Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་གཞུང་གིས་འཕགས་བོད་མཐའ་མཚམས་ཀྱི་གྲོང་ཚོ་ཡར་རྒྱས་ཆེད་མ་དངུལ་འཕོན་ཆེན་འཛུགས་འཆར།

རྒྱ་གཞུང་གིས་འདི་ལོའི་ནང་འཕགས་བོད་མཐའ་མཚམས་ཁུལ་གྱི་གྲོང་ཚོ་ཁག་ཏུ་ཨ་སྒོར་ཐེར་འབུམ་ ༡།༩༩ མ་འཛུགས་བརྒྱུད་ཁུལ་དེར་གནས་སྡོད་གྲོང་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏང་འཆར་ཡོད་ཚུལ་སོགས་བཤད་འདུག གཟའ་འཁོར་སྔོན་མའི་ནང་རྒྱ་དམར་གཞུང་གིས་ Xinhua ཤིན་ཧུཝ་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་ནས་འཕགས་བོད་མཐའ་མཚམས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོར་ཨ་སྒོར་ཐེར་འབུམ་ ༡།༩༩ མ་འཛུགས་བྱེད་འཆར་ཡོད་པ་དང་། ལས་གཞི་དེའི་བརྒྱུད་ནས་ཁུལ་དེར་གནས་སྡོད་གྲོང་མི་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་སྦྱོར་སྤྲོད་གཙོས་པའི་སྨན་བཅོས་མཐུན་འགྱུར། དེ་བཞིན་གྲོང་ཚོ་དེ་དག་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༡༣༠༠ ལྷག་ཡོད་རྐྱེན་སྲོག་རླུང་མཐུན་རྐྱེན་སྦྱོར་རྒྱུ་ཡིན་ཚུལ་བཤད་ཡོད་པ་འཁོད་འདུག སྤྱིར་རྒྱ་ནག་གིས་མཐའ་མཚམས་ཁུལ་དུ་གནས་སྡོད་གྲོང་མི་རྣམས་མཐའ་མཚམས་སྲུང་སྐྱོབ་ཀྱི་ལས་གཞི་འདྲ་མིན་ནང་ལས་དོན་གཉེར་བཅུག་གི་ཡོད་པ་དང་ཆབས་ཅིག རྒྱ་དམར་གཞུང་གིས་འདས་པའི་ལོ་ཤས་ནང་མཐའ་མཚམས་སྲུང་སྐྱོབ་ཆེད་ཁུལ་དེ་དག་གི་ནང་བོད་པའི་འབྲོག་པ་གཙོས་པའི་བོད་མི་རྣམས་བཙན་གྱིས་འབྱོར་འབྲིང་གྲོང་ཚོ་ཟེར་བའི་ནང་གནས་སྤོ་བྱས་པ་དང་། མཐའ་མཚམས་ས་ཁུལ་དེ་དག་ཁོར་ཡུག་གི་ཆ་ནས་མི་རྣམས་གནས་སྡོད་བྱེད་དཀའ་བ་ཡིན་པ་དེ་ལྟར་ཡང་། རྒྱ་གཞུང་གིས་ཁུལ་དེ་དག་མཁོ་དགུ་འཛོམས་པོ་ཡོད་སྐོར་བཤད་དེ་དེར་གྲོང་ཚོ་གསར་རྒྱག་བྱས་ཡོད་པ་མ་ཟད། དེ་ལྟ་བུའི་མཐའ་མཚམས་གྱི་ས་ཁུལ་འགའ་ཤས་ལ་རྒྱ་གར་དང་འབྲུག་གི་བདག་དབང་ཡོད་སྐོར་འཁོད་འདུག ཕྱོགས་མཚུངས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གིས་མཐའ་མཚམས་གྱི་ས་ཁུལ་དེ་དག་ནང་གནམ་གཤིས་གྲང་ངར་ཆེ་བས་སྲོག་རླུང་སོགས་ཀྱི་ངལ་བ་འཕྲད་བཞིན་ཡོད་རྐྱེན། གྲོང་མི་རྣམས་ཀྱི་བདེ་ཐབས་ནི་ཆ་རྐྱེན་དང་པོ་ཡིན་ཚུལ་བཤད་འདུག་པ་མ་ཟད། ཁུལ་དེ་དག་གི་ནང་སྨན་ཁང་དང་དྲོད་ཚད་སྤེལ་བའི་ལས་གཞི་ཆེད་དུ་རྒྱ་སྒོར་ས་ཡ་ ༦༣༠ འགྲོ་གྲོན་ཟུར་འཇོག་བྱ་རྒྱུ་ཡིན་པ་བཤད་འདུག འདི་ག་རླུང་འཕྲིན་ཁང་ནས་གནད་དོན་དེའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་འཛུགས་བསྐྲུན་དང་འབྲེལ་ནས་ཕྱི་ལོ་ ༢༠༡༧ ནས་ ༢༠༢༡ བར་མཐའ་མཚམས་ཁུལ་དུ་འབྱོར་འབྲིང་གྲོང་ཚོ་ ༦༢༤ འཛུགས་བསྐྲུན་བྱས་ཡོད་པ་དང་འབྲེལ། གྲོང་ཚོ་དེ་དག་རྒྱ་བལ་འབྲུག་གསུམ་ཀྱི་མཐའ་མཚམས་དང་ས་འབྲེལ་ཆགས་ཀྱི་ཡོད་པ་དང་། དེའི་རྒྱབ་ལྗོངས་ནི་ཞི་ཅིན་ཕིང་གིས་མཐའ་མཚམས་ཐོག་འཛིན་པའི་སྲིད་བྱུས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་འཕགས་བོད་ས་མཚམས་སུ་རྒྱ་དམར་གཞུང་གིས་འཛུགས་བསྐྲུན་དང་རྒྱ་སྐྱེད། དེ་བཞིན་བརྟན་ལྷིང་དང་ཡར་རྒྱས་བཅས་ལ་དོ་སྣང་དང་འགྲོ་གྲོན་འཕོན་ཆེན་གཏོང་བཞིན་ཡོད་པའི་ཁྲོད་ཐེངས་འདིར་མཐའ་མཚམས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་ཆེད་ཨ་སྒོར་ཐེར་འབུམ་ ༡།༩༩ འགྲོ་གྲོན་གཏང་འཆར་ཡོད་པ་དེ་མཐའ་མཚམས་འཛུགས་སྐྲུན་གྱི་ཆ་ཤས་ཤིག་ཡིན་པ་འགྲེལ་བརྗོད་གནང་སོང་། ལྷག་པར་དུ་རྒྱ་གཞུང་ནས་འཕགས་བོད་མཐའ་མཚམས་ཁུལ་དུ་དེ་ལྟ་བུའི་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་པ་དེ་རྒྱ་གར་ལ་རང་བཞིན་གྱི་ཉེན་ཚབས་ཆེན་པོ་ཆགས་ཀྱི་ཡོད་པ་དང་འབྲེལ། མཐའ་མཚམས་ཀྱི་དཀའ་རྙོག་དེ་དག་ཞི་ཆེད་བོད་ཀྱི་དཀའ་རྙོག་ངེས་པར་དུ་སེལ་དགོས་གལ་ཡིན་པ་འགྲེལ་བརྗོད་གནང་སོང་།

