ལས་ཉིན་དང་པོར་དབྱིན་ཡུལ་གྱི་ཤེས་ཡོན་ལྟེ་གནས་ཁག་ཏུ་ཡོད་པའི་རྒྱ་ནག་གི་ Confucius སློབ་གླིང་ ༣༠ ཙམ་ཡོད་པ་དེ་དག་ཕྲལ་དུ་སྒོ་བརྒྱབ་ཏེ་རྒྱ་ནག་གཞུང་གིས་རིག་གཞུང་དང་སྐད་ཡིག་གི་མིང་བྱང་ཐོག་ལ་འཇམ་པོའི་སྟོབས་ཤུགས་རྒྱ་སྐྱེས་གཏོང་བཞིན་ཡོད་པ་དེ་ཉིད་འགོག་ཐབས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཁོང་ནས་ད་དུང་ MI5 ཞེས་པའི་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་བརྒྱུད་ཡུལ་དེའི་ནང་ཡོད་པའི་གཙུག་ལག་སློབ་ཁང་དང་ཞིབ་འཇུག་གི་ལྟེ་གནས་ཁག་གཙོས་སྡེ་ཚན་ཅི་རིགས་ནང་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ཁག་མཚམས་འཇོག་དང། རྒྱ་ནག་གི་དྲ་རྒྱའི་བརྒྱུད་སོ་ཉུལ་ལས་དོན་བྱེད་བཞིན་པར་གདོང་ལེན། དེ་བཞིན་དབྱིན་ཡུལ་ནང་རྒྱ་རིགས་ཚོས་ཚོང་ལས་རྒྱ་ཆེར་སྤེལ་བཞིན་ཡོད་པ་དེར་ཚོད་འཛིན་དམ་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།རྒྱ་ནག་གཞུང་ནས་དབྱིན་ཡུལ་གྱི་ཚད་མཐོའི་འཕྲུལ་རིགས་ཁག་འཇབ་རྐུ་དང་ད་ཆ་ཨུ་རུ་སུའི་རྒྱལ་ཁབ་ལ་རྒྱབ་སྐྱོར། ཐེ་ཝེན་ལྟ་བུའི་ཁྱིམ་མཚེས་རྒྱལ་ཁབ་ལ་ཐུབ་ཚོད། དེ་བཞིན་རྒྱ་ནག་སྤྱི་དང་། ལྷག་པར་དུ་ཤིང་ཅང་དང་ཧོང་ཀོང་སོགས་ཀྱི་ནང་མི་སེར་ཉེས་མེད་རྣམས་འཛིན་བཟུང་བཀག་ཉར་དང་།  མནར་གཅོད་བཏང་པ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་མེད་པ་མ་ཟད། རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ཐོག་དྲང་བདེན་མེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ལ་བུ་ལོན་གྱི་བསླུ་ཁྲིད་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གིས་བྱེད་ཕྱོགས་དེ་དག་ལ་དབྱིན་ཡུལ་དང་ནུབ་ཕྱོགས་རྒྱལ་ཁབ་ཡོངས་ནས་ཤེས་རྟོགས་མེད་ཁུལ་བྱེད་བཞིན་པ་ད་ཚོད་གདོང་ལེན་བྱ་དགོས་པའི་གནས་ལ་བབས་ཟིན་ཡོད་པས། ངའི་སྲིད་བློན་ལས་ཉིན་དང་པོར་རྒྱ་ནག་གི་ཐད་བཞེངས་ཕྱོགས་དེ་ཡང་འགྱུར་བ་གཏང་རྒྱུ་ཡིན་པ་བཅས་ནན་བརྗོད་གནང་ཡོད།ད་རེས་སྐུ་ཞབས་ Rishi Sunak ལགས་ཀྱིས་རྒྱ་ནག་དང་འབྲེལ་བའི་བཀའ་མོལ་དེ་དག་དང་འབྲེལ། སྲིད་བློན་གྱི་འོས་མི་ཕྱི་སྲིད་བློན་ཆེན་ལས་ཐོག་ལྕམ་སྐུ་ Liz Truss ལགས་ཀྱིས། སྐུ་ཞབས་ Rishi Sunak ལགས་འདས་པའི་ལོ་གཉིས་ཙམ་གྱི་རིང་ལ་དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་གནང་སྐབས་རྒྱ་ནག་གཞུང་གིས་ཧོང་ཀོང་དང་། ཐེ་ཝན། དེ་བཞིན་ཤིང་ཅང་སོགས་ཀྱི་ནང་ལ་དྲག་པོའི་བྱ་སྤྱོད་སྣ་ཚོགས་སྤེལ་བ་དེར་ཁ་ཁུ་སིམ་པོ་བཞུགས་ཡོད་པ་མ་ཟད། སྐབས་དེར་དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱི་དབར་ཚོང་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུའི་ཐོག་གི་བྱ་སྤྱོད་དང་ད་རེས་གསུངས་པའི་བཀའ་མོལ་གཉིས་བར་འགལ་ཟླ་ཡོད་པར་གླེང་སློང་དང་སྦྲགས། ལྕམ་སྐུ་ཁོང་སྲིད་བློན་དུ་འདེམས་ཐོན་བྱུང་ཚེ་དབྱིན་ཡུལ་དབུས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་སྒྲིག་འཛུགས་ G7 ཞེས་པ་དེ་ཡིས་ཚོང་ལས་ཁྲོད་གཙོ་བོ་རྒྱ་ནག་གཞུང་གི་ཚོང་དང་འབྲེལ་བའི་འཇིགས་སྐུལ་དང་ཉེན་ཚབས་ཁག་ལ་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།ད་རེས་དབྱིན་ཡུལ་གྱི་སྲིད་བློན་འོས་མི་གཉིས་ནས་རྒྱ་ནག་གི་གནད་དོན་ཐོག་བཀའ་མོལ་མ་གནང་པའི་གོང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ Global Times ནང་དུ་སྲིད་བློན་འོས་མི་སྐུ་ཞབས་ Rishi Sunak ལགས་སུ་དབྱིན་ཡུལ་གྱི་སྲིད་བློན་དུ་འོས་འཚམས་ཤིག་ཡིན་སྐོར་གནས་ཚུལ་སྤེལ་ཡོད་ཀྱང་། ཁེ་ཉིན་ཁོང་ནས་རྒྱ་ནག་གིས་ལས་དོན་བྱེད་ཕྱོགས་ལ་སྐྱོན་བརྗོད་དང་སྦྲགས། རང་ཉིད་ཀྱི་ངོས་ནས་མ་འོངས་ལས་དོན་བྱ་ཕྱོགས་ཀྱི་ཐད་ཡོངས་གྲགས་གསུངས་པའི་རྗེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་དབྱིན་ཡུལ་གྱི་འོས་བསྡུའི་ལས་རིམ་ཁྲོད་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེས་བྱུས་བྱ་རྒྱུ་མེད་སྐོར་བཤད་ཡོད་པ་རེད། རྩ་བའི་དབྱིན་ཡུལ་གྱི་རྙིང་ཞེན་ཚོགས་པའི་ Conservative Party འགོ་ཁྲིད་སྐུ་ཞབས་ Boris Johnson མཆོག་སྲིད་བློན་གྱི་ལས་ཡུན་མཇུག་སྒྲིལ་གོང་རྩ་དགོངས་ཞུ་དགོས་པའི་གནས་སྟངས་བྱུང་སྟབས། སྲིད་བློན་གྱི་འོས་བསྡུ་འདི་ཉིད་ Conservative རྙིང་ཞེན་ཆབ་སྲིད་ཚོགས་པའི་འགོ་ཁྲིད་འོས་འདེམས་ཤིག་ཀྱང་ཆགས་ཀྱི་ཡོད་སྟབས། རྙིང་ཞེན་ཚོགས་པའི་ཚོགས་མི་སྐུ་ཞབས་ Rishi Sunak ལགས་དང་། ལྕམ་སྐུ་ Liz Truss ལགས་གཉིས་ནས་གང་ཞིག་རྒྱལ་ཁ་ཐོབ་ཚེ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་དང་རྒྱལ་ཁབ་ཀྱི་སྲིད་བློན་གཅིག་ལྕོགས་ཆགས་ཀྱི་ཡོད།  

ཨོ་གླིང་གི་ལས་འགུལ་བ་ Drew Pavlou ལགས་དབྱིན་ཡུལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར།

བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བར་རྒྱབ་སྐྱོར་གནང་མཁན་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ Drew pavlou ལགས་ཟླ་འདིའི་ཚེས་ ༢༡ ཉིན་དབྱིན་ཡུལ་གྱི་ཉེན་རྟོག་པས་ London ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་ནས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་རེད་འདུགདེ་ཡང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ London ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པའི་མདུན་དུ་སྐུ་ཞབས་ Drew Pavlou ལགས་ཀྱིས་ཞི་བའི་ལས་འགུལ་སྤེལ་སྐབས་ཁུལ་དེའི་ཉེན་རྟོག་པས་སྐུ་ཞབས་ Drew ལགས་ཀྱིས་གློག་འཕྲིན་ཁ་བྱང་ཞིག་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་མཚམས་འཇོག་མ་བྱས་ན་གཞུང་ཚབ་ཁང་འབར་རྫས་ཀྱིས་གཏོར་རྒོལ་བྱ་རྒྱུ་ཡིན་པའི་གློག་འཕྲིན་ཞིག་འབྱོར་ཡོད་ཚུལ་བརྗོད་དེ་ཁོང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་རེད་འདུགལས་འགུལ་བ་སྐུ་ཞབས་ Drew pavlou ལགས་ཀྱིས་རང་ཉིད་ཀྱི་ Twitter ཐོག་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ཞི་བའི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་ཚབ་པས་གློག་འཕྲིན་ཁ་བྱང་རྫུན་བཟོ་བྱས་ནས་གཞུང་ཚབ་ཁང་འབར་རྫས་ཀྱིས་གཏོར་རྒོལ་བྱ་རྒྱུའི་བྱུས་ངན་བཤམས་ཡོད་ཚུལ་སོགས་ཁུལ་དེའི་ཉེན་རྟོག་པར་རྩིས་སྤྲོད་བྱས་ནས་ཁོང་འཛིན་བཟུང་བྱས་ཡོད་པ་བཀོད་འདུག མ་ཟད་ཁ་སང་བར་ཉིན་ལྔའི་རིང་ཁོང་ལ་དཀའ་ངལ་ཆེན་པོ་ཕྲད་ཡོད་པ་དང་། ལྷག་པར་དུ་ཁོང་གི་དགའ་ཉེ་སྤུན་མཆེད་ཚང་མས་སེམས་འཚབ་ཆེན་པོ་གནང་ཡོད་སྟབས། ཨོས་ཊོ་ལི་ཡའི་གཞུང་ནས་རོགས་འདེགས་དགོས་པའི་བརྙན་ཞིག་ཀྱང་འཇོག་ཡོད་པ་རེད།སྐུ་ཞབས་ Pavlou ལགས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མ་ཐག་ཨོས་ཊོ་ལི་ཡར་གནས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་འཇིགས་སྐུལ་བྱས་པའི་གློག་འཕྲིན་ཁ་བྱང་དེ་སྐུ་ཞབས་ Pavlou ལགས་ཀྱི་མིན་པ་དང་དེ་ནི་རྫུན་བཟོ་བྱས་པའི་འགྲེལ་བརྗོད་དང་སྦྲགས། རྒྱུན་དུ་ནས་ཁོང་གིས་བདེ་སྤྱོད་བྱེད་བཞིན་པའི་གློག་འཕྲིན་ཁ་བྱང་ངོ་མ་བཀོད་དེ་དབྱིན་ཡུལ་གྱི་ངོས་ནས་ཁོང་འཕྲལ་མར་གློད་བཀྲོལ་གཏང་དགོས་པ་མ་ཟད། ཨོས་ཊོ་ལི་ཡའི་གཞུང་ནས་ཀྱང་ཁོང་བདེ་ཐང་ངང་ཁྱིམ་ལ་འཁོར་ཐབས་གནང་དགོས་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེར་ལས་འགུལ་བ་ Drew pavlou ལགས་ཀྱིས་ Twitter དྲ་གནས་ཐོག་དྲང་བདེན་དང་རང་དབང་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་བཀོད་འདུག

༸གོང་ས་མཆོག་ནས་ལྕམ་སྐུ་ Droupadi Murmu མཆོག་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འཕྲིན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་དྲོ་རྒྱ་གར་གྱི་ Odisha མངའ་སྡེའི་ Mayurbhanj རྫོངས་ཁོངས་ནས་ཡིན་པའི་ལྕམ་སྐུ་ Droupadi Murmu མཆོག་རྒྱ་གར་གྱི་སྲིད་འཛིན་སྐབས་ ༡༥ པར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། མ་འོངས་ལས་དོན་ཁག་གང་ལེགས་གྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ད་ལྟའི་བཞུགས་བཞག་མཛད་ཡུལ་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་སྩལ་བའི་དགའ་བསུའི་འཚམས་འདྲི་དེའི་ནང་དུ་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱ་གར་རྒྱལ་ཁབ་ཀྱི་གལ་གནད་དང་མཚན་མཐོང་གོང་འཕེལ་འགྲོ་བཞིན་པ་མ་ཟད། རྒྱ་གར་འདི་བཞིན་རྒྱལ་སྤྱིའི་ཐོག་ཞི་བདེ་དང་ཡར་རྒྱས་གོང་འཕེལ་ཐད་ཞབས་འདེགས་རླབས་ཆེན་གྲུབ་རྒྱུའི་ནུས་པ་ལྡན་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་ཞུ་བཞིན་པའི་སྐབས་འདིར་ལྕམ་སྐུ་ Droupadi Murmu མཆོག་ནས་སྲིད་འཛིན་གྱི་ཐུགས་འགན་བཞེས་ཀྱིས་ཡོད་སྟབས། ལྕམ་སྐུ་མཆོག་གི་ལས་ཡུན་ཁྲོད་རང་ཉིད་ཀྱི་ནུས་པ་གང་ཡོད་ཀྱིས་རྒྱ་གར་རྒྱལ་ཁབ་འདི་བཞིན་མཚན་མཐོང་གོང་འཕེལ། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོའི་བློ་སྤོབས་དང་སེམས་འགུལ་ཐེབས་པའི་ཐོག་རྒྱ་གར་གྱི་ནུས་སྟོབས་སྲ་བརྟན་དང་འཛམ་གླིང་ཞི་བདེའི་སྣེ་ཁྲིད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་འདུགམ་ཟད་མགོན་པོ་གང་ཉིད་མཆོག་རྒྱ་གར་གཞུང་གི་སྐུ་མགྲོན་དུས་ཡུན་རིང་ཤོས་ཤིག་ཡིན་པའི་ཆ་ནས་རྟག་ཏུ་རྒྱལ་ཁབ་འདི་ལ་གུས་བརྩི་ཞུ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་འདས་པའི་ལོ་དུས་དེ་དག་རིང་རྒྱ་གར་གྱི་ས་གནས་ཕལ་མོ་ཆེར་ཕེབས་རྒྱུའི་གོ་སྐབས་བྱུང་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། རྒྱ་གར་རྒྱལ་ཁབ་ཀྱིས་ལོ་ངོ་སྟོང་ཕྲག་རིང་སྙིང་རྗེ་དང་འཚེ་བ་མེད་པའི་རྣམ་གཞག་རྒྱུན་འཛིན་དང་། བདག་ཉིད་ཆེན་པོ་གན་དྷི་མཆོག་གིས་འཚེ་བ་མེད་པའི་རྣམ་གཞག་རྒྱ་ཁྱབ་མཛད་པ། དེ་བཞིན་ཆོས་ལུགས་སྣ་ཚོགས་མཉམ་གནས་ཐོག་ཆོས་ལུགས་མཐུན་འབྲེལ་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་དེ་ནི་གང་ཟག་སྒེར་དང་རྒྱ་ཆེ་ས་ནས་འཛམ་གླིང་སྤྱི་ལ་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད་པ་བཀའ་སྩལ་འདུག་པ་མ་ཟད་། ད་ཆ་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་ཤེས་ཡོན་ལ་དོ་སྣང་དང་གོ་རྟོགས་སྤེལ་ཏེ་གནའ་དེང་གྱི་ཤེས་ཡོན་གཉིས་ཆ་སྙོམ་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་བྱུང་ཚེ་འགྲོ་བ་མི་རྣམས་ཀྱི་སེམས་ཁམས་འཕྲོད་བསྟེན་ལ་ཕན་པ་དང་། རྒྱུན་དུ་ཉོན་མོངས་མ་རིག་པའི་བསམ་བློ་ལ་གདོང་ལེན་གྱིས་སེམས་ཞི་བདེ་དང་ལྡན་པ་ཞིག་ཡོང་རྒྱུར་དགེ་ཚན་ཡོད་པ་སོགས་བཀའ་སྩལ་དང་ཆབ་ཅིག