Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་བཀའ་འཁྲོལ་ཞུ་དགོས་པའི་སྐྱོན་བརྗོད།

ཉེ་ཆར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་བཞུགས་སྒར་དྷ་རྨ་སཱ་ལཱར་ཕེབས་སྐབས་སུ་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བར་སྐྱོན་བརྗོད་གནང་བ་དང་། བོད་མི་རྣམས་ལ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་དབང་ཆ་ཚང་ཡོད་པ་གསུངས་པ་མ་ཟད་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་དང་འབྲེལ་ཐག་གཅོད་གནང་དབང་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ། དེ་བཞིན་བོད་མི་རྒྱ་ཆེ་མང་ཚོགས་བཅས་ལ་ཡོད་པ་ལས་གཞན་རྒྱལ་ཁབ་སུ་ལ་ཡང་ཐོབ་ཐང་མེད་པར་ནན་བརྗོད་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྐུ་ཞབས་ Brownback མཆོག་ལ་སྐྱོན་བརྗོད་དང་འབྲེལ་ཏེ་སླད་མར་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་བཀའ་འཁྲོལ་ངེས་པར་དུ་ཞུ་དགོས་ཞེས་སྐྱོན་བརྗོད་བསྐྱར་ནན་བྱས་འདུག Indiatoday གཙོས་པའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་གསར་འགོད་པར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐུ་ཚབ་ཀྱི་གསུངས་པ་དེས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱས་པ་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་བཙན་བྱོལ་ནང་དུ་ཆོས་ཀྱི་མཚན་ཐོག་ནས་རྒྱ་ནག་ལ་གནོད་གཞིའི་ལས་དོན་སྤེལ་མཁན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་མི་སྣ་སུ་འདྲ་ཞིག་ནས་༸གོང་ས་མཆོག་དང་འབྲེལ་བ་གནང་བར་མཐའ་གཅིག་ཏུ་མུ་མཐུན་མེད་པ་དང་། ལྷག་པར་དུ་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་གཅིག་གིས་བཀའ་མོལ་གསུང་སྟངས་དང་བྱ་སྤྱོད་སྤེལ་སྟངས་རྣམས་ཨ་རིའི་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་རང་བཙན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུ་མིན་པའི་སྲིད་བྱུས་དང་རྒྱབ་འགལ་ཆགས་ཀྱི་ཡོད་པས་དེར་རྒྱ་ནག་གཞུང་གིས་དགག་པ་ཡོད་སྐོར་སྐྱོན་བརྗོད་བྱས་འདུག ཁོ་པས་ད་དུང་སྤྲུལ་པའི་སྐུ་འམ་ཡང་སྲིད་ཕེབས་རྒྱུའི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་དེ་ནི་ལམ་དང་ལུགས་སྲོལ་གཏན་འབེབས་ཡོད་པའི་འགྲོ་ལུགས་ཤིག་གི་ཐོག་ནས་བདམ་གྱི་ཡོད་སྐོར་དང་འབྲེལ། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲི་མཐོ་ཤོས་སུ་ངོས་འཛིན་བཞིན་པ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཀྱང་རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་ཏེ་བདམས་པ་ཞིགཡིན་པར་བཤད་པ་མ་ཟད་རྒྱ་ནག་གཞུང་ནས་ཆོས་དོན་སྒྲིག་གཞི་དང་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་བཏང་འཛིན་གྱི་སྒྲིག་གཞིའི་འོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་བདམ་ཕྱོགས་ཀྱི་ལམ་ལུགས་ལ་གུས་བརྩི་དང་ཆོས་དད་རང་དབང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་བཤད་ཡོད། ཨ་རིའི་གཞུང་གིས་ཏཱ་ལའི་རུ་ཚོགས་དང་ལྷན་དུ་འབྲེལ་བ་བྱ་མཚམས་བཞག་དགོས་པ་དང་འགན་ཁུར་མེད་པའི་གཏམ་བཤད་འདི་རིགས་སྤེལ་མཚམས་བཞག་དགོས་པ་དེ་བཞིན་བོད་དང་འབྲེལ་བའི་གནད་དོན་ཐོག་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱ་མཚམས་བཞག་སྟེ་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་དོ་སྣང་ཆེ་ཙམ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག རྩ་བའི་ཉེ་ཆར་ཟླ་བ་འདིའི་ཟླ་མགོར་བཞུགས་སྒར་གངས་སྐྱིད་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དེ་ཚོགས་ཐོག་ཚོགས་བཅར་བ་རྣམ་པ་མགྲིན་དབྱངས་གཅིག་གྱུར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་པ་བརྒྱ་ཕྲག་བར་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། ཇི་སྲིད་བོད་ཁ་བ་ཅན་གྱི་འགྲོ་བ་ནམ་གནས་ཀྱི་བར་དུ་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་རྣམས་ངེས་ཕེབས་ཡོང་བའི་མགྲིན་དབྱངས་གཅིག་གྱུར་གྱི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཉིད་མཆོག་དང་། ༸གོང་ས་ཏཱ་བླའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས་གཞན་རྒྱལ་ཁབ་དང་གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལ་ཡང་མེད། དེ་བཞིན་རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་གནང་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པ་བརྒྱུད་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་བྱུས་ངན་བཏོན་དང་འདོན་བཞིན་པ་དེར་དགག་པ་མཐའ་ཅིག་ཏུ་བྱ་རྒྱུ་ཞེས་གྲོས་ཆོད་ནང་གསེས་བཞི་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུའང་ Tibet Policy and Support Act of 2019 ཞེས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ཁྲིམས་ཆར་ཆེད་འདོན་གྱིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་དང། དེའང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་རྗེས་འབྲང་པ་རྣམས་ལ་ཐག་གཅོད་གནང་རྒྱུའི་གནད་དོན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱལ་སྤྱིའི་ཁྲོད་ཨ་རིའི་ལྟ་བུའི་བཞེངས་ཕྱོགས་འཛིན་མཁན་རྒྱལ་ཁབ་དང་ལྷན་དུ་མཉམ་རུབ་ཀྱིས་རྒྱ་ནག་གི་༸སྐུའི་ཡང་སྲིད་བདམ་རྒྱུའི་འཆར་གཞིར་གདོང་ལེན་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད། དེ་དོན་ཨ་རིའི་ས་གནས་འདྲ་མིན་གྱི་བོད་རིགས་ཚོགས་པ་ཁག་དང་སྐུ་ཚབ་དོན་ཁང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་ཨ་རིའི་རྒྱལ་ཡོངས་སུ་བོད་དོན་ཁྲིམས་གཞིར་རྒྱབ་སྐྱོར་དགོས་པའི་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་གྲོས་ཚོགས་འཐུས་མིའི་ཁོངས་སུ་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༤ པ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་དགུ་པ་ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༤ པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ལྷན་ཚོགས་ཐོག་༸གོང་ས་མཆོག་གིས་དབུས་པའི་སེམས་དང་སྲོག་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ངེས་སྟོན་པ་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Aaron Stern ལགས། དེ་བཞིན་བསྟི་གནས་ཁང་གི་ཚོགས་གཙོ་ Susan Bauer-Wu ལགས་དང་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས། སྐྱེས་དངོས་རིག་པའི་འཕེལ་རིམ་ཐོག་གི་ཚན་རིག་མཁས་པ་སྐུ་ཞབས་ David Sloan Wilson ལགས་དང་སྤྱི་ཚོགས་འཕྲོད་བསྟེན་དང་སེམས་ཁམས་རིག་པའི་ཚན་རིག་པ་ལྕམ་ Pumla Gobodo-Madikizela ལགས། སེམས་དང་སྲོག་བསྟི་གནས་ཁང་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཚན་རིག་མཁས་པ་སོགས་ནས་ལྷན་ཞུགས་གནང་འདུག ལྷན་ཚོགས་ཀྱི་ཐོག་མར་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་བསྟི་གནས་ཁང་གིས་འདས་པའི་ལོ་ངོ་མང་པོའི་རིང་ལ་མགོན་པོ་༸གང་ཉིད་མཆོག་དང་རྒྱལ་སྤྱིའི་ཚན་རིག་མཁས་པའི་དབར་བགྲོ་གླེང་གནང་རྒྱུ་སོགས་ཀྱི་མཛད་རིམ་གོ་སྒྲིག་ཞུ་བཞིན་པ་དེས་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བཀའ་བསྩལ་བ་དང་སྦྲགས། བསྟི་གནས་ཁང་གི་འགན་འཛིན་གྱིས་དབུས་པའི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞེས་འཚམས་འདྲི་མཛད་སོང་།  མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་གཙོ་བོ་དེ་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་ཡང་ལྟ་གྲུབ་ཀྱི་ཆ་ནས་ནང་པའི་ཆོས་ལུགས་འདི་དད་པ་ཁོ་ན་མིན་པར་དཔྱད་པ་གནང་རྒྱུའི་རང་དབང་ཡོད་པ་དེ་ནི་ཆོས་ལུགས་གཞན་ལས་ཅུང་ཟད་དམིགས་བསལ་བ་ཞིག་ཡིན་པ་ངོ་སྤྲོད་མཛད་པ་དང་སྦྲགས། ང་ཚོས་རྒྱུན་དུ་གནད་དོན་ཅི་རིགས་ཐོག་སོ་སོའི་ཀླད་པའི་བྱེད་ལས་དེ་དག་ནུས་པ་ཆ་ཚང་བ་ཞིག་སྤྱོད་རྒྱུ་གལ་ཆེན་པོ་ཡིན་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། ལྷག་པར་དུ་ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་བརྒྱུད་ནས་ཕྱོགས་ཕན་ཚུན་དབར་ཤེས་ཡོན་བརྗེ་ལེན་གནང་ཐུབ་པའི་དགེ་མཚན་ལྡན་ཡོད་པ་དང་། ཚན་རིག་གི་ཐོག་ནས་ཕྱི་དངོས་པོའི་ཐོག་ཞིབ་འཇུགས་ཚད་མཐོ་པོ་གནང་སྟེ་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེ་སྐྲུན་ཐུབ་ཡོད་ཀྱང་ནང་སེམས་ཀྱི་རྣམ་གཞག་དང་འགྲོ་བ་མིའི་སེམས་ཚོར་དང་འབྲེལ་བའི་རྣམ་གཞག་ཐོག་དུས་ད་ལྟ་ཡང་ཚན་རིག་ཐོག་ནས་འདངས་ངེས་ཤིག་མེད་སྟབས། ཚན་རིག་པ་རྣམས་ནས་མུ་མཐུད་དེ་དེ་དག་ཐོག་ཐུགས་སྣང་དང་ཞིབ་འཇུག་གནང་དགོས་གལ་ཡིན་པ་བཀའ་བསྩལ་ཡོད།    དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འཛམ་བུ་གླིང་འདིའི་ཐོག་འཕྲད་བཞིན་པའི་རང་བྱུང་གི་གོད་ཆག་ཁག་ཅིག་ང་ཚོས་འགོག་ཐབས་མེད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཀྱི་དབུལ་ཕྱུག་གི་དཀའ་ངལ་དང་། དམག་འཁྲུག དེ་བཞིན་ཆོས་ལུགས་ཀྱི་འཐེན་འཁྱེར་ཐོག་འབྱུང་བཞིན་པའི་འཁྲུག་རྩོད་སོགས་ནི་འགྲོ་བ་མིས་བཟོས་པ་ཞིག་ཡིན་སྟབས་དཀའ་ངལ་དེ་དག་རྩ་བ་ནས་མེད་པ་བཟོ་ཐུབ་ཀྱི་མེད་རུང་ཉུང་དུ་གཏང་རྒྱུའི་ནུས་པ་དང་འགན་དེ་ང་ཚོ་མི་ཚོར་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དེའི་ཐོག་ཐབས་ལམ་འཚོལ་རྒྱུ་གལ་ཆེན་པོ་ཡིན་པ་དང་ཚན་རིག་དང་མཐུན་པའི་ཐོག་ནས་ཤེས་ཡོན་སློབ་གསོའི་ནང་འགྲོ་བ་མིའི་རང་བཞིན་བཟང་པོའི་ཡོན་ཏན་རྣམས་སློབ་ཁྲིད་གནང་བར་འབད་རྩོན་གནང་དགོས་པའི་ལམ་སྟོན་སོགས་བསྩལ་ཡོད། གཞི་རྩའི་དེ་རིང་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་ཉིན་དང་པོའི་བརྗོད་གཞི་གཙོ་བོ་ནི་སྐྱེས་དངོས་རིག་པའི་འཕེལ་རིམ་དང་ཀུན་སྤྱོད་ཀྱི་འབྲེལ་བའི་སྐོར་ཡིན་པ་ལྟར། སྐྱེས་དངོས་རིག་པའི་འཕེལ་རིམ་ཐོག་གི་ཚན་རིག་མཁས་པ་སྐུ་ཞབས་ David Sloan Wilson ལགས་ནས་འདས་པའི་ལོ་ངོ་ ༥༠ ཙམ་གི་གོང་ལ་སྐྱེས་དངོས་རིག་པའི་ཚན་རིག་པ་ཚོས་སྐྱེས་དངོས་ཀྱི་འཕེལ་རིམ་འགྲེལ་བརྗོད་གནང་སྐབས་རིགས་རྒྱུན་གྱི་ས་བོན་ལ་གཞི་གཙོ་བོར་འཛིན་བཞིན་ཡོད་ཀྱང་། རིམ་པས་ཚན་རིག་གི་དཔྱད་ཞིབ་ཁྲོད་མིས་གཙོས་པའི་སྐྱེས་དངོས་འཕེལ་རིམ་གྱི་གྲུབ་བྱའི་ནང་རིགས་རྒྱུན་གྱི་ས་བོན་དང་དེའི་ཁྱད་ཆོས་ཙམ་མ་ཟད། སྐྱེས་དངོས་ཀྱི་ཀུན་སྤྱོད་དང་སྤྱི་ཚོགས། དེ་བཞིན་ནང་པའི་གཞུང་ནས་གསུང་བཞིན་པའི་བལྟོས་གྲུབ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ར་ཕྲོད་བྱུང་སྐོར་སོགས་སྙན་སེང་ཞུས་སོང་། སྐབས་དེའི་བགྲོ་གླེང་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་སྐྱེས་དངོས་ཀྱི་འཕེལ་རིམ་ཤེས་པ་དང་འཚོ་བ་སོགས་ཀྱི་སྐོར་གསུངས་སྐབས་ཚན་རིག་པ་རྣམས་ནས་རྒྱ་གར་གྱི་སེམས་ཁམས་རིག་པའི་ཐོག་སློབ་སྦྱོང་གནང་དགོས་གལ་ཡིན་པ་ལམ་སྟོན་སོགས་མཛད་ཡོད། གཞི་རྩའི་སེམས་དང་སྲོག་གི་བསྟི་གནས་ཁང་དེ་ནི་ཕྱི་ལོ་ ༡༩༨༧ ལོར་གསར་འཛུགས་གནང་བ་ནས་བཟུང་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་ཤེས་ལྡན་མི་སྣ། དེ་བཞིན་ནང་པའི་ལྟ་གྲུབ་མཁས་པ་ཚོའི་དབར་ཕྱི་ནང་གི་ཤེས་ཡོད་བརྗེ་རེས་གནང་སྟེ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་མཐོར་གྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྐྲུན་ཐབས་སོགས་ལ་ཆེད་དམིགས་གནང་དོན་ལྟར་དེ་རིང་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༤ འཚོགས་བཞིན་ཡོད་པ་དང་། གནངས་ཉིན་ལྷན་ཚོགས་ཉིན་གཉིས་པའི་ཐོག་སྤྱི་ཚོགས་འཕྲོད་བསྟེན་དང་སེམས་ཁམས་རིག་པའི་ཚན་རིག་པ་ལྕམ་ Pumla Gobodo-Madikizela ལགས་དང་༸གོང་ས་མཆོག་ལྷན་རྒྱས་དབར་བཀའ་བསྡུར་གནང་གི་ཡོད་པ་རེད།

