Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་འདས་གྲོངས་སུ་གྱུར་འདུག

རྒྱ་ནག་དམར་ཤོག་གཞུང་ལ་སྒོ་གང་ས་ནས་མང་ཚོགས་ཀྱི་སྒེར་ལངས་བྱས་དང་བྱེད་མུས་ཀྱི་ཁྲོད་འདིར་དེ་རིང་རྒྱ་ནག་ནས་གལ་ཆེའི་གནས་ཚུལ་གཞན་ཞིག་ཕྱིར་ཐོན་པར་གཞིགས་ན་སྲིད་འཛིན་ཟུར་པ་ཅང་ཙེ་མིན་རང་ལོ་ ༩༦ ཐོག་དེ་རིང་ཉིན་རྒྱབ་འདས་གྲོངས་སུ་གྱུར་འདུགགནས་ཚུལ་ཡོང་ཁུངས་ཁག་གིས་འགྲེལ་བརྗོད་གནང་བར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ Leukemia འམ་ཕྲ་ཕུང་དཀར་པོ་མང་བའི་ནད་གཞི་གཙོས་ལུས་པོའི་དབང་པོ་རྣམས་ཀྱི་བྱེད་ལས་ཉམས་ཏེ་འདས་གྲོངས་སུ་གྱུར་ཡོད་སྐོར་སྤེལ་འདུགཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་རྗེས་ནུབ་ཕྱོགས་པའི་རྒྱལ་ཁབ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་གནང་བ་དང་སྦྲགས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཟུར་ཕུད་གནང་བའི་ཁྲོད་ཁོ་པས་རྒྱ་ནག་གི་སྲིད་འཛིན་གྱི་འགན་ཁུར་བའི་འོག་ཧོང་ཀོང་དེ་བཞིན་དབྱིན་ཡུལ་ནས་རྩིས་ལེན་དང་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་ལམ་པིཀ་རྩེད་འགྲན་གྱི་མགྲོན་བདག་ཐོབ་པ། དེ་བཞིན་འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་ནང་འཛུལ་ཞུགས་ཐུབ་པ་སོགས་བརྒྱུད་ནས་རྒྱ་ནག་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དཔུང་པ་མཉམ་གཤིབས་ཀྱི་གནས་བབ་བཟོ་མཁན་གྱི་འགོ་ཁྲིད་དམིགས་བསལ་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།ཕྱོགས་གཞན་ཞིག་ནས་ཁོ་པས་རང་ཉིད་ཀྱི་ལས་ཡུན་ཁྲོད་ཐེ་ཝན་གྱི་གནད་དོན་ཐད་སྲིད་བྱུས་མཁྲེགས་འཛིན་བྱས་པར་མ་ཟད་ཧྥ་ལུང་གྷུང་ཆོས་བརྒྱུད་ལ་དམ་དྲག་ཤུགས་ཆེར་བྱེད་མཁན་ཞིག་ལ་ངོས་འཛིན་གནང་མཁན་ཡང་ཡོད། བོད་ཀྱི་གནད་དོན་ལ་མཚོན་ན། ཁོ་པའི་སྲིད་འཛིན་གྱི་ལས་ཡུན་ཁྲོད་སྐབས་དེའི་ཨ་རིའི་སྲིད་འཛིན་ Bill Clinton མཆོག་གིས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་རྒྱ་གྲོས་མོལ་དགོས་པའི་གཞེན་སྐུལ་གནང་བར་ཁོང་གིས་༸གོང་ས་ཏཱ་ལའི་བླ་མས་བོད་དང་ཐེ་ཝན་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ཡོངས་གྲགས་ཐོག་ཞལ་བཞེས་གནང་ཚེ་གྲོས་མོལ་གྱི་སྒོ་ཕྱེས་ནས་ཡོད་ཅེས་བཤད་ཡོད་པ་དེ་ནི། རྒྱ་ནག་གི་ངོས་ནས་བོད་རྒྱ་གྲོས་མོལ་ཐད་སྔོན་འགྲོའི་ཆ་རྐྱེན་ནང་ཐེ་ཝན་གྱི་གནད་དོན་བཀོད་པ་ཆེས་ཐོག་མར་ཆགས་ཡོད།སྤྱིར་ཁོ་པས་ཕྱི་ལོ་ ༡༩༩༣ ནས་ ༢༠༠༣ བར་རྒྱ་ནག་གི་སྲིད་འཛིན་གྱི་ལས་གནས་བཟུང་ཡོད་པ་དང་། ལས་ཡུན་མ་འཁྱུར་གོང་ཕྱི་ལོ་ ༢༠༠༢ ལོར་བོད་རྒྱ་གཉིས་དབར་འབྲེལ་མོལ་བསྐྱར་གསོ་བྱུང་ནས་ལོ་དེའི་ཕྱི་ཟླ་ ༩ པ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དམ་པ་དེ་ཉིད་ཀྱི་སྣེ་ཁྲིད་འོག་མི་སྣ་བཞི་ལས་གྲུབ་པའི་བོད་མིའི་སྐུ་ཚབ་ཚོ་ཁག་རྒྱ་ནག་དང་བོད་ལ་ཕེབས་ཡོད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་མངོན་འདོད་དང་མི་མཐུན་པའི་སྲིད་བྱུས་འཛིན་རྐྱེན་མི་མང་ནས་ངོ་རྒོལ་གནང་བཞིན་ཡོད་པ་གསུངས་སོང་།