བོད་རིགས་ལུས་རྩལ་བ་བཞིར་གངས་ཤུད་རྩེད་འགྲན་ལས་གསེར་དང་དངུལ་གྱི་རྟགས་མ་ཐོབ་པ།

བོད་རིགས་ལུས་རྩལ་བ་བཞི་ལ་གངས་ཤུད་རྩེད་འགྲན་ཁྲོད་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གཉིས་བཅས་ཐོབ་འདུག ཉེ་ལམ་ཟླ་བ་འདིའི་ཚེས་ ༡༡ ནས་ཉིན་གཉིས་རིང་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིར་ ISMF Youth World cup ཞེས་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རི་འཛེགས་ཀྱི་རྩེད་འགྲན་ཞིག་ཚོགས་ཡོད་པ་ལྟར་བོད་རིགས་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་ལགས་སུ་ལོ་ན་ ༡༨ མན་གྱི་བུ་མོའི་རྩེད་འགྲན་ནང་ཨང་དང་པོ་ཐོབ་པ་དང་ལོ་ན་ ༡༦ མན་གྱི་སྐྱེས་པའི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་ཀུན་བཟང་རྣམ་རྒྱལ་ལགས་སུ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། དངོས་གྲུབ་ཚེ་རིང་ལགས་སུ་དངུལ་གྱི་རྟགས་མ་དང་ནམ་མཁའ་བུ་ཁྲིད་ལགས་ལ་ཨང་གཉིས་པ་བཅས་ཀྱི་བྱ་དགའ་ཐོབ་འདུག་པ་མ་ཟད། ལོ་ ༢༠ མན་གྱི་བུ་མོའི་འགྲན་བསྡུར་ཁྲོད་བསོད་ནམས་ཆོས་སྒྲོན་ལ་ཨང་བཞི་པ་ཐོབ་པ་དང་། གཡུ་སྒྲོན་ལྷ་མོ་ལགས་ཨང་ལྔ་པ་བཅས་བླངས་འདུགཐེངས་འདིའི་གངས་ཤུད་རྩེད་འགྲན་ཁྲོད། ཕ་རན་སི་དང་ནོར་ཝེ། སུད་སི། རྒྱ་ནག་སོགས་རྒྱལ་ཁབ་ ༡༢ ཀྱི་འཛམ་གླིང་གི་ལུས་རྩལ་པ་མི་གྲངས་ ༡༢༠ ལྷག་ནས་འཛུལ་ཞུགས་བྱས་འདུག རྩ་བའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རྩེད་འགྲན་འདི་ནི་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པར་ཨོ་རྩལ་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༦ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་གསར་པ་ཞིག་ཡིན་པ་དང་འདས་ལོའི་ཕྱི་ཟླ་ ༥ ནང་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་རྣམས་འདེམས་ཐོན་བྱུང་སྟེ་ཡུ་རོབ་ཏུ་རྩེད་འགྲན་སྦྱོང་བརྡར་བྱས་ཡོད་པ་རེད།

ཝུ་ཧན་གྲོང་ཁྱེར་དུ་མི་མང་ཁྲི་ཚོ་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

ཏོག་དབྱིབས་གཉན་རིམས་ཆེས་ཐོག་མར་མཆེད་ས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཁ་ཉིན་ཚེས་ ༨ ཉིན་ལས་རིགས་འདྲ་མིན་གཉེར་མཁན་རྒས་ཡོལ་དུ་ཕྱིན་ཟིན་པའི་མང་ཚོགས་ཁྲི་ཚོ་དུ་མས་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་དུ་ངོ་རྒོལ་བྱས་འདུག་པ་དང་། དེའང་སྔ་ལོའི་ཕྱི་ཟླ་བཅིུག་གི་ཟླ་མཇུག་ཏུ་ཝུ་ཧན་གཙོས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་འདྲ་མིན་ནང་མང་ཚོགས་དུ་མས་རྒྱ་ནག་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་པའི་ཐོག་ནས་ངོ་རྒོལ་ཤུགས་ཆེར་བྱས་པའི་རྗེས་སུ་འདི་ལོ་ནང་དེ་ལྟར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཐོག་མ་དེ་ཆགས་ཡོད།ཝུ་ཧན་ནང་དུ་ལས་རིགས་འདྲ་མིན་གཉེར་མཁན་རྒས་ཡོལ་དུ་ཕྱིན་ཟིན་པའི་མང་ཚོགས་རྣམས་ལ་སྲིད་གཞུང་གིས་ཟླ་རེར་རྒྱ་སྒོར་ ༢༦༠ རེ་སྨན་བཅོས་ཀྱི་གུན་གསབ་ཚུལ་དུ་སྤྲོད་སྲོལ་ཡོད་པ་དེ་ལྟར་ཡང་། ཉེ་ཆར་ཟླ་ ༢ ཚེས་ ༡ ནས་བཟུང་སྒྲིག་གཞི་དེར་བཅོས་བསྒྱུར་གྱིས་རྒྱ་སྒོར་ ༨༨ དང་འགའ་ཞིག་ལ་རྒྱ་སྒོར་ ༨༢ རེ་བཅས་སྨན་བཅོས་ཀྱི་གུན་གསབ་ལྡབ་གཅིག་མར་ཆག་པའི་གནས་སྟངས་བྱུང་འདུགཁ་སང་ The Guardian སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཁ་ཉིན་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཚོུད་ ༨ པ་ནས་དུས་ཐུང་རིང་ལ་ཝུ་ཧན་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་དུ་དེ་སྔ་ལས་རིགས་འདྲ་མིན་ནང་ཕྱག་ལས་གནང་མཐར་ད་ཆ་རྒས་ཡོལ་དུ་ཕྱིན་པའི་མང་ཚོགས་ཁྲི་ཚོ་བརྒལ་བ་འདུ་འཛོམས་ཀྱིས་ཝུ་ཧན་གྲོང་ཁྱེར་སྤྱི་ཁྱབ་པའི་ངོས་ནས་སྨན་བཅོས་གུན་གསབ་རོགས་དངུལ་གཅོག་ཆ་བྱེད་དོན་གང་ཡིན་གསལ་བཤད་དགོས་པ་དང་། ཚེས་ ༨ ནས་བཟུང་ཚེས་ ༡༥ བར་གསལ་བཤད་ཡང་དག་ཅིག་མ་བྱས་ཚེ་སླར་མར་མུ་མཐུད་དེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ངེས་ཡིན་པ་གསུངས་འདུགངོ་རྒོལ་དང་འབྲེལ་བའི་བརྙན་དང་འདྲ་པར་ཁག་ཕྱིར་འགྱར་བྱུང་བར་གཞིགས་ན་དེ་ཉིན་སྔ་དྲོ་ཆར་པ་འབབ་བཞིན་ཡོད་པར་བརྟེན་མི་མང་རྒན་གྲས་མང་དག་ཅིག་གིས་སོ་སོའི་ལག་ཏུ་ཆར་གདུགས་འཁྱེར་ནས་ངོ་རྒོལ་གྱི་འཕྲེད་དར་འཆར་བའི་ལས་འགུལ་སྤེལ་རྐྱེན་གྲོང་ཁྱེར་གྱི་རྒྱ་ལམ་ཁག་འགག་པའི་གནས་སྟངས་བྱུང་ཡོད་པ་མཐོང་རྒྱུ་འདུག