བོད་ཀྱི་རྣམ་མཐར་གཏོང་རྒྱུའི་ལུགས་སྲོལ་དེ་བོད་མིའི་ཐུན་མིན་རིག་གཞུང་ཡིན།  

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་གྱི་ཞོགས་པ་ ༩ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པ་བོད་ཀྱི་གར་གླུའི་རིག་རྩལ་ཁང་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་སོང་། ཚོགས་ཁང་གསར་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸གོང་ས་མཆོག་དབུ་བཞུགས་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་ཀྱི་ཟློས་གར་ཚོགས་པའི་སློབ་ཟུར་དང་དགེ་ལས་སློབ་ཕྲུག ས་གནས་མི་མང་བཅས་འདུ་འཛོམས་གནང་སོང་། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་༸གོང་ས་མཆོག་ལ་མཎྜལརྟེན་གསུམ་འདེགས་འབུལ་ཞུས་པ་བརྒྱུད་ནས་བོད་ཀྱི་ཟློས་གར་ཚོགས་པའི་དབུས་ལས་ཟུར་ཐུན་མོང་ནས་བཀའ་དྲིན་རྗེས་སུ་དྲན་པའི་སྐུ་རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་༸དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་གསང་བདག་རྔོན་པའི་སྣང་བརྙན་ངོ་མཚར་ཅན་ཞིག་གཟེངས་རྟགས་སུ་འབུལ་ལམ་ཞུས་སོང་བ་མ་ཟད། བཀའ་བློན་ཁྲི་ཟུར་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་མཛད་པའི་བསྟོད་དབྱངས་ཤིག་བོད་ཀྱི་ཟློས་གར་ཚོགས་པའི་བྲོ་བ་རྣམས་ནས་མཆོད་དབྱངས་སུ་འབུལ་ལམ་ཞུས་སོང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་མཆོག་སྐུ་ན་ཆུང་དུས་སུ་ལྷ་མོ་འཁྲབ་མྱོང་ཡོད་ཅེས་ཐུགས་དྲན་གསོ་མཛད་པ་བརྒྱུད་ཞབས་བྲོ་འཁྲབ་རྒྱུ་ནི་རྒྱ་རིགས་ཚོས་བོད་ཀྱི་ཞབས་བྲོ་འཁྲབ་ཐུབ་ཀྱི་ཡོད་ཀྱང་བོད་ཀྱི་རྣམ་མཐར་གཏོང་རྒྱུའི་ལམ་ལུགས་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡིན་པ་ལས་རྒྱ་རིགས་ཚོས་ཇི་ལྟར་བྱས་ཀྱང་རྣམ་མཐར་གཏོང་ཐུབ་ཀྱི་མེད་པས་དེ་ནི་བོད་ཀྱི་ཐུན་མིན་རིག་པའི་གཞུང་ལུགས་ཁྱད་པར་བ་ཞིག་ཡིན་པ་བཀའ་བསྩལ་ཡོད། བོད་ཀྱི་ཟློས་གར་ཚོགས་པ་དེ་བཞིན་བོད་ཀྱི་རིག་གཞུང་གི་ཆ་ཤས་ཤིག་ཡིན་པ་དང་ད་བར་འབྲེལ་ཡོད་ཚོས་ཧུར་ཐག་གནང་ཡོད་པ་མ་ཟད་མི་རབས་གསར་པ་ཚོས་ཀྱང་མུ་མཐུད་རྒྱུན་སྐྱོང་གནང་བཞིན་པར་ཡི་རང་བསྔགས་བརྗོད་མཛད་སོང་། དེ་བཞིན་མགོན་པོ་མཆོག་གིས་དེ་སྔ་བོད་ལ་སངས་རྒྱས་པའི་བསྟན་པ་དེ་མུ་སྟེགས་པ་དང་འདྲེས་པ་ལྟ་བུ་ཡོད་ནའང་ཕྱིས་སུ་བོད་ལ་དུས་འགྱུར་བྱུང་ནས་བཙན་བྱོལ་ལ་སླེབས་རྗེས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་སངས་རྒྱས་པའི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པ་གསུང་མཁན་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱལ་སྤྱིའི་ཁྲོད་མཐོང་དང་དོ་སྣང་ཆེན་པོ་སླེབས་པ་ནི་བཙན་བྱོལ་ལ་འབྱོར་རྗེས་ཀྱི་བྱས་རྗེས་ཤིག་ཡིན་པར་བཀའ་བ་དང་འབྲེལ། ཅི་སྟེ་བཙན་བྱོལ་བ་ཞིག་མ་ཆགས་པ་ཡིན་ན་སྔར་གྱི་ལམ་ལུགས་ལ་རང་སོར་ལྷག་པ་ལས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ལྟ་གྲུབ་རྣམས་རྒྱལ་སྤྱིའི་ཁྲོད་ཁྱབ་སྤེལ་གནང་ཐུབ་ཀྱི་མེད་སྟབས་བཙན་བྱོལ་བར་གྱུར་བ་དེས་རྐྱེན་ངན་གྲོགས་ཤར་བྱུང་ཡོད་པ་བཀའ་བསྩལ་ཡོད། མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་དེ་བདེན་པ་ལ་བརྟེན་ཡོད་སྟབས་རྒྱ་ནག་དེ་གོ་མཚོན་ལ་བརྟེན་ཡོད་སྐོར་བཀའ་བསྩལ་ཏེ་འཛམ་བུ་གླིང་གི་ལོ་རྒྱུས་ཁྲོད་གོ་མཚོན་གྱི་ནུས་པ་དེ་མཐར་འཁྱོལ་གྱི་མེད་པ་དང་བདེན་པའི་ནུས་པར་གྲུབ་འབྲས་ཤིག་སོན་གྱི་ཡོད་པ་ལྟར་བོད་ལྟ་བུ་དཔུང་སྟོབས་ཀྱི་ཆ་ནས་རྒྱ་ནག་ལ་ཁ་གཏད་བྱ་ཐུབ་ངེས་ཤིག་མིན་ཡང་བདེན་པའི་ནུས་པ་དེས་བོད་ཀྱི་བདེན་མཐའ་སེལ་ངེས་ཡིན་པར་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་གི་ཆོས་ལ་དད་པ་དང་གཞན་གྱི་ཆོས་ལ་གུས་བརྩི་བྱེད་དགོས་པ་བཀའ་བསྩལ་ཏེ་སྤྱིར་འཛམ་གླིང་འདིའི་ནང་དུ་ཆོས་ལུགས་མི་འདྲ་བ་ལས་ལྟ་གྲུབ་མི་འདྲ་བ་ཡོད་པ་དང་། བྱམས་པ་དང་བརྩེ་བ་ནི་ཆོས་ལུགས་ཚང་མས་གཅིག་མཚུངས་སུ་འདོད་ཀྱི་ཡོད་ཀྱང་ཆོས་ལུགས་འདྲ་མིན་རྐྱེན་པས་མི་གསོད་ཕྲག་སྦྱོར་བྱེད་བཞིན་པ་དེ་ནི་ཐབས་སྐྱོ་པོ་ཡིན་པ་དང་། ཆོས་ལུགས་མཐུན་སྒྲིལ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་དེ་ལོ་ ༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་བྱུང་བ་འདི་ནི་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་དང་། མི་རབས་གོང་མ་ཚོས་སྐུ་ལས་སྐྱོན་པ་ལས་བྱུང་བ་ཞིག་ཡིན་པ་དང་། ལྷག་པར་དུ་བོད་པའི་སློབ་གྲྭ་ཁག་གི་ནང་དུ་བོད་ཕྲུག་ཚོར་བོད་པའི་གཞས་དང་ཞབས་བྲོ་འཁྲབ་རྒྱུ་ཡོད་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཟློས་གར་ཟུར་པ་རྣམས་ནས་ཀྱང་བོད་ཀྱི་རིག་གཞུང་ཁྱབ་སྤེལ་གནང་སྟེ་རྒྱལ་སྤྱིའི་ཁྲོད་ངོམས་སུ་ཆོག་པ་ཞིག་བྱུང་བ་དེ་དག་མཐའ་དག་མགོན་པོ་༸གང་ཉིད་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གྲུབ་འབྲས་སྨིན་པ་ཞིག་ཡིན་པ་གསུངས་སོང་། དེ་རིང་གི་མཛད་སྒོའི་ཐོག་དགུང་ལོ་ ༩༣ ལ་ཕེབས་པའི་སྐུ་ངོ་བསམ་པོ་འཇིགས་མེད་དབང་ཆེན་ལགས་སུ་བོད་གཞིས་བྱེས་གཉིས་ཀྱི་ནང་ནས་བོད་ཀྱི་རོལ་ཆ་མཁན་སྐུ་ན་བགྲེས་ཤོས་ཀྱི་མི་གཡང་དང་དཔེ་བཟང་ཕུལ་བྱུང་མི་སྣའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་དང་མ་ཟད། ཚོགས་ཁང་གསར་པའི་སྦྱིན་བདག་ཁག་གཅིག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་བཅས་གསོལ་བསྩལ་གནང་སོང་།