རྒྱ་ནག་གཞུང་གིས་རིམས་ནད་ཀླད་ཀོར་གྱི་སྲིད་བྱུས་ཞེས་པ་མུ་མཐུད་རྒྱ་ནག་གིས་གཙོས་པའི་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཡོངས་སུ་ལག་བསྟར་གྱིས་ཁྱོན་མི་སེར་སྟོང་ཕྲག་མང་པོ་ཟུར་བཀག་ཏུ་ཆེད་བཞག་བྱས་པ་མ་ཚད་པར་རིམས་ནད་དང་འབྲེལ་བའི་ཁྱིམ་སྡོད་བཀའ་རྒྱ་བསྡམས་པ་སོགས་ཀྱི་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པར་ལྟོས་མེད་ད་ཆ་རྒྱ་ནག་ནང་ཉིན་རེ་ལས་མ་འདས་པར་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོད་ཇེ་མང་དུ་འགྲོ་མུས་ཁྲོད་འདས་པའི་གཟའ་འཁོར་ནང་ཤིན་ཅང་གི་གྲོང་ཁྱེར་ལྟེ་བ་ Wulumuqi ནང་གི་ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་ལ་མེ་སྐྱོན་ཕོག་པར་བརྟེན་མི་བཅུ་རྐྱེན་འདས་སུ་གྱུར་བ་དང་མི་དགུ་ལ་རྨས་སྐྱོན་ཕོག་ཡོད་སྟབས་ Shanghai གྲོང་ཁྱེར་དུ་ཡོད་པའི་ Wulumuqi ཞེས་པའི་སྲང་ལམ་དུ་མི་ཚོགས་འགའ་ཤས་འདུ་འཛོམས་ཀྱིས་མྱ་ངན་གྱི་མཆོད་མེ་ལས་འགུལ་ཞིག་སྤེལ་ཡོད་པ་དེ་རིམ་བཞིན་རྒྱ་ནག་རྒྱལ་ཡོངས་སུ་རྒྱ་ནག་དམར་པོའི་གཞུང་དང་ཞི་ཅིན་ཕིང་གཉིས་ལ་ངོ་རྒོལ་གྱི་ལས་འགུལ་ཆགས་པ་དང་འབྲེལ། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་བཞུགས་ཡོད་པ་དང་བསྟུན། ས་གནས་གསར་འགོད་པས་བཅར་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་དངོས་ཡོད་གནས་སྟངས་དང་མི་མང་གི་མངོན་འདོད་དང་མི་མཐུན་པའི་སྲིད་བྱུས་འབའ་ཞིག་འཛིན་རྐྱེན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་གནད་དོན་དེ་བྱུང་བར་འགྲེལ་བརྗོད་དང་སྦྲགས་ཏེ་རྒྱལ་ཁབ་ཀྱི་སྲིད་བྱུས་དེ་དག་མི་མང་གི་མངོན་འདོད་དང་མཐུན་དགོས་ཞེས་གསུངས་སོང་།ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་ནང་མང་ཚོགས་ཀྱིས་སྲིད་གཞུང་གི་གཉན་རིམས་ཀླད་ཀོར་ཞེས་དམ་དྲག་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རྒྱ་ནག་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ། དབང་ཆ་གཅིག་སྡུད་བྱེད་མཁན་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་སྐད་འབོད་གནང་བཞིན་པ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གི་ངོས་ནས་མང་ཚོགས་ཀྱི་གཞི་རྩའི་སྨྲ་བརྗོད་རང་དབང་དང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་རང་དབང་ལ་གུས་བརྩི་ཞུ་དགོས་པ་དང་། ཁྲིམས་འགལ་ཐོག་ནས་འཛིན་བཟུང་བྱས་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུགའགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་བགྲེས་པ་ Yaqiu Wang ལགས་ཀྱིས་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་མང་ཚོགས་ནས་ཉེན་ཁར་མ་འཛེམས་པར་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གི་ངོས་ནས་མང་ཚོགས་ཀྱི་དགོངས་འཆར་ལ་བསམ་ཞིབ་བྱེད་དགོས་གལ་ཡིན་པ་སོགས་གསུངས་ཡོད།རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲེལ་བརྗོད་རྣམས་ལུང་འདྲེན་གྱིས། རྒྱ་ནག་ལ་ཕྱི་ནང་གཉིས་ཀའི་ཐོག་ནས་མང་ཚོགས་ལ་ཞི་བའི་ངོ་རྒོལ་གནང་བར་བརྩི་འཇོག་དང་ཁོང་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་ཡོད་ཅེས་མངོན་གསལ་གནང་འདུགཕྱོགས་མཚུངས་ཁ་སང་ AFP གསར་ཁང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མགྲིན་ཚབ་པ་སྐུ་ཞབས་ Jeremy Laurence ལགས་ཀྱིས་བཀའ་མོལ་གསུངས་པ་ཞིག་ཡོངས་གྲགས་གནང་འདུག་པར་ཁོང་གིས་ད་ལྟ་རྒྱ་ནག་ནང་ངོ་རྒོལ་གནང་བཞིན་ཁག་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་གནས་ཚད་དང་མཐུན་པའི་ཐོག་ནས་ཐག་གཅོད་ལག་བསྟར་བྱེད་དགོས་པ་སོགས་གསུངས་ཏེ་འཛིན་བཟུང་བྱས་པར་སྐྱོན་བརྗོད་གནང་འདུག པར་བདག་དབང་། reuters

རྒྱ་ནག་གིས་ན་གོར་མོའི་ཁུལ་དུ་ཐད་འཕུར་གནམ་ཐང་ཧ་ཅང་ཆེན་པོ་རྒྱག་བཞིན་པར་རྒྱ་གར་ལ་ཉེན་ཚབས།