མགོན་པོ་གང་ཉིད་མཆོག་ནས་སྙིང་རྗེའི་ནུས་པ་གཙོ་བོར་གྱུར་པའི་རིན་ཐང་བྲལ་བའི་རྒྱ་གར་གྱི་གནའ་བོའི་རིག་གནས་ཁག་རྒྱ་གར་ཙམ་མ་ཟད་འཛམ་གླིང་མི་མང་ལ་གོ་རྟོགས་མུ་མཐུད་སྤེལ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་བཀའ་སྩལ་འདུགགཞན་ཡང་མགོན་པོ་གང་ཉིད་མཆོག་གིས་ལྕམ་སྐུ་ Droupadi Murmu མཆོག་ལ་སྩལ་བའི་འཚམས་འཕྲིན་དེའི་ནང་རྒྱ་གར་གཞུང་དམངས་གཉིས་ནས་བོད་མི་ཡོངས་ལ་ནང་ཆོས་གཙོས་པའི་བོད་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུ་སོགས་ཀྱི་ཐོག་རྒྱབ་སྐྱོར་དང་རོགས་རམ་རྒྱ་ཆེར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ལྕམ་སྐུ་མཆོག་གི་མ་འོངས་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་མཛད་འདུག རྩ་བའི་ལྕམ་སྐུ་ Droupadi Murmu མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་གར་གྱི་ Odisha མངའ་སྡེའི་ Mayurbhanj རྫོངས་ཁོངས་སུ་འཁྲུངས་ཤིང་། ད་རེས་ལྕམ་སྐུ་མཆོག་རྒྱ་གར་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བ་དེ་ནི་རྒྱ་གར་ནང་བེུད་སྲིད་འཛིན་གནང་མཁན་གཉིས་པ་དང་། རྒྱ་གར་གྱི་ Santal ཞེས་པའི་གདོད་མའི་མི་རིགས་ཁྲོད་ཀྱི་བེུད་ཞིག་སྲིད་འཛིན་དུ་བསྐོ་བཞག་བྱུང་བ་ཐེངས་དང་པོ་དང་། རྒྱ་གར་རང་བཙན་ཐོབ་རྗེས་སྐུ་འཁྲུངས་པའི་སྲིད་འཛིན་ཐོག་མ། དེ་བཞིན་ད་བར་གྱི་རྒྱ་གར་སྲིད་འཛིན་དགུང་གྲངས་ཆུང་ཤོས་བཅས་ཆགས་ཀྱི་ཡོད་པ་རེད།ལྕམ་སྐུ་ Droupadi Murmu མཆོག་ཆབ་སྲིད་ཀྱི་ལས་དོན་ནང་མ་བཞུགས་གོང་ས་གནས་སུ་དགེ་རྒན་དང་སློབ་གསོ་བའི་ཕྱག་ལས་གནང་མྱོང་ཡོད་པ་དང་། ཕྱིས་སུ་རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་ནང་བཞུགས་ཏེ་ Odisha མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་ཚོང་དང་འགྲིམ་འགྲུལ། དེ་བཞིན་ནུ་གསོ་སེམས་ཅན་ལྷན་ཁང་སོགས་ཀྱི་བློན་ཆེན། གཞན་ཡང་ཕྱི་ལོ་ ༢༠༡༥ ནས་ ༢༠༢༡ བར་ Jharkhand མངའ་སྡེའི་སྲིད་སྐྱོང་གི་ཐུགས་འགན་སོགས་བཞེས་ཡོད་པ་དང་། དེ་སྔ་མངའ་སྡེའི་གྲོས་ཚོགས་འཐུས་མི་གནང་པའི་སྐབས་འཐུས་མི་བཟང་ཤོས་ཀྱི་གཟེངས་རྟགས་སོགས་ཀྱང་ཐོབ་མྱོང་འདུག

བོད་རིག་པའི་ངོ་སྤྲོད་འདི་བཞིན་ནུས་པ་ལྡན་པའི་འཐབ་བྱུས་ཤིག་ཡིན་སྐོར་གསུངས་བྱུང་།

དེ་སྔོན་རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་རྟེན་གཞི་བྱས་པའི་དབུས་ཧི་མ་ལ་ཡའི་ལེགས་བྱང་མཐོ་སློབ་ཁང་དུ་ཨ་རུ་ན་ཅལ་དང་ཨ་སམ་མངའ་སྡེ་གཉིས་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་དམག་སྡེ་ཁག་གི་སྡེ་ཚན་ཅི་རིགས་ནང་ཕྱག་ལས་གནང་མཁན་གྱི་དམག་དཔོན་དང་། དམག་མི། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ལ་ཉིན་གྲངས་ ༤༢ རིང་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཐེངས་དང་པོ་དེ་གནང་ཟིན་ཡོད་པའི་གནས་ཚུལ་ཐོན་ཡོད།དེ་འབྲེལ་གནས་ཚུལ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གི་ནང་ཐེངས་འདིའི་རྒྱ་གར་གྱི་དམག་དཔོན་དང་དམག་མི་སོགས་ལ་བོད་རིག་པའི་སློབ་ཁྲིད་དེ་ནི་རྒྱ་ནག་གི་མཐའ་སྲུང་དམག་མི་ལ་འཐབ་རྒོལ་ནན་པོ་ཐུབ་ཐབས་ལ་དམིགས་པ་ཞིག་ཡིན་པ་དང་། ལྷག་པར་དུ་སློབ་གཉེར་ཁྲོད་དུ་བོད་ཀྱི་སྐད་ཡིག་དང་། ནང་ཆོས། དེ་བཞིན་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་སོགས་འདི་ཕྱོགས་ནས་གནང་སྟངས་དེ་རྒྱ་ནག་གཞུང་གིས་བོད་ནང་ལ་བོད་དམག་འདུ་སྐོང་བྱས་པ་དང་། དེ་བཞིན་མཐའ་སྲུང་དམག་མི་ལ་རྒྱ་གར་གྱི་སྐད་ཡིག་སློབ་ཁྲིད་བྱས་པ་སོགས་ཀྱི་བརྒྱུད་རིམ་དང་གཅིག་མཚུངས་ཡིན་སྐོར་བརྗོད་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ད་རེས་རྒྱ་གར་གཞུང་ནས་དམག་དཔོན་དང་དམག་མི་ཚོར་བོད་རིག་པའི་སློབ་གཉེར་གནང་རྒྱུ་དངོས་སུ་འགོ་བཙུགས་པ་དེ་ལ་དོན་ཚན་གསུམ་གྱི་ཐོག་ནས་གལ་གནད་ཆགས་ཀྱི་ཡོད་པ་དང་། དེ་ཡང་དང་ཐོག་ལ་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་གདོང་ཐུག་ཆེ་ཆེར་བྱུང་རྗེས་རྒྱ་གར་ནས་ས་མཚམས་ཀྱི་གནད་དོན་ཐོག་ལ་དོན་སྣང་གསར་པ་ཞིག་བསླེབས་ཏེ། ད་ཆ་དམག་མི་ཚོར་བོད་རིག་པའི་སློབ་གཉེར་གནང་འགོ་བཙུགས་པ་དེ་ནི་ Soft Power ཞེས་འཇམ་པོའི་ཐབས་བྱུས་ཀྱི་ཆ་ཤས་ཤིག་བེད་སྤྱོད་དང་། གཉིས་པ་མཐའ་མཚམས་ཀྱི་ཡུལ་མི་ཁག་དང་འབྲེལ་བ་བཟང་ཏུ་གཏོང་ཆེད་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་གནད་འགག་ཙམ་དུ་མ་ཟད། ལྷག་པར་དུ་དོན་ཚན་གསུམ་པ་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་སེལ་རྒྱུར་བོད་ཀྱི་གནད་དོན་འདི་གལ་ཆེན་པོ་ཡིན་པར་རྒྱ་གར་ངོས་ནས་ངོས་འཛིན་གསལ་པོ་ཐུབ་ཀྱི་ཡོད་སྐོར་གསུངས་བྱུང་།ད་རེས་རྒྱ་གར་གྱི་དམག་མི་ཚོར་བོད་རིག་པའི་སློབ་གཉེར་གནང་པ་དེ་ཡིས་གྲུབ་འབྲས་ཇི་འདྲ་ཐོན་སྲིད་མིན་སོགས་ཀྱི་ཐད་བཀའ་དྲི་ཞུ་སྐབས། རྒྱ་གར་དམག་མིས་ཟླ་བ་ཁ་ཤས་རིང་བོད་རིག་པའི་ཐོག་སློབ་གཉེར་གནང་སྟེ་བསླབ་པ་མཐར་སོན་སོགས་བྱུང་ཁག་པོ་ཡིན་ཡང་། སྤྱི་ཡོངས་ནས་བོད་རིག་པའི་ཐོག་དོ་སྣང་དང་། མ་འོངས་པར་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་བོད་རིག་པའི་ལྟེ་གནས་ཆེད་འཛུགས་ཀྱི་ས་བོན་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་དང་། ལྷག་པར་དུ་ད་རེས་རྒྱ་གར་གཞུང་གིས་བོད་རིག་པའི་ཟབ་སྦྱོང་འདི་ཉིད་རྒྱ་གར་གྱི་དམག་མིའི་ནང་ངོ་སྤྲོད་བྱས་པ་དེ་མ་འོངས་པར་ནུས་པ་དང་ལྡན་པའི་འཐབ་བྱུས་ཤིག་ལ་ངོས་འཛིན་ཞུས་ཀྱི་ཡོད་ཅེས་གསུངས་བྱུང་།གཞན་ཡང་ཁོང་ནས་དེ་རིང་བརྒྱུད་ལམ་ཁག་ཏུ་འབྲུག་དང་རྒྱ་གར། བོད་བཅས་ཀྱི་ས་མཚམས་དང་འབྲེལ་ཡོད། Doklam ས་ཁུལ་དུ་རྒྱ་ནག་གཞུང་གིས་དེ་སྔ་གྲོང་ཚོ་འཛུགས་སྐྲུན་ཀྱི་ལས་གཞི་སྣ་ཚོགས་སྤེལ་ཡོད་པ་དང་། ཉེ་ཆར་ས་ཁུལ་དེར་དངོས་སུ་རྒྱ་ནག་གི་དམག་མི་དང་འབྲེལ་ཡོད་མི་སེར་གནས་སྤོས་ཟིན་པའི་ཚད་མཐོའི་པར་རིས་ཁག་སྤེལ་བཞིན་པ་དང་འབྲེལ། འཐབ་བྱུས་ཀྱི་ཆ་ནས་ Doklam ས་ཁུལ་ནི་རྒྱལ་ཁབ་ཕྱོགས་ཡོངས་ལ་གནད་འགག་ཆེན་པོ་ཞིག་ཡིན་པ་མ་ཟད། ཁུལ་དེར་རྒྱ་ནག་གི་གྲོང་འཚོ་དེ་དག་བརྒྱུད་རིམ་པས་འབྲུག་ཡུལ་དེ་ཡང་བལ་ཡུལ་ལྟ་བུ་ཆགས་མི་སྲིད་པ་མ་རེད་ཅེས་ཚོད་དཔག་གནང་མཁན་མང་པོ་ཡོད་པ་འགྲེལ་བརྗོད་གནང་ཡོད།གཞི་རྩའི་རྒྱ་གར་གྱི་དམག་མི་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐོག་སློབ་སྦྱོང་བྱེད་རྒྱུའི་ལས་གཞི་འདི་ནི་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཀྱི་གནད་དོན་རིམ་པས་བྱུང་སྐབས། སྐབས་དེའི་ཕྱི་ཟླ་ ༡༠ ནང་ཚོགས་པའི་རྒྱ་གར་གྱི་དམག་སྤྱིའི་ལྷན་ཚོགས་ཐོག་གྲོས་བསྡུར་ཐོག་མ་བྱུང་སྟེ་ཉེ་བའི་ཆར་དངོས་སུ་དམག་མིའི་ཚོགས་ཁག་ལ་སློབ་གཉེར་གནང་ཟིན་པ་དང་། སྐབས་དེར་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་དང་། བོད་དོན་ཆེད་མཁས་བ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་སློབ་ཁྲིད་དང་གསུངས་བཤད་གནང་མཁན་ཁོངས་སུ་ཡོད་པ་རེད།  