རྒྱ་གཞུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་བརྒྱུད་བོད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལ་སེམས་འཚབ།

རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་དམིགས་བསལ་ཆེད་མཁས་པ་ཁག་གཅིག་གིས་རྒྱ་གཞུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་འཕོན་ཆེན་ཆེད་འཛུགས་བྱེད་པའི་བརྒྱུད་བོད་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལ་བློ་འཚབ་ཆེ་ཆེར་བསྟན་པ་དང་སྦྲགས། སྐྱོན་བརྗོད་ནན་པོ་གནང་འདུགཁ་སང་ཕྱི་ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གི་གྲངས་ཉུང་མི་རིགས་གནད་དོན་ཐོག་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ཧྥར་ནནྜ་ཊི་ཝར་ནིས་ Fernand de Varennes ལགས་དང་། ཤེས་ཡོན་ཐོབ་ཐང་ཐད་ཀྱི་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ཧྤ་རི་ཊ་ཤ་ཧིཊ་ Farida Shaheed ལགས། རིག་གཞུང་ཐོབ་ཐང་ཐད་ཀྱི་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ཨེ་ལེག་སེན་དྲ་ཤན་ཐ་ཀི་ Alexandra Xanthaki ལགས་བཅས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་དམར་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བརྒྱུད་བོད་ཕྲུག་ས་ཡ་ ༡ ལྷག་རང་ཉིད་ཀྱི་ཁྱིམ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཉེན་བརྡ་བཏང་བ་དང་འབྲེལ། དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་ཡོངས་སུ་བརྒལ་བ་ཞིག་ཆགས་ཀྱི་ཡོད་པ་སྐྱོན་བརྗོད་ནན་པོ་གནང་འདུགཆེད་མཁས་པ་དེ་དག་གིས་བཅའ་སྡོད་སློབ་གྲྭའི་ནང་གི་ཤེས་ཡོན་ལམ་ལུགས་དང་ཁོར་ཡུག་སོགས་ནི་རྒྱ་ནག་གི་རིག་གཞུང་དང་སྐད་ཡིག་ལ་གཙོ་བོ་གཞི་བཞག་པའི་ཐོག་བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་ཆབས་ཅིག དེའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་ལོ་རྒྱུས་སོགས་ཀྱི་ངོ་བོ་མཚོན་པའི་སློབ་ཚན་རྣམས་སློབ་ཁྲིད་བྱེད་ཀྱི་མེད་པར་བརྟེན། བཅའ་སྡོད་སློབ་གྲྭའི་བོད་ཕྲུག་དེ་དག་གི་རང་ཉིད་ཀྱི་ཕ་སྐད་བརྗེད་དེ་ཕ་མ་དང་སྤོ་པོ་རྨོ་མོ། དེ་བཞིན་ནང་མི་ཉེ་འབྲེལ་རྣམས་ལ་ཁ་བརྡ་བྱེད་མི་ཐུབ་པའི་གནད་དོན་འོག་རང་ཉིད་ཀྱི་ངོ་བོར་བརླགས་ཏེ། བོད་འདི་བཞིན་རྒྱ་ནག་ཅན་དུ་འགྱུར་བའི་ཉེན་ཁ་ཡོད་པ་གསུངས་འདུག ཕྱོགས་མཚུངས་ཆེད་མཁས་པས་ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གིས་གཙོས་པའི་བོད་ལྗོངས་ཡོངས་ཀྱི་ནང་དུ་དེ་འབྲེལ་བཅའ་སྡོད་སློབ་གྲྭ་དང་དེའི་ནང་བོད་ཕྲུག་གི་གྲངས་འབོར་ཧ་ཅང་འཕར་བཞིན་ཡོད་པའི་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་དམར་གྱིས་བོད་ཀྱི་གྲོང་གསེབ་ཁག་གི་སློབ་གྲྭ་དེ་དག་ཕྱིར་བསྡུ་བྱས་ཏེ། དེའི་ཚབ་ཏུ་རྒྱ་ནག་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས་རྒྱ་ནག་སྤྱི་ཡོངས་དང་བསྡུར་ན་བོད་ནང་དེ་འབྲེལ་སློབ་གྲྭ་མང་བ་ཡོད་སྐོར་སོགས་གསུངས་འདུག་པ་མ་ཟད། བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བྱ་ཡུལ་དེ་ནི་བོད་ཕྲུག་དེ་དག་གི་རང་གི་ཁྱིམ་དང་ཧ་ཅང་རྒྱང་ཐག་རིང་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུགའདི་ག་རླུང་འཕྲིན་ཁང་ནས་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་གསུམ་གི་གསར་འགོད་བསྒྲགས་གཏམ་སྤེལ་བར་དང་འབྲེལ་སུད་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པས་བོད་ནང་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་ཐད་དོ་ཁུར་གནང་བ་བཀའ་དྲིན་ཆེ་ཞུ་དང་འབྲེལ། དེ་འབྲེལ་ངེས་པར་དུ་མཚམས་འཇོག་དགོས་པ་གསུངས་སོང་། མ་ཟད་ཕྱི་ལོ་ ༢༠༢༡ ཟླ་ ༨ པའི་ནང་རྒྱ་ནག་གི་དབུས་གྲངས་ཉུང་མི་རིགས་གནད་དོན་ཐོག་གི་ལྷན་ཚོགས་ཤིག་གི་ནང་གྲངས་ཉུང་མི་རིགས་ཚོས་རྒྱ་ནག་རྒྱལ་ཁབ་དེ་ཉིད་གཙུག་ཏུ་བཀུར་དགོས་ཞེས་ཡོངས་གྲགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་ལ་དམ་བསྒྲགས་ཀྱིས་རྒྱ་ནག་ངོ་བོ་གཅིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་ནན་པོ་གནང་འདུགགཞི་རྩའི་སྔ་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༡༡ ཉིན་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་། ཆོས་དད་རང་དབང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་གི་དམིགས་བསལ་ཆེད་མཁས་པ་རྣམས་ནས་རྒྱ་ནག་ལ་དེ་འབྲེལ་གནད་དོན་ཞིབ་ཕྲ་འཁོད་པའི་ཕྱག་བྲིས་བཏང་སྟེ་ཉིན་གྲངས་ ༦༠ ནང་ཚུད་ལན་འདེབས་གསལ་བཤད་དགོས་ཞེས་གསུངས་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་དེ་དོན་ཡིག་འབྲེལ་ཟླ་བ་ ༢ ནང་ཚུད་མ་གནང་ཚེ་གནད་དོན་དེ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུངས་པ་དེ་ལྟར་ཡང་། རྒྱ་ནག་གི་ཕྱོགས་ནས་གནད་དོན་དེར་ལན་འདེབས་གསལ་བཤད་གང་ཡང་མ་བྱེད་པར་བརྟེན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་རྒྱལ་ཚོགས་ཀྱི་དེ་འབྲེལ་དམིགས་བསལ་ཆེད་མཁས་པ་དེ་དག་གིས་གནད་དོན་དེ་ཉིད་ཡོངས་བསྒྲགས་དང་འབྲེལ་སླར་ཡང་རྒྱ་དམར་གཞུང་གིས་བོད་རྒྱ་སྡེར་བསྒྱུར་རྒྱུའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བཞིན་ཡོད་པར་བློ་འཚབ་དང་སྦྲགས། བོད་ནང་གི་གཞི་རིམ་སློབ་གྲྭ་ཁག་ཏུ་རྒྱ་སྐད་དང་རྒྱ་ཡིག་གཙོ་ཁྲིད་བྱེད་བཞིན་ཡོད་པ་ཐེར་འདོན་གནང་སྟེ་རྒྱ་ནག་གཞུང་ལ་དེ་འབྲེལ་ལན་འདེབས་གསལ་པོ་དགོས་ཞེས་ནན་བརྗོད་གནང་ཡོད།