རྒྱ་ནག་གིས་བོད་ཀྱི་བྱང་ཕྱོགས་ན་གོར་མོའི་ས་ཁུལ་དུ་ཐད་འཕུར་གནམ་ཐང་ཧ་ཅང་ཆེན་པོ་ཞིག་རྒྱག་བཞིན་ཡོད་པ་དང་། དེ་ནི་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་ས་ཆའི་བདག་དབང་གི་གནད་དོན་ཐད་རྒྱ་གར་ལ་ཉེན་ཚབས་ཆེན་པོ་ཆགས་ཡོད་པའི་རྣམ་པ་མངོན་གསལ་གནང་འདུགདེ་ཡང་དེ་རིང་ཕྱི་ཚེས་ ༢༥ ཉིན་ The Telegraph གསར་ཤོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། The Drive/Warzone ཞེས་རྒྱལ་སྤྱིའི་ནང་བདེ་སྲུང་གི་གནད་དོན་ཐོག་ཞིབ་ལྟ་བྱེད་མཁན་གྱི་དྲ་ཐོག་དུས་དེབ་ཞིག་གི་ནང་རྒྱ་ནག་གིས་བོད་ཀྱི་ན་གོར་མོའི་ས་ཁུལ་དུ་ཐད་འཕུར་གནམ་ཐང་ཧ་ཅང་ཆེན་པོ་ཞིག་རྒྱག་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་ནང་གི་ཐད་འཕུར་གནམ་ཐང་ཆེ་ཤོས་ཞིག་ལ་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། དེའི་ནང་གནམ་གྲུ་འཇོག་ཁང་ ༦༣ ལྷག་ཡོད་པ་ར་སྤྲོད་དང་འབྲེལ། དེ་ནི་རྒྱ་ནག་གི་དམག་དོན་རྒྱ་སྐྱེད་ནུས་ཤུགས་ཆེ་རུ་གཏོང་ཆེད་ཡིན་པར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་ས་ཆའི་བདག་དབང་གི་གནད་དོན་ཐད་རྒྱ་གར་ལ་ཉེན་ཚབས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་འདུགཐད་འཕུར་གནམ་ཐང་དེའི་བཟོ་འཆར་ལ་གཞིགས་ན། དེ་ནི་རྩོད་རྙོག་ཅན་གྱི་འཕགས་བོད་ས་མཚམས་ཁག་ཏུ་ཡོད་པའི་གནམ་ཐང་ཆུང་ངུ་དེ་དག་གི་བརྒྱུད་ལམ་ཞིག་ཆགས་ཀྱི་ཡོད་པ་དང་འབྲེལ། ས་མཚམས་ཁུལ་དུ་སྐོར་གཡེང་དང་། གོ་ལག་སྤྲོད་རྒྱུ་སོགས་དམག་མཁོའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་མྱུར་ཚད་མཐོ་བ་མ་ཟད། ཛ་དྲག་གི་དམག་དོན་དང་སྦྱོང་བསྡར་གོང་སྤེལ། ལྷག་པར་དུ་མ་འོངས་པར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་མི་མཐུན་པ་བྱུང་ཚེ། དམག་འགུལ་ཐབས་བྱུས་སོགས་ཀྱི་ཐད་ལ་དམིགས་པ་ཞིག་ཡིན་པ་མངོན་གསལ་གནང་འདུག རྩ་བའི་ན་གོར་མོའི་ནང་དེ་སྔ་ནས་མཁའ་དམག་ལྟེ་གནས་ཡོད་ཀྱང་། ད་ལྟའི་ཐད་འཕུར་གནམ་ཐང་ཆེ་བ་དེ་ནི་ཕྱི་ལོ་ ༢༠༢༠ ལོར་ཐོག་མ་བཟོ་འགོ་བཙུགས་ཏེ། ད་ཆ་སྒྲུབ་ལ་ཉེ་བ་ཞིག་ཡིན་པ་དང་། དེའི་ནང་དམག་དཔུང་བཅའ་སྡོད་བྱེད་ས་སོགས་དམག་གི་མཐུན་རྐྱེན་ཚད་མཐོ་ལྡན་པ་ཞིག་ཡིན་པ་རེད་འདུག དེ་བཞིན་རྒྱ་ནག་གིས་བོད་ཀྱི་མངའ་རི་རུ་ཐོག་རྫོང་དང་སྒེར་རྩེ་རྫོང་། དེ་བཞིན་བོད་ནག་ཆུ་ཁུལ་གྱི་ཉི་མ་རྫོང་དང་གསེར་རྙེད་ཆུས་སོགས་ཀྱི་ནང་དུ་ཐད་འཕུར་གནམ་ཐང་འཛུགས་སྐྲུན་བྱས་ཡོད་པའི་དེ་དག་རེ་རེའི་ནང་གནམ་གྲུ་འཇོག་ཁང་ ༡༨ ཙམ་ཡོད་པ་རེད། རྒྱ་ནག་གིས་དམག་དོན་ཆེད་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་ཐད་འཕུར་གནམ་ཐང་དེ་ཉིད་བཟོ་བཅོས་དང་རྒྱ་སྐྱེད་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་འབྲེལ། དེའི་ནང་མི་མེད་གནམ་གྲུའི་ཆ་རྐྱེན་ཡང་བཟོ་འཆར་ཡིན་འདུག་པ་མ་ཟད། རྒྱ་ནག་གིས་མཁའ་དམག་ཙམ་མིན་པར་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་གཞུང་ལམ་གསར་རྒྱག་སོགས་ཀྱི་འཛུགས་སྐྲུན་རྒྱ་སྐྱེད་བྱེད་བཞིན་ཡོད་པ་རེད།གཞི་རྩའི་རྒྱ་ནག་གི་ཐད་འཕུར་གནམ་ཐང་གི་འཛུགས་སྐྲུན་རྒྱ་སྐྱེད་དང་འབྲེལ། རྒྱ་གར་ལའང་ལ་དྭགས་བདེ་མཆོག་ཁུལ་དུ་ Fukche མཁའ་དམག་ལྟེ་གནས་དང་། གནམ་ཐང་མཐོ་ཤོས་ Daulat Beg Oldi བཅས་ཡོད་པ་མ་ཟད། ལ་དྭགས་ཤར་ཕྱོགས་ཀྱི་ས་ཐིག་ལས་སྤྱི་ལ་ ༥༠ སར་གྱི་ཉོ་མའི་ཁུལ་དུ་རྒྱ་གར་གྱི་མཁའ་དམག་ལྟེ་གནས་རྒྱ་སྐྱེད་བྱེད་བཞིན་པ་རེད་འདུག  