ཨ་རི་གཞུང་གི་སྙན་ཐོའི་ནང་བོད་ནང་ངལ་རྩོལ་བསྒྱུར་བཀོལ་རྩ་མེད་བཟོ་དགོས་པ་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་གིས་བོད་ནང་དབུལ་ཕོངས་ལས་གྲོལ་ཐབས་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་མིང་བྱང་འོག་བོད་མི་མང་དག་ཞིག་རང་གནས་ནས་གཞིས་སྤོས་བྱེད་དུ་བཅུག་སྟེ་ས་གནས་འདྲ་མིན་དུ་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་རིགས་སྣ་ཚོགས་བྱེད་བཅུག་པ་ཁག་ཅིག་ཐེར་འདོན་དང་སྦྲགས།  རྒྱ་ནག་གཞུང་ནས་བོད་ནང་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་གཞི་ལག་བསྟར་བྱེད་བཞིན་པ་རྣམས་རྩ་མེད་བཟོ་དགོས་པ་གསུངས་འདུགདེ་ཡང་ཁ་ས་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་ཐོག་གི་མི་སེར་ཁྲིམས་འགལ་ནག་ཚོང་དང་འབྲེལ་བའི་སྙན་ཐོ་  2022 Trafficking in Persons Report ཞེས་པ་ཞིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ནི་རྒྱལ་སྤྱིའི་ཐོག་མི་སེར་ཁྲིམས་འགལ་གྱིས་ནག་ཚོང་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་གྲས་སུ་མིང་འདོན་དང་སྦྲགས། རྒྱ་ནག་གཞུང་ནས་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་མི་སེར་གང་བྱུང་འཛིན་བཟུང་སོགས་བྱེད་བཞིན་པའི་བྱ་སྤྱོད་ཁག་གཙོས་པའི་མི་སེར་ཁྲིམས་འགལ་གྱིས་ནག་ཚོང་དང་འབྲེལ་བའི་ལས་གཞི་ཁག་མེད་པ་བཟོ་རྒྱུའི་ཐོག་ད་བར་འབད་བརྩོན་ཙམ་ཡང་མ་བྱེད་པའི་ཁར་ཉེ་ལམ་མི་སེར་ཁྲིམས་འགལ་གྱིས་ནག་ཚོང་དང་འབྲེལ་བའི་བྱ་སྤྱོད་ཁག་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་གདོང་ལེན་བྱེད་རྒྱུའི་ལས་གཞི་ཁག་ལ་ཁག་དཀྲི་བྱེད་བཞིན་ཡོད་པ་གསུངས་འདུགམ་ཟད་རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༢༡ ནས་༢༠༣༠ བར་གྱི་གཞུང་འབྲེལ་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་ལས་གཞི་ཁག་ཡོངས་གྲགས་བྱས་པའི་ནང་མི་སེར་ཁྲིམས་འགལ་གྱིས་ནག་ཚོང་དང་འབྲེལ་བའི་ལས་གཞི་ཁག་ལ་གདོང་ལེན་བྱེད་རྒྱུའི་འཆར་གཞི་དང་ལས་འཆར་གང་ཡང་མཐོང་རྒྱུ་མེད་པ་མ་ཟད། ལྷག་པར་དུ་འདས་པའི་ལོ་དུས་ནང་ལ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁོངས་སུ་མི་སེར་འཛིན་བཟུང་དང་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་གཞི་རྒྱ་ཆེ་རུ་བཏང་བའི་གནས་སྟངས་དང་། དེ་བཞིན་རྒྱ་ནག་རང་གི་མི་སེར་མི་ཉུང་བ་ཞིག་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁྲོད་ཨེ་ཤེ་ཡ་དང་ཡོ་རོབ། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་འདྲ་མིན་ནང་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་གསལ་པོ་མཐོང་རྒྱུ་ཡོད་པ་གསུངས་འདུག