Tibetan Royal Year of 2151 | Year of the Wood Dragon

བོད།

མགོ་ལོག་དར་ལག་རྫོང་གི་སྒེར་གཉེར་སློབ་གྲྭ་ཁག་ཅིག་སྒོ་རྒྱག་ཏུ་བཅུག་འདུག

བོད་མདོ་སྨད་མགོ་ལོག་དར་ལག་རྫོང་གི་ས་གནས་གཞུང་ནས་རྒྱ་ནག་གོང་རིམ་གྱི་བཀའ་མངགས་འོག རྫོང་དེའི་ནང་རྟེན་གཞི་བྱས་པའི་སྐུ་མཁར་སེང་འབྲུག་སྟག་རྩེ་སློབ་གླིང་། ཀུན་ཕན་བརྩེ་སྐྱོང་སློབ་གྲྭ་གཙོ་བྱས་པའི་བོད་གཉེར་གྱི་སློབ་གྲྭ་ཁག་ཅིག་སྒོ་རྒྱག་ཏུ་བཅུག་འདུགདེ་རིང་མགོ་ལོག་ཁུལ་ནས་ཡིན་ཞིང་བཞུགས་སྒར་དུ་གནས་སྡོན་བྱེད་མཁན་གྱི་མཁན་པོ་ཨོ་རྒྱན་རིག་འཛིན་ལགས་ཀྱིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཚོ་སྔོན་ཁུལ་དུ་མཚམས་གཟིགས་ལ་ཡོང་བའི་སྐབས་སུ། བོད་པའི་བླ་སྤྲུལ་རྣམས་ཀྱིས་ཆེད་འཛུགས་གནང་བའི་ས་གནས་ཀྱི་སློབ་གྲྭ་ཁག་སྒོ་རྒྱག་དགོས་སྐོར་བརྗོད་ཡོད་པ་ལྟར། དེར་འབྲེལ་གྱི་བཀའ་རྒྱ་བཏང་སྟེ་འདི་ལོའི་ཟླ་བ་ ༩ བའི་ཚེས་ ༡༤ སྔོན་ལ་དུ་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་གིས་སློབ་གྲྭ་དེ་དག་སྒོ་རྒྱག་དགོས་བར་བཙན་བཀའ་བཏང་བ་བཞིན། ཟླ་བ་ ༧ ་པའི་ཚེས་ ༨ ཉིན་དངོས་སུ་སྒོ་བརྒྱབས་འདུག ད་ལྟའི་ཆར་ཀུན་ཕན་བརྩེ་སྐྱོང་སློབ་གྲྭའི་སློབ་མ་དེ་དག་ཡུལ་ཚོ་སོ་སོའི་ཕྱོགས་སུ་ལོགས་ཟིན་ཡོད་པ་དང་།  མཁན་པོ་ཨོ་རྒྱན་རིག་འཛིན་ལགས་ཀྱིས་སློབ་གླིང་དེ་དག་ནི་ཕྱོགས་གཅིག་ནས་བོད་སྐད་བོད་ཡིག་གི་གཙོ་བྱས་པའི་བོད་མིའི་རིག་གཞུང་གི་ཤེས་ཡོན་ལྟེ་གནས་གལ་ཆེན་ཞིག་ཆགས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སློབ་གྲྭའི་མ་དངུལ་གྱི་འགྲོ་གྲོན་ཡང་ཕྱི་ལོག་ནས་ཡོང་གི་ཡོད་པ་དང་འབྲེལ་ནས་རྒྱ་ནག་གིས་བརྟག་དཔྱད་རིམ་པ་བྱས་ཏེ། ཕྱི་རྐྱེན་ནང་རྐྱེན་མང་པོ་ཞིག་གི་འོག་ནས་ད་ཆ་སློབ་གླིང་དེ་དངོས་སུ་སྒོ་བརྒྱབས་པ་ཞིག་ཡིན་སྐོར་མངོན་གསལ་གནང་སོང་། གོ་ཚོད་དུ་སློབ་གླིང་དེའི་དགེ་རྒན་དང་སློབ་གཙོ་སོགས་ལ་རྒྱ་ནག་གིས་ཚོགས་འདུ་རིམ་པ་སྐོང་ནས་དོན་ཚན་བཅུ་གསུམ་ཅན་གྱི་ཡིག་ཆ་ཞིག་སྤྲད་དེ། སློབ་གྲྭ་དེ་སྒོ་བརྒྱབས་པའི་གནད་དོན་ཕྱིར་བསྒྲགས་བྱས་པ་ཡིན་ན་མི་སྒེར་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ད་ལྟའི་ཆར་དགེ་རྒན་དང་སློབ་གཙོ་སོགས་ཀྱི་མ་འོངས་བའི་མདུན་ལམ་དང་བདེ་འཇགས། དེ་བཞིན་རང་ཉིད་ཀྱི་ཚེ་སྲོག་སོགས་རང་ལག་ཏུ་ཡོད་དུས་གཅེས་སྤྲོས་བྱེད་དགོས་བ་དང་། ནམ་ཞིག་དགེ་རྒན་སོགས་ཀྱིས་སློབ་གླིང་སྒོ་བརྒྱབས་པའི་གནས་ཚུལ་ཕྱི་ལ་བཀྲམས་པ་ཡིན་ན་དེ་དུས་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་པའི་ཉེན་བརྡ་རིམ་པ་བཏང་ཡོད་པ་རེད་འདུག གཞི་རྩའི་མགོ་ལོག་དར་ལག་རྫོང་། སྐུ་མཁར་སེང་འབྲུག་སྟག་རྩེ་སློབ་གླིང་། ཀུན་ཕན་བརྩེ་སྐྱོང་སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༩༨ ལོར་མཁན་སྤྲུལ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་གསར་འཛུགས་གནང་ཞིང་། ཐོག་མར་སློབ་གྲྭ་དེར་དར་ལག་རྫོང་ཁོངས་ཀྱི་ཡུལ་ཚོ་དགུའི་ནང་གི་ད་ཕྲུག་སློབ་མ་གསར་བསྡུ་གནང་ནས་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། ཕྱིས་སུ་ཐེ་ཝན་དུ་ཡོད་པའི་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ལགས་ཀྱིས་སྦྱིན་བདག་གི་འོག་ནས་སློབ་གྲྭ་རྒྱ་བསྐྱེད་གནང་སྟེ། དར་ལག་རྫོང་ཁོངས་སུ་བོད་སྐད་བོད་ཡིག་གཙོ་བོར་བཟུང་བའི་ཤེས་ཡོན་ལྟེ་གནས་ཆེ་ཤོས་ཤིག་ཏུ་གྱུར་ཏེ། མི་ལོ་ཉི་ཤུ་རྩ་གྲངས་ཀྱི་རིང་ལ་སློབ་མ་མང་པོ་སྐྱེད་སྲིང་གིས་མགོ་ལོག་ཁུལ་དུ་སྐད་གྲགས་ཆེས་ཆེར་ཡོད་པའི་སློབ་གླིང་ཞིག་ཆགས་ཡོད་པ་རེད་འདུག  

རྒྱ་གཞུང་ལ་ངོ་རྒོལ་གྱིས་མར་མེ་ཁྲོམ་སྐོར་བརྒྱུད་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་སྲུང་བརྩི།