ལ་དྭགས་བདེ་བཟང་ས་ཁུལ་དུ་རྒྱ་ནག་གིས་དམག་དོན་འཛུགས་སྐྲུན་རྒྱ་སྐྱེད་བྱེད་བཞིན་པ།

རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་ས་ཆའི་བདག་དབང་གི་གནད་དོན་སོགས་དང་འབྲེལ་རྒྱ་ནག་བཅིངས་གྲོལ་དམག་མིས་ལ་དྭགས་ཀྱི་ཚད་མཚམས་ལས་བརྒལ་ཏེ་དམག་དོན་འཛུགས་སྐྲུན་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་སོགས་སྤེལ་བཞིན་ཡོད་པ་མངོན་གསལ་གནང་འདུགདེ་ཡང་དེ་རིང་ཕྱི་ཚེས་ ༡༨ ཉིན་ The Telegraph གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་གར་གི་གསང་བའི་ལས་ཁུངས་ཀྱི་སྙན་ཐོའི་ནང་རྒྱ་ནག་གིས་ལ་དྭགས་བདེ་བཟང་ས་ཁུལ་དུ་གཞུང་ལམ་གསར་རྒྱག་དང་། ཐད་ཕུར་གནམ་གྲུའི་གནམ་ཐང་། དེ་བཞིན་དམག་སྒར་སོགས་ཀྱི་འཛུགས་སྐྲུན་ལས་གཞི་རྩོམ་བཞིན་ཡོད་པ་མངོན་གསལ་གནང་བ་དང་སྦྲགས། རྒྱ་ནག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ པ་ནས་བཟུང་རྒྱ་གར་གྱིས་རྩོད་བཞིན་པའི་ཚད་མཚམས་ལས་བརྒལ་ཏེ། ལ་དྭགས་ཤར་ཕྱོགས་གྱི་ས་ཁུལ་དུ་འཛུགས་སྐྲུན་རྒྱ་སྐྱེད་ཀྱིས་བདག་བཟུང་དང་། ས་མཚམས་ཀྱི་ཚད་གཞི་གསར་པ་གཏན་འབེབས་བྱེད་འཆར་ཡོད་པའི་ཉེན་ཁ་ར་སྤྲོད་གནང་འདུག་པ་མ་ཟད། ཚོད་དཔག་བྱས་ན་རྒྱ་གར་གྱི་རྩོད་བཞིན་པའི་ས་ཁྱོན་བདག་དབང་ལས་བརྒལ་ཏེ། སྤྱི་ལེ་ ༡༨ ཙམ་ཧམ་འཛུལ་བྱས་ཡོད་པ་བཀོད་འདུགརྩ་བའི་རྒྱ་ནག་གི་མི་མང་ཉིན་རེ་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཟའ་འཁོར་སྔོན་མའི་ནང་རྒྱ་ནག་གི་དམག་མི་ཚོས་དམག་སྦྱོང་གི་ནུས་ཤུགས་ཆེ་རུ་གཏང་དགོས་སྐོར་བཤད་ཡོད་ཀྱང་རྒྱལ་ཁབ་གང་གི་ཆེད་དམག་སྦྱོང་བྱེད་རྒྱུ་ཡིན་པ་སོགས་མངོན་གསལ་བྱས་མེད་པ་རེད།ས་མཚམས་ཀྱི་དཀའ་རྙོག་དེ་དང་འབྲེལ་ནས་རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་ Manoj Pande ལགས་ཀྱིས་ལ་དྭགས་ཤར་ཕྱོགས་ཀྱི་གནས་སྟངས་དེ་ཉིད་བརྟན་པོ་ཡོད་ཀྱང་ངེས་པ་མེད་ཅེས་གསུངས་ཡོད་པ་མ་ཟད། ད་ལྟའི་ཆར་ཁུལ་དེར་དགུན་དུས་ཟིན་ཡང་རྒྱ་ནག་དམག་མིའི་གྲངས་འབོར་ཉུང་དུ་ཕྱིན་མེད་པ་རེད་ཅེས་གསུངས་འདུག ཕྱོགས་མཚུངས་རྒྱ་གར་བདེ་སྲུང་ལྷན་ཁང་ནས་ཀྱང་གནད་དོན་དེ་དང་འབྲེལ་ནས་སེམས་འཚབ་ཆེ་ཤོས་ནི་རྒྱ་ནག་དམག་མིའི་ངོས་ནས་ལ་དྭགས་བདེ་བཟང་ས་ཁུལ་ནས་དམག་དོན་ཕྱིར་འཐེན་བྱ་རྒྱུའི་གྲོས་མོལ་ཐད་འདུན་པ་མེད་པ་དང་། ལྷག་པར་དུ་ཁོ་ཚོས་རྒྱ་གར་གྱི་དམག་མི་རྣམས་ཁུལ་དེར་སྐོར་གཡེང་བྱེད་དུ་བཅུག་གི་མེད་པའི་གནད་དོན་དེའི་རྐྱེན་པས་ཁུལ་དེར་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་དཀར་ནག་གཉིས་ཀྱི་དམག་དཔོན་ནང་ཁུལ་གྱི་རྗེས་མའི་བགྲོ་གླེང་སྐབས་འདི་ཕྱོགས་ནས་ལ་དྭགས་བདེ་བཟང་ས་ཁུལ་ནས་རྒྱ་ནག་གི་དམག་དོན་ཕྱིར་འཐེན་བྱ་དགོས་རྒྱུའི་ཐད་གཙོ་འདོན་བྱེད་རྒྱུ་ཡིན་པ་གསུངས་འདུགགཞི་རྩའི་འཕགས་བོད་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱིས་མཐའ་སྲུང་དམག་མི་དབར་གདོང་ཐུག་མི་ཉུང་བ་ཞིག་བྱུང་ཡོད་ཀྱང་། ད་བར་ཕན་ཚུན་ཞི་འགྲིག་ཡོང་སླད་ཕྱོགས་གཉིས་ཀྱི་དམག་དཔོན་ནང་ཁུལ་གྲོས་མོལ་ཐེངས་ ༡༦ གནང་ཟིན་ཅིང་། དོན་ཕན་ལྡན་པའི་མཇུག་འབྲས་སོན་མེད་པའི་ཁར་དེ་ཕྱོགས་ནས་ལ་དྭགས་ཁུལ་དུ་མུ་མཐུད་དམག་དོན་འཛུགས་སྐྲུན་རྒྱ་སྐྱེད་ཆེ་ཆེར་བྱེད་བཞིན་ཡོད་པ་མ་ཟད། ཕྱོགས་གཉིས་ཀ་ནས་ལ་དྭགས་ཀྱི་མཐའ་མཚམས་ཁུལ་དུ་དམག་མི་ཁྲི་ ༦ ལྷག་གོ་མཚོན་དང་བཅས་པ་འགྲེམས་འཇོག་བྱས་ཡོད་པ་རེད།

ནི་ཐར་ལན་ཌི་སྲིད་བློན་མཆོག་ལ་རྒྱ་ནག་གིས་ཁ་པར་བརྒྱུད་འཇིགས་སྐུལ་བྱས་སྐོར་སྙན་སེང་ཞུས་འདུག

རྒྱ་ནག་གཞུང་གིས་རྒྱལ་ནང་ཙམ་མ་ཚད་པར་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཐེ་བྱུས་ཅན་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་པ་ལྟར་བར་སྐབས་ Netherlands ནང་ཡོད་པའི་བོད་མི་རྣམས་ལ་ས་གནས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་སོགས་ཀྱིས་ཁ་པར་བརྒྱུད་འཇིགས་སྐུལ་ཡང་ཡང་བྱེད་བཞིན་པའི་གནས་སྟངས་འབྱུང་བཞིན་ཡོད་པ་རེད། ཁ་ཉིན་ཕྱི་ཚེས་ ༣༡ ཉིན་ནི་ཐར་ལན་ཌི་བོད་རིགས་ཚོགས་པ་དང་ནི་ཐར་ལན་ཌི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཐུན་མོང་གིས་ཡུལ་དེའི་སྲིད་བློན་སྐུ་ཞབས་ Mark Rutte མཆོག་གི་མཚན་ཐོག་ལ་རྒྱ་ནག་གིས་ཁ་པར་བརྒྱུད་ནི་ཐར་ལན་ཌིའི་མི་སེར་དང་ལྷག་པར་ས་གནས་བོད་མི་རྣམས་ལ་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས་ཏེ། སྲིད་བློན་མཆོག་གིས་གནད་དོན་དེར་ངེས་པར་དུ་དགོངས་བཞེས་ཀྱིས་གདོང་ལེན་གནང་རོགས་ཞེས་སོགས་ཀྱི་སྙན་ཞུ་ཕུལ་འདུག་པར་མ་ཟད། ཚོགས་པ་ཁག་གསུམ་གྱིས་ཞིབ་འཇུག་གནང་སྐབས་ས་གནས་བོད་མི་བཅུ་ལྷག་ལ་ཁ་པར་བརྒྱུད་འཇིགས་སྐུལ་བྱས་པའི་གནས་སྟངས་ར་སྤྲོད་བྱུང་བར་མངོན་གསལ་དང་སྦྲགས། ཁ་པར་གཅིག་གི་སྒྲ་འཇུག་དང་བཅས་པའི་ཞིབ་ཕྲའི་གནས་ཚུལ་དཔང་རྟགས་ཚུལ་དུ་ཕུལ་ཡོད་པ་མ་ཚད་པར་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་ལ་ལས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་ཡིན་ཞེས་ངོས་ལེན་བྱས་ཡོད་པ་དང་། ཁག་གཅིག་གིས་སོ་སོའི་ངོ་སྤྲོད་སྦས་གསང་བྱེད་བཞིན་ཡོད་པ་གསལ་འདོན་གནང་འདུག རྒྱ་གཞུང་གིས་ཕྱིར་རང་དབང་ལུང་པའི་ནང་ལ་ཡོད་པའི་མི་སེར་ཐོག་ལྟ་སྲུང་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བཞིན་པ་འདི་ནི་ས་གནས་ཀྱི་མི་ཙམ་མིན་པར་ཡུལ་དེའི་མི་སེར་དང་རྒྱལ་ཁབ་སྤྱིའི་བདེ་འཇགས་སོགས་ལ་བློ་འཚབ་གནང་གནད་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། སྲིད་བློན་སྐུ་ཞབས་ Mark Rutte མཆོག་གིས་རྒྱ་ནག་གི་བྱ་སྤྱོད་འདི་ཡོ་རོབ་མཐུན་ཚོགས་ནང་གླེང་སློང་དང་སྦྲགས་ཐུན་མོང་གི་ངོས་ནས་གདོང་ལེན་གནང་རྒྱུའི་ཐབས་བྱུས་མངོན་གསལ་གནང་དགོས་པ་མ་ཟད་བོད་མི་དང་ཡུ་གུར་བ་སོགས་དང་དངོས་སུ་ཐུག་འཕྲད་ཀྱིས་ཁོང་རྣམ་པའི་གནས་སྟངས་སྦས་གསང་མེད་པར་འགྲེལ་བརྗོད་ཐུབ་པའི་ཁོར་ཡུག་བསྐྲུན་དགོས་པ་གསུངས་འདུག ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་ཞུ་སྙན་དེ་དང་འབྲེལ་ནས་གསུངས་པར་དེ་ལྟ་བུའི་མི་སྒེར་གྱི་གནས་ཚུལ་ལ་བརྩི་མེད་རྡོག་རོལ་བཏང་བ་ནི་ཁྲིམས་འགལ་ཡིན་སྟབས་ཁུལ་དེའི་གཙོ་འཛིན་རྣམས་ཀྱིས་སྟངས་འཛིན་བྱེད་ཕྱོགས་དང་མཇུག་སྐྱོང་དོན་འཁྱོལ་གནང་རྒྱུ་ཁག་པོ་ཡོད་ཀྱང་། གལ་ཏེ་གནད་དོན་དེ་གླེང་སློང་ཤུགས་ཆེར་མ་བྱས་ཚེ་དེའི་མཇུག་འབྲས་སུ་འཇིགས་སྐུལ་བ་དེ་དག་སྣང་མེད་དུ་འགྲོ་རྒྱུ་ཙམ་མ་ཟད་འཇིགས་སྐུལ་བྱ་ཡུལ་དེ་ནག་ཉེས་ཅན་ཆགས་ཉེན་ཡོད་སྐོར་གསུངས་འདུག