ཧི་མཱ་ལ་ཡའི་མི་རིགས་ཚོས་མུ་མཐུད་སངས་རྒྱས་པའི་ཆོས་བདག་གཅེས་གནང་དགོས།

དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྔ་དྲོ་ཚོུད་ ༨ པ་ཙམ་ལ་འབྲས་ལྗོངས་བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དགེ་ལས་སློབ་ཕྲུག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་ཞུས་སོང་། དེ་རིང་ཟླ་ ༡༠ ཚེས་ ༢༩ ཉིན་སྔ་དྲོར་རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་འབྲས་ལྗོངས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དགེ་སློབ་གཙོས་པའི་གུ་རུང་དང་། བལ་ཡུལ། ཤར་པ།  ལེབ་ཆ། ཅེཏ་རི། འབྲས་ལྗོངས་སོགས་ཁྱོན་མི་གྲངས་ ༡༨༥ ལྷག་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་རིག་གཞུང་གལ་གནད་སྐོར་ངོ་སྤྲོད་བསྩལ་བ་དང་དང་སྦྲགས་ཏེ་ཕྱི་ལོ་ ༡༩༤༩ དང་ ༡༩༥༠ ནས་བཟུང་རྒྱ་གཞུང་གིས་བོད་མིར་དྲག་གནོན་དང་དགོན་པ་གཏོར་བཅོམ་གྱིས་བོད་མི་འབུམ་མང་པོ་དམར་གསོད་བཏང་ཡོད་ཀྱང་། བོད་མི་རིགས་ཀྱི་སེམས་ཤུགས་དང་ཞེན་ཁོག་དེ་བརླག་མེད་པ་དང་སྒོས་ཧི་མཱ་ལ་ཡའི་རི་རྒྱུད་ལ་ཡོད་པའི་མི་རིགས་རྣམས་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ནས་སོ་སོར་ཡོད་པའི་རང་དབང་གི་གོ་སྐབས་སྤྱད་དེ་མུ་མཐུད་སངས་རྒྱས་པའི་ཆོས་བདག་གཅེས་གནང་དགོས་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ལྟ་གྲུབ་ཐོག་ནས་ནང་པའི་ཆོས་བརྒྱུད་དེ་ཚན་རིག་དང་བསྟུན་ནས་འགྲོ་མཁན་ཞིག་ཡིན་པས་བོད་མིས་གཙོས་པའི་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མི་མང་ནས་དེར་སྤོབས་པ་བྱེད་དགོས་པ་དང་ཆབས་ཅིག་ཏུ་དབང་རྣོན་ཆོས་ཀྱི་རྗེས་འབྲང་པ་ཞིག་བྱེད་དགོས་གལ་ཡིན་པ་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་བོད་མི་ལྟ་བུར་མཚོན་ན་རང་ཉིད་ཀྱི་ལུང་པ་དང་བྲལ་ཡོད་ཀྱང་བོད་ཀྱི་བདེན་མཐའ་ཏན་ཏན་སེལ་ཐུབ་ངེས་ཡིན་སྐོར་བཀའ་བསྩལ་དང་འབྲེལ་ཏེ་ཧི་མཱ་ལ་ཡའི་མི་རིགས་ཚོས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེར་སློབ་སྦྱོང་གནང་ཐོག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གནང་དགོས་པ་བཀའ་བསྩལ་ཡོད། གཞི་རྩའི་འབྲས་ལྗོངས་བཻ་རོ་ཙ་ན་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་ནི་དེ་སྔར་མགོན་པོ་༸གང་ཉིད་མཆོག་གིས་འབྲས་ལྗོངས་ནང་བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་དགོས་པར་བཀའ་བསྩལ་མཛད་པ་ལྟར་ཕྱི་ལོ་ ༡༩༩༩ ལོར་རྒན་བྱམས་པ་ཆོས་འཕེལ་ལགས་ཀྱིས་གཙོས་པའི་དང་བླངས་བ་ཁག་གཅིག་ནས་འགན་ཁུར་གྱིས་ཆེད་འཛུགས་གནང་བའི་སློབ་གཉེར་ཁང་ཞིག་ཆགས་ཀྱི་ཡོད་པ་རེད། ད་ཆ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་གྱི་ཡོད་པ་རེད། སློབ་གཉེར་ཁང་དེའི་ནང་བོད་སྐད་དང་བོད་ཡིག  དེ་བཞིན་ཀུན་བཟང་བླ་མའི་ཞལ་ལུང་། སྤྱོད་འཇུག་ལས་བྱང་ཆུབ་སེམས་དང་སྟོང་ཉིད། དེ་བཞིན་བར་དོའི་སྐོར་བོད་སྐད་དང་དབྱིན་ཇི། བལ་སྐད་བཅས་ནང་སློབ་ཁྲིད་གནང་གི་ཡོད་པ་དང་། སློབ་གཉེར་ཁང་དེ་ཐོག་མ་ཆེད་འཛུགས་གནང་མཁན་ཁོངས་སུ་ཡོད་པ་དང་ནང་ཆོས་སློབ་ཁྲིད་གནང་མཁན་རྒན་བྱམས་པ་ཆོས་འཕེལ་ལགས་ཡིན་པ་རེད།

ལྦན་བྷག་ཨལ་ལཎ་གྱི་སློབ་ཕྲུག་ཁག་གཅིག་ལ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བསྩལ་བ།