རྒྱལ་སྤྱིའི་དྲན་བདེན་ཉིན་མོ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་རྒྱ་གཞུང་གིས་བོད་ནང་དྲང་བདེན་མིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གྱིས་ཁྲོམ་སྐོར་གནང་ཡོད།ཁ་ཉིན་ཚེས་ ༡༧ ཉིན་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་དང་འབྲེལ་ཏེ་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་བེུད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་དྲང་བདེན་མེད་པའི་རྒྱ་ནག་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་པའི་འབོད་ཚིག་བསྒྲགས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་དེ་བཞིན་ད་བར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་སྐུ་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་དང་ད་ཆ་རྒྱ་གཞུང་གིས་བཙན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་དཔའ་བོ་དཔའ་མོ་རྣམས་ལ་སྐར་མ་གཅིག་རིང་མྱ་ངན་གུས་བཏུད་ཀྱི་ངག་བཅད་གནང་སྟེ་ལས་འགུལ་དབུ་འཛུགས་ཀྱི་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་གནང་སོང་།སྐབས་དེར་ཚོགས་པ་ལྔའི་བོད་ཡིག་དང་དབྱིན་ཇི། དེ་བཞིན་ཧིཾ་དྷི་སྐད་ཡིག་བཅས་ཀྱི་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ཁྲོད་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོན་མ་ལགས་ཀྱིས་རྒྱ་ནག་གཞུང་གིས་ད་བར་ཁྲིམས་མེད་ལུགས་ཀྱི་ཐོག་ནས་བོད་མི་གང་བྱུང་དུ་འཛིན་བཟུང་གིས་དོ་དམ་བཀག་ཉར་དང་བཙོན་བཟུང་བྱས་ཡོད་པའི་རྐྱེན་གྱིས་བོད་མི་ཁྲི་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད་གྲྭ་བཙུན་མང་པོ་ཞིག་བཙན་ཤེད་ཀྱིས་སྐྱ་ལ་བབ་འཇུག་པ་སོགས་ཀྱི་བོད་ནང་གི་ཆེས་ཡ་ང་བའི་གནས་སྟངས་གཙོས་ཡུ་གུར་དང་ལྷོ་སོག དེ་བཞིན་ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་སྤྲོད་གནང་སྟེ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་འགྲོ་བ་མིར་དོན་མེད་ནག་ཉེས་ཀྱིས་མནར་གཅོད་ཚད་འགལ་བཏང་མཁན་གྱི་ཐ་ཤལ་རྒྱ་ནག་རྒྱལ་ཁབ་ལྟ་བུར་འཚོགས་རྒྱུའི་ཆོག་མཆན་གནང་བ་ནི་ཆེས་མི་ལེགས་པ་དང་སྡིག་པ་མིག་བཙུམ་གནང་བ་ཞིག་རེད་ཅེས་སྐྱོན་བརྗོད་ཀྱིས་ཨོ་རྩལ་ལྷན་ཚོགས་ཀྱི་ངོས་ནས་བསྐྱར་ཞིབ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།དེ་བཞིན་ཁོང་གིས་བོད་ནང་མནར་གཅོད་དང་དྲན་བདེན་མ་གནང་བ་དེར་རྒྱལ་སྤྱིའི་དབུ་ཁྲིད་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་གལ་ཆེ་བ་ཡིན་སྐོར་གསུངས་པ་དང་སྦྲགས་ཏེ་གལ་ཏེ་བོད་ནང་བདེ་སྐྱིད་འབྱུང་ཚེ་འཛམ་གླིང་ཀུན་ལ་བདེ་སྐྱིང་ཡོང་ངེས་ཡིན་སྟབས་རྒྱལ་ཁབ་ཡོངས་ཀྱི་འཛིན་སྐྱོང་གནང་མཁན་དང་འཛམ་གླིང་གི་དབུ་ཁྲིད་ཚོས་ངེས་པར་དུ་བོད་མིའི་དྲང་བདེན་འཐབ་རྩོད་ཀྱི་རྒྱབ་སྐྱོར་གནང་ནས་རྒྱ་ནག་ལ་དགུན་དུས་འཚོགས་རྒྱུའི་ཨོ་རྩལ་གྱི་གོ་སྐབས་གནང་བར་ངོ་རྒོལ་གནང་དགོས་པའི་ནན་སྐུལ་སོགས་གནང་བ་མ་ཟད་དེ་ནི་རྒྱ་གཞུང་གི་དབང་སྒྱུར་འོག་མི་སྤྱོད་ལས་པའི་དཀའ་སྡུག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་གཙོས་ཧོང་ཀོང་དང་ཐེ་ཝན་ནང་གི་མང་གཙོ་དོན་གཉེར་བ་ཡོངས་ལ་རྒྱབ་སྐྱོར་གནང་བ་ཞིག་མཚོན་གྱི་ཡོད་ཅེས་གསུངས་སོང་།ལས་འགུལ་དེའི་ཁྲོད་བཞུགས་སྒར་དུ་བོད་མི་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་སྒྲོན་མེ་དང་བོད་ཀྱི་རྒྱལ་དར་བསྣམས་ཏེ་བྱང་ཆུབ་སེམས་མཆོག་གི་སྔོན་སྨོན་གསུང་འདོན་གནང་སྟེ་དྷ་ས་མེག་གྷན་ཁྲོམ་གཞུང་དུ་དྲང་བདེན་མེད་པའི་རྒྱ་གཞུང་ལ་ངོ་རྒོལ་གྱི་མར་མེ་ཁྲོམ་སྐོར་གནང་ཡོད།

༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་རྐྱེན་བོད་མི་ཁག་ཅིག་འཛིན་བཟུང་།

བདུན་ཕྲག་སྔོན་མའི་ནང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་བདག་གིར་བཞེས་བའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྐབས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གཙོ་བོར་གྱུར་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་འཛམ་གླིང་གི་དབུ་ཁྲིད་ཁག་གིས་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་ཏེ་རྒྱལ་སྤྱིའི་རང་བཞིན་གྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་ཀྱང་། བོད་ནང་དུ་རྒྱ་ནག་གིས་༸སྐུའི་འཁྲུངས་སྐར་དང་འབྲེལ་ནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུགབོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་དེ་རིང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ལྟོས་མེད་མངོན་གསལ་མ་ཡིན་པའི་སྒོ་ནས་འདི་ལོའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པའི་ཁྲོད་རྒྱ་ནག་གིས་ཟི་ཁྲོན་ཞིང་ཆེན་ནང་ས་བགོས་བྱས་པའི་དཀར་མཛེས་རྫོང་འཁྱག་ལུང་ཡུལ་ཚོ་ཧ་ཤུལ་ཚོ་བའི་ནང་དུ་རང་ལོ་༤༠ སོན་པའི་བོད་མི་དཀོན་མཆོག་བཀྲ་ཤིས་ལགས་དང་རྫ་པོ་གཉིས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་པར་དང་དེ་འབྲེལ་གྱི་ཡིག་རིགས་འགྲེམས་སྤེལ་གནང་བ། དེ་བཞིན་༸སྐུའི་འཁྲུངས་སྐར་གྱི་ཉིན་མོར་བོད་མི་རྣམས་ཀྱིས་ཞལ་འདོན་གསོག་སྒྲུབ་གནང་རྒྱུར་སྐུལ་སློང་གནང་བ་སོགས་ཀྱི་དོགས་གཞིའི་འོག་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པར་ངོ་སྤྲོད་གནང་ཡོད། ཁོང་གིས་ད་དུང་འདི་ལོའི་ཟླ་བ་བདུན་པའི་ནང་རྒྱ་ནག་གིས་ཁུལ་དེར་རང་ཁྱིམ་ནས་རིམ་འགྲོ་བསྒྲུབ་ཡ་དང་ཕྱི་ལོགས་སུ་རླུང་རྟ་སྤུར་བ་དང་དར་ལྕོག་སྒྲེང་འཛུགས་བྱེད་པ་སོགས་གནང་མི་ཆོག་པའི་བཀའ་རྒྱ་བཏང་བར་བརྟེན་༸སྐུའི་འཁྲུངས་སྐར་གྱི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་བོད་མི་ཉི་ཤུ་ནས་སུམ་བཅུ་ཙམ་འཛིན་བཟུང་བཙོན་འཇུག་བྱས་ནའང་། ད་ཆ་བོད་ནང་དུ་ཕྱི་ལོག་ནས་འབྲེལ་བ་བྱེད་རྒྱུར་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་སྟབས་གནས་ཚུལ་མང་པོ་ཞིག་དུས་ཐོག་ལ་རག་དཀའ་རྐྱེན་བོད་མི་དེ་དག་གི་མཚན་དང་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་ཐབས་བྲལ་བར་གསུངས་སོང་།དེར་འབྲེལ་གྱི་གནས་ཚུལ་དང་ལྷན་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་འདི་ལོའི་༸སྐུའི་འཁྲུངས་སྐར་སྐབས་རྒྱ་ནག་གི་དམ་དྲག་ཁྲོད་དུ་བོད་ནང་གི་བོད་མི་རྣམས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་མཚོན་བྱེད་ལྟ་བུའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་པར་དང་དེ་བཞིན་༸སྐུ་མདུན་གྱི་སྐུ་གཟུགས་ཀྱི་ཆ་ཤས་སོགས་སྐད་འཕྲིན་གྱི་འཕྲིན་རྟགས་སུ་སྤེལ་ཏེ་རྣམ་པ་ཅི་རིགས་ཀྱི་སྒོ་ནས་དད་དམ་གཡོ་མེད་ཀྱིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་ནང་དུ་༸སྐྱབས་མགོན་ཁྱེད་ཉིད་༸སྐུ་འཚོ་བཞུགས་ཡིན་པར་བསམ་ན། ང་ཡི་ཡིད་སེམས་དྲོད་ཀྱིས་ཁེངས་ཤིང་མིག་ལ་༸སྐུ་ཉིད་ཤར་ཡོང་གི་འདུག  མགོན་པོ་ཁྱེད་ལ་༸སྐྱབས་སུ་མཆི། ༸སྐུ་ཉིད་བཞུགས་པ་ང་ཚོར་བསོད་ནམས་ཆེ་སོང་ཞེས་པ་དང་། དེ་བཞིན།  མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་ལས་དབང་ནི་རླུང་འཚུབ་དང་འདྲ་བས་ང་རང་སྲིད་པའི་འཇིག་རྟེན་འདིར་ཡང་ཡང་དྲུད་ཡོང་ཡང་། མི་ཚེ་འདིའི་ཁྲོད་དུས་གཅིག་ཏུ་འཇིག་རྟེན་འདིར་མགོན་པོ་ཁྱེད་ཉིད་དང་ལྷན་དུ་འཚོ་ཐུབ་པ་དེ་ནི་རླབས་ཆེན་གྱི་བྱིན་རླབས་ཤིག་རེད་ཅེས་སོགས་བྲིས་ཡོད་པ་ལུང་འདྲེན་གནང་འདུག གཞན་ཡང་མགོན་པོ་ཁྱེད་ཀྱི་སྐུ་མདོག་དཀར་ཞིང་གཙང་བ་དང་། ཁྱེད་ཀྱི་དབུ་ཞྭ་སྤྱན་རས་གཟིགས་ཀྱི་བརྒྱན་ཞིང་། སྙིང་རྗེ་རང་བཞིན་གྱི་སྤྱན་ཟུང་གིས་འགྲོ་ཀུན་ལ་གཟིགས་ཡོད། འཕགས་མཆོག་སྤྱན་རས་གཟིགས་དབང་ཁྱེད་ལ་༸སྐྱབས་སུ་གསོལ་སོགས་ཀྱི་འཚམས་འདྲི་འདྲ་མིན་བྲིས་ཏེ་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་པ་ཡང་མངོན་གསལ་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱིར་རྒྱ་ནག་གཞུང་གིས་༸སྐུའི་འཁྲུངས་འཁྲུངས་སྐར་སྲུང་བརྩི་ཞུས་པར་བརྟེན་བོད་མི་རྣམས་ལ་ཉེས་ཆད་བཅད་པ་ད་རེས་ཐེངས་དང་པོ་མིན་པར་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གིས་བོད་ཤར་ཕྱོགས་ཀྱི་ཁུལ་དུ་བོད་མི་རྣམས་ཀྱིས་ཞི་བདེ་ངང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་པའི་སྐབས་སུ་རྒྱ་ནག་དམར་ཤོག་གི་ཉེན་རྟོག་པས་མང་ཚོགས་ཀྱི་ཁྲོད་དུ་ཐད་ཀར་མེ་མདའ་བརྒྱབས་ནས་བོད་ཀྱི་དགེ་འདུན་པ་གཉིས་ཀྱི་མགོ་ལ་རྨས་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད། བོད་མི་གཞན་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བཏང་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གིས་བོད་མི་རྣམས་ཀྱིས་༸སྐུའི་འཁུངས་སྐར་སྲུང་བརྩི་ཞུས་པར་དམ་དྲག་གིས་བོད་མི་ཁག་ཅིག་ལ་ལོ་དུས་འདྲ་མིན་གྱི་ཁྲིམས་ཐག་བཅད་པའི་ཁྲོད་བོད་མི་འབྲུག་གྲགས་ལགས་སུ་མི་ལོ་བཅུ་བཞིའི་རིང་ལ་ཁྲིམས་ཐག་བཅད་ཡོད་པར་ལུང་འདྲེན་གནང་སྟེ། རྒྱ་ནག་གིས་བོད་ས་གང་སར་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དད་གུས་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་རྒྱུ་མེད་པའི་དྲིལ་བསྒྲགས་རིགས་འདྲ་མིན་སྤེལ་བཞིན་པ་དང་དེ་བཞིན་བོད་མི་རྣམས་ཀྱིས་ཁ་པར་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་ཆོས་གསན་པའམ། ཡང་ན་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་༸སྐུ་པར་ཉར་བ་ཙམ་གྱིས་བོད་མི་རྣམས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུགགཞི་རྩའི་འདི་ལོར་བོད་མི་རྣམས་ཀྱིས་ཡིག་ལམ་དང་བརྙན་ལམ་ནས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ཁྲོད་དུ་ལྷ་སའི་བར་སྐོར་དུ་བོད་མི་བགྲེས་སོང་ཞིག་གིས་རང་གི་སྟོད་གོས་ཀྱི་ཐོག་ཏུ་ཨང་གྲངས་ ༨༦ བྲིས་ནས་དེའི་སྟེང་དུ་ནོར་བུའི་མཚོན་རྟགས་ཤིག་བཞག་ནས་སྐོར་བར་ཕེབས་བཞིན་པའི་བརྙན་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་ནའང་། ད་ལྟའི་ཆར་རྒྱ་ནག་གི་དམ་དྲག་རྐྱེན་གྱིས་བགྲེས་སོང་ཁོང་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་མེད་པར་གྱུར་ཡོད། འོན་ཀྱང་བོད་མི་མང་པོས་བགྲེས་སོང་ཁོང་འཛིན་བཟུང་བྱས་ཡོད་པར་དོགས་ནས་སེམས་འཚབ་བྱེད་མུས་རེད་འདུག

 ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གི་སང་ལོའི་ཨོ་རྩལ་ལ་འཛུལ་ཞུགས་མི་བྱེད་རྒྱུའི་ཚད་མཐོའི་གྲོས་ཆོད་བཞག་འདུག

ཁ་སང་ཡུ་རོབ་གྲོས་ཚོགས་ཀྱི་དབུས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་སྒོས་སུ་ཧོང་ཀོང་དང་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ། དེ་བཞིན་བོད་དང་སོག་པོ་སོགས་སུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གོང་འཕེལ་མ་ཕྱིན་བར་དུ་ཡུ་རོབ་ཁུལ་གྱི་དཔོན་རིགས་ཁག་དང་ཁུལ་དེའི་ལྟེ་གནས་འདྲ་མིན་གྱི་འཐུས་ཚབ་རྣམས་ཀྱིས་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་འབོད་རྩིས་མེད་ཀྱིས་མཉམ་ཞུགས་མི་གནང་བའི་གྲོས་འཆར་ཞིག་བཞག་གནང་འདུག གཞི་རྩའི་ཁ་སང་གི་གྲོས་འཆར་དེར་འདས་བའི་ཉིན་གཉིས་ཀྱི་ནང་དུ་གྲོས་ཚོགས་ཀྱི་དབུས་སུ་བགྲོ་གླེང་རིམ་པ་བྱས་ཏེ་གྲོས་འཆར་གྱི་མ་ཟིན་གྲ་སྒྲིག་གནང་བ་ལྟར། ཁ་སང་གྲོས་ཚོགས་འཐུས་མི་༥༧༨ གྱིས་ཆོས་འཆར་དེར་རྒྱབ་སྐྱོར་དང་༢༩ ཡིས་དགག་གཞག་བྱས་པ་བརྒྱུད་ནས་ཡུ་རོབ་རྒྱལ་ཁོངས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་རྒྱུ་མིན་པའི་གྲོས་འཆར་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་འདུག དེ་རིང་ France 24 ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཐེངས་འདིར་ཡུ་རོབ་ཀྱི་གྲོས་ཚོགས་དབུས་སུ་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་རྒྱུ་མིན་པའི་གྲོས་ཆོད་བཞག་པ་དེ་ནི་ཡུ་རོབ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་མཚོན་རྟགས་ཤིག་ཡིན་པར་ལུང་འདྲེན་གྱིས། དེ་སྔོན་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་དཔོན་རིགས་ཁག་ཅིག་རྒྱ་ནག་དང་ཡུ་རོབ་ཏུ་འགྲོ་སྐྱོད་བཀག་སྡོམ་གྱི་གནད་དོན་བྱུང་སྟེ་ཕན་ཚུན་ལ་སྙིང་ནད་རྩོད་རེས་བྱས་ཡོད་པར་མངོན་གསལ་གནང་བ་མ་ཟད། ཡུན་རིང་ནས་གྲོས་བསྡུར་བྱས་པའི་ཚོང་དོན་གྱི་མ་འཛུགས་གནས་བབ་དེ་ཡང་ཡོངས་སུ་འགག་ཡོད་པར་འགྲེལ་བརྗོད་གནང་འདུགདེ་བཞིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Zhao Lijian གྱིས་ཀྱང་ཡུ་རོབ་གྱི་གྲོས་འཆར་དེ་དང་འབྲེལ་ནས་ལན་འདེབས་བྱས་པའི་ནང་དུ། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་ཆེད་འཕྲལ་དུ་ནོར་འཁྲུལ་རང་བཞིན་གྱི་གྲོས་ཆོད་དེ་བསྐྱར་བཅོས་བྱེད་དགོས་བའི་སྐུལ་མ་བྱས་ཡོད་པ་དང་དེ་བཞིན་རྒྱ་ནག་གི་ཧོང་ཀོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཐེངས་འདིར་ཡུ་རོབ་གྲོས་ཚོགས་སུ་མང་མོས་ཀྱི་གྲོས་ཆོད་བཞག་པ་དེ་ནི་ཆབ་སྲིད་ཀྱི་གཡོ་སྒྱུ་རང་བཞིན་ཞིག་དང་རྒྱལ་ཁབ་ཕྱོགས་གཉིས་ལ་ཁེ་ཕན་ལྡན་པའི་མཉམ་འབྲེལ་ལ་བཀག་རྒྱ་བཟོས་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག གཞན་ཡང་གསར་ཁང་གིས་ཐེངས་འདིའི་ཡུ་རོབ་ཀྱི་གྲོས་ཆོད་དེར་ཡུ་རོབ་རྒྱལ་ཁབ་འཇར་མན་དང་ཧྥ་རིན་སི་སོགས་ཀྱི་གཙོ་རྒྱུགས་ཀྱི་ཆབ་སྲིད་ཚོགས་པའི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དང་འབྲེལ་ནས། གྲོས་ཆོད་དེའི་ནང་དུ་གཙོ་བོ་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་གྱིས་མི་མང་གི་གཞི་རྩའི་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་དང་། དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་ Apple Daily ཞེས་པའི་གསར་ཁང་བཀག་སྡོམ་གྱིས་དེར་འབྲེལ་གྱི་ལས་ཀྱི་སྣེ་མོ་བ་རྣམས་འཛིན་བཟུང་བྱས་པར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་མ་ཟད། ཐེངས་འདིའི་གྲོས་ཆོད་བརྒྱུད་ནས་བསྐྱར་དུ་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཡུ་རོབ་ཏུ་ཡོང་རྒྱུར་བཀག་སྡོམ་དགོས་བ་སོགས་ཀྱི་དོན་ཚན་ཁག་ཅིག་འཁོད་ཡོད་པར་གསལ་འགྲེལ་གནང་འདུག གཞི་རྩའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་གཞིགས་ནས། ཨ་རི་དང་དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ་རྒྱ་ནག་ཏུ་བསྡུ་རྒྱུའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་བྱེད་དགོས་བའི་གྲོས་འཆར་ཡང་བཏོན་ཡོད་པ་ལྟར། ད་ཆ་བོད་རིགས་དང་ཡུ་གུར་བ། དེ་བཞིན་ཧོང་གོང་དང་ནང་སོག་མི་མང་གིས་གོ་སྐབས་ནམ་ཤར་ལ་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་གཞི་རྩའི་ཆ་རྐྱེན་ཚང་མེད་པའི་སྐྱོན་བརྗོད་དང་ལས་འགུལ་སྣ་མང་སྤེལ་མུས་ཡིན་པ་རེད།

