Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཧི་མཱ་ཅལ་མངའ་སྡེ་གཞུང་གིས་རིམས་ནད་སྔོན་འགོག་སླད་ཐབས་ཤེས་གང་ཡོང་གནང་བཞིན་པར་བསྔགས་བརྗོད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་ངོས་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ Covid19 སྔོན་འགོག་སླད་ཐབས་ཤེས་གང་ཡོང་གནང་བཞིན་པར་བསྔགས་བརྗོད་པ་དང་སྦྲགས། རིམས་ནད་དེའི་ཁྲོད་མང་ཚོགས་དབུལ་ཕོངས་རྣམས་ལ་ཟ་ཆས་དང་སྨན་སོགས་ཀྱི་མཐུན་རྐྱེན་སྦྱོར་ཆེད་མ་དངུལ་གསོལ་བསྩལ་མཛད་འདུགདེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་བའི་ནང་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཧི་མཱ་ཅལ་མངའ་ཁུལ་དུ་རྟོག་དབྱིབས་རིམས་ནད་སྔོན་འགོག་སླད་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་བཞིན་པར་རྒྱབ་སྐྱོར་ཡོད་པར་བཀའ་བསྩལ་འདུགམངའ་སྡེ་འདི་ནི་འདས་པའི་ལོ་ངོ་ ༦༠ རིང་ལ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་གནས་ཆགས་ཡོད་པ་དང་། མངའ་སྡེ་འདིའི་མང་ཚོགས་དང་སེམས་ཐག་ཉེ་བོ་ཞིག་ཚོར་གྱི་ཡོད་སྟབས་མངའ་སྡེའི་མང་ཚོགས་ལ་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཚུལ་དུ་༧དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩས་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ལ་ཡོད་པའི་ངལ་སེལ་རོགས་སྐྱོར་ཐེབས་རྩར་མ་དངུལ་གསོལ་བསྩལ་གནང་རྒྱུ་ཡིན་པ་བཀའ་བསྩལ་འདུག དེའང་དཀའ་ཚེགས་ཆེ་བའི་དུས་ཚིགས་འདིར་མང་ཚོགས་དབུལ་ཕོངས་རྣམས་ལ་ཟ་ཆས་དང་སྨན་སོགས་ཀྱི་མཐུན་རྐྱེན་སྦྱོར་ཆེད་ཡིན་པར་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ད་དུང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་དབུ་ཁྲིད་ནས་རྒྱ་གར་དབུས་གཞུང་གིས་ཀྱང་རིམས་ནད་སྔོན་འགོག་སླད་ཛ་དྲག་གི་ཁྲིམས་སྒྲིག་ཁག་ཕྱག་བསྟར་གནང་བཞིན་པ་དེ་དག་ནུས་ཕན་སོན་ངེས་ཡིན་སྐོར་བཀའ་བསྩལ་ཡོད།གཞི་རྩའི་ཧི་མཱ་ཅལ་ཀཱངྒ་རཱ་རྫོང་ཁོངས་སུ་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་ཕོག་མཁན་ནད་པ་ཁྱོན་གསུམ་བྱུང་ཡོད་པའི་ཁོངས་ནས་བོད་མི་གཅིག་བྱུང་ཡོད་པ་དེ་འདས་གྲོངས་སུ་གྱུར་ཟིན་རྗེས། ད་ལྟའི་ཆར་ནད་པ་གཉིས་ཡོད་པ་དེ་དྷརྨ་སཱ་ལཱའི་ཉེ་འཁྲིས་ཊན་ཌ་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་རེད། ཛ་དྲག་གི་གནས་སྟངས་འོག་ད་ཆ་ཧི་མཱ་ཅལ་མངའ་སྡེ་ཙམ་མ་ཟད་རྒྱ་གར་རྒྱལ་ཡོངས་སུ་ཕྱི་ཚེས་ ༢༤ ཉིན་གྱི་ཐོ་རེངས་ཚོུད་ ༡༢ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༢༡ རིང་མང་ཚོགས་ཕྱི་ལ་བསྐྱོད་མི་ཆོག་པའི་བཀོད་ཁྱབ་འོག་རིམས་ནད་ཁྱབ་བརྡལ་འགོག་ཐབས་གནང་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༢༠༌༢༡ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན།

ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ཡོ་རོབ་རྒྱལ་ཁབ་སུད་སི་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་དགའ་ལྡན་ཕོ་བྲང་དགེ་རྩ་ཁང་གིས་ཕྱི་ལོ་ ༢༠༢༠ ནས་༢༠༢༡ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་ཐེངས་ ༩ པ་དེ་གསོལ་བསྩལ་གནང་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་པ་རེད།གཞི་རྩའི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིར་ཕན་ཐོགས་མཛད་རྒྱུའི་རླབས་ཆེན་དགོངས་གཞིའི་ཆ་ཤས་ཞུ་ཕྱིར་ཕྱི་ལོ་ ༢༠༡༡ ལོ་ནས་དབུ་འཛུགས་གནང་སྟེ་ད་བར་བོད་རིགས་སློབ་གཉེར་བ་གྲངས་ ༡༥༠ ཙམ་ལ་ཨ་སྒོར་ས་ཡ་གཉིས་སྐོར་ཞིག་སློབ་ཡོན་གསོལ་བསྩལ་གནང་ཡོད་པ་རེད།རླུང་འཕྲིན་ཁང་གིས་སུད་སིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་དགའ་ལྡན་ཕོ་བྲང་དགེ་རྩའི་དྲུང་ཆེ་བསྟན་འཛིན་སེ་ཝོ་ལགས་སུ་འདི་ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་ཐེངས་དགུ་པ་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཁག་ཅིག་ཞུས་ཡོད།

