Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་དོན་ལ་དོ་སྣང་མ་གནང་ན་འབྱུང་འགྱུར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གསབ་ཏུ་མེད་པའི་གྱོང་རྒུད་ཆེན་པོ་ཕོག་ངེས་ཡིན།

བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་ཁྲོད་ནས་བོད་ཀྱི་ཆོས་དང་ལེགས་བྱང་གལ་ཆེན་པོ་ཡིན་པ་ཤེས་བཞིན་དུ་བོད་དོན་ལ་དོ་སྣང་མ་གནང་པར་བཞག་ཚེ་འབྱུང་འགྱུར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གསབ་ཏུ་མེད་པའི་གྱོང་རྒུད་ཆེན་པོ་ཞིག་ཕོག་ངེས་ཡིན་པ་གསུངས་ཡོད། ཁ་ཉིན་ཟླ་ ༢ ཚེས་ ༢༠ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་གཟའ་རུ་བོད་ཀྱི་ཐེབས་རྩ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག རིན་པོ་ཆེ་མཆོག་གིས་ཐོག་མར་འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་རྒྱལ་སྤྱིའི་ཐོག་རྒྱ་གཞུང་གིས་བོད་ཀྱི་དཀའ་རྙོག་དྲིལ་བསྒྲགས་སྤེལ་སྟངས་དང། དེ་བཞིན་རྒྱལ་སྤྱིའི་ཁྲོད་ནས་བོད་ཀྱི་དཀའ་རྙོག་ངོས་འཛིན་བྱེད་སྟངས་སྐོར་གཉིས་ལུང་འདྲེན་དང་འབྲེལ། བོད་ཀྱི་དཀའ་རྙོག་དེ་ནི་མི་རིགས་ཀྱི་འཐབ་རྩོད་དང་ཆབ་སྲིད་ཀྱི་ལྟ་གྲུབ་དབར་གྱི་འགལ་ཟླའི་འཐབ་རྩོད།  དེ་བཞིན་སྲིད་དབང་གི་འཐབ་རྩོད་ལྟ་བུ་ཞིག་མིན་པར་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག དེ་བཞིན་ལེགས་བྱང་བཅས་ལ་གཞིར་བཞག་པའི་འཛམ་གླིང་སྤྱི་ལ་སྨན་པའི་ལེགས་བྱང་ལ་རྒྱ་ནག་གཞུང་གིས་དྲག་ཤུགས་དང་བཙན་གནོན་ཐོག་འགལ་ཟླ་དང་འགོག་རྐྱེན་བཟོ་བཞིན་ཡོད་པ་ལས་བྱུང་བ་ཞིག་ཡིན་པ་མང་ཚོགས་ཚོས་ངེས་པར་དུ་ཤེས་དགོས་གལ་ཡིན་པ་གསུངས་ཡོད། ལྷག་པར་དུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་བབ་ཀྱི་རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན་ཞེས་པའི་བརྗོད་གཞི་དང་འབྲེལ། ད་ལྟའི་དུས་རབས་ ༢༡ པའི་འཛམ་གླིང་ཐོག་བོད་ཀྱི་སྐད་ཡིག་ནང་དུ་ཡོད་པའི་ནང་པ་སངས་རྒྱས་པའི་བསྟན་པ་ཚང་ལ་མ་ནོར་བ་ཞིག་རྒྱལ་ཁབ་སུ་གང་ཞིག་གི་སྐད་ཡིག་ནང་དུ་མེད་པ་དང་། དེ་ཡང་གཞུང་ལུགས་དང་འགྱུར་གྱི་ཆ་ནས་ཚད་མཐོ་ཤོས་དང་བཟང་ཤོས་ཆགས་ཀྱི་ཡོད་པ་མ་ཟད། རྩོམ་ཡིག་དང་རང་རྩོམ་བཅས་ཀྱི་ཆ་ནས་ཀྱང་འཇིག་རྟེན་འདིའི་ཐོག་བོད་པ་ལྟར་བྱུང་མེད་སྐོར་གསུངས་ཡོད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ནང་ཡོད་པའི་ལྟ་གྲུབ་ཀྱི་རྣམ་བཞག་དང་ཚན་རིག་རྣམ་བཞག་དེ་དག་ལ་དེང་རབས་ཚན་རིག་པ་ཚོ་ལའང་ཤུགས་རྐྱེན་པ་ཐེབས་པ་ཙམ་མ་ཟད་འགྲོ་བ་མིའི་སྤྱི་ལ་ཕན་ནུས་དང་ཁ་ཕྱོགས་བསྒྱུར་ཐུབ་པའི་ནུས་པ་ཡོད་པར་བརྟེན་རྒྱལ་སྤྱིའི་ཁྲོད་ནས་བོད་ཀྱི་ཆོས་དང་ལེགས་བྱང་གལ་ཆེན་པོ་ཡིན་པ་ཤེས་བཞིན་དུ་བོད་དོན་ལ་དོ་སྣང་མ་གནང་པར་བཞག་ཚེ་འབྱུང་འགྱུར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གསབ་ཏུ་མེད་པའི་གྱོང་རྒུད་ཆེན་པོ་ཞིག་ཕོག་ངེས་ཡིན་པ་གསུངས་ཡོད། དེ་བཞིན་བོད་ཀྱི་ཁོར་ཡུག་དང་ས་བབ་ཀྱི་གལ་གནད་སྐོར་གསུང་པ་དང་འབྲེལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་དབང་སྒྱུར་མ་བྱེད་གོང་དུ་རྒྱ་དཀར་ནག་དང་ཧོར་གསུམ་དབར་ལ་བོད་དེ་བར་གནས་རྒྱལ་ཁབ་ཞིག་ཏུ་གནས་པའི་དབང་གིས་ཕན་ཚུན་དབར་དམག་འཐབ་བྱུང་མེད་པ་དེ་ལྟར་ཡང། དེང་སྐབས་རྒྱ་དཀར་ནག་གཉིས་དབར་བཟང་ཕྱོགས་ཀྱི་འབྲེལ་ལམ་དང་གྲོགས་རོགས་ཆགས་མ་ཐུབ་པའི་གནས་སྟངས་སུ་འགྱུར་ཡོད་པ་དང། དེ་ཡང་གཙོ་བོ་ས་མཚམས་ཀྱི་གནད་དོན་ལ་ཐུག་ཡོད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་རྒྱལ་སྤྱིའི་བརྟན་ལྷིང་གནས་བབ་ལ་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འདི་གནད་ཆེ་ཆགས་ཀྱི་ཡོད་པ་སོགས་གསུངས་ཡོད།