བལ་གཞུང་གིས་སྐྱབས་བཅོལ་བོད་མིར་སྲུང་སྐྱོབ་གནང་རྒྱུ་ངོས་ལེན་གནང་མེད་པར་སྐྱོན་བརྗོད།  

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་བལ་ཡུལ་གཞུང་ནས་ཡུལ་དེའི་ནང་གི་བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་རྒྱལ་ཚོགས་ཀྱི་ལམ་སྟོན་གནང་དོན་ལྟར་ངོས་ལེན་གནང་མེད་པར་སྐྱོན་བརྗོད་གནང་འདུགདེ་རིང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་མཇུག་སྒྲིལ་གནང་གི་ཡོད་པ་དང་བསྟུན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མཐུན་ཚོགས་སམ་ International Federation for Human Rights དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་བར་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་གནང་སྐབས་སུ་རྒྱལ་ཚོགས་ཀྱི་ངོས་ནས་བལ་ཡུལ་གཞུང་ལ་ཡུལ་དེའི་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ལམ་སྟོན་ཁག་ཅིག་ཆེད་བཏོན་གནང་ཡོད་པ་དེ་ལྟར་ནའང་བལ་ཡུལ་གཞུང་ནས་རྒྱལ་ཚོགས་ཀྱི་ལམ་སྟོན་དེ་དག་ལ་ངོས་ལེན་གནང་མེད་པར་སྐྱོན་བརྗོད་གནང་འདུགབསྒྲགས་གཏམ་ནང་འཁོད་པར་བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་བོད་མིར་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་གསལ་འདོན་དང་འབྲེལ་ཏེ་བལ་ཡུལ་གཞུང་གིས་ད་བར་བལ་ཡུལ་ནང་གནས་སྡོད་བོད་མི་ཉིས་ཁྲི་ལྷག་ཡོད་པ་དེ་དག་ལ་ཐོ་འགོད་དང་བདེན་པ་ཁུངས་སྐྱེལ་ཐོག་ངོས་འཛིན་ཡིག་ཆ་མཁོ་སྤྲོད་གནང་རྒྱུ་མཚོན་པའི་ངོ་སྤྲོད་རྒྱབ་གཉེར་གནང་རྒྱུར་ཁས་ལེན་གནང་མེད་པ་དང་རྒྱུ་མཚན་འདིར་བརྟེན་བོད་མི་དེ་དག་ལ་ཡུལ་ཁྲིམས་ནང་གསལ་བའི་ཤེས་ཡོན་དང་ཕྱག་ལས། སྨན་པ་དང་གཞུང་གི་ཕྱག་ལས་སོགས་གནང་རྒྱུའི་ཐོབ་ཐང་མེད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་མེད་པར་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་བཞིན་པ་དེས་ཁོང་ཚོའི་ཚེ་སྲོག་ལ་ཉེན་ཁ་ཆགས་ཀྱི་ཡོད་པ་དང་འདང་ངེས་མེད་པའི་ཁྲིམས་ཀྱི་གནས་བབས་འོག་མང་ཚོགས་རྣམས་ནག་ཉེས་ཀྱི་ཡུལ་དུ་བསྒྱུར་སླ་བ་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་གཏོང་སླ་བ་ཆགས་ཀྱི་ཡོད་པར་ལུང་འདྲེན་གནང་སྟེ་ད་ཆ་ཡིག་ཆ་མ་འདང་བ་འདི་ནི་བོད་མི་སྐྱབས་བཅོལ་བར་འཕྲད་བཞིན་པའི་དཀའ་ངལ་དག་གི་རྩ་བ་དེ་ཆགས་ཀྱི་ཡོད་པར་མངོན་གསལ་གནང་འདུགསྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྡེ་ཚན་གྱི་འགན་ཁུར་བཞེས་མཁན་སྐུ་ཞབས་ Kai Muller ལགས་ཀྱིས་རྒྱལ་ཚོགས་ཀྱི་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བསྐྱར་ཞིབ་སྐབས་སུ་རྒྱལ་ཚོགས་ཀྱིས་བཏོན་པའི་ལམ་སྟོན་གྱི་དོན་ཚན་ཁག་ལ་བལ་ཡུལ་གཞུང་ནས་ངོས་ལེན་མ་གནང་པ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་བློ་འཚབ་ཆེན་པོ་བཟོས་ཡོད་སྐོར་གསུངས་ཏེ་བལ་ཡུལ་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་གིས་བལ་ཡུལ་ནང་ཡུན་རིང་བཞུགས་པའི་བོད་མི་དང་དེ་བཞིན་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་རྣམས་ཀྱི་ཚེ་སྲོག་སྐྱོབ་སླད་ཐབས་ལམ་འཚོལ་རྒྱུར་ཁས་ལེན་ཞུ་དགོས་པའི་འབོད་སྐུལ་གནང་འདུག དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Adilur Rahman Khan ལགས་ཀྱིས་རྒྱལ་ཚོགས་ཀྱི་ལམ་སྟོན་ནང་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ཡུལ་དེར་བཞུགས་འཐུས་གནང་བར་བསྔགས་བརྗོད་གནང་ཡོད་ཀྱང་དེ་ཙམ་གྱིས་འདང་གི་མེད་ཅིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལྟར་སྐྱབས་བཅོལ་བ་བཞུགས་འཇུག་པར་ངེས་པར་དུ་ཁོང་ཚོའི་བདེ་འཇགས་ཐོག་འགན་ལེན་བྱེད་དགོས་ཀྱི་ཡོད་པར་ནན་བརྗོད་གནང་བ་མ་ཟད་བལ་ཡུལ་གཞུང་གིས་ཛ་དྲག་ཐོག་ནས་གོམ་པ་མདུན་སྤོས་ཀྱིས་བོད་མི་རྣམས་ཀྱི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ་དང་བརྩི་སྲུང་ཞུ་དགོས་སྐོར་གསུངས་འདུགགོང་ཞུས་ཚོགས་པ་གཉིས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་བལ་ཡུལ་ནང་ཡོངས་གྲགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དགོངས་ཚུལ་གསུངས་པ་དང་ཡང་ན་བོད་རྒྱལ་ཁབ་མཚོན་པའི་དངོས་པོ་འགྲེམས་སྟོན་དང་ཆབ་སྲིད་ཀྱི་བྱེད་སྒོ་སྤེལ་མཁན་བོད་མི་དག་གང་བྱུང་དུ་འཛིན་བཟུང་དང་སུན་གཙེར་བཟོ་བཞིན་ཡོད་པ་མ་ཟད། བོད་མི་དག་ལ་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དུས་སྟོན་སྲུང་བརྩི་ཞུ་རྒྱུར་དམིགས་བསལ་དམ་དྲག་གིས་ད་ཆ་མང་ཚོགས་འདུ་འཛོམས་སོགས་ཀྱང་མུ་མཐུད་བཀག་སྡོམ་བྱེད་བཞིན་པར་ཆེས་བཏོད་གནང་འདུགརྒྱལ་ཚོགས་ཀྱིས་ཆེད་དུ་བཏོན་པའི་ལམ་སྟོན་དེས་བལ་ཡུལ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བོད་ནས་བྲོས་བྱོལ་དུ་ཕེབས་པའི་བོད་མི་རྣམས་བཙན་དབང་གིས་རྒྱ་གཞུང་གི་དབང་སྒྱུར་འོག་ ཕྱིར་ལོག་གནང་མི་ཆོག་པའི་རྩ་དོན་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་བ་དང་དེ་བཞིན་བལ་ཡུལ་གཞུང་གིས་བོད་མི་རྣམས་དང་ཡུལ་དེའི་གྲངས་ཉུང་མི་རིགས་རྣམས་ལ་རོགས་རམ་མི་གནང་བའི་རྩ་ཁྲིམས་ལ་བསྒྱུར་བཅོས་དགོས་པའི་སྐུལ་མ་གནང་ཡོད། འོན་ཀྱང་བལ་ཡུལ་གཞུང་གིས་ལམ་སྟོན་དེའི་ནང་ནས་ཁག་ཅིག་ངོས་ལེན་གནང་ཡོད་པ་དེ་དག་ལག་བསྟར་གནང་ཚེ་ད་ཆ་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་རྣམས་ལ་འཕྲད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཁག་ཅིག་ཉུང་དུ་འགྲོ་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག་པ་མ་ཟད། ལམ་སྟོན་བོད་མི་རྣམས་ཀྱི་གཏམ་བརྗོད་དང་ཞི་མཐུན་འདུ་འཛོམས་ཀྱི་རང་དབང་། གཞན་ཡང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བཅས་སྲུང་སྐྱོབ་གནང་རྒྱུ་བཅས་ཚུད་ཡོད་པ་རེད། གཞི་རྩའི་བལ་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་ཆེར་སོང་བའི་རྗེས་སུ་བོད་མི་རྣམས་ནས་རྒྱ་ནག་ལ་ངོ་རྒོལ་གནང་རྒྱུའི་ལས་འགུལ་དག་ལ་བཀག་སྡོམ་བྱས་པ་དང་དེ་བཞིན་ཆོས་ལུགས་དང་རིག་གཞུང་དང་འབྲེལ་བའི་མཛད་སྒོ་ཁག་ལའང་བཀག་འགོག་བྱེད་ཀྱི་ཡོད་པ་རེད། སྤྱིར་དེང་སྐབས་བལ་ཡུལ་དུ་གནས་སྡོད་གནང་མཁན་བོད་མི་ཉིས་ཁྲི་ཙམ་ཡོད་པར་ཚོད་དཔག་གནང་བཞིན་ཡོད།

ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་དགུན་དུས་ཨོ་རྩལ་ལ་འཛུལ་ཞུགས་མི་བྱ་རྒྱུའི་གྲོས་འཆར་འཇོག་འཆར།

རྒྱ་ནག་གཞུང་གིས་ཧོང་ཀོང་མང་ཚོགས་ཀྱི་རང་དབང་ལ་རྡོག་རོལ་དང་ལྷག་པར་ཉེ་ལམ་ཁུལ་དེའི་ནང་གི་ Apple Daily ཞེས་པའི་གསར་ཁང་བཙན་དབང་གི་སྒོ་རྒྱག་ཏུ་བཅུག་པའི་གནད་དོན་དང་འབྲེལ། དེ་རིང་ཡུ་རོབ་གྲོས་ཚོགས་ནང་འདི་ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་རྒྱུ་མིན་པ་དང་། དེ་བཞིན་ཧོང་ཀོང་གི་འབྲེལ་ཡོད་ཆེས་མཐོ་དཔོན་རིགས་ཁག་ཅིག་ལ་ཁུལ་དེའི་སྤྱི་ཚོགས་རང་དབང་ལ་དོ་ཕོག་བཏང་བའི་ཉེས་མིང་འོག་ཡུ་རོབ་ཁུལ་དུ་འགྲོ་སྐྱོད་བཀག་འགོག་དགོས་པའི་གྲོས་ཆོད་ཞིག་འཇོག་རྒྱུ་རེད་འདུགདེ་ཡང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུ་རོབ་ཀྱི་གྲོས་ཚོགས་དབུས་སུ་ཁ་སང་དང་ཁ་ཉིན་ཉིན་གཉིས་ཀྱི་རིང་ལ་གྲོས་ཆོད་གྲོས་འཆར་དེའི་མ་ཟིན་གྲ་སྒྲིག་གནང་ཡོད་པ་དང་། ཡུ་རོབ་ཀྱི་མཐུན་ཚོགས་དང་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་སུ་འབུལ་འཆར་ཡོད་པའི་གྲོས་ཆོད་གྲོས་འཆར་དེ་མང་མོས་ཀྱི་གཏན་འབེབས་ཐུབ་པའི་ཚོད་དཔག་གནང་བཞིན་འདུག ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་མཐོང་བའི་གྲོས་འཆར་གྱི་མ་ཟིན་ནང་དུ།  ཡུ་རོབ་གྲོས་ཚོགས་ཀྱིས་ཡུ་རོབ་མཐུན་ཚོགས་ལ་ཞུ་སྐུལ་གྱིས་ཧོང་ཀོང་གི་མཐོ་རིམ་དཔོན་རིགས་ཁག་གཅིག་ཡུ་རོབ་ཏུ་འགྲོ་སྐྱོད་བཀག་སྡོམ་གྱི་ཐོ་གཞུང་གཏན་འབེབས་གནང་བའི་ནང་དུ། ཧོང་ཀོང་གི་གྲོང་ཁྱེར་སྤྱི་ཁྱབ་པ། Carrie Lam Cheng  དང་། ཁྲིམས་ཁང་གི་དྲུང་ཆེ། Teresa Cheng དང་གཞན་ཡང་བདེ་འཇགས་དྲུང་ཆེ་ Chris Tang དང་ཉེན་རྟོག་ཁང་གི་འགོ་གཙོ་ཟུར་བ། Stephen Lo དང་སྤྱི་ཁྱབ་དྲུང་ཆེ་ John Lee Ka-chiu་སོགས་ཀྱི་མཚོན་པའི་མི་དྲུག་གི་མཚན་གཞུང་བཀོད་ཡོད་པ་མ་ཟད། དེ་བཞིན་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་དང་འབྲེལ་བའི་ Zheng Yanxiong ཟེར་བ་དང་།  Xia Baolong དང་ Zhang Xiaoming ཟེར་བ་སོགས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གི་ཀྱང་ཡུ་རོབ་ཁུལ་དུ་འགྲོ་སྐྱོད་བཀག་སྡོམ་གྱི་ཐོ་གཞུང་དུ་གསལ་ཡོད་པར་ཡོངས་གྲགས་གནང་འདུག ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་འཆར་གྱི་མ་ཡིག་གི་ནང་དུ་དབྱིན་ཡུལ་དང་ཨོ་གླིང་། དེ་བཞིན་ཁ་ན་ཊ་སོགས་ཀྱིས་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་སོགས་ཀྱི་མྱུར་སྐྱོབ་ཀྱིས་ཁུལ་སོ་སོའི་རྒྱལ་ཁོངས་སུ་ལེན་རྒྱུ་སོགས་ཀྱི་མཚོན་པའི་དོན་ཚན་ ༢༨ འཁོད་ཡོད་པ་དང་། གྲོས་འཆར་དེ་བརྒྱུད་ནས། རྒྱ་ནག་གི་ནང་དུ་དངོས་བདེན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་དུ་མ་ཕྱིན་བར་དུ།   ཡུ་རོབ་ཁུལ་གྱི་ཕྱི་འབྲེལ་གྱི་དཔོན་རིགས་དང་གཞུང་འབྲེལ་གྱི་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་གདན་ཞུ་ཁག་རྩིས་མེད་ཀྱིས་རྒྱ་ནག་ཏུ་བཅར་རྒྱུ་མིན་པར་གསལ་ཡོད་འདུགཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་གཞུང་འབྲེལ་གྱི་གྲོས་འཆར་དང་འབྲེལ་ནས་འཇར་མན་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Engin Eroglu ལགས་ཀྱིས། ཡུ་རོབ་གྲོས་ཚོགས་ཀྱི་གྲོས་འཆར་དེ་བརྒྱུད་ནས་ཡུ་རོབ་གྲོས་ཚོགས་ཀྱིས་ལངས་ཕྱོགས་གསལ་བོ་འཛིན་དགོས་བར་སྐུལ་མ་གནང་བ་དང་ལྷན་དུ། རྒྱ་ནག་གི་ཁུལ་དེའི་དབང་བསྒྱུར་གྱི་འོག་ཏུ་ཡོད་པའི་བོད་མི་རིགས་དང་ནང་སོག་མི་རིགས་ལ་དྲག་གནོན་བྱེད་བཞིན་པ་དང་། དེ་བཞིན་ཡུ་གུར་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པ། དེ་བཞིན་ཀོང་ཧོང་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་བཞིན་པ་སོགས་དང་འབྲེལ་ནས། རྒྱ་ནག་ཏུ་རྒྱལ་སྤྱིར་ཆེ་མཐོང་ཡོད་པའི་ཨོ་རྩལ་འགྲན་ཚོགས་དེ་བསྡུ་རུ་འཇུག་ཐབས་མེད་པ་དང་། ཡུ་རོབ་ཀྱི་ངོས་ནས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕང་གི་དྲིལ་བསྒྲགས་ཀྱི་དམིགས་འདུན་སྒྲུབ་ཐབས་སུ་བེད་སྤྱོད་བྱེད་དུ་འཇུག་ཐབས་བྲལ་བའི་སྐྱོན་བརྗོད་དྲག་པོ་གནང་འདུག གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་འཆར་དེ་ནི་གཙོ་བོ་རྒྱ་ནག་གིས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་བཞིན་པ་དང་། དེ་བཞིན་ཁུལ་དེར་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་གསར་ཁང་ཁག་གི་རང་དབང་ལ་དོ་ཕོག་ཆེན་པོ་གཏོང་བཞིན་པ་དེར་སེམས་འཚབ་ཡོད་པའི་རྣམ་པ་སྟོན་ཐབས་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། གྲོས་འཆར་དེ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཧོང་ཀང་གི་ནང་དུ་ལྟ་རྟོག་གི་དམིགས་བསལ་གྱི་སྐུ་ཚབ་ཅིག་བསྐོ་བཞག་ཡོང་བར་ཤུགས་སྣོན་གྱི་འབོད་སྐུལ་དང་། དེ་བཞིན་ཟླ་བ་ ༧ པའི་ཚེས་ ༡ ཉིན་ནི་ཀོང་ཧོང་ལ་རྒྱབ་སྐྱོར་གྱི་ཉི་མར་གཏན་འབེབས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་སྐོར་གྱི་སྡོམ་བརྒྱབས་འདུགཡང་དེའི་བར་ན་ཁ་སང་དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་དབུས་སུ། དབྱིལ་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཀྱིས་དབྱིན་ཡུལ་གྱི་གྲོས་ཚོགས་ཀྱིས་རྒྱ་ནག་གིས་བོད་ནང་དང་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་རྩ་གཏོར་གཏོང་གི་ཡོད་པའི་ཐད་ནས་ངོས་འཛིན་བྱས་པ་བརྟེན་ནས་དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་ལྔ་རྒྱ་ནག་ཏུ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་ལུང་འདྲེན་གནང་སྟེ། ཞི་ཅིན་ཕང་གིས་ཉེ་ཆར་རང་ཕྱི་ལོག་གི་སྟོབས་ཤུགས་གང་ཞིག་གིས་རྒྱ་ནག་ལ་གནོད་ཤུགས་སྤྲོད་ཐབས་བྱས་པ་ཡིན་ན། དེ་དག་ཡོད་ཚད་རྒྱ་ནག་གི་ལྕགས་རི་རིང་མོའི་གྱང་ངོས་སུ་མགོ་བོ་རྡུང་རྒྱུ་ཡིན་པའི་ཉེན་བརྡ་བཏང་བར་བལྟས་ན་ད་དུང་ཤིན་ཅང་དང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་ཁས་ལེན་བྱེད་ཀྱི་མེད་དུས། རྒྱ་ནག་གིས་ཇི་སྲིད་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་མ་བྱས་བར་དུ། དབྱིན་ཡུལ་གྱི་ཕྱི་འབྲེལ་དཔོན་རིགས་རྣམས་ཀྱིས་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་ལ་འཛུལ་ཞུགས་བྱེད་རྒྱུ་མཚམས་འཇོག་དགོས་བའི་གྲོས་ཆོད་ཅིག་འཇོག་དགོས་བའི་ཞུ་སྐུལ་གནང་འདུག གཞི་རྩའི་རྒྱ་ནག་གི་ནང་དུ་སང་ལོའི་དགུན་དུས་སུ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་ཐག་གཅོད་དེར། བོད་མི་རྣམས་ཀྱི་སྣེ་ཁྲིད་པའི་ཐོག  ཡུ་གུར་ཁ་ཆེ་མི་རིགས་དང་ནང་སོག་མི་རིགས། དེ་བཞིན་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་༡༨༠ ལྷག་གིས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཏེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་རྒྱ་ནག་ཏུ་འགྲན་ཚོགས་དེ་བསྡུ་རྒྱུའི་ཐོབ་ཐང་སྤྲོད་ཐབས་མེད་པའི་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། ད་ཆ་རྒྱལ་སྤྱིའི་སྲིད་གྲོས་ཚོགས་རིམ་པའི་ནང་དུ་ཡང་རྒྱ་ནག་ནང་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་ལ་འཛུལ་ཞུགས་བྱེད་རྒྱུ་ཕྱིར་འཐེན་དགོས་བའི་གླེང་སློང་རིམ་པ་བྱུང་བཞིན་པ་རེད་འདུག