ལྕམ་སྐུ་ Betty Williams མཆོག་དགོངས་པ་རྫོགས་པར་ཐུགས་གསོ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Irish ཞི་བདེ་ལས་འགུལ་བ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ Betty Williams མཆོག་རེས་གཟའ་མིག་དམར་ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དམ་པ་ཁོང་གི་ཚ་བོ་ Lawrence Lovell ལགས་ཀྱི་མཚན་ཐོག་ལ་ཐུགས་གསོའི་མཚམས་འཕྲིན་ཞིག་བསྩལ་འདུག༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་ནས་ལོ་མང་རིང་དམ་པ་ཁོང་དང་ནོ་སྦེལ་ཞི་བདེའི་དེད་དཔོན་རྣམས་ཀྱིས་འཛམ་གླིང་ཁྲོད་ཀྱི་རྩོད་རྙོག་རྣམས་འཚེ་བའི་ཐོག་ནས་མ་ཡིན་པར་གྲོས་མོལ་དང་ཞི་བདེའི་ཐོག་ནས་འདུམ་འགྲིག་གནང་ཕྱོགས་ཐད་ལ་ཕྱག་ལས་གནང་བའི་ཁྲོད་ལྕམ་ Betty Williams དམ་པ་མཆོག་ནི་དཀའ་ངལ་གང་འདྲ་ཞིག་ཡིན་ཀྱང་དེ་ཞི་བདེའི་ཐོག་ནས་སེལ་བར་ཆོད་སེམས་བརྟན་པོས་ཕྱག་ལས་གནང་མཁན་ཞིག་ཡིན་སྐོར་བཀའ་བསྩལ་དང་འབྲེལ། མགོན་པོ་མཆོག་ལ་དེ་སྔོན་དམ་པ་ཁོང་དང་ལྷན་དུ་མཇལ་འཕྲད་མཛད་རྒྱུའི་གོ་སྐབས་ལན་མང་བྱུང་ཡོད་པར་མ་ཟད། ཁོང་གིས་ཞི་བདེའི་སྤྱི་ཚོགས་དང་རྒྱལ་ཁབ་འཛུགས་སྐྲུན་ཐོག་ཕྱག་ལས་གནང་ཁག་ལ་ཡི་རང་སྔགས་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན་པར་བཀའ་བསྩལ་འདུག ད་རེས་དམ་པ་ཁོང་དགོངས་པ་རྫོགས་པ་དང་འབྲེལ་ཏེ་ཞི་བདེའི་ཆེད་དུ་ཕྱག་ལས་གནང་མཁན་མི་སྣ་རླབས་ཆེན་ཞིག་མེད་པ་གྱུར་ཡོད་པར་བཀའ་བསྩལ་ཏེ་དམ་པ་ཁོང་ལ་རྗེས་དྲན་ཞུ་རྒྱུ་ཡག་ཤོས་ནི་ཚང་མས་རང་ཉིད་ཀྱི་སེམས་ནང་ཞི་བདེ་སྐྲུན་པ་བརྒྱུད་ནས་ཞི་བདེ་ལྡན་པའི་ཁྱིམ་ཚང་དང་སྤྱི་ཚོགས་བསྐྲུན་རྒྱུ་དེ་ཡིན་པར་ལམ་སྟོན་བཀའ་བསྩལ་བཀྲིན་ཆེ་བ་མཛད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ནོ་སྦེལ་ཞི་བདེ་གཟེགས་རྟགས་བཞེས་མྱོང་མཁན་གྱི་ལྕམ་སྐུ་ Betty Williams མཆོག་དགོངས་པ་རྫོགས་པར་ཐུགས་གསོ་དང་སྦྲགས། ཁོང་ནི་༸གོང་ས་༸སྐྱབས་མཆོན་མཆོག་དང་བོད་ཀྱི་དུས་ཡུན་རིང་པོའི་གྲོགས་པོ་ཞིག་ཡིན་པར་གསུངས་འདུགསྲིད་སྐྱོང་མཆོག་གིས་ལྕམ་སྐུ་ཁོང་ནི་རྒྱལ་སྤྱིའི་ཁྲོད་ནས་ངོས་འཛིན་ཡོད་པའི་བྱང་ Ireland ནང་གི་ཞི་བདེ་ཀྱི་མཚོན་བྱེད་དང་། ཁུལ་དེའི་ཞི་བདེའི་ལས་འགུལ་གྱི་སྣ་འདྲེན་གྱི་ལྡེ་མུག་ལྟ་བུ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། ད་ལན་ཁོང་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ཡིད་སེམས་རབ་ཏུ་སྐྱོ་ཞིང་ཤུལ་ལུས་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག རྩ་བའི་ལྕལ་སྐུ་ Betty Williams མཆོག་ཕྱི་ལོ་ ༡༩༤༣ ལོར་དབྱིན་ཡུལ་དུ་སྐུ་འཁྲུངས་ཤིང་། ཕྱིས་སུ་དབྱིན་ཡུལ་དང་ Ireland ཁུལ་གྱི་དཀའ་རྙོག་གི་ཐད་ལ་ཕྱག་ལས་རྒྱ་ཆེར་གནང་སྟེ་ཕྱི་ལོ་ ༡༩༧༦ ལོར་ Ireland ཁུལ་དུ་ཞི་བདེ་ཡི་མི་མང་ཞེས་པའི་ཚོགས་པ་གསར་འཛུགས་ཀྱིས་ཕྱོགས་གཉིས་ཀྱི་དཀའ་རྙོག་དེ་ཞི་བདེ་ཡི་ཐོག་ནས་སེལ་དགོས་བར་སེམས་སྐུལ་ཆེན་པོ་གནང་ཡོད་པར་བརྟེན།   ལོ་དེར་ཁོང་ལ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པ་ཡོད་དང་། ཁོང་ནི་དུས་རྒྱུན་ནས་ཞི་བདེ་གཙིགས་སུ་འཛིན་མཁན་ཞིག་ཡིན་པ་ལྟར།༢༠༠༧ ལོར་༸གོང་ས་མཆོག་གིས་བྷེལ་ཇམ་ནང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐོག་གདན་འདྲེན་ཞུས་པ་ལྟར་ཁོང་གིས་ཚོགས་ཆེན་ཐོག་བོད་དོན་རྒྱབ་སྐྱོར་གྱི་གསུས་བཤད་གནང་ཡོད་པ་མ་ཟད། སྤྱན་ཆབ་སིལ་བཞིན་གསར་ཁང་ལ་ནམ་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་ཕེབས་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