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གསེར་ཁྲིར་མངའ་གསོལ་གནང་བ།

དེ་ཡང་ཁ་སང་ཟླ་ ༠༢ ཚེས་ ༢༠ ཉིན་སྔ་དྲོ་ཚོུད་ ༧།༠༠ ཐོག་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོང་དུ་ཆགས་པའི་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་ཚེས་དང་བསྟུན་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གི་ཁྲི་གསོལ་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་རེད། ཁྲི་གསོལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག བོད་ཕྱི་ནང་གཉིས་ནས་ཕེབས་པའི་གནད་ཡོད་སྐུ་མགྲོན་ཁག  དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་སོགས་ནས་གནད་ཡོད་མི་སྣ་མང་དག་ཞིག་ཆེད་ཕེབས་གནང་ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་དབུ་འཛུགས་གནང་ཡོད། སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་གནང་རྗེས་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་། ༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ མཆོག་ལ་འཚམས་འདྲི་དང་སྦྲགས་ཏེ་གཡུང་དྲུང་བོན་གྱི་བསྟན་བདག་སྨན་རི་ཁྲི་འཛིན་སོ་གསུམ་པ་༸སྐྱབས་རྗེ་དམ་པ་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བསྟན་པ་སྤྱི་ལ་སྨན་པའི་ཞབས་འདེགས་བླ་མེད་ཞུས་པར་བཀའ་དྲིན་རྗེས་དྲན་ཞུས་འདུག དེ་རྗེས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་ནས་རྒྱ་ཆེའི་སེར་སྐྱ་མི་མང་ཀུན་ལ་བླང་དོན་གྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། དེ་བཞིན་ཚོུད་ ༡༠ སྟེང་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་དབུ་བཞུགས་གཙོས། དཔོན་སློབ་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དང་སློབ་དཔོན་གཙོས་བླ་སྤྲུལ་དགེ་བཤེས་བརྒྱ་ཕྲག་གདན་འཛོམས་ཐོག་༸རྒྱལ་བ་མཉམ་མེད་ཆེན་པོའི་གོས་སྐུ་ཆེན་མོ་ཞལ་ཕྱེས་ཏེ་གཤེན་གྱི་འདུལ་བའི་གསོ་སྦྱོང་གི་ཆོ་ག་གསུངས་ཡོད། ཉིན་རྒྱབ་ཏུ་སྔར་སྲོལ་ལྟར་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དང་། སྨན་རིའི་བླ་བྲང་གསར་རྙིང་གཉིས། བཀྲ་ཤིས་ལྷ་རྒྱལ་རི། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། གསང་སྔགས་སྒོམ་སྒྲུབ་གླིང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། བོན་ཕྲུག་བདེ་དོན། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། བཙུན་དགོན་རདྣ་སྨན་གླིང་སོགས་ཀྱི་གསེར་ཁྲིར་བཞུགས་གསོལ་མཛད་ཡོད་པ་རེད།