ལྷག་པར་རྒྱ་ནག་གཞུང་ནས་བོད་དང་ཤིང་ཅང་སོགས་ཀྱི་ས་གནས་ཁག་ཏུ་དབུལ་ཕོངས་ལས་གྲོལ་ཐབས་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་མིང་བྱང་འོག་བོད་མི་དང་ཡུ་གུར་བ་རྣམས་རང་ས་ནས་གནས་སྤོ་བཏང་སྟེ་བཀག་སྐྱིལ་ཁང་དུ་བཀག་ཉར་དང་། ངལ་རྩོལ་བསྒྱུར་བཀོལ་གྱི་ལས་རིགས་སྣ་ཚོགས་བྱེད་དུ་བཅུག་གི་ཡོད་པ་སོགས་གསལ་འདོན་དང་སྦྲགས། རྒྱ་ནག་གཞུང་ནས་བོད་དང་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་བཙུགས་པའི་བཀག་སྐྱིལ་ཁང་རྣམས་སྒོ་རྒྱབ་སྟེ་དབྱེ་འབྱེད་དང་སྡུག་རྩུབ་རང་བཞིན་ཅན་གྱི་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་གཞི་ལག་བསྟར་བྱེད་བཞིན་པ་རྣམས་རྩ་མེད་བཟོ་དགོས་པ། དེ་བཞིན་མི་སེར་ཁྲིམས་འགལ་གྱིས་ནག་ཚོང་དང་ངལ་རྩོལ་གྱི་ལས་གཞི་ཁག་འགོག་ཐབས་སུ་ཁྲིམས་ལུགས་ཤིག་གཏན་འབེབས་བྱེད་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་རྒྱལ་མཚམས་ལས་བརྒལ་ཏེ་ཕྱིའི་རྒྱལ་ཁབ་ནང་ཡོད་པའི་བོད་མི་དང་ཡུ་གུར་བ་སོགས་ཀྱི་ཐོག་ལྟ་སྲུང་དང་སུན་གཙེར། དེ་བཞིན་ཁོང་རྣམ་པའི་ནང་མི་སྤུན་མཆེད་ཚོར་འཇིགས་སྐུལ་བྱེད་རྒྱུ་ཁག་ངེས་པར་མཚམས་འཇོག་བྱེད་དགོས་པ་སོགས་གསུངས་འདུགགཞན་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདོན་སྤེལ་གནང་པའི་ 2022 Trafficking in Persons Report ཞེས་པའི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་རྩིས་མེད་རྡོལ་རོལ་གཏོང་བཞིན་པ་སོགས་ཀྱི་གནས་སྟངས་ཁག་ཅིག་ཀྱང་གསལ་འདོན་གནང་འདུག་ལ། བལ་ཡུལ་དང་འབྲེལ་བའི་སྡེ་ཚན་ཁོངས་སུ་བལ་ཡུལ་གཞུང་ནས་ཡུལ་དེར་ཡོད་པའི་འབྲུག་པ་དང་བོད་མི་རྣམས་སྐྱབས་བཅོལ་བར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། བོད་མི་རྣམས་ལ་ཕྱི་ལོ་ ༡༩༩༠ ཙམ་ནས་ས་གནས་སྐྱབས་བཅོལ་གྱི་ཡིག་ཆ་དང་ཐོབ་ཐང་ཁག་སྤྲད་རྒྱུ་མཚམས་འཇོག་བྱས་ཏེ་ད་ཆ་བལ་ཡུལ་ནང་བོད་མི་ཁྲིམས་མཐུན་གྱི་ཡིག་ཆ་མེད་མཁན་སྟོང་ཕྲག་བཅུ་གཉིས་ལྷག་ཡོད་པ་གསལ་འདོན་དང་སྦྲགས། བལ་ཡུལ་གཞུང་ནས་བོད་མི་རྣམས་ལ་སྐྱབས་བཅོལ་བ་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་ཁག་སྤྲད་དགོས་པ་སོགས་གསུངས་འདུགགཞི་རྩའི་ཤོག་གྲངས་ ༦༣༤ ཙམ་ཡོད་པའི་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་འདིའི་ནང་ལ་རྒྱལ་སྤྱིའི་རྒྱལ་ཁབ་ ༡༨༨ ནང་གི་མི་སེར་ཁྲིམས་འགལ་གྱིས་ནག་ཚོང་དང་ངལ་རྩོལ་གྱི་གནས་བབ་སྐོར་འཁོད་ཡོད་པ་དང་། ཁ་ས་སྙན་ཐོ་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་སྙན་ཐོ་འདིའི་ཐོག་ཕྱག་ལས་གནང་མཁན་གྱི་འབྲེལ་ཡོད་ཚོར་དགའ་བསུ་དང་སྦྲགས། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་མི་སེར་ས་ཡ་ ༢༥ ཙམ་མི་སེར་ཁྲིམས་འགལ་གྱིས་ནག་ཚོང་ལས་གཞིའི་ཁྲོད་དཀའ་སྡུག་མྱོང་བཞིན་ཡོད་པ་དང་། བྱ་སྤྱོད་དེ་དག་རྩ་མེད་བཟོ་རྒྱུ་དེ་ནི་ཨ་རི་གཙོས་པའི་རྒྱལ་ཁབ་སྤྱིའི་བདེ་འཇགས་དང་། སྤྱི་ཚོགས་དང་དཔལ་འབྱོར་གནས་བབ་གོང་འཕེལ། ལྷག་པར་དུ་མི་སེར་སྒེར་གྱི་རང་དབང་སྲུང་སྐྱོབ་ཐུབ་རྒྱུ་སོགས་ཀྱི་དགེ་མཚན་ཡོད་པ་གསུངས་ཡོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ཤིན་ཅང་གི་སྙན་ཐོ་འདོན་རྒྱུ་མེད་པའི་གནོན་ཤུགས།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet ལགས་ནས་རིང་མིན་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འཆར་ཡོད་པ་དེར་རྒྱ་ནག་གིས་འགོག་ཐབས་བྱེད་བཞིན་ཡོད་པ་རེད།དེ་ཡང་ཁ་སང་ཕྱི་ཚེས་ ༡༩ ཉིན་ Reuters གསར་ཁང་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་ ༦ པའི་ཟླ་མཇུག་ནས་ Geneva