ཏོག་དབྱིབས་སྔོན་འགོག་དང་འབྲེལ་ཇ་ཐང་མཆོད་དགོས་པའི་གནས་ཚུལ་དེ་བདེན་པ་མ་རེད།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་རིམས་དེ་ད་ལྟའི་ཆར་འཛམ་གླིང་ས་གནས་གང་སར་ཁྱབ་གདལ་དུ་འགྲོ་མུས་ཁྲོད་འདིར་སྐད་འཕྲིན་བརྒྱུད་དེ་བོད་མི་ཁག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྤྱོད་ནས་ཇ་ཐང་འཐུང་ན་རིམས་ནད་དེ་ཞི་བར་ཕན་ངེས་ཡིན་པའི་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེར་གཏོང་བཞིན་པ་དེ་བདེན་པ་མ་རེད་ཅེས་གསུངས་སོང་།སྐད་འཕྲིན་ཐོག་བོད་མི་ཁག་ཅིག་གིས་ཏོག་དབྱིབས་ནད་རིམས་དང་འབྲེལ་ཏེ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་སྔགས་གསོག་སྒྲུབ་མཛད་པ་དང་། ལྷག་པར་དུ་མང་ཚོགས་ནས་ཚ་དང་བྱེ་མ་ཀ་ར་མེད་པའི་ཇ་ཐང་འཐུང་བ་ཡིན་ན་ནད་རིམས་ཞི་བར་ཕན་ངེས་ཡིན་པར་འཆལ་གཏམ་བརྒྱུད་སྤེལ་བྱེད་བཞིན་ཡོད་སྟབས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བྲེ་སྲང་ཚེ་རིང་ལགས་ཀྱིས་གནས་ཚུལ་དེ་བདེན་པ་མིན་པ་དང་བོད་མི་ཁག་ཅིག་གིས་༸རྒྱལ་བའི་མཚན་བེད་སྤྱོད་ཀྱིས་གནད་དོན་འདྲ་མིན་སྤེལ་བ་དེ་དག་རྩ་བ་ནས་འགྲིག་གི་མ་རེད། དེས་ན་ཚང་མས་ཞིབ་དཔྱད་དང་ཐུགས་སྣང་གནང་དགོས་ཞེས་གསུངས་སོང་།གཞི་རྩའི་ཏོག་དབྱིབས་ནད་ཡམས་དེ་ཁྱབ་གདལ་འགྲོ་བཞིན་ཡོད་པས་འདིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་མང་དང་བཀའ་ཆོས་བསྩལ་རྒྱུ་སོགས་ཀྱི་མཛད་རིམ་ཁག་རེ་ཞིག་ཕྱིར་བཤོལ་གནང་ཡོད་པ་དང་མགོན་པོ་མཆོག་གིས་རིམས་ནད་དེ་ཞི་བར་མང་ཚོགས་ལ་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་གནང་དགོས་པའི་ལམ་སྟོན་བསྩལ་ཡོད་པ་རེད།རྩ་བའི་ཁ་སང་ཧི་མཱ་ཅལ་ཀང་ར་རྫོང་དཔོན་གྱིས་རྫོང་འདིའི་ནང་ཁྲིམས་གཞི་ ༡༤༤ དགོངས་དོན་བཞིན་རྫོང་ནང་མི་ལྔ་དང་ལྔ་ལས་མང་བ་འདུ་འཛོམས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་ལྟར། དེ་རིང་སྔ་དྲོ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སང་ཉིན་ཟླ་ ༣ ཚེས་ ༡༨ ནས་ཟླ་ ༤ ཚེས་ ༡༥ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་ཚོགས་ཀྱི་མཆོད་མཇལ་གནང་རྒྱུ་དེ་རེ་ཞིག་མཚམས་འཇོག་གནང་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་འདུག

 བཞུགས་སྒར་དུ་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་སྲུང་བརྩི།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་དང་སྦྲགས། བོད་ཀྱི་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་དེ་སྲུང་བརྩི་ཞུས་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་བདུན་པའི་ཐོག    བཞུགས་སྒར་གྱི་ལྷ་རྒྱལ་རིའི་མདུན་ཐང་དུ་།  བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༡ པ་དེ་སྲུང་བརྩི་གནང་སྟེ།   གཏམ་བཤད་ཀྱི་མཛད་སྒོ་གྲོལ་མཚམས་སུ།   ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་ནས་རྡ་སའི་མེག་སྒན་གྱི་བཞི་མདོ་བར་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ།   བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་བ།  བཙུན་མའི་ལས་འཆར་འགན་འཛིན་སྣང་བཟའ་ཆོས་སྒྲོན་ལགས་ཀྱི་གཙོ་བྱས་པའི་རྡ་སའི་ས་གནས་འགོ་འཛིན་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ   དེ་བཞིན་རྡ་ས་ཁུལ་གྱི་མི་མང་སྐོར་ཞིག་མཉམ་འཛོམས་གནང་འདུག    བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་དེ་རིང་གི་དུས་ཚིག་དང་བསྟུན་ཡོང་ས་ཁྱབ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ་རྒྱ་ནག་གིས་ད་ཆ་བོད་ནང་དུ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལག་བསྟར་གྱིས་བོད་མི་རིགས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད།  