ཟླ་བ་གཅིག་ནང་རྒྱ་ནག་ཏུ་གཉན་རིམས་ཕོག་རྐྱེན་མི་ཁྲི་དྲུག་ཙམ་འདས་གྲོངས་སུ་གྱུར་བར་མངོན་གསལ།

ཉེ་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གཙོས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་རྒྱ་ནག་གཞུང་ལ་གཉན་རིམས་དང་འབྲེལ་བའི་ནད་པ་དང་མི་གྲོངས་པ་སོགས་ཀྱི་དངོས་ཡོད་གྲངས་ཐོ་ཕྱི་གསལ་བཟོ་ཡི་མེད་པར་སྐྱོན་བརྗོད་གནང་རྗེས་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་དབུས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་བརྒྱུད་ནས་འདས་པའི་ཟླ་བ་གཅིག་ནང་རྒྱ་ནག་ཏུ་གཉན་རིམས་ཕོག་པའི་རྐྱེན་གྱིས་མི་ཁྲི་དྲུག་ཙམ་འདས་གྲོངས་སུ་གྱུར་ཡོད་ཅེས་བཤད་འདུག ཁ་སང་ Reuters གསར་ཁང་གིས་གནས་ཚུལ་སྤེལ་བར་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་དབུས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་བརྒྱུད་ནས་དེ་གའི་ Bureau of Medical Administration འམ་སྨན་བཅོས་ལྟ་སྐྱོང་སྡེ་ཚན་གྱི་འགན་འཛིན་ Jiao Yahui ཟེར་བས་ཟླ་བ་སྔོན་མའི་ཚེས་ ༨ ནས་ཟླ་བ་འདིའི་ཚེས་ ༡༢ བར་རྒྱ་ནག་ཏུ་གཉན་རིམས་འོག་མི་ཁྲི་དྲུག་ཙམ་འདས་གྲོངས་སུ་གྱུར་ཡོད་པ་དང་། དེའི་ཁོངས་ནས་མི་ ༥༥༠༠ ཙམ་གཉན་རིམས་འོག་དབུགས་གཏོང་ལེན་དཀའ་བའི་དབང་གིས་འདས་གྲོངས་སུ་ཕྱིན་པ་དང་། གཞན་རྣམས་ན་ཚ་གཞན་དང་གཉན་རིམས་གཉིས་མུ་འབྲེལ་གྱི་ནད་གཞི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བ་བཅས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཁྲིམས་མཐུན་ལྟར་སྡེ་ཚན་གཉིས་སུ་དབྱེ་ཡོད་སྐོར་དང་བཤད་འདུག་པར་མ་ཟད་དེང་སྐབས་རྒྱ་ནག་ནང་ནད་གཞི་ཕོག་མཁན་དང་སྨན་ཁང་ནང་ཡོད་མཁན། དེ་བཞིན་ཛ་དྲག་སྨན་བཅོས་དགོས་མཁན་གྱི་གྲོངས་འབོར་དེའང་ཉིན་རེ་བཞིན་ཉུང་རུ་འགྲོ་བཞིན་ཡོད་ཚུལ་བཤད་ཡོད་པ་རེད། རྒྱ་ནག་གིས་རིམས་ནད་འོག་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་སྔ་ལས་ལྡབ་བཅུ་མང་བ་ཆགས་ཡོད་ཀྱང་། ཟླ་བ་སྔོན་མར་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཕྱིར་ཐེན་སྐབས་རྒྱ་ནག་གཞུང་འབྲེལ་འཕྲོད་བསྟེན་ཁྱད་ལས་པས་སྲིད་བྱུས་དེ་ཕྱིར་འཐེན་དང་འབྲེལ་ནས་གཉན་རིམས་ཕོག་པའི་འོག་འདས་གྲོངས་སུ་གྱུར་བའི་ཁོངས་ནས་གློ་ཚད་དང་དབུགས་གཏོང་ལེན་མ་ཐུབ་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བ་ཁོ་ན་རིམས་ནད་རྐྱེན་པས་འདས་གྲོངས་སུ་ཕྱིན་པར་ངོས་འཛིན་བྱ་རྒྱུ་ཡིན་སྐོར་བཤད་ཡོད་པ་ལྟར། སྐབས་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གཙོས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་རྒྱ་ནག་གཞུང་ལ་གཉན་རིམས་དང་འབྲེལ་བའི་ནད་པ་དང་མི་གྲོངས་པ་སོགས་ཀྱི་དངོས་ཡོད་གྲངས་ཐོ་ཕྱི་གསལ་བཟོ་ཡི་མེད་པར་སྐྱོན་བརྗོད་གནང་བ་དང་འབྲེལ་ཏེ་རྒྱ་ནག་གི་གྲངས་ཐོར་ངོས་ལེན་གནང་ཐབས་དཀའ་སྐོར་གསུངས་ཡོད། ཁ་སང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་ Tedros Adhanom ལགས་ཀྱིས་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངེས་སྟོན་པ་ Ma Xiaowei དང་ལྷན་དུ་གླེང་མོལ་གནང་སྟེ་རྒྱ་ནག་གཞུང་གིས་གྲངས་ཐོ་ཕྱི་གསལ་བྱས་པར་དགའ་བསུ་གནང་བ་དེ་ལྟར་ཡང་། ད་དུང་གནས་ཚུལ་ཁ་གསལ་མཁོ་སྤྲོད་གནང་དགོས་ཞེས་ནན་བརྗོད་གནང་འདུག ཨ་རིའི་ New York གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཨ་རིའི་ཕྱི་འབྲེལ་ལས་དོན་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་འཕྲོད་བསྟེན་ཁྱད་ལས་པ་ Yanzhong Huang ལགས་ཀྱིས་རྒྱ་གནག་གཞུང་གིས་གཉན་རིམས་འོག་མི་འདས་གྲོངས་སུ་གྱུར་བའི་གྲོངས་ཐོ་དེ་སྔ་ལས་ལྡབ་བཅུ་མང་བ་ཆགས་ཡོད་པ་དེས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཕྱིར་ཐེན་བྱས་པ་དང་འབྲེལ་ནས་རྒྱ་ནག་ཏུ་གཉན་རིམས་ཕོག་མཁན་དང་མི་གྲོངས་མཁན་ཆེས་མང་དུ་ཕྱིན་ཡོད་ཅེས་མངོན་གསལ་གནང་བ་དང་ཆབས་ཅིག་ལོ་ན་བགྲེས་པའི་ཁོངས་ནས་བརྟག་དཔྱད་གང་ཡང་མེད་པར་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་པ་མང་པོ་བྱུང་ཡོད་པ་དང་། སྨན་པ་རྣམས་ལ་སྨན་ཁང་དུ་གྲོངས་མཁན་གཅིག་པོ་མ་གཏོགས་དེ་མིན་གྲངས་ཐོར་བཀོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། ད་ལྟའི་རྒྱ་གཞུང་གིས་ཕྱི་གསལ་བྱས་པའི་གྲངས་ཐོ་དེའང་ཆ་ཚང་བ་ཞིག་ཡིན་མིན་ཁ་ཚོན་གཅོད་དཀའ་བ་ཡིན་པར་གསུངས་འདུག རྩ་བའི་དེ་སྔོན་འཕྲོད་བསྟེན་མཁས་པ་དང་ཉམས་ཞིབ་པ་རྣམས་ཀྱིས་གཉན་རིམས་ཁྱབ་གདལ་གྱི་རླབས་འདིའི་ཁྲོད་རྒྱ་ནག་ནང་ཉུང་མཐར་མི་ས་ཡ་གཅིག་ཙམ་འདས་གྲངས་སུ་འགྱུར་ཉེན་ཡོད་པར་གསུངས་ཡོད་ལ། དེའི་ཁྲོད་རྒྱ་གཞུང་གིས་ཟླ་ ༡ ཚེས་ ༨ ནས་ས་མཚམས་ཡོངས་རྫོགས་སྒོ་ཕྱེ་བ་དང་། ཟླ་བ་འདིའི་ཚེས་ ༢༡ དང་ཟླ་ ༢ ཚེས་ ༡༥ བར་རྒྱ་ནག་གི་ལོ་གསར་གུང་སེང་དང་བསྟུན་མཁའ་ལམ་བརྒྱུད་འགྲུལ་བཞུད་ཀྱི་བརྒྱ་ཆ་ ༩༩ ཙམ་མང་དུ་འགྲོ་ཉེན་ཡོད་པ་དང་འབྲེལ་ནས་རིམས་ནད་ཁྱབ་གདལ་གྱི་ཉེན་ཁ་སྔར་ལས་ཆེ་རུ་འགྲོ་ཉེན་ཡོད་པར་གསུངས་ཡོད།