དབྱིན་ཡུལ་གྱི་ཕྱི་འབྲེལ་སྲིད་བྱུས་ནང་རྒྱ་ནག་དེ་ཉེན་ཁར་ངོས་འཛིན་གནང་རྒྱུ།

དབྱིན་ཡུལ་གྱིས་རྒྱ་ནག་དེ་དཔལ་འབྱོར་དང་འཕྲུལ་ལས་རིག་པའི་ཐོག་ནས་རྒྱལ་སྤྱིའི་བདེ་འཇགས་དང་། ལྷག་པར་དུ་ཁུལ་དེའི་བདེ་འཇགས་སོགས་ཀྱི་ཐད་ལ་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་གྱིས་སྐྱོན་བརྗོད་དང་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེར་མངོན་གསལ་གནང་འདུག ཁ་སང་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། GCHQ Government Communications Headquarters ཞེས་དབྱིན་ཡུལ་གྱི་གསང་བ་ལས་ཁུངས་ཀྱི་གཙོ་འཛིན་སྐུ་ཞབས་ Jeremy Fleming ལགས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞེད་སྣང་ཁྲོད་ནས་དེ་འབྲེལ་ལས་དོན་མང་པོ་ཞིག་སྤེལ་བཞིན་ཡོད་པར་བརྟེན་ང་ཚོར་ཉེན་ཁ་ཆེན་པོ་ཆགས་ཡོད་པ་དང་། རྒྱ་ནག་དམར་པོའི་གཞུང་གིས་རྒྱལ་སྤྱིའི་ཁྲོད་འཕྲུལ་རིག་ཁོར་ཡུག་གི་ཐབས་བྱུས་ཐོག་ཁེ་ཕན་རྩོད་རྒྱུའི་འདོད་པ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། འཕྲུལ་རིག་ཐོག་ནས་རྒྱལ་སྤྱིའི་བདེ་འཇགས་དང་ལྷག་པར་དུ་ཁུལ་དེའི་བདེ་འཇགས་སོགས་ཀྱི་ཐད་ལ་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་གྱིས་སྐྱོན་བརྗོད་དང་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེར་མངོན་གསལ་གནང་འདུག ཁོང་གིས་དབྱིན་ཡུལ་གྱི་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་རྣམས་ནས་རྒྱ་ནག་གིས་བཟོས་པའི་ Tiktok བརྙན་ཆས་སྤྱོད་རྒྱུ་ཐད་ལ་དགོངས་བཞེས་གནང་དགོས་སྐོར་དང་། དེ་བཞིན་རྒྱ་ནག་གི་ངོས་ནས་འཇིགས་སྐུལ་དང་བཙན་ཤུགས་ཁྲོད་རྒྱལ་ཁབ་གཞན་རྣམས་རྩོད་ཟླའི་ངོ་བོ་དང་། ཡང་ན་ཚོང་རོགས་ཀྱི་ངོ་བོར་ལྟ་ཡི་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རང་དབང་མང་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ལ་འཕྲུལ་རིག་བརྒྱུད་ནས་བཙན་ཤུགས་སྤེལ་བཞིན་པར་སྐྱོན་བརྗོད་ནན་པོ་གནང་ཡོད། དེ་བཞིན་ཁུལ་དེའི་རྙིང་ཞེན་ཚོགས་པའི་འཐུས་མི་སྐུ་ཞབས་ Iain Duncan Smith ལགས་ཀྱིས་དབྱིན་ཡུལ་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དམ་པོ་དེ་དུས་ཐོག་ལ་ལག་བསྟར་གནང་ཐུབ་མེད་སྐོར་འགྲེལ་བརྗོད་གནང་སྟེ། ང་ཚོའི་འཚོ་བའི་ཁྲོད་ལ་རྒྱ་ནག་དེ་ཇི་ཙམ་ཉེན་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ངོས་འཛིན་ཐུབ་དགོས་གལ་དང་། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱེད་བཞིན་སྐབས་ཡུཀ་རེན་གྱིས་དེར་གདོང་ལེན་གང་འདྲ་གནང་བ་ལྟར་ང་ཚོས་ཀྱང་རྒྱ་ནག་ལ་དེ་ལྟ་བུའི་གདོང་ལེན་གནང་བའི་དུས་ལ་བབས་ཡོད་སྐོར་གསུངས་འདུག དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ Luke de Pulford ལགས་ཀྱིས་ཀྱང་རྒྱ་ནག་དེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཆེད་ཉེན་ཁ་ཆེན་པོ་ཆགས་ཡོད་པ་ལྟར་ད་བར་འདི་ཕྱོགས་ནས་རྒྱ་ནག་ལ་གདོང་ལེན་གནང་མེད་པ་དེ་ལྟར་ཡང་ད་ཆ་རིམ་བཞིན་གཉིད་སད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག The Sun ཞེས་པའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་དབྱིན་ཡུལ་གྱི་སྲིད་བློན་ལྕམ་སྐུ་ Liz Truss མཆོག་གིས་ཟླ་བ་སྔོན་མར་རྒྱ་ནག་ཐོག་གི་བཞེངས་ཕྱོགས་ལ་བསྐྱར་ཞིབ་ཀྱིས་དེ་ལས་དམ་པ་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་སྐོར་དང་། རིང་མིན་བསྐྱར་ཞིབ་རྗེས་མའི་ནང་རྒྱ་ནག་དེ་དབྱིན་ཡུལ་ལ་ཉེན་ཚབས་གང་འདྲ་ཆགས་ཡོད་པ་གསལ་བཟོ་གནང་གི་ཡོད་སྐོར་བཀོད་འདུག

རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་རྒྱལ་ཡོངས་འཐུས་མི་བདམས་ཟིན་པ།

ཟླ་བ་རྗེས་མར་འཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་རྣམས་ཀྱི་མིང་གསལ་འདོན་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ཡང་བསྐྱར་ནན་བྱས་འདུགདེ་ཡང་ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུའ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རིང་མིན་ཟླ་བ་ ༡༠ པའི་ཚེས་ ༡༦ ཉིན་འཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་ཁྱོན་ ༢༢༩༦ བདམ་པའི་ལས་དོན་ཡོངས་རྗོགས་བདེ་བླག་ངང་ལེགས་འགྲུབ་ཟིན་སྐོར་དང་འབྲེལ། ཞི་ཅིན་ཕིང་གི་མིང་དེ་ཨང་ ༣༦ ཐོག་བཀོད་པ་མ་ཟད། རྒྱལ་ཡོངས་འཐུས་མི་དེ་དག་དམར་ཤོག་ཚོགས་པའི་རྩ་ཁྲིམས་གཞིར་བཟུང་གྱི་འདེམས་ཡོད་སྐོར་དང་། དེའང་ བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འདེམས་བསྐོའི་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་སྐོར་བཀོད་འདུག རྩ་བའི་ལོ་བཅུ་རའི་ནང་ཐེངས་གཉིས་རེ་ལས་ཚོགས་སྲོལ་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེ་ཚོགས་ལ་རན་པ་དང་བསྟུན། ཁ་སང་སྤྱི་ཚོགས་དྲ་ལམ་ཁག་དང་། ལྷག་པར་བརྒྱུད་ལམ་ཁག་གི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བཟང་བཙོན་གྱི་གནས་སྟངས་འོག་ཡོད་ལུགས་དང་། ཁོང་གི་དམག་གི་དབང་ཆ་འཕྲོག་ཟིན་ལུགས་ཀྱི་གནས་ཚུལ་བཀོད་དེ་ཁྱབ་བརྡལ་ཆེན་པོ་ཕྱིན་ཡོད་པ་རེད།འོན་ཀྱང་གནད་དོན་དེའི་ཐོག་དཔྱད་ཞིབ་པ་ཁག་གཅིག་གིས་གནས་ཚུལ་དེ་བདེན་པ་མིན་སྐོར་བརྗོད་ཡོད་པ་མ་ཟད། ཨ་རིར་གནས་བཞུགས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་དེ་རིང་རང་ཉིད་ཀྱི་ངོ་དེབ་ཐོག་གནས་ཚུལ་དེའི་སྐོར་ལ་དཔྱད་ཞིབ་གནང་བའི་ནང་དུའང་། རྒྱ་ནག་དམར་ཤོག་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ ༢༠ པའི་ནང་མཉམ་བཞུགས་བྱེད་མཁན་རྒྱལ་ཡོངས་འཐུས་མི་༢༠༠༠ ལྷག་ཙམ་བདམ་པའི་མིང་གཞུང་ནང་ཞི་ཅིན་ཕིང་གི་མིང་གསལ་འདོན་བྱུང་བ་དེ་ལས་ཤུགས་ཀྱིས་གནས་ཚུལ་དེ་ཉིད་ཕལ་ཆེར་བདེན་པ་མིན་པའི་གཟིགས་ཚུལ་འགྲེལ་བརྗོད་གནང་འདུགདེ་བཞིན་འདི་ག་རླུང་འཕྲིན་ཁང་གིས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱན་མཚན་ལགས་སུ་ཞི་ཅིན་ཕིང་དང་འབྲེལ་བའི་གནས་ཚུལ་དེ་བྱུང་དོན་ཐོག་བཀའ་འདྲི་ཞུ་སྐབས་ཞི་ཅིན་ཕིང་གི་དབང་སྒྱུར་འོག་རྒྱ་ནག་རྒྱལ་ཁབ་ནང་རང་དབང་མེད་པའི་ཐོག་དབང་ཆ་གཅིག་སྡུད་ཀྱིས་མང་གཙོ་ལ་ཁ་གཏད་བཅོག་པའི་རྒྱལ་སྤྱིའི་ཐོག་སྲིད་བྱུས་འཛིན་སྟངས་དང་། རྒྱ་ནག་ནང་ཁུལ་ལ་ལྐོག་ཟ་རུལ་སུངས་གཙང་སེལ་གྱི་སྲིད་བྱུས་འོག་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་མང་པོ་ཞིག་གོ་གནས་ནས་གནས་དབྱུང་བཏང་བ་མ་ཟད། བཙོན་འཇུག་གི་ཁྲིམས་ཆད་བཏང་བ་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ཏེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་མདོར་ན་རྒྱ་ནག་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁོར་ཡུག་ཧ་ཅང་ཉམས་རྒུད་དུ་སོང་བར་བརྟེན་ནང་ཁུལ་གྱི་འགལ་ཟླའི་དབང་གིས་དེ་ལྟར་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།གཞི་རྩའི་བརྒྱུད་ལམ་ཁག་གི་ནང་ཁ་སྔོན་ཕྱི་ཚེས་ ༡༥ དང་ ༡༦ བཅས་ཉིན་གཉིས་རིང་ཨུཛ་བེགྷིས་ཏན་ནང་ Shanghai Cooperation Organisation ཞེས་པའི་ཚོགས་ཆེན་དེ་གྲུབ་མཚམས་སུ་ཞི་ཅིན་ཕིང་སླར་རྒྱ་ནག་ནང་དུ་ལོག་པའི་རྗེས་མང་ཚོགས་ཀྱིས་མཐོང་རྒྱུ་མེད་གནས་ཚུལ་བྱུང་འཕྲལ་ད་ལྟ་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་བཞིན་པའི་གནས་ཚུལ་དེ་བྱུང་ཡོད་པ་དང་། ཁག་གཅིག་གིས་ད་ལྟའི་འཆར་རྒྱ་ནག་ནང་ཏོག་དབྱིབས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་ཁྲོད་ཞི་ཅིན་ཕིག་བཟུར་བཀག་ལ་ཡོད་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གིས་རྒྱ་གར་གྱི་སྲིད་བློན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཉིས་ཀྱིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པར་སྐྱོན་བརྗོད།

རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་་མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་རྣམ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་རྒྱུན་ལྡན་ལྟར་བསྐོང་ཚོགས་བྱས་པའི་གསར་འགོད་གསལ་བསྒྲགས་ཐོག་བོད་དང་འབྲེལ་བའི་གནད་དོན་རྣམས་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པ་དང་ཕྱི་ཕྱོགས་ནས་ཐེ་བྱུས་གནང་བར་ངོས་ལེན་མེད་སྟབས། རྒྱ་ནག་ནས་ཕྱི་ཕྱོགས་ཀྱི་དབུ་ཁྲིད་དང་༸གོང་ས་མཆོག་དབར་འབྲེལ་བ་ཡོངས་ལ་དགག་པ་ཡོད་ཅེས་བཤད་འདུག ཁོ་པས་ད་དུང་རྒྱ་གར་ཕྱོགས་ནས་རྒྱ་ནག་ལ་བོད་དོན་ཐོག་ཀྱི་བཞེངས་ཕྱོགས་ཁས་ལེན་གནང་བ་ལྟར་དོན་ལ་གནས་དགོས་པ་དང་བོད་དོན་དང་འབྲེལ་བའི་གནད་དོན་སྤྱོད་ནས་རྒྱ་ནག་ནང་མོལ་གྱི་གནད་དོན་ལ་ཐེ་བྱུས་གནང་མཚམས་འཇོག་དགོས་ཞེས་སྐྱོན་བརྗོད་གནང་འདུགགཞི་རྩའི་སྲིད་བློན་མོ་དི་མཆོག་ནས་༸རྒྱལ་བ་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་ལ་ཞལ་པར་བརྒྱུད་འཚམས་འདྲི་ཞུས་པ་དང་ཆབས་ཅིག་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཞབས་པད་བརྟན་པ་དང་༸སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་ཡོད་པ་ Twitter དྲ་གནས་ཐོག་བཀོད་ཡོད་པ་དང་འབྲེལ་ཏེ། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Arindam Bagchi ལགས་ཀྱིས་རྒྱ་ནག་ལ་སྲིད་བློན་མོ་དི་མཆོག་གིས་འདས་ལོར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པ་དང་།  རྒྱ་གར་གཞུང་གི་ངོས་ནས་ཀྱང་༸གོང་ས་མཆོག་སྐུ་མགྲོན་གལ་ཆེ་ཞིག་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་ལ་ངོས་འཛིན་ཞུས་ཏེ་སྣེ་ལེན་ཞུ་རྒྱུ་ནི་མུ་མཐུད་ནས་ལག་བསྟར་གནང་བཞིན་པའི་སྲིད་བྱུས་ཞིག་ཡིན་པ་གསུངས་འདུག ལྷག་པར་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ནི་རྒྱ་གར་ཙམ་མ་ཟད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་༸གོང་ས་མཆོག་ལ་དད་གུས་ཡོད་མཁན་རྣམས་ནས་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་ལྟར་སྲིད་བློན་མོ་དི་མཆོག་གིས་༸སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་པ་དེའང་གཅིག་མཚུངས་ཡིན་པ་གསུངས་འདུགརྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་ ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པར་སྐྱོན་བརྗོད་བྱས་ཏེ་༸གོང་ས་མཆོག་ནི་ཡུན་རིང་ནས་བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་གནང་བཞིན་ཡོད་སྟབས། ཨ་རིའི་ངོས་ནས་རྒྱ་ནག་ནང་མོལ་གྱི་གནད་དོན་ལ་གུས་བརྩི་ཞུས་ཏེ་༸གོང་ས་མཆོག་དང་འབྲེལ་བ་ཞུ་མཚམས་འཇོག་དགོས་པ་དང་འཛམ་གླིང་སྤྱིར་བརྡ་ལན་ནོར་བ་གཏོང་རྒྱུ་མཚམས་འཇོགས་དགོས་ཞེས་རེ་སྐུལ་ཞུས་འདུག གཞི་རྩའི་སྲིད་བློན་མོ་དི་མཆོག་གིས་དེ་སྔའི་བཞེངས་ཕྱོགས་དང་མི་འདྲ་བར་སྔ་ལོར་མགོན་པོ་༸གང་ཉིད་མཆོག་ལ་ཞལ་པར་ཕུལ་ཏེ་༸སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་ཡོད་པ་མ་ཟད་དེའི་སྐོར་ Twitter དྲ་གནས་ཐོག་ཡོངས་གྲགས་གནང་ཡོད་པ། རྒྱ་གར་གྱི་དཔྱད་ཞིབ་པ་ཁག་ཅིག་གིས་སྲིད་བློན་མཆོག་ལ་བསྔགས་བརྗོད་དང་འབྲེལ། སྲིད་བློན་མཆོག་གི་གནང་སྟངས་དེ་རིམ་པས་སྲོལ་ལྟ་བུ་ཞིག་ལ་གྱུར་ཡོད་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་གནང་ཡོད། རྩ་བའི་རྒྱ་དཀར་ནག་གཉིས་དབར་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་མཐའ་མཚམས་ཀྱི་རྩོད་རྙོག་བྱུང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གང་ཙམ་ཐེབས་ཡོད་པ་རེད། ཁ་སང་ཨིན་ཌོ་ནི་ཤ་ཡའི་བྷ་ལི་ནང་ཚོགས་པའི་ G20 ཡི་ཕྱི་སྲིད་བློན་ཆེན་ཚོགས་འདུར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Jaishankar གཉིས་ཐུག་འཕྲད་ཀྱིས་ཆུ་ཚོད་གཅིག་ཙམ་རིང་ཚོགས་འདུ་ཚོགས་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་གསར་འགོད་བསྒྲགས་གཏམ་སྤེལ་བ་དེ་འབྲེལ་ Xinhua གསར་ཁང་གིས་གནས་ཚུལ་བཀོད་པའི་ནང་Wang Yi ཡིས་Jaishankar ལ་རྒྱ་དཀར་ནག་གཉིས་ནས་འདི་ལོ་ཟླ་བ་ ༣ ནས་རྩིས་ཏེ་ཕྱོགས་གཉིས་ཀྱི་མི་མཐུན་པའི་གནད་དོན་ལ་ཕན་ཚུན་དབར་གོ་བསྡུར་གྱིས་ད་ཆ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ཡར་རྒྱས་ཀྱི་རྣམ་པ་ཡོད་པ་བཤད་པ་མ་ཟད་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དང་མ་འོངས་འབྲེལ་ལམ་ལེགས་པོ་ཡོང་བར་མཉམ་འབྲེལ་གནང་དགོས་སྐོར་སོགས་བཤད་པ་བཀོད་འདུག་ཀྱང་།  བརྒྱུད་ལམ་ཁག་ཏུ་འཕགས་བོད་མཐའ་མཚམས་སུ་ཡོད་པའི་དམག་མི་ཕྱིར་འཐེན་ཐད་གང་ཡང་བཤད་མེད་པ་གསལ་འདུག  འོན་ཀྱང་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་འདོན་སྤེལ་གནང་བའི་སྤྱི་བསྒྲགས་ནང་ཕྱི་སྲིད་བློན་ཆེན་ Jaishankar མཆོག་ནས་ Wang Yi ལ་ལ་དྭགས་ཕྱོགས་ཀྱི་འཕགས་བོད་མཐའ་མཚམས་ཀྱི་རྩོད་རྙོག་གཙོས་གནད་དོན་ལྷག་མ་ཁག་ཅིག་ཡོད་པ་དེ་དག་གང་མགྱོགས་གསེལ་དགོས་སྐོར་གསུངས་པ་བཀོད་འདུག