༸གོང་ས་མཆོག་དང་བོད་གཞུང་མང་གཉིས་ནས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་སཡི་རིལ་རྭ་མ་ཧྥོ་ས་མཆོག་ལ་འཚམས་འདྲི་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ལྷོ་ཨ་ཕི་རི་ཀའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ Cyril Ramaphosa མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག མགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་སྲིད་འཛིན་མཆོག་ལ་ཞི་བདེ་ལྷིང་འཇགས་ངང་ནས་སྲིད་དབང་རྩིས་སྤྲོད་གནང་བ་དེས་ཨ་ཕི་རི་ཀ་རྒྱལ་ཁབ་དེའི་ནང་མང་གཙོའི་རྩ་བ་སྲ་བརྟན་ཡོད་པ་མངོན་ཡོད་པ་དང་། ཁྱད་པར་དུ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་དང་ཞི་བདེ་དེད་དཔོན་དམ་པ་སྐུ་ཞབས་ Nelson Mandela མཆོག་གིས་དྲང་བདེན་དང་འགྲིགས་འཇགས་ཐོག་ཞི་བདེ་དང་མང་གཙོ། འདྲ་མཉམ་བཅས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་གནང་ཡོད་པ་སོགས་ལ་ཡི་རང་བསྔགས་བརྗོད་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་རྒྱུའི་ནུས་པ་ལྡན་ཡོད་པ་དང་། ལྷག་པར་དུ་༸གང་ཉིད་མཆོག་གིས་སྲིད་འཛིན་སྐུ་ཞབས་ Cyril Ramaphosa མཆོག་ནས་དབུ་ཁྲིད་འོག་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་མུ་མཐུད་ནས་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་མདུན་བསྐྱོད་ཐུབ་པ་མ་ཟད། སྤྱི་ཚོགས་ཁྲོད་ཀྱི་ཆེས་ཉམ་ཐག་ཚོའང་སྣེ་ཁྲིད་གནང་ཐུབ་པར་ཐུགས་རེ་གནང་བཞིན་ཡོད་པ་བཀའ་སྩལ་དང་ཆབས་ཅིག མང་ཚོགས་ཀྱི་ངོས་ནས་ཕུགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་དང་ཡིད་ཆེས་འཕེལ་བ་ཞིག་ཐུབ་པ་དང་། ལྷག་པར་དུ་རྒྱལ་ཁབ་གཞན་ཚོས་ཀྱང་དམིགས་དཔེ་བྱ་འོས་པ་ཞིག་གནང་དགོས་གལ་ཡིན་པ་ལམ་སྟོན་བསྩལ་ཡོད་པ་རེད། མགོན་པོ་མཆོག་གི་སྲིད་འཛིན་མཆོག་ལ་སྩལ་བའི་གསུང་འཕྲིན་དེའི་མཐའ་མཇུག་ཏུ། ཁོང་གིས་དབུ་ཁྲིད་འོག་གཞུང་འཛིན་ལས་ཡུན་རིང་ལ་ལས་དོན་གང་ཅིའི་ཐོག་གདོང་ལེན་གྱིས་རྒྱལ་ཁབ་ཀྱི་མི་མང་ཚོའི་ཐུགས་རེ་དང་མངོན་འདོད་ལྟར་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་པ་བཀའ་གནང་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིར་སྐུ་ཞབས་སཡི་རིལ་རཱ་མ་ཧྥོ་ས་མཆོག་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ་ཁོང་གི་གཞུང་འཛིན་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་འདུག་པ་མ་ཟད། ལྷོ་ཨ་ཕི་རི་ཀའི་ནང་ཞི་བའི་ཐབས་ལམ་ལམ་ལྷོངས་བྱུང་ཡོད་པ་ལྟར་བོད་ཀྱི་གནད་དོན་དེ་ཡང་ཞི་བའི་ཐོག་ནས་གསལ་ཐུབ་པར་ཡིད་ཆེས་ཡོད་པ་སོགས་གསུངས་འདུག

རང་བཙན་བསྐྱར་གསོ་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༢ ཚེས་ ༡༣ ཉིན་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་སྣུམ་འཁོར་འབབ་ཚུགས་ཁང་གི་ཡང་སྟེང་དུ་ STAND FOR THE TIBETAN NATIONAL ANTHEM འམ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཐོག་སྐུ་བཞེང་ཞེས་པའི་མཚན་བྱང་འོག་བོད་རང་བཙན་བསྐྱར་གསོ་ཉིན་མོ་སྲུང་བརྩི་ཞུས་སོང་། བཙན་བྱོལ་ནང་གི་བོད་རིགས་གཞོན་སྐྱེས་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་ལས་གྲུབ་པའི་བོད་རང་བཙན་གཙང་མ་འདོད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་སྔ་ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༣ ཉིན་༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་དང་ཕྱི་སོག་དབར་སོག་པོའི་རྒྱལ་ས་ཨུར་གར་དུ་ཆིངས་ཡིག་བཞག་པ་དང༌། བོད་མི་སེར་སྐྱ་ཡོངས་ལ་སྤང་བླང་རྩ་ཚིག་དོན་ཚན་ལྔ་ཅན་དང་སྦྲགས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པའི་ཉིན་མོ་དང་བསྟུན་རྣམ་པ་འདྲ་མིན་བརྒྱུད་ལས་འགུལ་སྤེལ་ཏེ་བོད་རང་བཙན་བསྐྱར་གསོ་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཁོང་རྣམས་ནས་བོད་རྒྱལ་ཁབ་འདི་རང་དབང་ཅན་གྱི་རྒྱལ་ཁབ་ཞིག་ཏུ་མཚོན་པ་གནང་སྐབས་བོད་ཀྱི་རྒྱལ་དར་དང་བོད་གཞུང་གི་བསྟི་གནས་ཕོ་ཕྲང་ཆེན་པོ་རི་བོ་གྲུ་འཛིན་གྱི་འདྲ་གཟུགས། དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་པར་ཡིག་སོགས་འགྲེམས་སྟོན་གྱི་ལམ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད། ལྷག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཐོག་སྐུ་བཞེང་ཞེས་པའི་བརྗོད་ཚིག་གཙོ་བཟུང་གནང་དོན་ནི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ནི་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པའི་དཔང་རྟགས་གནད་ཆེ་ཞིག་ཡིན་པར་བརྟེན་དེ་ལྟར་གནང་ཡོད་སྐོར་སོགས་གསུངས་སོང་། གཞི་རྩའི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་རིང་སྔ་དྲོོ་ཚོུད་ ༡༡ ནས་དགོང་དྲོ་ཆུ་ཚོད་ ༥ བར་འགྲེམས་སྟོན་གོ་སྒྲིག་དང་། བོད་ལ་རང་དབང་རང་བཙན་གང་མྱུར་ཐོབ་པའི་རྟེན་འབྲེལ་མཚོན་སླད་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་ཀུན་ལ་བོད་ཀྱི་གཞས་པ་གཞས་མ་དང་། སྒྱུ་རྩལ་བ་འདྲ་མིན་མགྲོན་འབོད་ཐོག་དགོང་དྲོ་ཚོུད་ ༦ སྟེང་བོད་ཀྱི་ཐུན་མིན་སྲོལ་རྒྱུན་དང་དེང་རབས་ཀྱི་རྐང་བྲོ་གླུ་གཞས། དེ་བཞིན་གཏམ་བརྗོད་སོགས་གཟིགས་འབུལ་ཞུ་རྒྱུ་རེད་འདུག རྩ་བའི་བོད་རང་བཙན་བསྐྱར་གསོའི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་དེ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་༸གོང་ས་༸སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་ ༡༠༠ ཐམ་པ་ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན་ནས་རྒྱ་གར་དང་ཨ་རི། ཁེ་ན་ཌ་གཙོ་གྱུར་རྒྱལ་སྤྱིའི་ཁྱོན་ཡོངས་ལ་དབུ་འཛུགས་གནང་བའི་ལས་དོན་གཙོ་ཆེ་ཞིག་ཡིན་པ་རེད།