གྲོང་ཁྱེར་ནང་དུ་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་ཁག་ཅིག་ལ་ཡི་གེ་ཞིག་བཏང་ཡོད་པར་དེའི་ནང་ཤིན་ཅང་གི་སྙན་ཐོ་དེའི་ཐད་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་གསལ་བཏོན་བྱས་པ་དང་སྦྲགས། དེ་ལྟ་བུའི་སྙན་ཐོ་དེ་འགོག་ཐབས་སླད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་ཁག་རྣམ་པས་རྒྱ་ནག་ལ་རྒྱབ་སྐྱོར་བྱ་དགོས་པའི་ཞུ་སྐུལ་བྱས་ཡོད་པ་དང་། Reuters གསར་ཁང་ལ་ཡི་གེ་དེའི་མ་བཤུས་རག་སོན་བྱུང་བ་མ་ཟད། མཚན་མངོན་གསལ་མ་གནང་བའི་རྒྱལ་ཁབ་གསུམ་གྱི་གཞུང་ཚབ་ཆེན་མོས་གནས་ཚུལ་དེའི་དངོས་དོན་ར་སྤྲོད་གནང་ཡོད་པ་གསུངས་འདུགདེའི་ནང་རྒྱ་ནག་གཞུང་གིས་གལ་ཏེ་ཤིན་ཅང་གི་སྙན་ཐོ་འདི་བཞིན་གདོན་སྤེལ་གནང་ཚེ། སྙན་ཐོ་དེ་ལས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འདི་བཞིན་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར་ནས་རྒྱལ་ཁབ་ཕན་ཚུན་བར་ཁ་གཏད་སོགས་ཀྱི་གནས་ཚུལ་བྱུང་ངེས་པ་དང་ཆབས་ཅིག རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེ་མཐོང་ལ་གནོད་རྒྱུ་དང་། ལྷན་ཁང་དེ་དང་རྒྱལ་ཚོགས་ཀྱི་ཚོགས་མི་བར་ལ་མི་མཐུན་པའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་སྲིད་པའི་སྐོར་འགྲེལ་བརྗོད་བྱས་པ་དང་ཆབས་གཅིག རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་དེ་འབྲེལ་ཞིབ་འཇུག་སྙན་ཐོ་འདི་བཞིན་འདོན་སྤེལ་གནང་རྒྱུ་མེད་པར་ནན་སྐུལ་བྱས་ཡོད་པར་འཁོད་འདུགདེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ Zhao Lijian གིས་ལྕམ་སྐུ་ Bachlete མཆོག་དེ་སྔོན་ཕྱི་ཟླ་ ༥ པའི་ནང་ཤིན་ཅང་ས་ཁུལ་དུ་ཕེབས་སྐབས་ཁུལ་དེའི་བདེ་འཇགས་དང་ལྷིང་འཇགས་ཅན་གྱི་གནས་བབ་དངོས་སུ་གཟིགས་ཡོད་སྐོར་བརྗོད་དེ། རྒྱལ་ཁབ་འགའ་ཤས་ནས་ཤིན་ཅང་གི་གནད་དོན་བརྒྱུད་རྒྱལ་སྤྱིའི་ནང་རྒྱ་ནག་ལ་མིང་རྗེས་དང་དམའ་འབེབ་བཟོ་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དེར་ལམ་ལྷོང་ཡོང་རྒྱུ་མིན་པ་བཤད་འདུགརྩ་བའི་ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཡུ་གུར་མི་རིགས་གཙོ་བོར་འགྱུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཙན་དབང་གིས་བཀག་སྐྱིལ་ཁང་དུ་བཅུག་ནས་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་མི་སྤྱོད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་བཏང་པ་སོགས་ཀྱི་གནས་ཚུལ་ཕྱི་གྱར་བྱུང་རྗེས། ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་མང་པོས་དེར་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ལ་འགྲེལ་བརྗོད་ཀྱིས་སྐྱོན་བརྗོད་ཤུགས་ཆེར་བྱས་པའི་ཁྲོད། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་ནང་དུ་འཚམས་གཟིགས་དང་། ལྷག་པར་ཤིན་ཅང་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་ཀྱང་། ཁོང་ནས་སྐབས་དེར་ཁུལ་དེའི་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱ་ནག་ལ་གདོང་ལེན་གྱི་རྣམ་འགྱུར་ཤུགས་ཆེར་བཏོན་མེད་པར་བརྟེན། རྒྱལ་སྤྱིའི་རྒྱལ་ཁབ་ཆེ་ཁག་དང་ཚོགས་སྒེར་མང་དག་ནས་ཁོང་ལ་སྐྱོན་བརྗོད་ཤུགས་ཆེར་གནང་རྐྱེན།  ལྕམ་སྐུ་མཆོག་ནས་དེ་འབྲེལ་སྙན་ཐོ་རིང་མིན་ཕྱི་ཟླ་ ༨ པའི་ནང་རང་ཉིད་ཀྱི་ལས་ཡུན་དང་པོ་དེ་མཇུག་མ་སྒྲིལ་གོང་འདོན་སྤེལ་གནང་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། ལྕམ་སྐུ་མཆོག་ནས་རང་ཉིད་ལས་ཡུན་གཉིས་པར་བཞུགས་རྒྱུ་མིན་པའང་གསལ་བསྒྲགས་བྱས་ཡོད།

Latest news