Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸རྒྱལ་བའི་བཀྲིན་རྗེས་དྲན་ལོ་དང་བསྟུན་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བ།

བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ནས་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པ་དང་བསྟུན་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་ལོ་འཁོར་མོ་རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུ་རྒྱུར་གསལ་བསྒྲགས་སྔོན་སོང་ལྟར། བོད་མིའི་གཞིས་སྒར་ཁག་ཏུ་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་འདུག

རྙོག་ཟིང་དང་ཏོག་དབྱིབས་ནད་ཡམས། བྱམས་བརྩེ་བཅས་དང་འབྲེལ་བའི་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དྲྭ་ལམ་ཐད་གཏོང་བརྒྱུད་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྙོག་ཟིང་དང་ཏོག་དབྱིབས་གཉན་རིམས། དེ་བཞིན་བྱམས་བརྩེ་བཅས་ཀྱི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་སོང་།དེ་རིང་ཟླ་ ༨ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་གི་དབུ་འཛིན་ Nancy Linborg ལགས་དང་དེ་གའི་མི་རབས་འཕོ་འགྱུར་གྱི་ཉམས་ཞིབ་པ་ཁག་ཅིག་བཅས་ལ་རྙོག་ཟིང་དང་། གཉན་རིམས། བྱམས་བརྩེ་བཅས་ཀྱི་ཐད་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་ལམ་སྟོན་གྱི་བཀའ་སློབ་ཡོད་པ་རེད།བགྲོ་གླེང་གི་ལས་རིམ་ཀྱི་ཐོག་མར་ལྕམ་སྐུ་ Linborg ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་དུས་རབས་ཉེར་གཅིག་དེ་བཞིན་འཛམ་གླིང་གི་དྲག་པོའི་རྩོད་རྙོག་མེད་པ་བཟོ་མཁན་གྱི་དུས་རབས་ཤིག་ཡིན་པ་ཡང་ཡང་བཀའ་བསྩལ་བ་བཞིན་ད་ཆ་འཛམ་གླིང་སྤྱིའི་གནས་བབས་དེ་གང་འདྲ་ཞིག་ལ་གཟིགས་ཀྱི་ཡོད་མེད་དང་། ལྷག་པར་དུ་ང་ཚོའི་ངོས་ནས་རྩོད་རྙོག་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་གང་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ད་ཆ་དུས་རབས་འདིར་སྟོད་སྨད་གཉིས་སུ་ཕྱེས་ནས་དེ་སྔ་ང་ཚོས་དམག་དཔུང་གི་སྟོབས་ཤུགས་ལ་ཆེས་ཐུགས་སྣང་གནང་བའི་ཐོག་གོ་མཚོན་རིགས་བཟོ་སྐྲུན་གྱིས་དངུལ་དང་དུས་ཚོད་མང་པོ་ཞིག་བཏང་ཡོད་པ་དེ་ལྟར་ཡང་། ད་ཆ་དེ་འབྲེལ་གྱི་བསམ་བློ་དེ་རིམ་བཞིན་མེད་པ་ཆགས་ཀྱི་འདུག འདས་པའི་དུས་ཡུན་ནང་དམག་ཆེན་དང་པོ་དང་གཉིས་པ་བཅས་བྱུང་ཡོད་ཀྱང་། ཕྱིས་སུ་མང་པོ་ཞིག་གིས་དམག་ཆེན་གསུམ་པ་ཡོང་ངེས་ཡིན་པ་དགོངས་ཀྱང་དེ་འབྲེལ་གྱི་བསམ་བློ་དེ་ཡལ་བ་རེད། ལྷག་པར་དུ་ངོས་ནས་དུས་རྒྱུན་དུ་རྩོད་རྙོག་ཞི་འགྲིག་སླད་རྒྱལ་ཁབ་གཞན་ནས་ཡུ་རོབ་མཐུན་ཚོགས་མིག་དཔེ་ལ་འཛིན་དགོས་པ་རེད་ཅེས་ཞུ་བཞིན་ཡོད་ཅེས་བཀའ་ལན་མཛད་སོང་། མགོན་པོ་༸གང་ཉིད་མཆོག་གིས་ད་དུང་སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་གཞན་ཕན་གྱི་བློ་དང་ཕན་ཚུན་གཅེས་སྐྱོང་གི་སྒོ་ནས་འཚོ་ཐུབ་ཀྱི་ཡོད་པ་དང་སྒོས་དེ་ནི་ཆོས་ལུགས་དང་འབྲེལ་བ་གང་ཡང་མེད་པ་ཞིག་ཡིན་སྐོར་བཀའ་བསྩལ་བ་མ་ཟད། ད་ཆ་འགྲོ་བ་མི་རྣམས་ཀྱི་བསམ་བློ་དེ་བཟང་ཕྱོགས་ཀྱི་ཕྱོགས་ལ་འགྲོ་བཞིན་པ་དང་ཚན་རིག་པ་གཙོས་མི་མང་པོས་ཕྱིའི་དངོས་པོ་ལས་ནང་སེམས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་དགོངས་པ་བཞེས་ཀྱི་འདུག་ཅེས་བཀའ་བསྩལ་དང་ཆབས་ཅིག ༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་ལས་དང་པོ་གཉིས་ངོ་སྤྲོད་མཛད་ཡོད།དེ་བཞིན་ལྕམ་སྐུ་ Nancy Linborg ལགས་ཀྱིས་དེ་རིང་རྒྱལ་སྤྱིའི་གཞོན་སྐྱེས་ཀྱི་ཉིན་མོ་ཡིན་སྟབས་༸གོང་ས་མཆོག་ནས་འཛམ་གླིང་འདི་རྙོག་ཟིང་མེད་པ་དང་ཞི་བདེ་བསྐྲུན་ཐབས་སུ་གཞོན་སྐྱེས་ཚོར་དམིགས་བསལ་གྱི་བཀའ་སློབ་གང་ཞིག་བསྩོལ་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ད་ཆ་འཛམ་གླིང་གི་ཁོར་ཡུག་དེ་གོ་ལའི་དཔལ་འབྱོར་གྱི་གནས་བབས་གཙོས་པའི་ཕན་ཚུན་འབྲེལ་བ་སོགས་ཀྱི་ཐོག་དམིགས་བསལ་ས་མཚམས་མེད་པ་ཞིག་ཆགས་ཡོད་པ་དང་། ད་ལྟའི་ཁོར་ཡུག་འདིའི་ཁྲོད་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་རྣམས་དེ་སྔ་དུས་རབས་ཀྱི་མི་རབས་ལྟར་མིན་པར་བསམ་བློ་གཏོང་ཕྱོགས་ཐད་ཆེས་གུ་ཡངས་ཡོད་པ་དང་ཆབས་ཅིག གཞོན་སྐྱེས་རྣམས་ནས་རང་ཉིད་ཀྱི་བློའི་སྒོ་མོ་ཕྱེས་ཏེ་བསམ་བློ་རྙིང་ཞེན་དོར་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།བཀའ་འདྲི་དགོངས་སྐོར་གྱི་ལས་རིམ་དེའི་ཐོག་གཞོན་སྐྱེས་ཁག་ཅིག་ནས་བརྗོད་གཞི་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་གཞུང་ནང་སེམས་ཚོར་དྲག་པོའི་སེམས་ཀྱི་ཞི་བདེ་དཀྲུག་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། སྤྱིར་ངལ་བ་ཇི་འདྲ་ཞིག་འཕྲད་ཀྱང་ང་ཚོས་བློ་དེར་དཔྱད་ནས་དངོས་ཡོད་གནས་ཚུལ་ར་འཕྲོད་ཐབས་གནང་དགོས་པ་དང་། ལྷག་པར་དུ་ངལ་བ་རིགས་འཕྲད་ཚེ་དེ་ལས་གྲོལ་ཐབས་སུ་སེམས་ལ་ཞི་བདེ་རྒྱུན་གནས་ཐུབ་པ་གནང་གལ་ཡིན་སྐོར་བཀའ་བསྩལ་ཡོད།༸གོང་ས་མཆོག་གིས་ད་དུང་དེང་སྐབས་ཏོག་དབྱིབས་གཉན་རིམས་ཁྲོད་འཛམ་གླིང་སྤྱིར་ངལ་བ་འཕྲད་བཞིན་པས་དཀའ་ཚེགས་ཀྱི་དུས་ཡུན་འདིས་ང་ཚོ་ཚང་མ་གཅིག་ཏུ་སྒྲིལ་ནས་གདོང་ལེན་གནང་རྒྱུའི་གོ་སྐབས་ཤིག་སྤྲད་ཡོད་པ་མ་ཟད་སྒོས་འཛམ་གླིང་ནང་གཉན་རིམས་ཙམ་མིན་པར་གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་ཀྱང་གཙོ་བོ་ཞིག་ཏུ་གྱུར་ཡོད་སྟབས། ང་ཚོས་ནུས་པ་མཉམ་སྤུངས་བྱས་ནས་མཉམ་ལས་གནང་དགོས་པར་བཀའ་བསྩལ་སོང་།གཞི་རྩའི་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་ནི་འཛམ་གླིང་ནང་གི་དྲག་པོའི་རྩོད་རྙོག་ཞི་ཐབས་ཀྱི་ལས་དོན་གནང་མཁན་གྱི་བསྟི་གནས་ཁང་ཞིག་ཆགས་ཀྱི་ཡོད་པ་དང་། ལོ་ལྟར་བསྟི་གནས་ཁང་དེས་འགན་གཙོ་བཞེས་ཀྱིས་འཛམ་གླིང་ནང་རྙོག་ཟིང་ཆེ་བའི་ཡུལ་ལུང་སི་རི་ཡ་དང་། སོ་མ་ལི་ཡ། དེ་བཞིན་ཨི་རག་སོགས་ཀྱི་རྒྱལ་ཁབ་ནས་ཡིན་པའི་རང་རྒྱལ་ནང་ཞི་བདེ་བསྐྲུན་ཐབས་ཀྱི་དམིགས་ཡུལ་ཟིན་པའི་བསྟི་གནས་ཁང་གི་མི་རིགས་འཕོ་འགྱུར་གྱི་གཞོན་སྐྱེས་ཁག་ཅིག་༸གོང་ས་མཆོག་མཇལ་བར་བཅར་གྱི་ཡོད་པ་རེད། འོན་ཀྱང་ད་ལན་ནད་ཡམས་རྐྱེན་པས་ཞི་བདེ་དང་བྱམས་བརྩེ་ཐད་བཀའ་བསྡུར་གནང་རྒྱུ་དེ་དྲྭ་ལམ་བརྒྱུད་གནང་དགོས་འཁེལ་ཡོད་པ་དང་། ད་རེས་དྲྭ་ལམ་གྱི་ལས་རིམ་འདིའི་ཐོག་གཞོན་སྐྱེས་ཕོ་མོ་ཁྱོན་ཉི་ཤུ་ནས་མཉམ་ཞུགས་གནང་འདུག