སྐབས་དང་པོའི་ས་སྐྱའི་གཞི་རིམ་འོག་མའི་དགེ་འོས་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།

དེ་རིང་ཟླ་ ༢ ཚེས་ ༡༣ ཉིན་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས། ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་ཚོགས་གཞོན་དང་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚབ། དེ་བཞིན་སློབ་གཉེར་ཁང་དེའི་དགེ་ལས་སློབ་མ་བཅས་འདུ་འཛོམས་ཐོག་སྐབས་དང་པོའི་ས་སྐྱའི་གཞི་རིམ་འོག་མའི་དགེ་འོས་འཛིན་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་ཡོད་པ་རེད། ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཐོག་མའི་དམིགས་ཡུལ་གཞིར་བཟུང་ད་བར་གཉེར་བཞིན་པའི་དགེ་འོས་སྦྱོང་བརྡར་གྱི་ལས་གཞི་ཁག་ལ་ཆེ་བསྟོད་གནང་བ་དང་འབྲེལ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་འགན་དེ་བོད་མིའི་སྒྲིག་འཛུགས་ཁོ་ནར་མ་བཞག་པར་འབྲེལ་ཡོད་ཚང་མས་འཕྱར་གྲུ་མཉམ་འདེགས་ཐོག་གནང་དགོས་གལ་ཡིན་པ་གསུངས་སོང་། ལྷག་པར་དུ་འབྲེལ་ཡོད་སྒྲིག་འཛུགས་ཀྱི་ངོས་ནས་ད་བར་དགེ་འོས་སྦྱོང་བརྡར་གནང་བའི་ཐོག་མའི་དམིགས་ཡུལ་དང་མཐའ་འཇུག་གྱི་ཞན་ཆ་ཁག་ལུང་འདྲེན་དང་ཆབས་ཅིག དགེ་འོས་སྦྱོང་བརྡར་ཐོབ་པ་རྣམས་ནས་དགེ་རྒན་གྱི་ལས་གནས་ཐོག་རྒྱུན་རིང་ཙམ་བཞུགས་དགོས་གལ་ཡིན་པ་གསུངས་ཡོད། རྩ་བའི་ཐེངས་འདིའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ས་སྐྱ་སྨོན་ལམ་ཐེབ་རྩ་ཁང་གཉིས་ཟུང་འབྲེལ་ཐོག་སྤེལ་བའི་ས་སྐྱའི་སྐབས་དང་པོའི་དགེ་འོས་སྦྱོང་བརྡར་ལས་གཞི་ནི་ས་སྐྱ་ཁྲི་ཆེན་༸གོང་མ་རིན་པོ་ཆེ་མཆོག་གི་དགོངས་གཞིར་གཙོ་དམིགས་ཀྱིས་རྒྱ་བལ་གཉིས་སུ་ས་སྐྱའི་ཆོས་བརྒྱུད་ཁྱབ་ཁོངས་དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭ་ཁག་ ༢༥ ཡོད་པ་དེ་དག་གི་དགེ་རྒན་ཚོའི་སྤུས་ཚད་ལེགས་པོ་ཡོང་བར་ཕྱི་ལོ་ ༢༡༠༦ ལོར་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གིས་ཇི་ལྟར་རེ་འདུན་ཞུས་པ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་དགེ་འོས་སྐབས་དང་པོའི་སློབ་མ་ཚོར་སློབ་གཉེར་ཁང་རང་དུ་སློབ་ཁྲིད་དང་སྦྱོང་བརྡར་སོགས་གནང་ཡོད་པ་དང། སྐབས་གཉིས་པའི་ས་སྐྱའི་དགེ་འོས་འཛིན་གྲྭ་དེ་ཕྱི་ལོ་ ༢༠༡༩ ལོར་མུ་མཐུད་གནང་རྒྱུ་ཡིན་པ་རེད་འདུག