ཁ་སང་ཕྱི་ཚེས་ ༢༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་མང་སྐབས་མ་སུ་རིར་རྟེན་གཞི་བྱས་པའི་ལྦན་བྷག་ཨལ་ལཎ་གྱི་སློབ་ཕྲུག་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་སྦྲགས། བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་གལ་ཡིན་པའི་སྐོར་ལ་ལམ་སྟོན་མཛད་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སློབ་ཕྱུག་ཁྱེད་རང་ཚོ་རིམ་བཞིན་སློབ་སྦྱོང་བྱས་ནས་སློབ་མཐར་སོན་པའི་རྗེས་སུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་སྒོས་སུ་གཞིས་བཞུགས་བོད་མི་ཚོའི་ཆེད་དུ་ཞབས་འདེབས་བསྒྲུབ་ཐུབ་པར་སེམས་ཤུགས་བསྐྱེད་དགོས་པར་ལམ་སྟོན་བསྩལ་བ་མ་ཟད། དེ་ལྟར་ཞབས་འདེགས་བསྒྲུབ་པར་བོད་ཡིག་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ཁྱད་པར་དུ་འཛམ་གླིང་འདིའི་ཐོག་ལ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ། དེ་བཞིན་གཏན་ཚིགས་རིག་པ་བཅས་འགྲེལ་བརྗོད་བྱེད་པར་བོད་ཀྱི་སྐད་ཡིག་འདི་ལེགས་ཤོས་ཡིན་སྟབས་ཁྱེད་རང་ཚོའི་ངོས་ནས་བོད་ཡིག་ལ་སློབ་སྦྱོང་བྱེད་དགོས་ཞེས་ལམ་སྟོན་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ནང་པའི་ལྟ་གྲུབ་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པས་དེ་རྣམས་སློབ་ཁྲིད་གནང་དགོས་གལ་ཡིན་པ་དང་། ལྷག་པར་དུ་དེང་སྐབས་ཚན་རིག་པ་ཆོས་ལ་དོ་སྣང་མེད་མཁན་ཚོས་ཀྱང་ནང་པའི་ལྟ་གྲུབ་རྣམ་གཞག་བཤད་སྐབས་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་བཀའ་བསྩལ་དང་ཆབས་ཅིག རིམ་བཞིན་འཛམ་གླིང་སྤྱི་ཡོངས་ལ་ཆོས་ཀྱི་བཀའ་མོལ་གང་ཡང་མེད་པར་ང་ཚོ་བོད་མི་ཚོས་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལེནྡཱའི་དྲི་མ་མེད་པའི་ཆོས་བརྒྱུད་སྔར་ནས་དུས་ད་ལྟ་བར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་འཐུས་ཚང་བདག་གཅེས་གནང་བའི་ནང་པའི་ལྟ་གྲུབ་དེ་དག་ཤེས་ཡོན་གྱི་ལམ་ལུགས་ཐོག་ནས་ཞབས་འདེགས་ཤིག་བསྒྲུབ་ཐུབ་རྒྱུ་ཡོད་སྟབས་གཞོན་སྐྱེས་ཁྱེད་ཅག་གིས་ཤུགས་སྣོན་རྒྱག་དགོས་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་དེ་ལྟར་གནང་ཐུབ་ཚེ་གཞན་ཕན་གྱི་བྱ་བ་དང་བོད་སྤྱིའི་མཚན་མཐོང་ལའང་དགེ་མཚན་ལྡན་ཡོད་པ་བཀའ་བསྩལ་འདུག

རྒྱ་གར་མང་ཚོགས་ལ་དྷི་ཝ་ལི་ཉིན་མོར་འཚམས་འདྲི་མཛད་པ།

ཁ་སང་རྒྱ་གར་གྱི་ཧིན་དུའི་མི་རིགས་ཀྱིས་དྷི་ཝ་ལི་འམ་མཆོད་མེའི་ཕྲེང་བ་འབུལ་བའི་དུས་ཆེན་ཉིན་མོར་ཆོས་ཕྱོགས་ཀྱི་དུས་ཆེན་སྲུང་བརྩི་ཞུས་པ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མང་ཚོགས་ཀུན་ལ་ दिवाली དགའ་སྟོན་ཉིན་མོར་བཀྲ་ཤིས་པའི་འཚམས་འདྲིའི་བརྙན་ཐུང་ཞིག་བསྩལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ཐོག་གནས་ཚུལ་ཐོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་ Diwali དུས་ཆེན་ཉིན་མོར་རྒྱ་གར་བ་ས་ཡ་མང་པོས་དགའ་ཞིང་སྤྲོ་བའི་ངང་ནས་དུས་ཆེན་དེ་སྲུང་བརྩི་ཞུ་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་ངོས་རང་རྒྱ་གར་གཞུང་གི་མགྲོན་པོ་ཡུན་རིང་ཤོས་ཤིག་ཡིན་པའི་ཆ་ནས་ངོས་ཀྱང་རྣམ་པ་ཚོ་དང་ལྷན་དུས་ཆེན་ནང་མཉམ་ཞུགས་ཀྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་དུས་ཁྱད་ཉིན་མོར་སྤྲོད་པོ་ཡོང་བའི་སྨོན་འདུན་མཛད་འདུག རྩ་བའི་དྷི་ཝ་ལི་འམ་མཆོད་མེའི་ཕྲེང་བ་འབུལ་བའི་ཆོས་ཕྱོགས་ཀྱི་དུས་ཆེན་དེ་ནི་གཙོ་བོ་རྒྱ་གར་གྱི་ रामायण གཏམ་བརྒྱུད་ལས་སྐྱེས་བུ་དམ་པ་རཱམ་ལོ་ ༡༤ རིང་ནགས་ཚལ་དུ་བཞུགས་རྗེས་ अयोध्या ཕོ་བྲང་དུ་ཚུར་ཕེབས་སྐབས་ཆབ་འབངས་ཚོས་རཱམ་ལ་ཕེབས་བསུ་ཞུ་བའི་དགའ་སྟོན་ཉིན་མོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་ཉིན་དེར་རྒྱ་གར་བ་མང་ཆེ་བས་ཚོང་ལོ་གསར་པ་དབུ་འཛུགས་དང་འབྲེལ་ लक्ष्मी འམ་ལྷ་མོ་དཔལ་མོར་གསོལ་འདེབས་སྨོན་ལམ་དང་མཆོད་པ་ཕུལ་ཏེ་དུས་ཆེན་སྲུང་བརྩི་ཞུ་ཡི་ཡོད་པ་རེད།    

རྒྱ་གར་གྱི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་ཟུང་འབྲེལ་གནང་རྒྱུའི་ནུས་པ་དང་གོ་སྐབས་དེ་རྒྱ་གར་ཁོ་ནར་ཡོད།