༸གོང་ས་མཆོག་གིས་ཆར་ཞོད་ཀྱི་གོད་ཆག་ཕོག་པའི་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་གསོ་མཛད་པ།

དེང་སྐབས་རྒྱ་གར་ཁྱོན་ཡོངས་སུ་ཆར་དུས་ཀྱི་དུས་ཚོད་དང་བསྟུན། རྒྱ་གར་གྱི་ས་གནས་འདྲ་མིན་ཁག་ཏུ་ཆར་ཞོད་རྐྱེན་པས་ཆུ་ལོག་དང་ས་རུད་སོགས་བྱུང་ནས་མང་ཚོགས་ཀྱི་འཚོ་ཐབས་ལ་གནོན་འཚེ་ཚབས་ཆེན་ཕོག་པ་མ་ཟད་གང་ཟག་གི་ཚེ་སྲོག་ཀྱང་ཤོར་བའི་གནས་ཚུལ་རིམ་པ་ཐོན་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ཆར་རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་ནང་ལ་ཆར་ཤོད་ཀྱི་འཇིག་པ་ཤུགས་ཆེ་འོག་མི་མང་རྣམས་ལ་ཆེས་ངལ་བ་འཕྲད་བཞིན་ཡོད་པར་བརྟེན། ཁ་སང་ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་ནས་ཆར་ཞོད་ཀྱི་གོད་ཆག་འོག་མང་ཚོགས་ཚོའི་ཚེ་སྲོག་ཤོར་བ་དང་སྡོད་ཁང་སོགས་ལ་གནོད་འཚེ་ཕོག་པར་ཐུགས་ཕམ་ཆེན་པོ་མཛད་པ་དང་སྦྲགས་ཏེ་ཤུལ་ལུས་ནང་མི་ཉེ་སྤུན་མཆེད་དང་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཐུགས་གསོའི་གསུང་འཕྲིན་བརྒྱུད་མངའ་སྡེའི་ས་གནས་ཁག་ཏུ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་འདི་ལྟ་བུའི་དུ་དྲག་ཆར་གྱི་གོད་ཆག་ལོ་ལྟར་འབྱུང་བཞིན་ཡོད་སྐོར་བཀའ་བསྩལ་དང་འབྲེལ་ནས་མགོན་པོ་༸གང་ཉིན་མཆོག་ནི་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་པའི་མང་ཚོགས་ཀྱི་ཐུགས་འདྲིས་ཆེ་བའི་མཛའ་གྲོགས་ཤིག་དང་ལྷག་དོན་མངའ་སྡེ་དེར་རྒྱུན་གཏན་ནས་ཕེབས་མཁན་སྐུ་མགྲོན་ཞིག་ཡིན་སྟབས། སླད་མར་འབྱུང་བའི་གོད་ཆག་དེ་ལྟར་མི་འབྱུང་བ་དང་མངའ་སྡེ་གཞུང་གི་ཕྱག་ལས་གཙོ་གནད་གཞན་ཁག་ཕྱིར་བཤོལ་གྱིས་ཆར་ཤོད་ཀྱི་འཇིག་པའི་རྒྱ་ལས་གྲོལ་ཕྱིར་ཕུགས་རྒྱང་རིང་པོར་དགོངས་བཞེས་ཀྱི་ཐབས་ལམ་འཚོལ་གནད་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་འདུགགཞི་རྩའི་ད་ལན་བྷི་ཧཱར་ནང་གི་དྲག་ཆར་གྱི་གོད་ཆག་ཕོག་པའི་རྐྱེན་གྱིས་མངའ་སྡེའི་རྫོང་ཁག་ ༡༦ ནང་གི་ས་གནས་མང་ཚོགས་འབུམ་ ༧༤ ལྷག་ལ་དོ་ཕོག་ཐེབས་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་དྲྭ་རྒྱ་བརྒྱུད་རིང་མིན་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་བ།

ཨ་རིའི་ཞི་བདེ་བསྟི་གནས་སློབ་གཉེར་ཁང་དབུ་འཛིན་ Nancy Linborg ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ཁག་དང་སེམས་བསྲེ་བའི་ལས་འཆར་ཚོགས་པའི་ཚོགས་མི་རྣམས། དེ་བཞིན་ཨེ་ཤ་ཡའི་ཚོགས་སྡེ་ཁག་ཅིག ཐེ་ཝན་གྱི་དད་ལྡན་མི་མང་། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་ཨེ་པི་ཇེ་ཨབ་དུལ་ཀ་ལཱམ་མཆོག་དགོངས་རྫོགས་རྗེས་དྲན་གོ་སྒྲིག་ཚོགས་ཆུང་བཅས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིས་ཟླ་ ༨ ཚེས་ ༡༢ ནས་དབུ་འཛུགས་ཀྱིས་ཟླ་ ༡༠ ཚེས་ ༡༥ བར་དྲྭ་རྒྱ་བརྒྱུད་ནས་བཀའ་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་མི་འདྲ་བ་ལྔ་ཙམ་བསྐྱང་རྒྱུའི་ཐུགས་གཏན་འཁེལ་འདུགདེ་ཡང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བོད་ཡིག་དྲྭ་རྒྱར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་བསྩལ་གཏན་འཁེལ་བའི་གསལ་བསྒྲགས་སྤེལ་འདུག་པ་དང་། དེའི་ནང་ཀུན་གྱིས་དགོངས་མངའ་བཞིན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་གསར་པའི་གློ་ཚད་རིམས་ནད་ COVID-19 ཀྱི་གནས་ཚུལ་ཛ་དྲག་ཆེས་ཆེར་འགྲོ་བཞིན་ཡོད་སྟབས། སང་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་གི་དབུ་འཛིན་ Nancy Linborg ལགས་དང་། དེ་གའི་མི་རབས་འཕོ་འགྱུར་གྱི་ཉམས་ཞིབ་པ་ཁག་ཅིག་བཅས་ནས་རྙོག་ཟིང་དང་། གཉན་རིམས། བྱམས་བརྩེ་བཅས་ཀྱི་ཐད་དྲྭ་ཐོག་བགྲོ་གླེང་གནང་རྒྱུ་དང་། དེ་བཞིན་ཚེས་ ༢༥ ཉིན་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་བགྲོ་གླེང་འདི་བཞིན་སེམས་བསྲེ་བའི་ལས་འཆར་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་མཆོག་དབུ་བཞུགས་ཐོག་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་མཁོ་ཚུལ་གྱི་བགྲོ་གླེང་མཛད་རྒྱུ་དང་། ཚོགས་པའི་ཚོགས་མི་རྣམས་ནས་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་རེད་འདུགཕྱི་ཟླ་ ༩ ཚེས་ ༤ ནས་ ༦ ཉིན་གྲངས་གསུམ་རིང་གི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤ་ཡའི་ཚོགས་སྡེ་ཁག་ཅིག་ལ་བཀའ་ཆོས་ཤིག་བསྩལ་རྒྱུ། དེ་རྗེས་ཆུ་ཚོད་ ༡༠ ནས་ ༡༠༌༣༠ བར་ཚོགས་པ་དེའི་ཚོགས་མི་རྣམས་ནས་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་དང་། གཞན་ཡང་ཕྱི་ཟླ་ ༡༠ ཚེས་ ༢ ནས་ ༤ ཉིན་གྲངས་གསུམ་རིང་གི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཐེ་ཝན་གྱི་དད་ལྡན་མང་ཚོགས་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་གིས་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། དེ་བཞིན་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་ཡིན་པ་མ་ཟད། ཟླ་བ་དེའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་ཨེ་པི་ཇེ་ཨབ་དུལ་ཀ་ལཱམ་མཆོག་གི་རྒྱལ་སྤྱིའི་ཐེབས་རྩ་ལས་ཁང་ནས་གོ་བསྒྲིགས་ཞུས་པ་ལྟར་སྲིད་ཟུར་ཨབ་དུལ་ཀཱ་ལམ་མཆོག་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་སྐུ་མགྲོན་གཙོ་བོར་གདན་ཞུ་མགྲོན་འབོད་ཀྱིས་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་འདུགགཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པའི་གཞེན་སྐུལ་གནང་འདུག་པས་དེ་དོན་དགོངས་འཇགས་ཞུ།

རིང་མིན་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཕྱག་དེབ་དཔར་སྐྲུན་གྱི་དབུ་འབྱེད་གནང་གཏན་འཁེལ་འདུག

དེའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འཇར་མན་ནིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གསར་འགོད་པ་སྐུ་ཞབས་ Franz Alt ལགས་རྣམ་གཉིས་ཟུང་འབྲེལ་གྱིས་ལྗགས་རྩོམ་མཛད་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་འཛམ་གླིང་ཡོངས་ལ་གཞེན་སྐུལ་གྱི་ཕྱག་དེབ་ Our Only Home: A Climate Appeal to the World ཞེས་ང་ཚོའི་ཁྱིམ་གཞིས་ཁོ་ན་ཉིད་ཅེས་པ་དེ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་དངོས་སུ་དཔར་སྐྲུན་གྱི་དབུ་འབྱེད་གནང་གཏན་འཁེལ་འདུག ཕྱག་དེབ་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་རབས་གསར་པ་ཚོའི་མདུན་ལམ་ལ་ཆེད་དམིགས་ཀྱིས་འཛམ་གླིང་གི་སྲིད་དོན་དབང་ལྡན་དག་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བའི་ངལ་སེལ་ཐད་འཛིན་པའི་འགལ་ཟླའི་ལྟ་ཚུལ་རྣམས་སྤངས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་གནང་ཕྱིར་ཐུན་མོང་གིས་འབད་བརྩོན་གནང་དགོས་པའི་གཞེན་སྐུལ་མཛད་པའི་ཕྱག་དེབ་ཅིག་ཆགས་ཀྱི་ཡོད་པ་རེད་འདུགང་ཚོའི་ཁྱིམ་གཞིས་ཁོ་ན་ཉིད་ཅེས་པའི་ཕྱག་དེབ་དེ་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་དཔར་སྐྲུན་གནང་མཁན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ Bloomsbury Sigma དཔར་སྐྲུན་ཁང་དང་། ཨ་རི་དང་ཁེ་ན་ཌ་བཅས་བྱང་ཨ་རིའི་ཁུལ་དུ་འཛམ་གླིང་ཐོག་དཔར་སྐྲུན་ཁང་ཆེ་ཤོས་གྲས་ཡིན་པ་མ་ཟད། དབྱིན་ཡིག་གི་ཕྱག་དེབ་དཔར་སྐྲུན་གནང་མཁན་ཆེ་ཤོས་ལྔའི་ཁོངས་ནས་གཅིག་ཡིན་པ་ Harper Collins དཔར་སྐྲུན་ཁང་གཉིས་ཀྱིས་དཔར་སྐྲུན་གནང་གི་ཡོད་པ་རེད། Bloomsbury Sigma དཔར་སྐྲུན་ཁང་གི་རྩོམ་སྒྲིག་པ་སྐུ་ཞབས་ Jim Martin ལགས་ཀྱིས་ད་ཆ་ང་ཚོ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་ཆེས་ཛ་དྲག་གྱི་རྒྱ་ལས་གྲོལ་ཉེ་བའི་མཚམས་འདིར་ང་ཚོས་ངེས་པར་དུ་ད་ལྟ་འཕྲད་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་ལྷག་དོན་ཕྱག་དེབ་འདིའི་ནང་༸གོང་ས་མཆོག་གིས་གནམ་གཤིས་འགྱུར་ལྡོག་གི་བྱ་བབ་ཁག་གི་ཐོག་དགོངས་འཆར་ཇི་གནང་དག་ལ་དོ་སྣང་རྒྱ་གང་ཆེ་གནང་དགོས་པའི་རེ་སྐུལ་གནང་འདུག སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་སྤྱི་དང་སྒོས་འཛམ་གླིང་ཁྱོན་གྱི་སྐྱེ་འགྲོ་རྣམས་ཀྱི་བདེ་ཐབས་ཁོ་ནར་དགོངས་པ་ཆེ་བཞེས་ཀྱིས་རང་རྣམ་དང་ནང་པའི་ལྟ་གྲུབ། ཆོས་ལུགས་རིས་མེད། འགྲོ་བ་མིའི་བཟང་སྤྱོད། བྱམས་བརྩེ། དེ་བཞིན་བདེ་སྐྱིད་སྐྲུན་ཐབས། འཛམ་གླིང་ལ་བཅངས་པའི་དགོངས་བཞེད་ལ་སོགས་པའི་ཕྱག་དེབ་ཇི་སྙེད་ཅིག་ལྗགས་རྩོམ་མཛད་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ པའི་ནང་༸གོང་ས་མཆོག་གིས་མཛད་པའི་བྱིས་དེབ་བྱམས་བརྩེའི་ས་བོན་ཞེས་པ་དེ་དཔར་སྐྲུན་གནང་ཡོད་པ་རེད།

དགྲ་བོ་རྩ་མེད་བཟོ་རྒྱུ་ཟེར་བ་ནི་དུས་ཚོད་ཡོལ་བའི་སྐད་ཆ་རེད་ཅེས་བཀའ་བསྩལ་བ།