སྟེང་འགྲོ་དགོན་གྱི་དགེ་འདུན་པ་བཞིར་ལོ་ཉི་ཤུ་བར་གྱི་ཁྲིམས་ཐག་བཅད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྒྱལ་ནོར་བྲག་ནག་གྲོང་ཚོའི་ནང་རྟེན་གཞི་བྱས་པའི་བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་བཞི་ཁྲིམས་འགལ་གྱི་དོགས་གཞི་འོག་འཛིན་བཟུང་གིས་ལོ་ ༢༠ བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུགཁ་སང་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཤོག་གྲངས་ ༦༡ ཅན་ཞིག་རྒྱ་ནག་གཞུང་གིས་སྟེང་འགྲོ་དགོན་པའི་ཐོག་ཆེས་དྲག་གནོན་དང་དམ་དྲག་བྱས་ཡོད་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་སྙན་ཐོ་དེའི་ནང་སྟེང་འགྲོ་དགོན་གྱི་དགེ་འདུན་པ་ཆོས་རྒྱལ་དབང་པོ་ཞེས་པ་ཞིག་གི་ལག་རྡོག་ཁ་པར་ལྷ་སའི་ཉེན་རྟོག་པར་རག་སོན་བྱུང་ནས་ཁ་པར་བརྒྱུད་ཆོས་རྒྱལ་དབང་པོ་ལགས་ཀྱིས་བལ་ཡུལ་དུ་གནས་བཞུགས་དགེ་འདུན་པ་ཞིག་ལ་འཕྲིན་སོགས་བསྐུར་བ་དང་ལྷག་པར་ ༢༠༡༥ ལོར་བལ་ཡུལ་གྱི་ས་འགུལ་དང་འབྲེལ་ཞལ་འདེབས་ཕུལ་བའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ། ཕྱི་ལོ་ ༢༠༢༠ ལོར་ཁ་ཁུ་སིམ་པོའི་ཐོག་ཆོས་རྒྱལ་དབང་པོ་ལགས་དང་བློ་བཟང་སྦྱིན་པ། ནོར་བུ་དོན་གྲུབ། ངག་དབང་ཡེ་ཤེས་ལགས་བཅས་སུ་ལོ་ ༢༠ དང་ ༡༩། ༡༧། དེ་བཞིན་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག ཁོང་རྣམས་གསང་བའི་ཁྲིམས་ཐག་མ་བཅད་གོང་ལོ་གཅིག་ལྷག་གི་རིང་གཞིས་ཀ་རྩེའི་ཉེ་འདབས་སུ་ཡོད་པའི་བཙོན་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་པ་འཁོད་འདུག གཞི་རྩའི་ཆོས་རྒྱལ་དབང་པོ་ལགས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༨ ཟླ་མཇུག་དང་ཟླ་ ༩ མགོ་སྟོད་དུ་ལྷ་སར་ཕེབས་པ་དང་སྐབས་དེར་ཁོང་གི་ཁ་པར་ཇ་ཁང་ཞིག་གི་ནང་ལུས་ནས་མཐར་ཉེན་རྟོག་པའི་ལག་པར་རག་འདུག ཉེན་རྟོག་པས་ཁོང་གི་ཁ་པར་བརྒྱུད་གནས་ཚུལ་དེ་དག་ཤེས་རྟོགས་རྗེས་ཆེད་མངགས་ལྷ་ས་ནས་བྲག་ནག་གྲོང་ཚོར་ཡོང་ནས་གྲོང་ཚོའི་ཁང་ཁྱིམ་དང་སྟེང་འགྲོ་དགོན་པ་བསྔོགས་བཤེར་བྱས་པ་མ་ཟད་ཆོས་རྒྱལ་དབང་པོ་ལགས་འཛིན་བཟུང་གིས་འདྲི་རྩད་དང་ཉེས་རྡུང་བཏང་ཡོད་པ་རེད་འདུག ད་དུང་བརྒྱུད་རིམ་དེའི་ཁྲོད་ཉེན་རྟོག་པས་དགེ་འདུན་པ་ ༢༠ ལྷག་འཛིན་བཟུང་གིས་ཁག་ཅིག་ཟླ་བ་འགའ་ཤས་རིང་བཀག་སྐྱིལ་འོག་བཞག་ནས་ཉེས་རྡུང་བཏང་བ་མ་ཟད་དེའི་ཁྲོད་དགེ་འདུན་པ་བློ་བཟང་བཟོད་པ་ཞེས་པ་ཞིག་གིས་རྒྱ་ནག་གི་བྱེད་ཕྱོགས་སྡུག་པོ་དེར་ངོ་རྒོལ་དང་སྦྲགས་རང་སྲོག་བཅད་པ་ཡང་བྱུང་སྐོར་འཁོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་གཞུང་གིས་ད་ལན་དགེ་འདུན་པ་བཞིར་ཁྲིམས་ཆད་བཀེལ་ལུགས་དེས་བོད་ནང་གི་བོད་མིའི་ཚོའི་ཐོག་ཏུ་སྤེལ་བའི་དམ་དྲག་གི་གནས་སྟངས་གསལ་བཏོན་བྱེད་ཀྱི་ཡོད་སྐོར་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤྱིར་ཕྱི་ཕྱོགས་སུ་འཕྲིན་སོགས་བཏང་བ་དང་འགྲོ་བ་མིའི་བདེ་རྩའི་སླད་ཞལ་འདེབས་གནང་བ་ནི་རྒྱ་ནག་གི་ཁྲིམས་དང་འགལ་གྱི་མེད་པ་དང་ལྷག་པར་ད་རེས་དགེ་འདུན་པ་རྣམ་པར་བཙོན་འཇུག་གི་གནད་དོན་ནི་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་དང་བོད་ནང་བོད་མིའི་ཚོའི་དྲ་ཐོག་བརྒྱུད་བཀའ་མོལ་གནང་བར་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་མངོན་གསལ་ཆགས་ཡོད་ཅེས་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་ནས་དགེ་འདུན་པ་ཁོང་རྣམས་དེ་མ་ཐག་གློད་བཀྲོལ་དང་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་རྣམ་པས་རྒྱ་གཞུང་ནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དང་ལྷག་པར་དུ་རྒྱལ་ཚོགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་སླད་རང་དབང་ཅན་གྱི་ཚོགས་ཆུང་ཆེད་འཛུགས་དགོས་པ་མ་ཟད་ལོ་འཁོར་སྙན་ཐོ་འདོན་སྤེལ་དགོས་པའི་དགོས་འདུན་བཏོན་འདུག སྤྱིར་ཉེན་རྟོག་པས་ཆོས་རྒྱལ་དབང་པོ་ལགས་ཀྱིས་ཁ་པར་བསྔོགས་བཤེར་སྐབས་ཕྱི་ཕྱོགས་ཀྱི་ཁ་པར་ཨང་གྲངས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་། དེ་བཞིན་རྒྱ་གར་དང་བལ་ཡུལ་གཉིས་སུ་ཡོད་པའི་དིང་རི་ནས་ཡིན་པའི་བོད་མི་དང་འཕྲིན་སོགས་བརྗེ་རེས་གནང་བ་ཤེས་རྟོགས་བྱུང་འདུག