རྒྱ་གཞུང་གིས་རྫ་ཆུ་ཁ་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་ཁག་སྒོ་བརྒྱབས་ཏེ་སློབ་ཕྲུག་ཚོ་རྒྱ་གཞུང་སློབ་གྲྭར་བཅུག་དགོས་པའི་བཙན་བཀའ་བཏང་བ།

ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཁམས་ཕྱོགས་རྫ་ཆུ་ཁ་སེར་ཤུལ་རྫོང་ཁོངས་སུ་ཡོད་པའི་བོད་པའི་སྒེར་བཙུགས་སློབ་གྲྭ་ཆ་ཚང་སྒོ་བརྒྱབས་ཏེ་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཡིན་པའི་རྒྱ་གཞུང་གི་སློབ་གྲྭར་ཐོ་འགོད་གནང་དགོས་པའི་བཙན་བཀའ་བཏང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཁམས་ཕྱོགས་རྫ་ཆུ་ཁ་སེར་ཤུལ་རྫོང་ཁོངས་སུ་ཡོད་པའི་བོད་པའི་སྒེར་བཙུགས་སློབ་གྲྭ་ཆ་ཚང་སྒོ་བརྒྱབས་ནས་ཟླ་བ་འདིའི་ཚེས་ ༢༠ སྔོན་ཚུད་དུ་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཡིན་པའི་རྒྱ་གཞུང་སློབ་གྲྭར་ངེས་པར་དུ་སློབ་ཕྲུག་ཆ་ཚང་ཐོ་འགོད་གནང་དགོས་པའི་བཙན་བཀའ་བཏང་ཡོད་པ་དེར་ས་གནས་བོད་མི་ཚོས་དང་ལེན་བྱེད་དགོས་པ་དང་། གལ་ཏེ་བཀའ་རྒྱར་དང་ལེན་མ་གནང་བར་རྒྱབ་འགལ་རིགས་བྱས་པའི་གནས་སྟངས་འབྱུང་ཚེ་བཙོན་འཇུག་སོགས་ཀྱི་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་བཏང་ཡོད་སྐོར་བཀོད་འདུག གཞི་རྩའི་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་གྲྭ་དེ་དག་ཕལ་ཆེ་བ་འབྲོག་པའི་ས་ཁུལ་དུ་ཡོད་པ་དང་། ད་ཆ་ཁུལ་དེར་ཡོད་པའི་དགེ་མང་སྒེར་བཙུགས་སློབ་གྲྭ་དང་འབུམ་གསར་སློབ་གྲྭ། ཁྲོ་ཤུལ་སློབ་གྲྭ། ཨ་སེ་སློབ་གྲྭ། ཕན་བདེ་གཅེས་སྐྱོང་སློབ་གྲྭ། ཝ་རོང་སློབ་གྲྭ་སོགས་སྒེར་བཙུགས་སློབ་གྲྭ་བཅུ་གྲངས་ཤིག་ཡོད་པ་ཆ་ཚང་སྒོ་བརྒྱག་ཏུ་བཅུག་ཡོད་པ་རེད། ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་གཞུང་གི་ཐག་གཅོད་དེར་ས་གནས་སྡེ་པ་སོ་སོའི་མི་མང་ནས་འགོ་ཁྲིད་ཚོར་སློབ་གྲྭ་སྒོ་བརྒྱབ་པ་ཡིན་ན་གཞུང་གི་སློབ་གྲྭ་ས་ཐག་རིང་དྲག་སྟབས་ཕྲུ་གུ་སློབ་གྲྭར་འཇོག་རྒྱུ་ཧ་ཅང་དཀའ་ངལ་ཡོད་པ་སོགས་ཀྱི་བདེ་སྡུག་ཞུས་ཡོད་ཀྱང་། ས་གནས་འགོ་ཁྲིད་ཚོས་མི་མང་གི་བདེ་སྡུག་ལ་བསམ་ཤེས་མེད་པར་གཞུང་གི་བཀོད་ཁྱབ་ལ་འགྱུར་ལྡོག་རྩ་བ་ནས་མེད་པས་ས་གནས་མི་མང་ཚོའི་ངོས་ནས་ཚུལ་བཞིན་ལག་བསྟར་བྱེད་དགོས་པ་སོགས་བཤད་པ་མ་ཟད་བཀའ་རྒྱ་དང་ལེན་མ་གནང་ན་བཙོན་འཇུག་སོགས་ཀྱི་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་བཏང་བའི་གནས་སྟངས་བྱུང་ཡོད་པ་བཀོད་འདུག དེ་བཞིན་ལྟེ་གནས་ཁང་ལ་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་ཆུང་ཞིག་ཏུ་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་ཞིག་གིས་གཞུང་གི་སློབ་གྲྭ་ལས་སྒེར་བཙུགས་སློབ་གྲྭར་སློབ་ཁྲིད་བྱ་རྒྱུ་ལས་སླ་བ་མ་ཟད། སྒེར་བཙུགས་སློབ་གྲྭར་སྲིད་གཞུང་གིས་གཏན་འབེབས་བྱས་པའི་སློབ་ཚན་གྱི་ཞོར་དུ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་མང་ཙམ་ཁྲིད་ཐུབ་ཀྱི་ཡོད་པ་དང་། གཞུང་གཉེར་སློབ་གྲྭའི་ནང་དེ་ལྟ་བུའི་གོ་སྐབས་རྩ་བ་ནས་མེད་སྐོར་སོགས་འགྲེལ་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གཞུང་ནས་འདས་པའི་ལོ་ཤས་ནས་བཟུང་སྟེ་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་སོགས་ལ་དམིགས་ཏེ་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་རྒྱ་ཡིག་ཐོག་གི་བསླབ་གཞི་ཁག་སློབ་ཁྲིད་བྱེད་དགོས་པའི་བཙན་བཀའ་བཏང་དང་གཏོང་བཞིན་ཡོད་པ་དང་། རྒྱ་གཞུང་གི་བྱ་སྤྱོད་དང་སྲིད་བྱུས་དེ་དག་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ཨེ་ཤ་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་གཉིས་ནས་ང་ཚོའི་རུས་རྐང་འཇིབས་སོང་། ཞི་ཅིན་ཕིང་འོག་གི་བོད་ཀྱི་ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་ཞེས་པའི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་འཆར་ཡོད་པ་རེད།

Latest news