དེ་རིང་གི་ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༤༥ ལོར་ཨ་རིས་ཉི་ཧོང་གི་ hiroshima དང་ Nagasaki ཞེས་པའི་ས་ཚིགས་གཉིས་སུ་འབར་རྫས་གཡུགས་ནས་མི་ལོ་ ༧༥ འཁོར་བའི་ཉིན་མོ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་གཞོན་སྐྱེས་ཚོར་ཆོས་འབྲེལ་དབུ་འཛུགས་མ་བསྐྱང་གོང་ཉིན་མོ་དེ་རྗེས་དྲན་མཛད་པ་དང་འབྲེལ་འཛམ་གླིང་འདིའི་ཐོག་དཀའ་ངལ་གང་འདྲ་ཞིག་འཕྲད་རུང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པ་ལས་དགྲ་བོ་རྩ་མེད་བཟོ་རྒྱུ་ཟེར་བ་ནི་དུས་ཚོད་ཡོལ་བའི་སྐད་ཆ་ཞིག་རེད་ཅེས་ལམ་སྟོན་མཛད་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༤༥ ལོའི་དམག་ཆེན་གཉིས་པའི་མཇུག་ཏུ་ཉི་ཧོང་ཁུལ་དུ་ཡོད་པའི་ hiroshima དང་ Nagasaki ཞེས་པའི་ས་ཚིགས་གཉིས་སུ་འབར་རྫས་བཀད་པའི་ཉིན་མོ་དང་ལྷག་པར་དུ་ཁུལ་དེར་མགོན་པོ་༸གང་ཉིད་མཆོག་ཆེད་ཕེབས་མཛད་མྱོང་ཡོད་པ་སོགས་ཀྱི་དེ་བྱུང་ཐུགས་དྲན་གསོས་པ་དང་ཆབས་ཅིག རྡུལ་ཕྲན་ཞེས་པ་དེ་རང་རྒྱལ་གཞན་ཕམ་གྱི་བློ་ངན་པའི་དབང་གིས་དགྲ་བོ་རྩ་མེད་གཏོང་རྒྱུའི་བློ་ཞིག་དང་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་སྤྱོད་པའི་དམིགས་ཡུལ་ལས་འདས་པ་ཞིག་ཡིན་པ་རེད། ལྷག་པར་དུ་དེང་སྐབས་ངལ་བ་མི་ཉུང་བ་ཞིག་འཕྲད་བཞིན་པའི་ཐོག་ད་དུང་དམག་ལ་དང་འདོད་བྱ་རྒྱུ་ནི་ཤིན་ཏུ་ནས་མ་འོས་པ་ཞིག་ཡིན་སྟབས་འཛམ་གླིང་གི་ཞི་བདེ་ཞེས་པ་དེ་ཚིག་ཙམ་མིན་པར་ལག་ལེན་ངོ་མའི་ཐོག་ནས་འབད་དགོས་པ་དང་དཀའ་ངལ་གང་འདྲ་ཞིག་འཕྲད་རུང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པ་ལས་དགྲ་བོ་རྩ་མེད་བཟོ་རྒྱུ་ཟེར་བ་ནི་དུས་ཚོད་ཡོལ་བའི་སྐད་ཆ་རེད་ཅེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་དེ་རིང་གིཉིན་མོ་དང་བསྟུན་གསུང་འཕྲིན་ཞིག་བསྩལ་ཏེ་རྒྱལ་སྤྱིའི་གཞུང་དང་ཚོགས་སྒེར་ཡོངས་ནས་འཛམ་གླིང་འདིར་ཞི་བདེ་བསྐྲུན་རྒྱུ་དེ་རང་ཉིད་ཀྱི་ལས་དོན་གཙོ་བོ་ཞིག་ལ་ངོས་འཛིན་རྒྱུའི་དམ་བཅའ་འཇོག་དགོས་པའི་གཞེན་སྐུལ་མཛད་པ་དང་འབྲེལ། ང་ཚོས་རྡུལ་ཕྲན་མཚོན་ཆ་དང་གོ་མཚོན་ཐོན་སྐྱེད་ཀྱི་ལས་དོན་མཐའ་དག་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་གཙང་སེལ་བྱེད་དགོས་པ་མ་ཟད། ཞི་བདེ་ཞེས་པ་དེ་ཆོས་ཉམས་ལེན་གནང་བ་ཁོ་ནས་ཡོང་ཐབས་མེད་སྟབས། ང་ཚོ་དང་ཁོ་ཚོ་ཞེས་རིམ་པ་གཉིས་པའི་བློ་དེ་དོར་ནས་གོ་ལ་གཅིག་གྱུར་གི་འདུ་ཤེས་གོང་སྤེལ་གནང་སྟེ་ཞི་བདེ་བསྐྲུན་དགོས་པར་བཀའ་བསྩལ་ཡོད།གཞི་རྩའི་དེ་རིང་གི་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ལ་བསྩལ་བའི་ཆོས་འབྲེལ་གྱི་ཉིན་མཐའ་མ་དེ་ཆགས་ཡོད་པ་དང་། སྐབས་དེར་ཇཱ་བོད་ཁྱིམ་གྱི་སློབ་ཟུར་བདེ་སྐྱིད་སྒྲོལ་མ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོོག་གི་༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་ལས་སློབ་མས་གང་དང་གང་བསྒྲུབ་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ༸གང་ཉིད་མཆོག་གིས་༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་པོ་རེ་རེ་བཞིན་ངོ་