དེ་རིང་ཟླ་ ༡༠ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཁག་གཅིག་གིས་གཙོས་པའི་པཱན་ཇབ་ཁུལ་དུ་ཡོད་པའི་ Lovely Professional University དང་དེ་བཞིན་ལྡི་ལིར་ཡོད་པའི་ Sharda University ཡི་སློབ་ཕྲུག བོད་ཕྲུག འབྲུག་པ། ཧི་མཱ་ལ་ཡ། ལ་དྭགས་ཀྱི་ Flowering Dharma ཞེས་གཞོན་སྐྱེས་ཚོགས་པའི་སློབ་ཕྲུག་སོགས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་འཕྲད་ཞུས་པ་དང་སྐབས་དེར་༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་གནང་རྒྱུའི་ནུས་པ་དང་གོ་སྐབས་དེ་རྒྱ་གར་རྒྱལ་ཁབ་ཁོ་ནར་ཡོད་པར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་ཐོག་མར་འཛམ་བུ་གླིང་གི་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་རྣམས་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་ད་ཆ་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་དང་སྡེ་ཚན་གཞན་ཁག་སོགས་ཀྱི་བརྒྱུད་ནས་འགྲོ་བ་མི་རྣམས་སྤྱི་ཚོགས་གཅིག་ལྟ་བུ་ཞིག་ཆགས་ཡོད་སྟབས་འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་ངེས་པར་དུ་དགོས་པ་ལས་རིམ་པ་གཉིས་པ་ང་དང་ཁོ་ཟེར་ནས་ཆོས་དད་ཀྱི་སྒོ་ནས་དབྱེ་འབྱེད་ཀྱིས་ཕན་ཚུན་གསོད་རེས་གནང་རྒྱུ་མེད་པ་དང་སྒོས་འཛམ་གླིང་ནང་ངལ་བ་མང་དག་ཅིག་འཕྲད་པ་དེ་དག་ནི་འགྲོ་མིས་བཟོས་པ་འབའ་ཞིག་ཡིན་པས་དེ་རྣམས་སེལ་བར་མི་ཁོ་ནར་ནུས་པ་ཡོད་སྐོར་ལམ་སྟོན་མཛད་ཡོད། དེ་བཞིན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ལ་གཞིགས་ནས་༸མགོན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་ལས་གསུངས་པ་དང་ད་ཆ་འཛམ་བུ་གླིང་ལ་ཆེས་དགོས་ངེས་ཀྱི་འཚེ་མེད་ཞི་བ་དང་སྙིང་རྗེ་དག་སླར་གསོ་མཛད་ཀྱི་ཡོད་པ་དང་། དེ་འབྲེལ་གནའ་བོའི་རིག་གནས་དེ་དག་ཤེས་ཡོན་བརྒྱུད་ནས་སླར་གསོ་གནང་དགོས་པ་ལས་དད་པ་དང་ཁ་འདོན་ཐོག་ནས་ཡོང་རྒྱུ་མེད་པར་བཀའ་བསྩལ་སོང་བ་མ་ཟད་ཆེས་རླབས་ཆེན་གྱི་རྒྱ་གར་གྱི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་གནང་རྒྱུའི་ནུས་པ་དང་གོ་སྐབས་དེ་རྒྱ་གར་རྒྱལ་ཁབ་ཁོ་ནར་ཡོད་པ་དང་སྒོས་ད་ཆ་བཞུགས་སྒར་ཀཅཱརིར་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ནས་དེ་འབྲེལ་སློབ་ཚན་ཞིག་དངོས་སུ་གཏན་འབེབས་གནང་བར་བསྔགས་བརྗོད་མཛད་སོང་། ༸གོང་ས་མཆོག་ལ་བཀའ་འདྲིའི་དགོངས་བསྐོར་ཞུ་རྒྱུའི་གོ་སྐབས་ཁྲོད་དུ་འབྲུག་གི་སློབ་ཕྲུག་ཞིག་གིས་ ཆོས་ལུགས་ཀྱི་ལྟ་བ་ཡོད་པ་དང་ཆོས་དད་ཅན་གཉིས་དབར་ཁྱད་པར་གང་ཡོད་མེད་དང་། དེ་བཞིན་ནང་པ་ངོ་མ་གང་འདྲ་ཞིག་ལ་གོ་དགོས་པའི་ཐོག་ལ་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལུགས་ཀྱི་ལྟ་གྲུབ་ཡོད་པ་དེ་ལེགས་ཉེས་དཔྱད་གཞི་ལ་བརྟེན་ནས་འབྲེལ་བ་ཡོད་པ་ལས་དད་པའི་སྒོ་ནས་མི་འཇུག་པར་གོ་དགོས་པར་བཀའ་བསྩལ་དང་འབྲེལ་ཏེ་ཆོས་དད་ཡོད་མེད་དང་ཆོས་ལ་དད་པ་བྱེད་མ་བྱེད་དེ་རང་ཉིད་སོ་སོའི་རང་དབང་དང་སྒོས་འགྲོ་བ་མི་ཞིག་ཡིན་པ་དང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་འགྲོ་བ་མིའི་གཞི་རྩ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་དང་འགྲོ་བ་མིའི་སྤྱིའི་བདེ་སྐྱིད་སླད་དོ་སྣང་བྱེད་དགོས་པར་ལམ་སྟོན་བསྩལ་ཡོད། ནང་པ་ཚད་ལྡན་ཞིག་ཡོང་བར་དུས་རབས་ ༢༡ པའི་ནང་པ་ཞིག་གནང་དགོས་པ་དང་། དེ་སྔ་བོད་མིས་གཙོས་པའི་རྒྱ་རིགས་ནང་པ་མང་པོ་ཞིག་དད་པ་ཁོ་ནར་འཇུག་ནས་ནང་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་དེ་ནི་དུས་རབས་ ༢༡ གི་ནང་པ་ཞིག་ཆགས་ཀྱི་མེད་པ་དང་། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་ཕར་ཕྱིན་གྱི་འགྲེལ་པ་ནང་དབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་གསུངས་པ་ལས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱེད་དགོས་པར་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་གཞིས་བཞུགས་བོད་མི་རྣམས་ནས་༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་མཛད་རྒྱུའི་རེ་བ་གནང་བ་དེ་ལྟར་ཡང་བོད་མི་མང་པོ་ཞིག་ནས་༸མགོན་པོ་མཆོག་རང་དབང་གི་ལུང་པར་བཞུགས་རྒྱུར་རེ་འབོད་ཆེ་བ་གནང་གི་ཡོད་པ་དང་། ཕྱོགས་མཚུངས་བོད་མི་རྣམས་ཀྱི་༸མགོན་པོ་མཆོག་ལ་རེ་བ་ཞིག་བཅོལ་ཡོད་སྟབས་དེའི་ཐུགས་འགན་བཞེས་དགོས་ཀྱི་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་ནཱ་ལེནྡཱའི་གཞུང་ལུགས་དེ་དག་སྲུང་སྐྱོབ་སླད་ཐུགས་འགན་བཞེས་བཞིན་ཡོད་པར་བཀའ་བསྩལ་དང་སྦྲགས། རིག་གཞུང་དེ་འགྲེལ་བརྗོད་ཐུབ་མཁན་གྱི་སྐད་ཡིག་ལེགས་ཤོས་དེ་བོད་སྐད་ཡིན་པ་རེད། འོན་ཀྱང་བོད་ནང་ལ་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་ཤིང་ནགས་གཅོད་འབྲེག་དང་ཁོར་ཡུག་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོ་མུས་ཡིན་སྐོར་བཀའ་བསྩལ་སོང་། གཞི་རྩའི་ཉེ་ལམ་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་མཐོ་སློབ་ནས་༸གོང་ས་མཆོག་གི་དགོངས་བཞེད་ལྟར་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་དང་འབྲེལ་བའི་སློབ་ཚན་གཏན་འབེབས་གནང་ནས་ད་ཆ་ཟླ་བ་ ༢ ལྷག་ཙམ་འགྲོ་བཞིན་པ་དང་སློབ་ཚན་དེའི་ཁོངས་སློབ་སྦྱོང་གནང་མཁན་སློབ་ཕྲུག་ ༣༠ ལྷག་ཡོད་པ་རེད་འདུག