རྒྱ་ནག་གིས་བོད་གཙོས་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛམ་གླིང་གི་རྒྱལ་ཁབ་ ༡༠༠ ལྷག་གི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཉམས་ཞིབ་ཀྱིས་དེ་འབྲེལ་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོའི་ནང་རྒྱ་ནག་གིས་བོད་གཙོས་ཤིན་ཅང་སོགས་ཀྱི་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་མོས་སོགས་ཀྱི་གནད་དོན་འཐེར་འདོན་གནང་འདུག དེ་རིང་ཕྱི་ཚེས་ ༡༢ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛམ་གླིང་གི་རྒྱལ་ཁབ་ ༡༠༠ ལྷག་གི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཉམས་ཞིབ་གནང་བའི་ཤོག་གྲངས་ ༧༡༢ ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཕྱི་ལོ་ ༢༠༢༣ ཞེས་འདོན་ཐེངས་ ༣༣ པ་དེ་འདོན་སྤེལ་གནང་ཡོད་པ་རེད།སྙན་ཐོའི་ནང་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་ཆོས་དད་རང་མོས་དང་སྨྲ་བརྗོད་རང་དབང་། ངོ་རྒོལ། འདུ་འཛོམས་སོགས་ལ་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད་བོད་མིར་བཙན་དབང་གིས་གནས་སྤོ་དང་། བོད་ཀྱི་ཁོར་ཡུག་རྩ་གཏོར། དེ་བཞིན་བོད་ནང་གཞི་རིམ་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་དམ་བསྒྲགས། བོད་མི་ནང་ཁུལ་གསང་ཉུལ་བྱེད་དུ་འཇུག་པ་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་རྣམས་འཐེར་འདོན་གནང་འདུགབོད་ཀྱི་ས་གནས་དཔོན་རིགས་རྣམས་ཀྱིས་མི་མང་རྣམས་ལ་རྒྱལ་ཁྲིམས་ལ་རྩིས་སྲུང་ཞུ་དགོས་པའི་ལམ་སྟོན་གྱི་ལས་གཞི་སྤེལ་བཞིན་ཡོད་པ་དང་འབྲེལ། དགོན་སྡེ་ཁག་དང་བླ་སྤྲུལ་སོགས་ལ་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཁྱབ་སྤེལ་གནང་རྒྱུ་མཚོན་ཚོར་བ་རྣོ་བའི་གནད་དོན་སོགས་བཀག་སྡོམ། རྒྱ་ནག་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་ནང་ཆོས་སྡེ་དང་སྐུ་བརྙན་སོགས་གཏོར་བཤིག དེ་བཞིན་རྒྱ་དམར་གཞུང་གིས་ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་ཡོད་པའི་གནད་དོན་མངོན་གསལ་གནང་འདུག རྒྱ་དམར་གཞུང་གི་ལངས་ཕྱོགས་དང་མི་མཐུན་པ་རྣམས་ལ་ཉེས་མིང་འདྲ་མིན་ཁག་དཀྲི་བྱས་ཏེ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རོང་པོ་དགེ་འདུན་ལྷུན་གྲུབ་ལགས། ཐུབ་བསྟན་བློ་གྲོས་ལགས་སོགས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་མཁན་གྱི་དཔའ་བོ་དཔའ་མོ་མང་པོ་འཛིན་བཟུང་དང་ཁྲིམས་ཆད་གཏོང་བཞིན་ཡོད་སྐོར་མངོན་གསལ་དང་ཆབས་ཅིག་གཞིས་བཞུགས་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་ཀྱང་རང་སྲོག་དོར་དགོས་པའི་གནད་དོན་བྱུང་ཡོད་པ་བཅས་སྙན་ཐོའི་ནང་འཐེར་འདོན་གནང་འདུགརྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་ནང་གནས་སྡོད་བོད་མིའི་རྣམས་ཀྱི་སྨྲ་བརྗོད་རང་དབང་དང་ཞི་བའི་འདུ་འཛོམས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པའང་མངོན་གསལ་གནང་ཡོད། རྩ་བའི་སྙན་ཐོའི་ནང་རྒྱ་དམར་གཞུང་གིས་བོད་གཙོས་ཤིན་ཅང་དང་ཧོང་ཀོང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་མངོན་གསལ་དང་འབྲེལ། ལྷག་པར་རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་སྤེལ་བའི་འོག་མི་མང་ས་ཡ་མང་པོ་ཐེམ་སྤང་བཀའ་རྒྱར་བསྡམས་ཏེ་དུས་ཐོག་ཏུ་ཟས་དང་སྨན་བཅོས། ཉེར་མཁོའི་མཐུན་རྐྱེན་སོགས་སྦྱོར་སྤྲོད་བྱས་མེད་པ་མ་ཚད་པར་རྒྱ་དམར་གྱི་ཉེན་རྟོག་པ་དང་རིམས་ནད་ལས་བྱེད་རྣམས་ཀྱིས་མི་མང་ལ་རྡུང་རྡེག་བཏང་བ་སོགས་ཆེད་བཀོད་གནང་འདུགའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ་འདོན་སྤེལ་དང་འབྲེལ་ཏེ། ཚོགས་པའི་རྒྱ་ནག་ཐོག་གི་ལྟ་ཞིབ་འགན་འཛིན་ལྩམ་ Sophie Richardson ལགས་ཀྱིས་རྒྱ་ནག་མི་མང་རྣམས་ཀྱིས་སྲིད་གཞུང་གི་དམ་བསྒྲགས་དང་ཉེན་ཁར་ལྟོས་མེད་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་གནང་བཞིན་ཡོད་པར་མ་ཟད། གཞུང་གང་འདྲ་ཞིག་ཡིན་ཀྱང་སྨྲ་བརྗོད་རང་དབང་དང་ཞི་བའི་ངོ་རྒོལ་སོགས་མི་མང་གི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་དགོས་ཞེས་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱལ་ནང་དང་རྒྱལ་ཁབ་གཞན་གྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ལ་འགན་ལེན་ཡོད་པ་ཞིག་བཟོ་དགོས་ཞེས་ནན་པོ་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ལས་ཚབ་པ་ Tirana Hassan ལགས་ཀྱིས་སྙན་ཐོའི་ངོ་སྤྲོད་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་རྒྱལ་ཁབ་ཆེ་ཆུང་མེད་པར་ཚང་མས་དགོངས་པ་བཞེས་དགོས་པར་མ་ཟད་རྒྱལ་ཁབ་སོ་སོའི་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞི་ཆེད་བཀོད་ཐོག་ནས་དེ་འབྲེལ་སྲུང་སྐྱོབ་དང་གོང་སྤེལ་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད།