སྤྲོད་བཀའ་དྲིན་བསྩལ་བ་དང་སྦྲགས། ཐུགས་བསྐྱེད་གསུམ་པ་སྟེ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་ཁོར་ཡུག་བཅས་སྲུང་སྐྱོབ་མཛད་ཐབས་ཞེས་པ་དང་འབྲེལ་བོད་ཀྱི་ནང་པའི་ཆོས་ལས་ཚད་མའི་གཞུང་དང་འབྲེལ་ནས་རིགས་པའི་ལམ་ནས་གསུང་རྒྱུ་ཡོད་པའི་དཔལ་ན་ལེནྡཱའི་ཆོས་བརྒྱུད་དེ་འཛམ་གླིང་འདིའི་ནང་གི་ཡག་ཤོས་སམ་སྤུས་དག་ཤོས་དེ་ཡིན་པ་མ་ཟད། ཚད་མ་དང་ལྟ་གྲུབ་དེ་དག་འགྲེལ་བཤད་གནང་བར་བོད་ཀྱི་སྐད་ཡིག་གཉིས་པོ་ཆེས་གལ་ཆེན་ཆགས་ཀྱི་ཡོད་སྟབས་སློབ་མ་ཚོས་དེར་དོ་སྣང་བྱེད་བཞིན་ཡོད་ཀྱང་ད་དུང་དོ་སྣང་ཆེ་བར་གནང་དགོས་པར་ལམ་སྟོན་མཛད་པ་དང་ཆབས་ཅིག འདི་ལོའི་ལོ་མཇུག་ཏུ་མགོན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་དང་འབྲེལ་ནས་བོད་དོན་རྒྱབ་སྐྱོར་བ་རྣམས་དང་ལྷན་དུ་ཚོགས་ཆེན་ཞིག་འཚོགས་ནས་ཐུགས་བསྐྱེད་བཞི་པོར་བགྲོ་གླེང་གནང་རྒྱུ་ཡིན་པ་སོགས་བཀའ་བསྩལ་སོང་།སློབ་མ་དྲུག་ནས་སེམས་བཅོས་ཐབས་དང་རང་གཞན་གཉིས་ཕན། ལས་འབྲས། རྟེན་འབྲེལ་ཚད་མེད་རྟོགས་ཚུལ། དེ་བཞིན་རང་རྒྱུད་ལ་བཟོད་པ་དང་བྱམས་བརྩེའི་བློ་སྐྱེས་ཐབས་ཐོག་ལམ་སྟོན་བཀའ་འདྲི་ཞུས་སོང་བ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་རྒྱས་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དེ་ཡག་ཤོས་ཤིག་ཡིན་པ་དང་། ལྷག་པར་དུ་མགོན་མཆོག་ནས་ཀྱང་དུས་རྟག་ཏུ་སྤྱོད་འཇུག་གཟིགས་ཀྱི་ཡོད་ཅེས་བཀའ་ལན་བསྩལ་བ་དང་འབྲེལ། སྤྱོད་འཇུག་གྱི་ལེའུ་དྲུག་པ་བཟོད་པའི་ལེའུ་དང་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་ལ་སློབ་གཉེར་གནང་དགོས་པ་མ་ཟད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དགོས་གལ་ཡིན་པར་བཀའ་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་གྲུབ་མཚམས་སུ་ཐེངས་འདིའི་ཆོས་འབྲེལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་མགོན་པ་༸གང་ཉིད་མཆོག་གིས་ནང་ཆོས་ངོ་སྤྲོད་ཐེངས་ ༡༤ པ་འདི་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གྲངས་གསུམ་གྱི་རིང་དྲྭ་ལམ་ཐད་གཏོང་བརྒྱུད་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་བསྐྱངས་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་སྦྲགས། ཐེངས་འདིའི་ཆོས་འབྲེལ་ཐོག་ཁྱོན་སློབ་མ་གྲངས་ ༣༦ ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་གསུངས་སོང་།༸གོང་ས་མཆོག་གི་མཛད་འཆར་ལྟར་ན། ཕྱི་ཟླ་ ༨ ཚེས་ ༢༥ ཉིན་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་ནང་རྟེན་གཞིར་བྱས་པའི་  Mind Mingle ཞེས་བྱིས་པའི་ཤེས་ཡོན་དང་སེམས་ཁམས། དེ་བཞིན་རིག་པའི་གཞུང་ལུགས་ཀྱི་ཐད་ལ་ཕྱག་ལས་གནང་མཁན་གྱི་ཤེས་ཡོན་བསྟི་གནས་ནས་གོ་སྒྲིག་ཞུས་དོན་བཞིན་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཁྲོད་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་དགོས་གལ་སྐོར་དྲྭ་ཐོག་ནས་བཀའ་སློབ་བསྩལ་རྒྱུ་ཡིན་པ་མ་ཟད། ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ ཉིན་སོ་སོའི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་ཨེ་ཤ་ཡའི་ཚོགས་སྡེ་ཁག་ཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་ཤིག་བསྩལ་རྒྱུ་དང་ཚོགས་པའི་ཚོགས་མི་རྣམ་པས་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་འདུག