བོད་ཀྱི་བུད་མེད་ཀྱི་ཐོ་ཐང་ལའང་གནོད་སྐྱོན་ཆེན་པོ་བཟོས་ཡོད་པར་འགྲེལ་བརྗོད་ཀྱིས།   ཐེངས་འདིའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དང་བསྟུན་ནས་བོད་རྒྱ་འབྲེལ་མོལ་སྐྱར་གསོ་དགོས་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་དགོས་འདུན་དོན་ཚན་བཞི་ཕྱིར་བསྒྲགས་གནང་སོང་། དེ་བཞིན་སྐབས་དེར། སྐུ་མགྲོན་གཙོ་བོ་སྣང་བཟའ་ཆོས་སྒྲོན་ལགས་ཀྱིས་བུད་མེད་སྒེར་ལངས་ཀྱི་ཉིན་མོ་འདི་ནི་གཞུང་འབྲེལ་ཡིན་མིན་ལ་མ་བལྟས་པར།  བོད་ཀྱི་བུད་མེད་ཀྱིས་དབུ་ཁྲིད་པའི་མི་མང་གི་མཛད་སྒོ་ཆེན་པོ་ཞིག་ཡིན་པར་ངོ་སྤྲོད་ཀྱིས།   ད་ཆ་བཙན་བྱོལ་གྱི་མི་ལོ་དྲུག་ཅུའི་རིང་མི་རབས་རྒན་པ་རྣམས་ཀྱིས་འགན་རྐང་བཞེས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་སྤྱི་དང་།  སྒོས་སུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་བྱས་ཡོད་པ་བཞིན། ད་ཆ་མི་རབས་གསར་བའི་དཔུང་ཁག་གིས་ཀྱང་མི་རབས་གོང་མ་རྣམས་ལ་མིག་དཔེར་བལྟས་བའི་ཐོག་ནས་བོད་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་གནང་རྒྱུའི་རེ་སྐུལ་དང་།   མགོན་པོ་གང་གི་ལམ་སྟོན་གྱི་འོག་ལ་ཤར་སྐྱོད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་བཤད་གནང་སོང་། རྩ་བའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་ནི་ ༡༩༥༩ ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་། བུད་མེད་་ཕོན་ཆེན་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་དབང་བསྒྱུར་ལ་ཞི་རྒོལ་བྱས་པའི་དུས་དྲན་གྱི་ཉིན་མོ་དེ་ཡིན་པ་རེད།  བུད་མེད་ལྷན་ཚོགས་ཀྱིས་དེ་རིང་གི་ཉིན་མོ་སྲུང་བརྩི་དང་སྦྲགས། བོད་རིགས་མི་མང་ཡོད་དོ་ཅོག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བོད་ཀྱི་གནད་དོན་ཐད་འབད་བརྩོན་དང་༸གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་དབུ་ཁྲིད་འོག་མུ་མཐུད་འབད་བརྩོན་དང་ཤར་བསྐྱོད་བྱ་རྒྱུའི་ཁས་ལེན་དམ་བཅའ་བཞག་འདུག  

ཨ་རི་དང་ཁེ་ན་ཌའི་གྲོས་འཐུས་ཁག་གཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ།

ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ དང་བསྟུན་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་གནས་སྡོད་གང་སར་ངོ་རྒོལ་སྐད་འབོད་སོགས་ཀྱི་ལམ་ནས་ཉིན་མོ་དེ་སྲུང་བརྩི་གནང་བཞིན་པ་དང་འབྲེལ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Jim Mcgovern མཆོག་རྣམ་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་འདོན་སྤེལ་གནང་འདུག་པ་དང། དེ་བཞིན་ཁེ་ན་ཌ་གྲོས་ཚོགས་ཀྱི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ Garnet Genuis ལགས་ཀྱི་ཡུལ་དེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག ཁ་སང་ལྕམ་སྐུ་ Nanacy Pelosi མཆོག་གི་འདོན་སྤེལ་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ནང་ཁོང་གིས་ད་རེས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༡ པ་དང་བསྟུན་རང་དབང་ཆེད་དུ་ལུས་སྲོག་གློས་བཏང་གནང་མཁན་བོད་མི་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་དང་རྒྱ་ནག་གཞུང་གི་དྲག་པོའི་གཞུང་འཛིན་འོག་ནས་མཐར་ནས་ཞི་བདེ་དང་བདེ་འཇགས། དེ་བཞིན་རང་ཐག་རང་གཅོད་ངང་གནས་སྡོད་ཡོད་པའི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་བཅས་ལ་རྩིས་མེད་རྡོག་རོལ་དང་། བོད་མིའི་ཆོས་དང་རིག་གཞུང་། ལེགས་བྱང་བཅས་པ་རྩ་མེད་སོགས་བོད་མིའི་ཐོག་སྡུག་རྩུབ་གཏོང་བྱེད་བཞིན་པ་དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་རྣམ་དཔྱོད་ཐད་གདོང་ལེན་གནང་དགོས་པའི་གནད་དོན་ཞིག་ཡིན་པ་དེ་ལྟར་ཡང། ལོ་ངོ་བཅུ་ཕྲག་མང་པོའི་དྲག་གནོན་བྱས་པའི་རྗེས་སུའང་བོད་མིའི་མངོན་འདོད་དང་རེ་བ། དེ་བཞིན་བདེན་པའི་ཨུ་ཚུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཐོག་མུ་མཐུད་བསྐྱོད་རྒྱུའི་ནུས་པ་གསར་པ་ཞིག་སྤྲོད་བཞིན་ཡོད་པ་དང། དེ་ནི་འཛམ་གླིང་ཁྲོད་ཞི་བདེ་དང་རང་དབང་འདོད་མཁན་ཡོངས་ཀྱི་སེམས་འགུལ་གཞིར་གྱུར་ཡོད་པ་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་ཁོང་རྣམས་ལ་འགྲོ་བ་མིའི་རང་དབང་སྲུང་སྐྱོབ་གནང་རྒྱུའི་སྐུལ་མ་སྤེལ་བཞིན་ཡོད་པ་ལྟར་ཆོད་སེམས་དེའི་ཐོག་ནས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མ་ནས་ ༢༠༡༩ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་སྟེ་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་ཚང་མས་བོད་མིར་རྒྱབ་སྐྱོར་གནང་བཞིན་ཡོད་པའི་རྣམ་པ་མངོན་གསལ་དང། ཨ་རིའི་གཞུང་གི་ངོས་ནས་༸གོང་ས་མཆོག་གི་མ་འོངས་ཡང་སྲིང་ཀྱི་གནད་དོན་ཐད་བདག་དབང་ཆ་ཚང་༸གོང་ས་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ལ་ཡོད་པ་མ་གཏོགས་རྒྱ་ནག་གཞུང་ལ་མེད་པའི་བཞེངས་ཕྱོགས་གསལ་པོ་བཟོས་ཡོད་པ་གསུངས་སྟེ། བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་གཞིགས་ཏེ་ཁོང་རྣམས་དུས་རྟག་ཏུ་བོད་མི་ཡོངས་ཀྱི་མ་འོངས་འདུན་ལམ་དང། བོད་མི་ཡོངས་ལ་ཆེ་མཐོང་དང་གུས་བརྩི་ཐོབ་ཕྱིར་ཕྱག་ལས་མུ་མཐུད་གནང་རྒྱུ་ཡིན་པར་གསུངས་འདུགདེ་བཞིན་གྲོས་ཚོགས་འཐུས་མི་ Jim Mcgovern  མཆོག་གིས་ལོ་ངོ་ ༦༡ སྔོན་གྱི་ཉིན་མོ་དེ་རྗེས་དྲན་དང་སྦྲགས། ཨ་རི་ལྟ་བུའི་རྒྱལ་ཁབ་ནང་ཡོད་པའི་བོད་མི་རྣམས་ནས་རང་དབང་ཐོག་ཉིན་མོ་དེ་སྲུང་བརྩི་གནང་བཞིན་ཡོད་ཀྱང། བོད་ནང་དང་རྒྱ་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་པའི་བལ་ཡུལ་ལྟ་བུར་བོད་མི་རྣམས་ལ་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུའི་རང་དབང་མེད་པ་ལྟར། དེ་རིང་གི་ཉིན་མོ་འདིར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གནས་པའི་བོད་མི་རྣམས་ལ་ཉིན་མོ་འདི་སྲུང་བརྩི་ཞུ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། ཁོང་ནས་བོད་ནང་ཡོད་པའི་བོད་མི་རྣམས་ལ་རང་གི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་རང་གི་སྣོད་བཅུས་སྲུང་སྐྱོབ་གནང་རྒྱུ་དང། རང་གི་རྒྱལ་ཁབ་ནང་རང་དབང་གི་ཐོག་ནས་འགྲུལ་བསྐྱོད་བྱ་རྒྱུ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་སྤྲད་རྒྱུའི་ཐད་བོད་མིའི་ལྷན་དུ་བཞེངས་བཞིན་ཡོད་པར་མ་ཟད། ཁོང་ནས་དུས་རྟག་ཏུ་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཁྲོད་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བར་ཐབས་ཤེས་གང་ཐུབ་གནང་གི་ཡོད་པ་གསུངས་འདུག ལྷག་པར་དུ་སྔ་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁོང་གིས་ངོ་སྤྲོད་གནང་རྗེས་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་བྱུང་བའི་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་སྟེ་ད་ལྟའི་ཆར་ཁོང་ནས་ཁྲིམས་འཆར་དེ་ཨ་རིའི་རྩ་ཁྲིམས་ཀྱི་ནང་གཏན་འབེབས་ཡོང་བར་འབད་བརྩོན་གནང་བཞིན་ཡོད་སྐོར་དང་འབྲེལ། ང་ཚོའི་ངོས་ནས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་གཏན་འབེབས་གནང་སྟེ་རྩ་ཁྲིམས་ནང་བཀོད་ཐུབ་རྒྱུར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་སྐུལ་མ་གནང་ནས་ད་རེས་ཀྱི་དུས་ཚིགས་དེ་སྲུང་བརྩི་གནང་དགོས་པར་གསུངས་འདུག