རྒྱ་ནག་ནང་རྒྱལ་སྤྱིའི་བེུད་ཊེ་ནི་སི་རྩེད་འགྲན་འཚོག་རྒྱུར་དང་ཐོག་ Peng Shuai དང་དངོས་སུ་ཐུག་འཕྲད་བྱེད་བཅུག་དགོས་པ་གསུངས་འདུག

རྒྱལ་སྤྱིའི་བེུད་ཊི་ནི་སི་ལྷན་ཚོགས་ནས་ཕྱི་ལོ་གསར་པའི་རྒྱལ་སྤྱིའི་བེུད་ཊེ་ནི་སི་རྩེད་འགྲན་གྱི་ཟླ་དུས་ཚེས་གྲངས་ཁག་ཡོངས་གྲགས་གནང་ཡོད་པ་དང་ཆབས་ཅིག རྩེད་འགྲན་དེ་ཉིད་རྒྱ་ནག་ནང་མུ་མཐུད་འཚོག་རྒྱུར་དང་ཐོག་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ Peng Shuai ལགས་དང་དངོས་སུ་ཐུག་འཕྲད་བྱེད་བཅུག་དགོས་པ་གསུངས་འདུགསྤྱི་ལོ་ ༢༠༢༡ ལོར་རྒྱ་ནག་གི་ཊེ་ནི་སི་རྩེད་པ་གྲགས་ཅན་ Peng Shuai ལགས་ཀྱིས་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་ Zhang Gaoli ཡིས་ཁོ་མོར་བཙན་གཡེམ་བྱས་པའི་གནས་ཚུལ་སྤྱི་ཚོགས་དྲ་ལམ་ཐོག་ཕྱིར་བསྒྲགས་གནང་རྗེས་ཁོང་ཟླ་བ་གཅིག་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་ཚོགས་ཁག་མང་པོས་ཁོ་མོའི་བདེ་འཇགས་ལ་སེམས་འཚབ་ཀྱི་རྣམ་པ་འདྲ་མིན་བཏོན་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་བེུད་ཊི་ནི་སི་ལྷན་ཚོགས་ནས་ཁོ་མོ་དང་དངོས་སུ་ཐུག་འཕྲད་ཆོག་པ་དང་ཆབས་ཅིག རྒྱ་ནག་གཞུང་ནས་དེ་འབྲེལ་དངོས་ཡོད་གནས་སྟངས་ཇི་ཡིན་ཐད་ལ་ཞིབ་འཇུག་བྱེད་དུ་བཅུག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཏེ་རྒྱ་ནག་ནང་དེ་འབྲེལ་རྩེད་འགྲན་འཕྲལ་དུ་ཕྱིར་འཐེན་གནང་ཡོད་པ་རེད།ཉེ་འཆར་རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་བེུད་ཊི་ནི་སི་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་བེུད་ཊེ་ནི་སི་རྩེད་འགྲན་ཚོགས་ཡུལ་དང་ཟླ་དུས་ཚེས་གྲངས་ཁག་ཡོངས་གྲགས་གནང་པའི་ནང་རྩེད་འགྲན་དེ་རྒྱ་ནག་ནང་གོ་སྒྲིག་ཞུ་རྒྱུའི་སྐོར་གང་ཡང་གསུངས་མེད་པ་དང་འབྲེལ། Reuters གསར་ཁང་གིས་རྒྱལ་སྤྱིའི་བེུད་ཊེ་ནི་སི་རྩེད་འགྲན་ལྷན་ཚོགས་ལ་འདི་ལོ་རྒྱ་ནག་ནང་དེ་འབྲེལ་རྩེད་འགྲན་གོ་སྒྲིག་ཞུ་འཆར་ཡོད་མེད་བཀའ་འདྲི་ཞུ་སྐབས། རྒྱ་ནག་ནང་རྒྱལ་སྤྱིའི་བེུད་ཀྱི་ཊེ་ནི་སི་རྩེད་འགྲན་གོ་སྒྲིག་ཞུ་ཐུབ་མིན་ནི་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ Peng Shuai ལགས་དང་འབྲེལ་བའི་གནད་དོན་རྣམས་ཁ་གསལ་བཟོ་མིན་ལ་རག་ལུས་ཡོད་པ་འགྲེལ་བརྗོད་དང་སྦྲགས། དེ་འབྲེལ་ལྷན་ཚོགས་ངོས་ནས་དེ་སྔ་བཏོན་པའི་དགོས་འདུན་ལ་འགྱུར་བ་གང་ཡང་མེད་པ་མ་ཟད། འདས་པའི་དུས་ཡུན་ནང་ Peng Shuai ལགས་བདེ་ཐང་ཡིན་པའི་གནས་སྟངས་ཞིག་ར་སྤྲོད་བྱུང་ཡོད་ཀྱང་། ཁོང་དང་ལྷན་དུ་དངོས་སུ་ཐུག་འཕྲད་ཀྱིས་བཀའ་མོལ་ཞུ་རྒྱུའི་དགོས་འདུན་དེ་ད་ལྟའང་གྲུབ་མེད་པ་རེད་ཅེས་གསུངས་འདུག མ་ཟད་རྒྱལ་སྤྱིའི་བེུད་ཊི་ནི་སི་ལྷན་ཚོགས་ནས་རྒྱ་ནག་ནང་དེ་འབྲེལ་རྩེད་འགྲན་གོ་སྒྲིག་ཞུ་རྒྱུའི་འདུན་པ་དང་རེ་བ་མུ་མཐུད་འཆང་བཞིན་ཡོད་ཀྱང་། ལྷན་ཚོགས་དེའི་གཞི་རྩའི་རྩ་འཛིན་དང་། ཁས་ལེན་ཟིན་པའི་དགོས་ཁག་ནམ་ཡང་བློས་གཏོང་བྱེད་ཐུབ་ཀྱི་མ་རེད་ཅེས་གསུངས་འདུགརྩ་བའི་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ Peng Shuai ལགས་ཀྱིས་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་ Zhang Gaoli ཡིས་ཁོ་མོར་བཙན་གཡེམ་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་གནང་རྗེས་ཟླ་བ་གཅིག་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ཕྱིས་སུ་ཁོ་མོས་བརྙན་ཐུང་ཞིག་གི་བརྒྱུད་ནས་རྒྱལ་ས་ Beijing