༸སྐུའི་གྱ་སྟོན་སྲུང་བརྩི་བྱས་རྐྱེན་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གློད་གྲོལ་གྱི་ཞུ་སྐུལ།

ཁ་སང་སྐུའི་འཁྲུངས་སྐར་ཉིན་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་དེ་གའི་ཊྲི་ཊར་དྲ་གནས་སུ་མགོན་པོ་གང་ཉིད་ལ་འཚམས་འདྲི་ཞུས་པ་དང་ལྷན་དུ། འགྲོ་བ་ཐམས་ཅད་མགོན་པོ་གང་གི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བ། དེ་བཞིན་ཁོར་ཡུག་ལ་བདག་གཅེས་སོགས་ཀྱི་དགོངས་གཞིས་སེམས་སྐུལ་ཐེབས་པའི་སྨོན་འདུན་དང་སྦྲགས་ནས། ཨ་རིའི་ངོས་ནས་བོད་མི་རྣམས་ཀྱི་ཞི་བདེ་དང་རང་དབང་འཚོལ་སྙེགས་དེ་ལེགས་འགྲུབ་ཡོང་བར་རོགས་འདེགས་བྱེད་རྒྱུ་ཡིན་པར་བསྒྲགས་འདུག དེ་བཞིན་ཚོགས་ཆུང་ངོས་ནས་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་དེ་སྔ་རྒྱ་ནག་གིས་བོད་ནང་དུ་བོད་མི་རྣམས་ཀྱིས་སྐུའི་གྱ་སྟོན་གྱི་འཁྲུངས་སྐར་སྲུང་བརྩི་བྱས་པར་ཉེས་འདོགས་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་བོན་ཁོ་སྐྱིད་ལགས་དང་། ཚུལ་ཁྲིམས་ལགས། འབྲུག་སྒྲ་ལགས།  བློ་བཟང་དགེ་འཕེལ་ལགས། དེ་བཞིན་བློ་བཟང་མཁས་གྲུབ་དང་བློ་གྲོས་སོགས་ཀྱི་ཆབ་སྲིད་བཙོན་པ་དྲུག་པོ་གང་མགྱོགས་གློད་གྲོལ་གཏོང་དགོས་བའི་ཞུ་སྐུལ་གནང་འདུག རྩ་བའི་བོད་མི་དྲུག་པོ་དེ་དག་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གིས་མགོན་པོ་གང་གི་སྐུའི་གྱ་སྟོན་སྲུང་བརྩི་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་ཝུན་ཁྲེན་བཙོན་ཁང་དུ་བཙོན་འཇུག་བྱས་པ་ཞིག་ཡིན་པ་དང་། འདི་གའི་གསར་ཁང་ལ་༢༠༡༦ ལོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། བཙོན་འཇུག་བྱས་པའི་བོད་མི་དེ་དག་ལས་རང་ལོ་ ༥༠ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ་ལགས་ལ་ལོ་ ༡༤ ཁྲིམས་ཐག་བཅད་འདུག་པ་དང་། རང་ལོ་ ༤༤ སོན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་ལ་ལོ་ ༡༣ ། རང་ལོ་ ༢༩ ཡིན་པའི་གྲྭ་བློ་བཟང་དགེ་འཕེལ་ལགས་ལ་ལོ་༡༢། རང་ལོ་ ༤༡ སོན་པའི་གྲྭ་བློ་གྲོས་ལགས་ལ་ལོ་ ༩ དང་རང་ལོ་ ༤༨ ཡིན་པའི་རྔ་བ་ཁུལ་གྱི་བེུད་བོན་ཁོ་སྐྱིད་ལགས་ལ་ལོ་ ༧ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།སྤྱིར་དེ་ལྟ་བུའི་དམ་དྲག་ལ་ལྟོས་མེད་བོད་ནང་གི་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་དད་གུས་གཡོལ་བ་མེད་པར་ལོ་ལྟར་སྐུའི་འཁྲུངས་སྐར་སྐབས་མངོན་གསལ་མ་ཡིན་པའི་སྒོ་ནས་རྣམ་པ་འདྲ་མིན་ཐོག་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་ལྟར། ཁ་ས་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་ཐོན་པའི་ཁོངས་སུ་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་ནག་གི་དམ་དྲག་ལ་ལྟོས་མེད་ཀྱི་ཐོག་ནས་མགོན་པོ་གང་གི་ཞལ་རིས་ཡོངས་སུ་མི་མཐོང་བའི་སྐུ་པར་ཕྱེད་ཀའམ། ཡང་ན་སྐུ་མདུན་གྱི་ཞབས་སོགས་ཀྱི་པར་དང་། དེ་བཞིན་སྤྱར་རས་གཟིགས་སོགས་ཀྱི་སྐུ་པར་སྐད་འཕྲིན་གྱི་འཕྲིན་སྟེགས་སུ་སྤེལ་ཏེ་མགོན་པོ་གང་གིས་འཁྲུངས་སྐར་སྐབས་སུ་བསྩལ་བའི་བཀའ་སློབ་ཀྱི་དུམ་བུ་རེ་བཞག་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་བ་སོགས་ཀྱི་རྣམ་པ་འདྲ་མིན་གྱི་སྒོ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་འདུགམ་ཟད་སྤྱི་ཚོགས་དྲ་ལམ་ཏུ་སྐུའི་འཁྲུངས་སྐར་སྲུང་བརྩིའི་རྣམ་པ་གཞན་ཞིག་ཐོན་པའི་བརྙན་པར་ཞིག་གི་ནང་དུ། ལྷ་སའི་སྐོར་ལམ་གྱི་ཁུལ་དུ་སྤོ་བོ་ཞིག་གིས་རང་གི་སྟོད་གོས་ཀྱི་རྒྱབ་ཏུ་ཨང་རྟགས་ ༨༦ འཁོད་དེ། དེའི་ཡང་སྟེང་དུ་བོད་མིའི་རིག་གཞུང་གིས་གཅེས་ནོར་ཏུ་བརྩི་བའི་ནོར་བུའི་མཚོན་རྟགས་ཅན་གྱི་སྟོད་གོས་ཤིག་མནབས་ནས་ཕྱག་གཡས་བར་འཁར་རྒྱུགས་ཐོགས་ཤིང་ཕྱག་གཡོན་པར་མ་ཎ་ནི་ཕྲེང་བ་ཐོགས་ནས་སྐོར་བར་ཕེབས་བཞིན་པའི་བརྙན་པར་ཞིག་ཁྱབ་སྤེལ་ཆེས་ཆེར་འགྲོ་བཞིན་འདུག བོད་བཞུགས་རྩོམ་པ་ཚེ་རིང་འོད་ཟེར་ལགས་ཀྱིས་བརྙན་པར་དེ་ནི་ལྷ་སའི་ཇོ་ཁང་གི་མདུན་དུ་མིན་པར། ར་མོ་ཆེ་གཙུག་ལག་ཁང་གི་མདུན་ཐང་དུ་ཡིན་སྲིད་པ་ལས།  ལྷ་སའི་བར་སྐོར་ནི་ད་ཆ་རྒྱ་ནག་གི་ཡུལ་སྐོར་ལྟེ་གནས་ཤིག་ཏུ་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུགའདི་བཞིན་འདི་གའི་གསར་འགོད་པས་བོད་ནང་དུ་འབྲེལ་བ་བྱས་སྐབས་འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བ་དང་བསྟུན་ནས་བོད་མཚོ་སྔོན་གྱི་ཁུལ་དུ་ཡང་སྔར་ལས་དམ་དྲག་ཇེ་ཆེར་ཕྱིན་ཡོད་པ་དང་འབྲེལ་ནས། བོད་མི་རྣམས་ཀྱིས་དུས་རྒྱུན་ནས་སྐུའི་འཁྲུངས་སྐར་ཉིན་རང་ཁྱིམ་ནས་མར་མེ་སྒྲོན་ཏེ་ཞལ་འདོན་གསོག་སྒྲུབ་སོགས་གནང་གི་ཡོད་པར་འགྲེལ་བརྗོད་གནང་སོང་།གཞི་རྩའི་འདི་ལོར་རྒྱ་ནག་གི་རིམས་ནད་དང་འབྲེལ་ནས་རང་བཞུང་བཀའ་དྲུང་ཡིག་ཚང་གིས་རྒྱ་གར་གྱི་ཡུལ་ཁྲིམས་གཞིར་བཟུང་གིས་བོད་མི་རྣམས་ཀྱིས་སྔར་སྲོལ་བཞིན་མང་ཚོགས་འདུ་འཛོམས་རང་བཞིན་གྱིས་འཁྲུངས་སྐར་སྲུང་བརྩི་མི་གནང་བར་རང་ཁྱིམ་ནས་དགའ་སྐྱིད་ལ་རོལ་རྒྱུའི་སྐུལ་མ་གནང་བ་ལྟར། མང་ཚོགས་ཀྱིས་ཀྱང་རང་ཁྱིམ་དང་ཡང་ན་ཤིང་ནགས་ཀྱི་ཁྲོད་དང་མགོན་པོ་གང་གི་སྐུ་པར་སྒྲིག་ཤོམ་གནང་སྟེ་སྐུའི་འཁྲུངས་སྐར་གྱི་སྤྲི་གོར་བགོ་འགྲེམས་བྱེད་པ།  དེ་བཞིན་སྤྱི་ཚོགས་དྲ་ལམ་སོགས་སུ་ཡང་མགོན་པོ་གང་ལ་ཆེད་བསྟོད་ཀྱི་གླུ་གཞས་ཕྱོགས་བསྒྲིགས་སོགས་ཀྱི་ལམ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བའི་རྣམ་པ་ཅི་རིགས་མཐོང་རྒྱུ་འདུགཁ་སང་མགོན་པོ་གང་གིས་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་བཀའ་སློབ་སྩལ་བའི་ནང་དུ། མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འགྲོ་བ་སྤྱི་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་ཞབས་ཞུ་མཛད་རྒྱུ་དང་། དེ་བཞིན་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཀྱང་རང་དབང་ལུང་པའི་རང་དབང་རྣམས་སྤྱད་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་དང་ཆོས་ལུགས་མཐུན་སྒྲིལ་སོགས་གོང་སྤེལ་མཛད་བཞིན་པ་དེ་ནི་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཤིག་ཡིན་ཞེས་བཀའ་སྩལ་བ་དང་ལྷན་དུ་མཛའ་གྲོགས་རྣམ་པ་གཙོས་རྗེས་འབྲང་བ་རྣམས་ཀྱིས་ཀྱང་འཚེ་མེད་ཞི་བ་དང་སྙིང་རྗེ་གཉིས་རང་ཉིད་ཀྱི་མི་ཚེའི་མཐའ་མཇུག་གི་བར་དུ་ཕྱག་བསྟར་གནང་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་སུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་ཆེད་འདོན།