ད་དུང་ཁོང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་བའི་རེ་འདུན་བསྐྱར་ནན་གནང་སྟེ་ཁོང་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གང་ཐུབ་གནང་རྒྱུ་ཡིན་པར་ནན་གཏན་གསུངས་འདུགདེའི་བར་ན་ཁེ་ན་ཌའི་རྒྱལ་ས་ Ottawa ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuise ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་འདུག སྐབས་དེར་ཁོང་གིས་ལོ་ངོ་ ༦༡ རིང་ལ་བོད་ཁ་བ་གངས་ཅན་གྱི་བོད་མི་རྣམས་ནས་རྒྱ་གཞུང་གི་དྲག་གནོན་ལ་གདོང་ལེན་གནང་བའི་དུས་ཚིགས་ཤིག་ཀྱང་ཆགས་ཀྱི་ཡོད་པ་དང། བོད་མིའི་འཐབ་རྩོད་དེ་བཞིན་གཞན་ལ་སྐྱོན་འཛུགས་དང་ཁ་འབྲལ་སོགས་གང་ཡང་མིན་པར་གཞན་གྱི་དྲག་གནོན་ལ་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མིའི་འཐབ་རྩོད་དེར་ཉིན་གཅིག་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་སྤྱི་དམངས་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་མར་ཊིན་ལུ་ཐཱར་ཀིངྒ་གཞོན་པའི་གསུང་ལུང་འདྲེན་དང་སྦྲགས། བོད་མི་རྣམས་ནས་བོད་མིའི་འཚེ་མེད་ཞི་བ་དང་བཟོད་པའི་ལྟ་གྲུབ་ཀྱི་ཐོག་ནས་རྒྱལ་ཁ་བླང་རྒྱུ་ཡིན་པར་གསུངས་སྟེ་རྒྱ་ནག་གཞུང་གི་བོད་ནང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྒྲིག་ལག་བསྟར་སོགས་བོད་མིའི་ཐོག་དྲག་གནོན་སྔར་ལྷག་གི་སྲིད་བྱུས་སྤེལ་བཞིན་ཡོད་ཀྱང། དེ་རིང་གི་ཉིན་མོ་འདིར་ང་ཚོས་བོད་ནང་རྒྱ་གཞུང་གིས་དྲག་གནོན་ཇི་ཙམ་བྱས་བྱེད་བཞིན་ཡོད་པར་བལྟོས་མེད་ཀྱིས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པའི་རྣམ་དཔྱོད་དེ་དྲན་གསོ་དང་སྲུང་བརྩི་ཞུ་བཞིན་ཡོད་ཅེས་གསུངས་པར་མ་ཟད། བོད་རྒྱལ་ལོ་ཞེས་གསུངས་ཏེ་གསུང་བཤད་མཇུག་སྡོམ་གནང་འདུགདེ་བཞིན་ཁ་སང་དང་དེ་རིང་བཅས་ལ་ངོ་དེབ་དང་འཕྲུལ་བྱ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་གི་ཐོག་བོད་དོན་ལ་ཐུགས་སྣང་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བཞིན་འདུག

རྒྱལ་ཚོགས་ནས་བོད་ནང་གི་གནད་དོན་ལ་ཐུགས་སྣང་གནང་རོགས།

སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ ཐོག་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་སྐབས་བོད་ཀྱི་ས་ཁུལ་དུ་གཟིགས་སྐོར་དུ་མ་ཕེབས་ཚེ་འཚམས་གཟིགས་དེ་ཆ་ཚང་བ་ཅིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུགཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ནས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་འདུ་འཛོམས་ཀྱིས་ལྷན་ཚོགས་ཐེངས་ ༤༣ པ་དེ་འཚོགས་བཞིན་ཡོད་པ་དང། ཁ་སང་ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་དགོས་ཞེས་པའི་ཚོགས་དུས་ ༢༣ སྟེང་བོད་མིའི་སྐུ་ཚབ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་གནང་དགོས་པའི་གཞེན་སྐུལ་གནང་སོང་། སྐབས་དེར་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threaten People ཞེས་པའི་ཚོགས་པའི་མིང་ཐོག་ནས་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་ཚོགས་མཚོ་མོ་ལགས་ཀྱིས་རིང་མིན་རྒྱ་གཞུང་མགྲོན་འབོད་ཐོག་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ཤར་ཏུ་ཀི་སི་ཐན་གཙོས་པའི་རྒྱ་ནག་རྒྱལ་ནང་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པར་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་ད་ཆ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩ་གཏོར་གཏོང་བཞིན་པའི་གནས་བབ་དེའི་ཐོག་རྒྱ་ནག་རྒྱལ་ནང་གི་འཚམས་གཟིགས་དེའི་སྐབས་སུ་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་བོད་ཀྱི་ས་ཁུལ་དུ་གཟིགས་སྐོར་ལ་མ་ཕེབས་ཚེ་ཐེངས་དེའི་འཚམས་གཟིགས་དེ་ཆ་ཚང་བ་ཅིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུག ཁོང་གིས་ད་ཆ་རྒྱ་གཞུང་གིས་ཡུ་གུར་བའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དེ་དེ་སྔར་བོད་ནང་གི་བོད་མིར་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་འགྲེལ་བརྗོད་གནང་སྟེ་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་དུ་བཀག་འགོག་མེད་པའི་རྟོག་ཞིབ་གཟིགས་སྐོར་དུ་ཕེབས་གནང་ཡོང་བའི་འབོད་སྐུལ་ཞུས་འདུག ལྷག་པར་དུ་སྐབས་དེར་རྒྱལ་ཚོགས་ལ་སྐར་མ་གཅིག་དང་ཕྱེད་ཀའི་ངག་ཐོག་ཞུ་སྦྱོར་སྙན་སེང་ཞུ་རྒྱུའི་དུས་ཡུན་དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུ་བཞིན་ཡོད་པ་བསྟུན་ཁོང་གིས་རྒྱལ་ཚོགས་ལ་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་གིས་དྲག་གནོན་དང་འཛིན་བཟུང་བཙན་ཁྲིད། དེ་བཞིན་གར་སོང་ཆ་མེད་དང་གནར་གཅོད་བཅས་ཀྱི་གནས་སྟངས་འོག་འཚོ་དགོས་བྱུང་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་བོད་ནང་གི་གནས་བབ་ནི་ཇེ་ཞན་ཇེ་སྡུག་འགྲོ་བ་བཞིན་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་གི་བོད་མི་༡༥༤ ལྷག་གིས་རང་ལུས་མེར་བསྲེགས་གནང་བའི་གནས་སྟངས་བྱུང་ཡོད་སྐོར་སྙན་སེང་ཞུས་ཡོད་པ་རེད། ཁོང་གིས་ལྷན་ཚོགས་ཐོག་དེང་སྐབས་རྒྱ་ནག་ནས་ཐོན་པའི་གོ་ལ་ཁྱོན་ལ་ཁྱབ་བཞིན་པའི་ཏོག་དབྱིབས་ནད་ཡམས་དེ་བོད་ཀྱི་ས་ཁུལ་ཁག་ཏུ་ཁྱབ་བརྡལ་བྱུང་ཡོད་པ་དེ་ལྟར་ཡང། ད་བར་རྒྱ་གཞུང་གིས་ས་གནས་མང་ཚོགས་ཐོག་དམ་དྲག་ཇེ་ཆེར་བྱེད་བཞིན་པར་བརྟེན་བོད་ཀྱི་ས་ཁུལ་ཁག་ཏུ་ད་ཆ་ནད་ཡམས་དེའི་ཁྱབ་ཚད་དང་བོད་མི་ག་ཚོད་ཙམ་ལ་ནད་དེ་ཕོག་ཡོད་མེད་ཀྱི་ཁ་གྲངས་གསལ་པོ་ཞིག་ཤེས་རྟོགས་མེད་ལྷག་ཡོད་པ་དང། དེ་བཞིན་ཁོང་གིས་ཁ་སང་ལྷན་ཚོགས་ཀྱི་གོ་སྐབས་དེའི་ཐོག་ནས་བོད་རྒྱ་གཉིས་དབར་དཀའ་ངེལ་གསལ་རྒྱུའི་ཆེད་རྒྱལ་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་དོན་དམ་གྱི་གྲོས་མོལ་ཡོང་རྒྱུར་ཐེ་བྱུས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག རྩ་བའི་ད་བར་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གསུམ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་བོད་ནང་གི་སྐད་ཡིག ལེགས་བྱང་། རིག་གཞུང་བཅས་པར་སྲུང་སྐྱོབ་གནང་རྒྱུའི་རང་དབང་ཐད་ལ་གླེང་སློང་གནང་ཡོད་པ་རེད།

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༤ འཚོགས་བཞིན་པ།

རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་བྱེས་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༤ པ་དེ་འཚོགས་བཞིན་པ་རེད་འདུག དེ་ཡང་ད་རེས་ཚོགས་ཆེན་སྐབས་ ༡༤ པ་དེ་ཟླ་བ་འདིའི་ཚེས་ ༡ ནས་དབུ་འཛུགས་ཀྱིས་ཚེས་ ༦ བར་འཚོགས་རྒྱུ་ཡིན་པ་དང་།   ཚོགས་ཆེན་དེའི་ཐོག་བྱང་ཆུབ་ཆོས་གླིང་དང་།  སྒོ་མང་གྲྭ་ཚང་།  དེ་བཞིན་རྭ་སྟོད་གྲྭ་ཚང་དང་།  མཚོ་རྒྱལ་བཤད་སྒྲུབ་གླིང་།  འཇམ་དབྱངས་ཆོས་གླིང་སོགས་ཆོས་ལུགས་རིས་མེད་ཀྱི་གྲྭ་བཙུན་དང་།  དེ་བཞིན་ལྡི་ལི་མཐོ་སློབ།  མེ་སོར།  མ་ནི་པལ།  ཅན་དྷི་སྒར།  ཏཱ་ལའི་བླ་མ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།  ཝཱར་ཎ་སཱི་གཙུག་ལག་སློབ་ཁང་།  ཤེས་རབ་དགའ་ཚལ་སློབ་གླིང་།  བྱང་ཨ་རི་སོགས་དགོན་སྡེ་དང་མཐོ་སློབ་བཅས་ས་གནས་ ༢༧ ནས་སློབ་ཕྲུག་ ༡༡༥  མཉམ་ཞུགས་ཀྱིས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་།   ཆོས་ལུགས་མཐུན་སྒྲིལ་དགོས་གལ་ཆེ་མིན།  དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་བཅས་པར་སྲུང་སྐྱོབ་གནང་ཐབས།   རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་ཆེད་བོད་མིའི་འགན་ཁྲི་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཙོས་པའི་ཉིན་རེའི་འཚོ་བའི་ཁྲོད་འཕྲོད་བསྟེན་གནང་ཕྱོགས་དང་། དུས་རབས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་ཇི་ལྟར་དགོས་ཚུལ་སོགས་བརྗོད་གཞི་སྣ་མིན་ཐོག་གཏམ་བཤད་དང་གྲོས་བསྡུར་གནང་བཞིན་པ་རེད་འདུག སྤྱིར་ད་རེས་ཚོགས་ཆེན་བརྒྱུད་ནས་གཞོན་སྐྱེས་ནང་ཁུལ་དབར་བསམ་ཚུལ་བརྗེ་རེས་ཡོང་རྒྱུ་དང་།  དེ་བཞིན་བརྗོད་གཞི་ཁག་ལ་སློབ་མ་རང་ཉིད་ནས་ཞིབ་འཇུག་བྱས་པའི་བརྗོད་གཞི་གནང་བ་དང་།  དགོངས་ཚུལ་དུ་མ་སྤུངས་པ་སོགས་ལ་གོ་བསྡུར་གྱིས་བརྗོད་གཞི་འདེམས་སྒྲུག་གནང་ཡོད་པ། ལྷག་པར་དུ་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་པོ་རྣམས་ ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་སླད་དུ་འདེམས་སྒྲུག་གནང་བ་ཞིག་རེད་འདུག གཏམ་བཤད་གནང་མཁན་རྣམས་ནི་མཐོ་སློབ་སོ་སོའི་སྐུ་ཚབ་ནས་གཏམ་བཤད་གནང་རྒྱུ་དང་།  དེ་བཞིན་སྤྱི་ཚོགས་ཁྲོད་གཞོན་སྐྱེས་ནུས་ཅན་ཁག་ཅིག་གདན་ཞུས་ཀྱིས་རང་ཉིད་སོ་སོའི་ཉམས་ཞིབ་གནང་བའི་སྐོར་ལ་གཏམ་བཤད་གནང་གི་ཡོད་པ་རེད།   གཞི་རྩའི་ཚོགས་ཆེན་གྱི་སྔོན་འགྲོའི་ལས་འཆར་དང་སྦྲགས།  ཕྱི་ཟླ་ ༢ ཚེས་ ༡༥ དང་ ༡༦ བཅས་ཉིན་གྲངས་གཉིས་རིང་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་ལ་བགྲོ་གླེང་ཚོགས་ཡོད་པ་དང་།  བགྲོ་གླེང་དེའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས།   དེ་བཞིན་རྒྱ་གར་གྱི་གཏམ་བཤད་པ་གྲགས་ཅན་ཁག་ཅིག་སོགས་ཕེབས་ཡོད།    

ཝེ་ཏི་ནམ་ནང་པའི་གཅིག་གྱུར་དགོན་པའི་དགོན་བདག་ Thich Quang Do མཆོག་དགོངས་པ་རྫོགས་པར་ཐུགས་གསོ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ The Unified Buddhist Church of Vietnam ཞེས་ཝེ་ཏི་ནམ་ནང་པའི་གཅིག་གྱུར་དགོན་པའི་དགོན་བདག་གམ་མཁན་པོ་ Thich Quang Do མཆོག་དགུང་ལོ་ ༩༢ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དམ་པ་ཁོང་གི་ཤུལ་ལུས་ཆོས་ཕྱོགས་ཀྱི་སློབ་མ་རྒན་གྲས་ཚོ་དང་དེ་བཞིན་དད་ལྡན་རྗེས་འབྲང་པ་ཡོངས་ལ་ཐུགས་གསོ་བསྩལ་འདུག ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་ནས་མཁན་པོ་ Thich Quang Do མཆོག་དང་དངོས་སུ་ཞལ་མཇལ་མྱོང་མེད་ཀྱང་། མཁན་པོ་མཆོག་གིས་ཐུགས་ཐག་གཙང་བཅད་ཀྱིས་གཞན་གྱི་དོན་དུ་ཞབས་ཕྱི་བསྒྲུབས་ཡོད་པ་དང་། ང་ཚོའི་ངོས་ནས་མཁན་པོ་ Thich Quang Do མཆོག་གིས་སྐུ་ཚེ་གང་པོར་འགྲོ་དོན་མཛད་དེ་སྐུ་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་ཡོད་པ་དེའི་ཐོག་ནས་རྗེས་སུ་དྲན་ངེས་རེད་ཅེས་བཀའ་བསྩལ་འདུག གཞི་རྩའི་ཝེ་ཏི་ནམ་ནང་པའི་གཅིག་གྱུར་དགོན་པའི་དགོན་བདག་ Thich Quang Do མཆོག་ནི་ཕྱི་ལོ་ ༡༩༢༨ ཟླ་ ༡༡ ཚེས་ ༢༧ ཉིན་ཝེ་ཏི་ནམ་དུ་སྐུ་འཁྲུངས་པ་དང་། མཁན་པོ་མཆོག་གིས་སྙིང་སྟོབས་ཞུམ་པ་མེད་པར་འགྲོ་བ་མའི་གཞི་རྩའི་ཐོབ་ཐང་དང་ཆོས་ལུགས་ཀྱི་རང་དབང་ཆེད་དུ་ཕྱག་ལས་རླབས་ཆེན་གནང་བར་བརྟེན་བཙོན་འཇུག་གི་དཀའ་སྡུག་ཇི་སྙེད་ཅིག་མྱངས་མྱོང་ཡོད་པར་མ་ཟད། ཉེ་བའི་མི་ལོ་ཉི་ཤུ་རིང་ལ་མཁན་པོ་མཆོག་བཟང་བཙོན་དུ་བཀར་བསྐྱིལ་གནང་མྱོང་ཡོད་པ་རེད། མཁན་པོ་མཆོག་གིས་ཕྱག་ལས་དེ་ལྟར་གནང་ཁག་ལ་ངོས་འཛིན་གྱིས་རྒྱལ་སྤྱིའི་ཁྲོད་ནས་གཟེངས་རྟགས་མང་དག་ཅིག་འབུལ་བཞེས་གནང་མྱོང་ཡོད་པ་དང་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མིའི་ཁོངས་སུ་ཐེངས་འགར་མཚན་འདོན་གནང་ཡོད་པ་རེད། ལྷག་དོན་མཁན་པོ་ Thich Quang Do མཆོག་གིས་ཕྱི་ལོ་ ༢༠༠༨ ལོ་ནས་འདི་ལོར་སྐུ་ཚེ་མ་རྫོགས་པའི་བར་དུ་ཝེ་ཏི་ནམ་ནང་པའི་གཅིག་གྱུར་དགོན་པའི་དགོན་བདག་གི་ཐུགས་འགན་བཞེས་ཡོད་པ་རེད།

Latest news