ནང་བདེ་ཐང་ངང་གནས་ཡོད་པའི་གནས་ཚུལ་ཐོན་ཡོད། འོན་ཀྱང་རྩེད་རིགས་ཚོགས་ཆུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་བརྙན་ཐུང་དེ་རྒྱ་གཞུང་གི་གནོན་ཤུགས་འོག་བཟོ་དགོས་བྱུང་བའི་ཚོད་དཔག་གནང་མཁན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་གནས་ཚུལ་དེ་ཡོངས་གྲགས་གནང་པ་ནས་བཟུང་ད་བར་ཁོང་རྒྱ་ནག་གི་ཕྱི་ཕྱོགས་སུ་བསྐྱོད་པའི་གནས་ཚུལ་ཐོན་མེད་པ་མ་ཟད། རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་ Zhang Gaoli ཡིས་ད་བར་དེ་འབྲེལ་གནས་ཚུལ་ཐོག་གསལ་བཤད་ལན་འདེབས་གང་ཡང་བྱེད་མེད་པ་རེད།

རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ཁྲོད་འདས་གྲོངས་སོང་བའི་གྲངས་ཐོ་ཁ་གསལ་མ་བྱས་པར་སྐྱོན་བརྗོད།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་བའི་གྲངས་ཐོ་ཁ་གསལ་མ་བཏོན་པར་སྐྱོན་བརྗོད་དང་སྦྲགས། གནད་དོན་དེས་དོན་དངོས་ཐོག་རྒྱ་ནག་ནང་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཆེས་ཇེ་སྡུག་དང་མི་འདས་གྲོངས་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་མངོན་གྱི་ཡོད་སྐོར་ནན་བརྗོད་གནང་འདུགཁ་ཉིན་ཕྱི་ཚེས་ ༣ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྐུ་ཚབ་ཁག་ཅིག་ནས་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་སྤྱི་དང་སྒོས་སུ་ནད་ཡམས་ཁྱབ་གདལ་ཁྲོད་རྐྱེན་འདས་སུ་སོང་བའི་གྲངས་འབོར་སོགས་གནད་དོན་ཞིབ་ཕྲ་རྒྱུས་ལོན་ཆེད་རྒྱ་ནག་གི་ཚན་རིག་པ་རྣམས་དང་ཐུགས་འཕྲད་ཀྱིས་དེ་འབྲེལ་གནས་ཚུལ་སྙན་སེང་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་འབྲེལ། ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་རྒྱ་ནག་ནང་གཉན་རིམས་སྟངས་འཛིན་གྱི་རིམ་པ་གསར་པ་ཞིག་འགྲོ་བཞིན་ཡོད་པར་གཉན་རིམས་སྟངས་འཛིན་དེའང་ཚན་རིག་དང་མཐུན་པ་ཞིག་ཡིན་པར་ལམ་ལྷོང་ལྡན་ཡོད་ཚུལ་སོགས་བཤད་འདུག གནད་དོན་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཛ་དྲག་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ Michael Ryan ལགས་ཀྱིས་ཇི་ནི་ཝའི་དེ་འབྲེལ་ཉན་ཞིབ་ལས་རིམ་ཐོག་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེར་འགྲོ་མུས་ཁྲོད་རྒྱ་གཞུང་གིས་དེ་འབྲེལ་ནད་གཞི་ཕོག་མཁན་དང་རྐྱེན་འདས་སོང་བའི་གྲངས་འབོར་ཁ་གསལ་བྱས་པ་དེ་ཆེས་ཉུང་བས་ཡིད་ཆེས་འཕེར་བ་ཞིག་མིན་སྐོར་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ད་ལྟའི་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱ་ནག་ནང་གི་རིམས་ནད་ཁྱབ་གདལ་དང་འབྲེལ་བའི་གྲངས་ཐོ་ཆ་ཚང་བ་ཞིག་རག་སོན་བྱུང་མེད་པར་དོན་དངོས་ཐོག་ཁུལ་དེར་གཉན་རིམས་ཀྱི་ཤུགས་རྐྱེན་ཆེས་ལྗིད་པོ་དང་ཧ་ཅང་ཉེན་འཚབ་ཀྱི་རང་བཞིན་དུ་གྱུར་ཡོད་པ་ནན་བརྗོད་གནང་འདུགReuters གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་ད་བར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་གང་ཡང་སྙན་སེང་ཞུས་མེད་པ་མ་ཟད། རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་རིམས་ནད་རྐྱེན་པས་མི་ལྔ་འདས་གྲོངས་སོང་བ་དང་མི་ ༥༢༥༨ ལྷག་ལ་ནད་གཞི་དེ་འགོས་ཡོད་ཚུལ་བཤད་སྐོར་དང་། ད་དུང་གོང་གསལ་གྲངས་ཐོ་དེ་འདས་པའི་ཟླ་བ་དྲུག་ནང་གི་གྲངས་ཐོའི་གནས་སྟངས་དང་བསྡུར་ཚེ་དེ་ཙམ་ཆེན་པོ་མེད་ལུགས་ཟེར་ནས་ནད་གཞི་ལྗིད་མོ་དང་ཉེན་ཁ་མེད་སྐོར་བཤད་ཡོད་པ་བཀོད་འདུག  

རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དང་འབྲེལ་ཨ་རི་བ་གཉིས་ལ་སྲིད་དོན་ཉེས་ཆད་བཀལ་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དང་འབྲེལ་ཨ་རིའི་ལོ་རྒྱུས་སྨྲ་བ་དང་འཐབ་བྱུས་མཁས་པ་ཞིག་དང་། དེ་བཞིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཐོ་རིམ་ལས་བྱེད་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུགཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༩ སྟེ་རྒྱལ་སྤྱིའི་ལྐོག་ཟ་རུལ་སུངས་འགོག་རྒོལ་དང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་རྒྱལ་ཁབ་ ༩ ནང་གི་ཚོགས་སྒེར་ ༤༠ ལྷག་ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པའི་ཁྲོད་དེ་སྔ་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་རྒྱ་ནག་གིས་དབྱེ་བས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་བྱས་མྱོང་ཡོད་པའི་རྒྱ་རིགས་ Wu Yingjie དང་། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་བྱེད་མུས་ཡིན་པ་ Zhang Hongbo གཉིས་ཀྱིས་བོད་རིགས་རྣམས་ལ་སྡུག་སྦྱོང་མནར་གཅོད་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་འོག་སྲིད་དོན་ཉེས་ཆད་བཀལ་བ་ལྟར། ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་འཁོན་ལན་ཚུལ་དུ་ཨ་རིའི་ལོ་རྒྱུས་སྨྲ་བ་དང་། དེ་སྔ་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Mike Pompeo མཆོག་གི་རྒྱ་ནག་ཐོག་གི་སློབ་སྟོན་པ་གནང་མྱོང་ཡོད་པའི་སྐུ་ཞབས་ Miles Yu Maochun ལགས་དང་། དེ་བཞིན་ཕྱི་ལོ་ ༢༠༢༡ ལོ་ནས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ལས་བྱེད་ཀྱི་དབུ་འཛིན་གཞོན་པ་གནང་མུས་དང་། དེ་སྔ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Sarah Sewall ལགས་ཀྱི་སློབ་སྟོན་པ་བགྲེས་པ་གནང་མྱོང་ཡོད་པའི་སྐུ་ཞབས་ Todd Stein ལགས་སུ་སྲིད་དོན་ཉེས་ཆད་གསལ་བསྒྲགས་གནང་བ་མ་ཟད།  ཁོང་རྣམ་གཉིས་ཀྱི་རྒྱ་ནག་ནང་ཡོད་པའི་རྒྱུ་དངོས་དང་ཚོགས་སྒེར་ཁག་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་བཀག་སྡོམ་གནང་ཡོད་པ་དང་ཆབས་གཅིག ཁོང་རྣམ་པའི་ནང་མི་ཉེ་འབྲེལ་ལའང་སྲིད་དོན་ཉེས་ཆད་བཀལ་འདུགརྩ་བའི་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Antony Blinken མཆོག་གིས་ཨ་རི་གཞུང་ནས་རྒྱ་ནག་གི་འགོ་ཁྲིད་གཉིས་ལ་བཀལ་བའི་སྲིད་དོན་ཉེས་ཆད་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་རིགས་མང་ཚོགས་ལ་དྲག་གནོན་དང་ཁྲིམས་འགལ་སྒོ་ནས་མི་སྣ་གང་བྱུང་འཛིན་བཟུང་བྱས་པ་སོགས་ཀྱི་ལས་དོན་རིགས་འཕྲལ་མར་མཚམས་འཇོག་ཡོང་ཕྱིར་ཡིན་པར་གསུངས་ཡོད་ཀྱང་། ཐེངས་འདིར་རྒྱ་ནག་གི་དེ་འབྲེལ་འཁོན་ལན་དུ་ཨ་རིའི་མི་སྣ་གཉིས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་དོན་ཁ་གསལ་བྱས་མེད་པ་མ་ཟད། རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi གིས་སྲིད་དོན་ཉེས་ཆད་དེ་ཉིད་དེ་རིང་ཕྱི་ཚེས་ ༢༣ ནས་ལག་བསྟར་བྱེད་རྒྱུ་ཡིན་པ་ཡོངས་གྲགས་བྱས་འདུགསྤྱིར་ཨ་རི་དང་ཡོ་རོབ་མཐུན་ཚོགས་གཙོ་བོར་འགྱུར་བའི་རྒྱལ་ཁབ་ཁག་ཅིག་གིས་ཧོང་ཀོང་དང་རྒྱ་ནག་གི་དཔོན་རིགས་མང་དག་ལ་སྲིད་དོན་ཉེས་ཆད་རིམ་པར་བཀལ་ཡོད་པའི་གནད་དོན་ཁྲོད། རྒྱ་ནག་གཞུང་ནས་ཀྱང་ Tit-for-tat sanction ཞེས་ཚུར་སྲིད་དོན་ཉེས་ཆད་བཀལ་ན་ཕར་སྲིད་དོན་ཉེས་ཆད་བཀལ་རྒྱུའི་ཁྲིམས་གཞི་ཁག་གཅིག་གཏན་འབེབས་ཀྱིས་ད་བར་ཨ་རི་དང་ཡུ་རོབ་ཀྱི་མི་སྣ་མང་པོར་དེ་ལྟ་བུའི་ཉེས་ཆད་བཀལ་ཡོད་པ་རེད།

Latest news