རང་ཉིད་ཆོས་དད་གང་ལ་ཡོད་པ་དེ་བྱེད་དགོས་པའི་སྐུལ་མ་གནང་རྒྱུ་མེད།

ཁ་སང་ཕྱི་ཚེས་ ༢༣ ཉིན་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་ཁུར་བ་ཁག་གཅིག་དང་ལྷན་དུ་དམིགས་བསལ་མཇལ་མོལ་གྱི་ལྷན་ཚོགས་ཐེངས་བཞི་པ་དེ་གནང་བཞིན་ཡོད་པ་ལྟར་དེ་རིང་ལྷན་ཚོགས་ཚོགས་ཀྱི་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་གཞོན་སྐྱེས་འགན་འཁུར་བ་རྣམས་ཀྱི་བཀའ་འདྲིར་བཀའ་ལན་བསྩལ་བར་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གནང་དགོས་པ་སོགས་ཀྱི་སློབ་གསོ་རིགས་སྤེལ་སྐབས་སུ་མི་གཞན་ལ་མི་གཞན་ལ་རང་ཉིད་ཆོས་དད་གང་ལ་ཡོད་པ་དེ་བྱེད་དགོས་པའི་སྐུལ་མ་གནང་རྒྱུ་མེད་ཅེས་ལམ་སྟོན་བསྩལ་སོང་། ལྷན་ཚོགས་ཐོག་ཕེབས་པའི་བྷར་མའི་གཞོན་སྐྱེས་མ་ཞིག་ནས་བྷར་མའི་ཤེས་ཡོན་སློབ་གསོའི་ཁྲོད་ལ་ཆོས་ལུགས་མཐུན་འབྲེལ་སྐོར་སློབ་ཁྲིད་གནང་གི་ཡོད་ཀྱང་རིམ་པས་སློབ་མཐར་སོན་པའི་གཞོན་སྐྱེས་མི་ཉུང་བ་ཞིག་དྲག་སྤྱོད་པའི་ལས་ཀར་ཞུགས་ཀྱི་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། གཞོན་སྐྱེས་ཁྲོད་དུ་དཀའ་ངལ་དེ་དག་སེལ་བར་གང་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པས་༸གོང་ས་མཆོག་གིས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནང་པའི་ཆོས་འཁོར་ཁག་སྐོར་སྐབས་གདུལ་བྱའི་ཁམས་དང་མོས་པ་ལ་གཞིས་ཏེ་ཆོས་གསུངས་ཡོད་པ་ལྟར་གཞོན་སྐྱེས་ཚོར་ཆོས་ལུགས་མཐུན་འབྲེལ་སོགས་ཀྱི་ཐོག་སློབ་ཁྲིད་གནང་སྐབས་ཕ་རོལ་པའི་ཆོས་དད་གང་ལ་ཡོད་པ་དང་། མོས་པ་ཡོད་མེད་སོགས་ལ་དཔྱད་ནས་སློབ་ཁྲིད་གནང་དགོས་པ་ལས་མི་གཞན་ལ་རང་ཉིད་ཆོས་དད་གང་ལ་ཡོད་པ་དེ་བྱེད་དགོས་པའི་སྐུལ་མ་གནང་རྒྱུ་མེད་ཅེས་ལམ་སྟོན་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་གཞོན་སྐྱེས་འགན་འཁུར་བ་རྣམས་ནས་རྩོད་རྙོག་ཅན་གྱི་སོ་སོ་སྤྱི་ཚོགས་ནང་ཕྱག་ལས་གནང་སྐབས་བློ་མ་ཞུམ་པར་རྩོད་རྙོག་དང་དཀའ་ངལ་དེ་དག་གི་གཞི་རྩའི་རྒྱུ་རྐྱེན་གང་ཡིན་ཤེས་པའི་ཐོག་ནས་གཉེན་པོ་བསྟན་དགོས་པ་དང་ལྷག་པར་དུ་རྩོད་རྙོག་དང་ཟིང་འཁྲུག་རྐྱེན་པས་གནོད་སྐྱོན་དང་སེམས་ནད་རིགས་ཕོག་པའི་གཞོན་སྐྱེས་ཚོར་སློབ་གསོ་གནང་གནད་ཡིན་པའི་བཀའ་བསྩལ་ཡོད། དེ་བཞིན་སྐབས་དེར་གཞོན་སྐྱེས་ཁག་གཅིག་ནས་འཁྲུག་རྩོད་ཅན་གྱི་སྤྱི་ཚོགས་ནང་ཕྱག་ལས་གནང་སྐབས་སོ་སོའི་སེམས་ཀྱི་ཞི་བདེ་རྒྱུན་འཛིན་གནང་སྟངས་དང་། སྤྱི་ཚོགས་ཁྲོད་ཀྱི་ཞི་བའི་ལས་འགུལ་རྣམས་དྲག་པོའི་ལམ་དུ་མི་འགྲོ་བ་གནང་ཐབས་གང་ཡོད་དམ་ཞེས་སོགས་ཀྱི་ བཀའ་འདྲི་ཁག་གཅིག་ཞུས་ཡོད་པ་ལྟར། ༸གོང་ས་མཆོག་༸སྐུ་ཉིད་མཆོག་ནས་ཉིན་ལྟར་ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་གསུངས་པ་བཞིན་ཐུགས་སྨོན་མཛད་བཞིན་པ་དེས་༸སྐུ་ཉིད་མཆོག་ལ་དགེ་མཚན་ཆེན་པོ་འབྱུང་བཞིན་པ་བཀའ་བསྩལ་དང་སྦྲགས། གཞོན་སྐྱེས་འགན་འཁུར་ཚོས་ལས་དོན་ཁྲོད་གཞན་ཕན་གྱི་བསམ་བློ་གཏང་ཐུབ་ཚེ་སོ་སོར་སེམས་ཤུགས་འཕར་མ་བསྐྱེད་པར་ཕན་ཐོགས་ཡོད་པ་དང་། སྤྱི་ཚོགས་ཁྲོད་ཞི་བའི་ལས་འགུལ་སྤེལ་སྐབས་བཟོད་བསྲན་ངང་རྒྱུད་རིང་པོ་ཐུབ་ན་ལས་འགུལ་དེ་དག་དྲག་པོར་མི་གྱུར་བའི་དགེ་མཚན་ལྡན་ངེས་ཡིན་ཞེས་ལམ་སྟོན་མཛད་ཡོད། དེ་བཞིན་ལྷོ་སུ་དཱན་ནས་ཡིན་པའི་བུ་མེད་ཅིག་གིས་༸གོང་ས་མཆོག་ལ་༸རྒྱལ་ཡུམ་ཆེན་མོ་མཆོག་གི་དྲུང་ནས་ཤུགས་རྐྱེན་གང་ཐེབས་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་ནང་བྱམས་བརྩེའི་བསླབ་བྱ་གནང་མཁན་གྱི་དགེ་རྒན་དང་པོ་དེ་༸རྒྱལ་ཡུམ་ཆེན་མོ་མཆོག་ཞེས་བཀའ་བསྩལ་ཏེ་བེུད་མེད་རྣམས་རྒྱུན་དུ་སོ་སོའི་ནང་ཙམ་མ་ཟད་ཆེ་ས་ནས་སྤྱི་ཚོགས་ཀྱི་ལས་དོན་ནང་ཞུགས་ཏེ་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་སྙིང་རྗེའི་རང་བཞིན་བཟང་པོ་དེ་དག་གོང་འཕེལ་ཐུབ་ཐབས་སུ་ཐུགས་འགན་ཆེ་ཙམ་བཞེས་དགོས་པའི་ལམ་སྟོན་བསྩལ་སོང་། ༸གོང་ས་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ཐོག་ཕེབས་པའི་གཞོན་སྐྱེས་རྣམས་ནས་སྤྱི་ཚོགས་ཀྱི་རྩོད་རྙོག་དང་དཀའ་ངལ་མང་ཆེ་བ་མིས་བཟོས་པ་ཞིག་ཡིན་སྟབས་དཀའ་ངལ་དེ་དག་སེལ་བའི་ནུས་པ་མི་ཚོར་ཡོད་སྟབས་རྣམ་ཀུན་ནས་གོ་ལ་ཁྱོན་ལ་ཕན་པའི་བསམ་བློ་གཏང་དགོས། ལྷག་པར་དུ་འདས་ཟིན་པའི་དུས་ཚོད་ལ་ང་ཚོས་འགྱུར་བ་གཏང་ཐབས་མེད་ཀྱང་། མ་འོངས་པ་གང་འདྲ་ཞིག་ཆགས་མིན་ང་ཚོའི་ལག་ཏུ་ཡོད་པས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏང་དགོས་པར་བཀའ་བསྩལ་ཡོད། ༸སྐུ་པར་ཁག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།    