དོན་གྲུབ་དབང་ཆེན་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད།

ཉེ་ཆར་ཕྱི་ཟླ་ ༡༢ ཕྱི་ཚེས་ ༢༥ ཉིན་བོད་ནས་བྲོས་བྱོལ་གྱིས་ཨ་རིའི་ California མངའ་སྡེའི་ San Fransicco གྲོང་ཁྱེར་དུ་བདེ་འབྱོར་བྱུང་བ་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་བོད་མིའི་ངོས་ནས་རང་དབང་ཆེད་དུ་འཐབ་རྩོད་ཀྱི་རྣམ་པ་ནམ་ཡང་བློས་བཏང་གནང་མེད་ཅེས་གསུངས་འདུག དེ་ཡང་ Filming For Tibet ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་སང་དོན་གྲུབ་དབང་ཆེན་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཕེབས་པ་དང་སྦྲགས། ལྷན་ཁང་དེའི་ Multilateral Organization འམ་རྒྱལ་ཁབ་མཉམ་སྡེབ་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་སྐུ་ཞབས་ Scott Bustby ལགས་དང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་སྐུ་ཞབས་ Mike Kozak ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་འདུག སྐབས་དེར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོར་བོད་ནང་གི་བོད་མིའི་ངོས་ནས་རང་དབང་ཆེད་འཐབ་རྩོད་ཀྱི་རྣམ་པ་ནམ་ཡང་བློས་བཏང་གནང་མེད་ཅེས་ནན་པོ་གསུངས་འདུག་པ་དང་གཞུང་འབྲེལ་མི་སྣ་ཚོས་ཀྱང་དེར་ཐུགས་སྣང་ཆེན་པོས་གསན་ཞིབ་གནང་འདུག དོན་གྲུབ་དབང་ཆེན་ལགས་ནས་ཤར་ཨེ་ཤ་ཡ་དང་ལྷོ་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་ལྕམ་སྐུ་ Laura Stone ལགས་ཀྱིས་གཙོས་པའི་སྡེ་ཚན་གཞན་གྱི་མི་སྣའི་ལྷན་དུའང་མཇལ་འཕྲད་གནང་ཡོད་པ་རེད། རྩ་བའི་ཁ་སང་ཨ་རིའི་གཞུང་འབྲེལ་མི་སྣ་མཇལ་འཕྲད་སྐབས་དོན་གྲུབ་དབང་ཆེན་ལགས་ཀྱི་ལྷན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Meccaci ལགས་དང། Filming for Tibet ཚོགས་མི་བདེ་ཆེན་སྤེན་པ་ལགས། དེ་བཞིན་འཇམ་དབྱངས་ཚུལ་ཁྲིམས་ལགས་བཅས་ཆེད་ཕེབས་གནང་འདུག གཞི་རྩའི་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་དེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་གོ་སྒྲིག་ཐོག་སང་ཕྱི་ཚེས་ ༡༤ ཉིན་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༣༠༡ ནང་འཚོགས་ཀྱི་ཡོད་པ་དང་། སྐབས་དེར་ཁོང་ནས་ཨ་རིའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་ཚོར་འདས་པའི་ལོ་དུས་ནང་ཁོང་རྒྱ་གཞུང་གི་བཙོན་ཁང་དུ་མནར་གཅོད་ཇི་མྱངས་དང་། ལྷག་པར་དུ་བོད་གཙོ་གྱུར་གྱི་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐོག་སྙན་གསེང་ཞུ་གནང་གི་ཡོད་པ་མ་ཟད། དེ་འབྲེལ་གྲོས་ཚོགས་འཐུས་མིའི་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཀྱང་ཞུ་གནང་གི་ཡོད་པ་རེད།

རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀའི་བདག་དབང་ཐོག་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས།

རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷོ་ཨ་ཕི་རི་ཀར་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་ཡུལ་དེའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་སྟབས། ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་ལྕམ་ Sandy Kalyan ལགས་ཀྱིས་རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀའི་བདག་དབང་ཐོག་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་ཞེས་བརྗོད་འདུག ཟླ་བ་འདིའི་ཕྱི་ཚེས་ ༥ ནས་ ༨ བར་ཉིན་གྲངས་བཞིའི་རིང་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དེ་གནང་ཡོད་པ་དང། ཕྱི་ཚེས་ ༨ ཉིན་ཡུལ་དེའི་རྒྱལ་ས་ Pretoria ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་སྲིད་སྐྱོང་མཆོག་ཡུལ་དེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བར་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་འགལ་བྱས་པ་ཞིག་དང། ལྷག་པར་དུ་རྒྱལ་ཁབ་ཕྱོགས་གཉིས་པོའི་ཆབ་སྲིད་ཀྱི་འབྲེལ་ལམ་ལ་སྣང་ཆུང་བཏང་བ་དེས་མ་འོངས་པར་རྒྱ་ནག་གཞུང་ནས་ཡུལ་དེའི་ནང་ཚོང་གི་མ་རྩ་འཇོག་རྒྱུའི་ལས་གཞི་ཁག་ལ་དོ་ཕོག་འགྲོ་ངེས་ཡིན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། ལྷོ་ཨ་ཕི་རིའི་ Independentགསར་ཁང་ཐོག་གནས་ཚུལ་སྤེལ་བར་ཁ་ཉིན་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཆེ་ཤོས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Sandy Kalyan ལགས་ཀྱིས་རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀར་ཉེན་བརྡ་དེ་ལྟར་བཏང་བའི་བྱ་སྤྱོད་དེ་ཕྲུ་གུ་ཆུང་ཆུང་གི་བྱ་སྤྱོད་དང་གཅིག་མཚུངས་རེད་ཅེས་གསུངས་པ་མ་ཟད་བྱ་སྤྱོད་དེ་ནི་ལྷོ་ཨ་ཕི་རི་ཀའི་གཞུང་ནས་ངོས་ལེན་ཞུ་ཐབས་མེད་པ་ཞིག་ཡིན་པ་དང། ལྷག་པར་དུ་ཁོང་གིས་ཕྱི་རྒྱལ་བ་ཞིག་གིས་ལྷོ་ཨ་ཕི་རིའི་ཀའི་གཞུང་ལ་བཏང་འཛིན་བྱ་རྒྱུའི་དུས་སྐབས་དེ་སྔ་ས་ནས་རྫོགས་ཟིན་པ་རེད་ཅེས་ནན་བརྗོད་གནང་འདུག ལྕམ་ Sandy Kalyan ལགས་ནས་ཡུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་སྲིད་སྐྱོང་མཆོག་ཁུལ་དེའི་ནང་ཕེབས་པ་དང། དེ་བཞིན་ Stellebosch གཙུག་ལག་སློབ་ཁང་དུ་སྲིད་སྐྱོང་མཆོག་གི་གཏམ་བཤད་ལས་རིམ་གཏན་འཁེལ་བར་འགོག་རྐྱེན་བཟོས་པ་བཅས་ལ་སྐྱོན་བརྗོད་དང་འབྲེལ རྒྱ་ནག་གཞུང་གི་ངོས་ནས་ལྷོ་ཨ་ཕི་རི་ཀའི་བདག་དབང་ཐོག་ཚད་ལས་བརྒལ་བའི་ཐེ་བྱུས་བྱ་རྒྱུ་འཚམས་འཇོག་དགོས་ཞེས་གསུངས་འདུག དེ་དང་འབྲེལ་ནས་ལྷོ་ཨ་ཕི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་ད་ལན་སྲིད་སྐྱོང་མཆོག་གི་འཚམས་གཟིགས་དང་འབྲེལ་ནས་ཁུལ་དེར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་མངོན་གསལ་དོད་པོ་གནང་མི་དགོས་པའི་ཉན་བརྡ་བཏང་བ་དེར་སྐྱོན་བརྗོད་དང་སྦྲགས་ཏེ་ ལྷོ་ཨ་ཕི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་གསལ་བཤད་གནང་དགོས་པའི་དྲི་བ་ཡང་ཕུལ་འདུག རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལྷོ་ཨ་ཕོ་རི་ཀར་གཞུང་འབྲེལ་ཕྱོགས་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་ཅིང། གཞུང་འབྲེལ་འཚམས་གཟིགས་དེ་ཡུལ་དེའི་ཨི་ཀ་ཐ་ཀ་རང་དབང་ཆབ་སྲིད་ཚོགས་པ་གྲོས་ཚོགས་ཀྱི་འཐུས་མི་ཁག་ནས་གདན་ཞུ་ཕུལ་བ་ཞིག་ཡིན་པ་དང། རྒྱ་གཞུང་གི་གནོན་ཤུགས་ལ་ལྟོས་མེད་ལྷོ་ཨ་ཕི་རི་ཀའི་མང་གཙོ་ཚོགས་པའི་གཙོས་འཛིན་དང་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Steenhuisen ལགས་དང་། Sandy Kalyan ལགས། དེ་བཞིན་ཨི་ཐི་ཀ་ཆབ་སྲིད་ཚོགས་པའི་གཙོ་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་ Mangosuthu Buthelezi མཆོག་གིས་གཙོས་པའི་རྒྱལ་ཁབ་དེིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་སྲིད་སྐྱོང་མཆོག་ལ་མཇལ་མོལ་ཡང་ཞུས་ཡོད་པ་རེད། ལྷག་ཏུ་གྲོས་ཚོགས་འཐུས་མི་ལྕམ་ Sandy Kalyan ལགས་ནི་སྔ་ལོ་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་ཞུས་ཆབ་སྲིད་ཀྱི་གལ་གནད་ཆེ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུར་ལྷན་ཞུགས་གནང་མྱོང་ཡོད་པ་ཞིག་རེད། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཐེངས་འདིའི་ལྷོ་ཨ་ཕི་རི་ཀའི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་ daliy Mavirick གསར་ཁང་གི་བཅར་འདྲི་སྐབས་རྒྱ་གཞུང་གིས་དེང་སྐབས་འཛམ་གླིང་ཁྲོད་སྤེལ་བཞིན་པའི་འཛུགས་སྐྲུན་ལས་གཞི་དང་དཔལ་འབྱོར་སྟོབས་ཤུགས་རྒྱ་སྐྱེད་ཀྱི་ཐབས་བྱུས་དེའི་འོག་མ་འོངས་པར་ཨ་ཕི་རི་ཀ་དང་ཡོ་རོབ། དེ་བཞིན་ཨོ་སི་ཊོ་ལི་ཡ་ཚུད་ཉེན་ཡོད་པ་གསུངས་པ་མ་ཟད། ལྷག་ཏུ་སྲིད་སྐྱོང་མཆོག་གིས་དེ་སྔ་འཛམ་གླིང་མང་ཚོགས་དང་རྒྱལ་སྤྱིིའི་ཚོགས་སྒེར་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་ལྷོ་ཨ་ཕི་རི་ཀ་དེ་མང་གཙོའི་རྒྱལ་ཁབ་ཞིག་ཏུ་བསྐྱར་གསོ་ཐུབ་ཡོད་པ་དྲན་སྐུལ་གནང་བ་དང་ཆབས་ཅིག ལྷོ་ཨ་ཕི་རི་ཀ་གཞུང་གི་ངོས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་ལའང་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་འདུག འདི་ག་རླུང་འཕྲིན་ཁང་ནས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་དེ་ཡག་པོ་བྱུང་ཡོད་པ་དང་ལྷག་ཏུ་རྒྱ་ནག་གཞུང་ཚབ་ཁང་ནས་ངོ་རྒོལ་བྱས་པར་བརྟེན་སྲིད་སྐྱོང་མཆོག་གི་འཚམས་གཟིགས་དེ་ཁྱབ་བསྒྲགས་ཤུགས་ཆེ་བ་བྱུང་ཡོད་པ་གསུངས་སོང་།