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་དང་བསྟུན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་ནང་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་འདུགདེ་ཡང་ཕྱི་ཚེས་ ༣༠ ཉིན་སྐུ་ཞབས་ Scott Perry ལགས་ཀྱིས་ཆེད་འདོན་གནང་བའི་ཁྲིམས་འཆར་དེའི་ནང་དེ་སྔ་ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་ཚོང་འབྲེལ་གྱི་ཁྲིམས་ཡིག་ནང་བོད་དེ་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་དང་ཐ་དད་པའི་རྒྱལ་ཁབ་ཅིག་ཏུ་བཀོད་ཡོད་པ་མ་ཟད་ཨ་མི་རི་ཀའི་རྩིས་ལོ་ ༡༩༩༢ དང་ ༡༩༩༣ གྱི་ཕྱི་སྲིད་འབྲེལ་ལམ་ཁྲིམས་ཡིག་ནང་བོད་དེ་བཙན་དབང་གིས་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཁ་གསལ་འཁོད་པ་ལུང་འདྲེན་གནང་བ་དང་སྦྲགས་ཏེ་ཨ་མི་རི་ཀའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༡ ལོར་ཁྲིམས་འགལ་གྱིས་བོད་ནང་བཙན་འཛུལ་བྱས་པ་ལས་དེའི་སྔོན་ལ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་དགོས་པ་དང་། དེ་ཡང་རྒྱ་ནག་གིས་བརྗོད་བཞིན་པའི་བོད་ཟེར་བའི་ས་ཁུལ་ཙམ་མིན་པར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་ས་ཁུལ་ཡོངས་རྫོགས་ཚུད་པའི་བོད་ཅེས་པ་དེར་ངོས་འཛིན་བྱེད་དགོས་ཞེས་འཁོད་འདུག ཁྲིམས་འཆར་དེར་ཨ་རི་སྲིད་གཞུང་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་འགལ་ཐོག་བོད་བཙན་བཟུང་བྱས་པ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་མཁན་ཚོར་ཉེས་ཆད་འགེལ་དགོས་པ་མ་ཟད་བོད་མིའི་སྒྲིག་འཛུག་འདི་བཞིན་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་གཅིག་པུ་དེ་ཡིན་པར་ངོས་ལེན་དང་སྦྲགས། ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཁྲིམས་འཆར་འདི་གཏན་འབེབས་གནང་བའི་ལོ་གཅིག་གི་ནང་ཚུད་ཨ་རིར་གཞུང་འབྲེལ་རྒྱལ་དོན་འཚམས་གཟིགས་སུ་གདན་ཞུ་གནང་དགོས་པ་གསལ་འདུགཁ་ཉིན་སྐུ་ཞབས་ Scott Perry ལགས་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་གྲོས་ཚོགས་སུ་ཆེད་འདོན་གནང་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thomas Tiffany ལགས་དང་ Scott DesJarlais ལགས་རྣམ་གཉིས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་དང་།ད་ལྟའི་ཆར་ཁྲིམས་འཆར་དེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་ཕུལ་འདུག གཞི་རྩའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ནས་འདས་ལོའི་ཕྱི་ཟླ་ལྔ་པའི་ནང་ལ་ཡུལ་དེའི་གྲོས་ཚོགས་སུ་ཨ་རིའི་ངོས་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་དགོས་པའི་ཁྲིམས་འཆར་ཞིག་བཏོན་ཡོད་པ་དང་སྐབས་དེར་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེས་གྲས་ཁག་ཅིག་ནས་ཁྲིམས་འཆར་དེར་བསྐྱར་བཅོས་དང་སྦྲགས་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་བོད་ཆོལ་ཁ་གསུམ་ཆ་ཚང་ཚུད་དགོས་པའི་སྙན་ཞུ་ཕུལ་ཡོད་པ་རེད། སྐུ་ཞབས་ Scott Perry ལགས་ཀྱིས་ད་རེས་བོད་དོན་དང་འབྲེལ་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་བ་མ་ཟད་དེ་སྔ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༠༢ གཙོས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་གནང་བ་རྣམས་ངེས་པར་དུ་ལག་བསྟར་གནང་དགོས་པའི་ཞུ་སྐུལ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་ཆགས་ཀྱི་ཡོད་པ་རེད།

Latest news