Buckley སློབ་ཕྲུག་ཞིག་༸གོང་ས་མཆོག་དང་མཇལ་འཕྲད་སླད་འདེམས་སྒྲུག

ཨ་རི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་ White River High School ཞེས་པའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་སྐྲུན་སླད་ཐད་ལ་ཐུགས་སྣང་ཡོད་པ་བོུ་ན་ཆུང་ Natalie Gomez ལགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་མཇལ་འཕྲད་ཞུ་སླད་འདེམས་སྒྲུག་བྱུང་འདུག ཁ་སང་ཨ་རིའི་ The Courier Herald ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་ Natalie Gomez ལགས་ཝ་ཤིང་ཊོན་གྱི་སློབ་ཕྲུག་བཞི་དང་ལྷན་ཕྱི་ལོ་ ༢༠༢༠ ལོའི་བྱམས་བརྩེ་སྐུ་ཚབ་ཞེས་སྤྱི་ཚོགས་ནང་བྱམས་བརྩེའི་བརྒྱུད་མ་འོངས་འགོ་ཁྲིད་སྐྱེད་སྲིང་གནང་ཐབས་ལ་དམིགས་པའི་མངའ་སྡེའི་ལས་རིམ་ཁོངས་སུ་འདེམས་སྒྲུག་བྱུང་འདུག་པ་དང་། ཁོང་གིས་ད་རེས་༸གོང་ས་མཆོག་དང་ལྷན་མི་རབས་རྗེས་མ་ཚོར་བྱམས་བརྩེའི་སྐོར་སློབ་ཁྲིད་གནང་རྒྱུའི་ཐོག་ལམ་སྟོན་ཞུ་རྒྱུ་ཡིན་པས་གོ་སྐབས་འདི་ལྟར་བྱུང་བ་ནི་ཆེས་དགའ་ཚོར་ཡོད་པ་དང་སྒོས་ད་རེས་༸གོང་ས་མཆོག་གི་མཇལ་འཕྲད་བརྒྱུད་གཞན་ལ་བྱམས་བརྩེ་གོང་འཕེལ་སླད་རོགས་འདེགས་ཞུ་བློ་ཡོད་པ་དང་ལྷག་པར་དུ་རང་ངོས་ནས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཀྱི་རི་རབ་ཡང་འགུལ་བསྐྱོད་གཏང་ཐུབ་ངེས་ཡིན་པར་ཡིད་ཆེས་གནང་གི་ཡོད་པ་གསུངས་འདུག དེ་བཞིན་ཁོང་གིས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་སྐབས་སེམས་འགུལ་ཐེབས་འདོད་མེད་པའི་གང་ཟག་དག་ལ་སེམས་འགུལ་ཇི་ལྟར་གཏང་དགོས་པའི་ཐད་བཀའ་འདྲི་ཞུ་འདོད་ཡོད་པ་དང་། རང་ཉིད་སློབ་གྲྭ་འགྲོ་སའི་སློབ་ཕྲུག་མཚོན་པ་ཡིན་ན་ཕལ་མོ་ཆེ་བྱམས་བརྩེ་དང་། གཞན་ལ་སེམས་འགུལ་གནང་རྒྱུའི་ཐད་ལ་དོ་སྣང་ཞན་པ་དེ་ལྟར་ཡང་། སློབ་ཕྲུག་ཚོའི་དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་ཁོང་ཚོའི་བྱམས་བརྩེ་ལག་བསྟར་གནང་རྒྱུ་དང་། བྱམས་བརྩེ་བརྒྱུད་ནས་སྤྱི་ཚོགས་ནང་སེམས་འགུལ་ཐེབས་པའི་ལས་དོན་གནང་ཕྱོགས་ལ་འཚེར་སྣང་གནང་གི་ཡོད་པ་དགོངས་ཀྱི་ཡོད་པ་གསུངས་འདུག Natalie ལགས་རང་ཉིད་སླད་མར་ཕྱི་མི་གཞིས་སྤོས་ཀྱི་ཁྲིམས་རྩོད་པ་དང་སྲིད་དོན་པ་བརྒྱུད་མུ་མཐུད་གཞན་གྱི་རྒྱུད་ལ་བྱམས་བརྩེ་གོང་འཕེལ་སླད་སེམས་འགུལ་གནང་རྒྱུ་ཡིན་པ་བརྗོད་འདུག་པ་དང་ཁོང་གིས་དུས་རྒྱུན་རང་ཉིད་སློབ་གྲྭ་ཡོད་པའི་སྐབས་བརྒྱ་ཆ་ཡག་པོ་ཐོབ་ཐབས་དང་། མདུན་ལམ་ཡག་པོ་ཞིག་བཟོ་ཐབས་སོགས་ལ་དམིགས་ཀྱི་ཡོད་ཀྱང་། མི་ཚེ་ནང་མང་ཚོགས་ཀྱིས་ཁྱེད་རང་ལ་སློབ་ཡོན་འདི་དང་ཕ་གི་ཐོབ་ཡོད་པ་སོགས་དྲན་རྒྱུ་མིན་པ་དང་སྒོས་ཁྱེད་ཀྱིས་མི་གཞན་གྱི་མི་ཚེར་སེམས་འགུལ་ཇི་ལྟར་གཏང་ཡོད་པ་དྲན་དགོས་གལ་ཡིན་པ་གསུངས་འདུག སྤྱིར་ Natalie ལྟ་བུར་མཚོན་ན་སྤུན་སྲིང་ལྔ་ཡོད་པའི་ཁོངས་ནས་ཁོ་མོ་ཆེ་ཤོས་ཆགས་ཀྱི་འདུག་པ་དང་ཁོང་གིས་རང་ཉིད་སྤུན་སྲིང་ལྔ་ལས་ཆེ་ཤོས་ཤིག་ཡིན་རྐྱེན་བྱམས་བརྩེ་དེ་སོ་སོ་ངོས་ནས་ལག་བསྟར་ཐུབ་ཐབས་ཡོང་གི་མེད་སྟབས། དེ་འབྲེལ་ལག་བསྟར་སླད་དེའི་ཐབས་ལམ་སོགས་ངེས་པར་དུ་ཤེས་དགོས་པ་དང་སྦྱང་དགོས་པ་གསུངས་འདུག གཞི་རྩའི་བྱམས་བརྩེའི་སྐུ་ཚབ་རྣམ་པ་ཟླ་བ་ ༡༡ ཚེས་ ༦ ནས་ ༡༢ བར་༸གོང་ས་མཆོག་མཇལ་འཕྲད་དང་།  བོད་ཕྲུག་ཁྱིམ་སྡེ། སྒྲོལ་མ་གླིང་བཙུན་དགོན། སྙིང་སྟོབས་གླིང་། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། སྨན་རྩིས་ཁང་སོགས་སུ་སྐོར་བསྐྱོད་གནང་རྒྱུ་ཡིན་པ་དང་། Natalie ལགས་ཀྱིས་རང་ཉིད་ནས་སྐོར་བསྐྱོད་དེ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ལུགས་འགྲོ་སྟངས་སོགས་ལ་ཤེས་འདོད་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པར་བྱམས་བརྩེ་གཙོ་བཟུང་གིས་ལས་དོན་ཇི་ལྟར་གནང་གི་ཡོད་མེད་ཐད་ལ་བཀའ་འདྲི་ཞུ་འདོད་ཡོད་པ་གསུངས་འདུག རྩ་བའི་ད་རེས་༸གོང་ས་མཆོག་དང་བྱམས་བརྩེ་སྐུ་ཚབ་དབར་མཇལ་འཕྲད་དེ་ཁུལ་དེའི་མངའ་སྡེ་སྲིད་སྐྱོང་གཞོན་པའི་ལས་ཁུངས་དང་། Association of Washington Generals ཞེས་པའོ་ཚོགས་པ་ནས་གོ་སྒྲིག་ཞུས་པ་དང་། ༸གོང་ས་མཆོག་གི་མཇལ་འཕྲད་རྗེས་སྐུ་ཚབ་རྣམ་པ་ཕྱིར་རང་ཡུལ་དུ་ཕེབས་རྗེས་ Association of Washington Generals ཚོགས་པ་ནས་སྐུ་ཚབ་རྣམ་པར་སོ་སོའི་སྤྱི་ཚོགས་ནང་བྱམས་བརྩེ་དང་འབྲེལ་ལས་འཆར་གོ་སྒྲིག་ཞུ་རྒྱུ་ཐད་ལ་རོགས་རམ་གནང་རྒྱུ་ཡིན་པ་རེད་འདུག

Latest news