ཨ་རིའི་གྲོས་ཚོགས་སུ་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་ལྷན་ཞུགས་ཐོག་ཉན་ཞིབ་ཀྱི་ལས་རིམ་ཚོགས་གཏན་འཁེལ་བ།

ཉེ་ཆར་ཕྱི་ཟླ་ ༡༢ ཕྱི་ཚེས་ ༢༥ ཉིན་བོད་ནས་བྲོས་བྱོལ་གྱིས་ཨ་རིའི་ California མངའ་སྡེའི་ San Fransicco གྲོང་ཁྱེར་དུ་བདེ་འབྱོར་བྱུང་བ་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལྷན་ཞུགས་ཐོག་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་གཏན་འཁེལ་འདུག ཉན་ཞིབ་ཀྱི་ལས་རིམ་དེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་གོ་སྒྲིག་ཐོག་གནངས་ཉིན་ཕྱི་ཚེས་ ༡༤ ཉིན་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༣༠༡ ནང་འཚོགས་ཀྱི་ཡོད་པ་དང་། སྐབས་དེར་ཁོང་ནས་ཨ་རིའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་ཚོར་འདས་པའི་ལོ་དུས་ནང་ཁོང་རྒྱ་གཞུང་གི་བཙོན་ཁང་དུ་མནར་གཅོད་ཇི་མྱངས་དང་། ལྷག་པར་དུ་བོད་གཙོ་གྱུར་གྱི་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐོག་སྙན་གསེང་ཞུ་གནང་གི་ཡོད་པ་མ་ཟད། དེ་འབྲེལ་གྲོས་ཚོགས་འཐུས་མིའི་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཀྱང་ཞུ་གནང་གི་ཡོད་པ་རེད། ཉན་ཞིབ་ཀྱི་ལས་རིམ་དེའི་ཆེད་དོན་གྲུབ་དབང་ཆེན་ལགས་ཉེ་ཆར་ཕྱི་ཚེས་ ༩ ཉིན་གྲོང་ཁྱེར་ San Fransicco ནས་ཨ་རིའི་རྒྱལ་ས་ Washington DC ནང་ཕེབས་ཡོད་པ་དང་། སྐབས་དེར་ DC མངལ་ཁུལ་གྱི་བོད་མི་རྣམས་ནས་ཁུལ་དེར་རྟེན་གཞི་བྱས་པའི་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་སུ་ཁོང་ལ་ཕེབས་བསུའི་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཁོང་ནས་ད་རེས་ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་ས་གནས་བོད་མི་ཚོ་དང་ཐུགས་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད། གཞི་རྩའི་བོད་མི་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་བོད་མི་ཚོར་དངོས་སུ་ཐུགས་འཕྲད་ཀྱིས་འཇིགས་བྲལ་ཞེས་པའི་གློག་བརྙན་ཞིག་བཟོས་རྗེས་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིས་བྱས་ཏེ། ཕྱི་ལོ་ ༢༠༠༨ ནས་ ༢༠༡༤ བར་མི་ལོ་དྲུག་གི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོ་མཇུག་ཏུ་ཁོང་བཙོན་གྲོལ་ཐོབ་ཡོད་ཀྱང་རྒྱ་གཞུང་གི་ལྟ་སྲུང་འོག་ལོ་གསུམ་རིང་ཆབ་སྲིད་ཀྱི་ཐོབ་ཐང་རྩ་བ་ནས་མེད་པར་གནས་དགོས་བྱུང་ཡོད།

ཨ་མ་བོད་པ་ཡིན་པའི་ཕོ་གསར་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་མིར་བཞེངས་པ།

ཨ་རིའི་ Ohio མངའ་སྡེ་ནང་སྐྱེས་འཚར་བྱེད་བཞིན་པའི་ཕ་རྒྱ་གར་དང་ཨ་མ་བོད་པ་ཡིན་པའི་ཕོ་གསར་ Aftab Karma Singh Pureval ལགས་འདི་ལོའི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ འཐུས་མིའི་འོས་མིར་བཞེང་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་འདུག དེ་ཡང་ཟླ་བ་ ༡༢ ཚེས་ ༣༡ ཉིན་ཨ་རིའི་ Ohio མངའ་སྡེའི་གྲོང་ཁྱེར་ Cincinnati ནང་ Aftab Karma Singh Pureval ལགས་ཀྱིས་ས་གནས་མང་ཚོགས་རྣམས་ལ་འཚམས་འདྲིའི་གསུང་བཤད་དང་སྦྲགས། ཁོང་འདི་ལོ་ཨ་རིའི་མང་གཙོ་ཚོགས་པའི་མིང་ཐོག་བརྒྱུད་ཨོ་ཧེ་ཧོ་མངའ་སྡེ་ནས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བཞེང་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་དང་། སྐབས་དེར་ཁོང་ནས་ཐེསང་འདིའི་གྲོས་ཚོགས་འཐུས་མིའི་འོས་མིར་བཞེང་རྒྱུར་ཐག་གཅོད་ལས་སླ་པོ་ཞིག་དང་སྔར་ནས་དམིགས་ཡུལ་ཡོད་པ་ཞིག་མིན་ནའང་དེང་སྐབས་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་སྲིད་གཞུང་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་གཙོས་མང་ཚོགས་ཀྱི་བདེ་དོན་ཐོག་ཕྱག་ལས་གནང་སྟངས་ལ་བསྒྱུར་བཅོས་གཏང་རྒྱུ་དང་། ལྷག་པར་དུ་ཨ་རིའི་ཆེ་མཐོང་ཁག་སྲུང་སྐྱོབ་གནང་རྒྱུ་རྒྱལ་ཁབ་འདིའི་མི་རབས་གསར་པ་ཚོས་འགན་བཞེས་ཐོག་ཁ་ཕྱོགས་གསར་བ་ཞིག་གི་ཐོག་བསྐྱོད་དགོས་གལ་ཡིན་སྟབས། ཁོང་གྲོས་ཚོགས་འཐུས་མིའི་འོས་མིར་བཞེངས་པ་ཡིན་ཞེས་གསུངས་འདུག གཞི་རྩའི་ད་ལྟ་རང་ལོ་ ༣༥ ཡིན་པ་ Aftab Karma Singh Pureval ལགས་ཀྱི་ཨ་མ་ལགས་ནི་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་རྗེས་རང་ཉིད་ཀྱི་བཟའ་ཟླ་རྒྱ་གར་བ་ཞིག་དང་ལྷན་དུ་ལོ་ངོ་ ༤༠ གོང་ཨ་རིའི་ Ohio མངའ་སྡེར་གནས་སྡོད་བྱེད་བཞིན་ཡོད་པ་དང་། Aftab Karma Singh Pureval ལགས་འདས་པའི་ལོ་དུས་ནང་ཨོ་ཧེ་ཧོ་མངའ་སྡེའི་མི་མང་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་སོགས་སུ་ཆབ་སྲིད་ཚན་རིག་དང་། ཁྲིམས་ལུགས་རིག་པའི་ཐོག་སློབ་སྦྱོང་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་ཁོང་ Ohio མངའ་སྡེའི་སྲིད་གཞུང་གི་ཁྲིམས་ཁང་དུ་ཕྱག་ལས་ཀྱང་གནང་མྱོང་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ Aftab Karma Singh Pureval ལགས་ཀྱི་ཁ་གཏད་འོས་མི་དེ་ནི་རང་ལོ་ ༦༥ ཡིན་པ་ཨ་རིའི་སྤྱི་མཐུན་ཚོགས་པའི་ Steve Chabot ལགས་ཡིན་པ་དང་། ཨ་རི་མང་གཙོ་ཚོགས་པས་ Aftab Karma Singh Pureval ལགས་ལ་རྒྱབ་སྐྱོར་གནང་སྟངས་དང་འོས་བསྡུའི་གྲ་སྒྲིག་གི་ལས་རིམ་ལ་གཞིགས་ན་ Aftab Karma Singh Pureval ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་ཚོད་དཔག་ཆེན་པོ་གནང་བཞིན་འདུག རྩ་བའི་དངོས་གཞིའི་འོས་བསྡུ་དེའདི་ལོའི་ཟླ་ ༡༡ ཚེས་ ༦ ཉིན་ཡིན་པ་དང་། གལ་སྲིད་ Aftab Karma Singh Pureval ལ་རྒྱལ་ཁ་ཐོབ་ཚེ་ཁོང་ནི་བོད་ཀྱི་མི་རྒྱུད་ཡིན་པ་ཨ་རིའི་གྲོས་ཚོགས་འཐུས་མི་ཆགས་པ་ལོ་རྒྱུས་ཁྲོད་ཀྱི་ཆེས་ཐོག་མ་དེ་ཡིན་པ་རེད།

Latest news