སེམས་ཁམས་རིག་པ་དང་འབྲེལ་ནས་གཞན་ཕན་གནང་རྒྱུ་དེ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་རེད་ཅེས་བཀའ་བསྩལ་བ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བོད་རིགས་གཞོན་སྐྱེས་རྣམས་ལ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་ཉིན་གཉིས་པའི་སྐབས་ཆོས་རྒྱུ་མཚན་དུ་མ་བྱས་པར་སེམས་ཁམས་རིག་པའི་གནས་ཚུལ་ཤེས་པའི་སྒོ་ནས་གཞན་ལ་ཕན་བཏགས་པ་དང་། མི་ཚེ་འདིར་རང་སྐྱིད་པོ་ཞིག་ཡོང་རྒྱུའི་རྒྱུ་མཚན་དུ་བྱས་ནས་བཟང་པོ་གནང་རྒྱུ་དེ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་རེད་ཅེས་ལམ་སྟོན་བསྩལ་སོང་།མགོན་པོ་༸གང་ཉིད་ཆོག་གིས་ཁ་སང་གི་བཀའ་ཆོས་འཕྲོ་སྐྱོང་མཛད་མཚམས་སུ་སློབ་ཕྲུག་རྣམས་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་བཀའ་དྲིན་ཆེ་བར་བསྩལ་དོན་ལྟར་ཅོན་ཏ་རཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་སྒྲོལ་ལགས་ཀྱིས་ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་གཉིས་ཀྱི་དབྱེ་མཚམས་ཇི་ལྟར་འཇོག་དགོས་སམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་ཆོས་རྒྱུ་མཚན་དུ་བྱས་ནས་སྐྱེ་བ་སྔ་ཕྱི་དང་དགེ་སྡིག་སོགས་ཀྱི་སྒོ་ནས་གཞན་ལ་ཕན་བཏགས་པ་དང་བཟང་པོ་བྱེད་པ་ནི་ཆོས་དང་འབྲེལ་བའི་བཟང་སྤྱོད་ཅིག་ཡིན་པ་དང་། ཆོས་རྒྱུ་མཚན་དུ་མ་བྱས་པར་སེམས་ཁམས་རིག་པའི་གནས་ཚུལ་ཤེས་པའི་ཐོག་ནས་མིའི་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་རང་བཞིན་གྱི་བློ་དེ་སྤྱོད་ནས་མི་ཚེ་འདིར་སྐྱིད་པ་དང་འཛམ་གླིང་སྤྱི་ལ་ཕན་ཐོགས་གནང་རྒྱུ་དེ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་རེད་ཅེས་ལམ་སྟོན་མཛད་སོང་། སྐབས་དེར་སློབ་ཕྲུག་གཞན་ཞིག་གིས་རང་རྒྱལ་གཞན་ཕམ་གྱི་བློ་མེད་པའམ་གཞན་གཅེས་པར་འཛིན་པའི་བློའི་ཐོག་ནས་འགྲན་བསྡུར་གནང་ཐབས་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་སྤྱིར་འགྲན་བསྡུར་ལ་གནོད་སེམས་དང་། རང་རྒྱལ་གཞན་ཕམ་གྱི་འགྲན་བསྡུར་ཞིག་དང་། ཕན་སེམས་ཀྱི་འགྲན་བསྡུར་ཞེས་གཉིས་ཡོད་པ་ལྟར་རང་རྒྱལ་གཞན་ཕམ་མིན་པར་ཕ་རོལ་པོའི་བློ་གྲོས་ཡར་རྒྱས་འགྲོ་རྒྱུར་དམིགས་པའི་འགྲན་བསྡུར་དེ་དགོས་ངེས་ཅན་ཞིག་ཡིན་པར་བཀའ་བསྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་ཆོས་འབྲེལ་ཐོག་དེང་དུས་ཀྱི་བོད་ཕྲུག་ཡིན་པ་གང་ཞིག་དངོས་པོ་ཡང་རྒྱས་ཁོ་ན་ལ་བསམ་བློ་བཏང་མཁན་ཚོས་འཕྲོད་བསྟེན་ཞེས་བརྗོད་སྐབས་གཟུགས་ཀྱི་འཕྲོད་བསྟེན་ལས་སེམས་ཀྱི་འཕྲོད་བསྟེན་སྐོར་སྐད་ཆ་བཤད་མཁན་ཞིག་མེད་པར་བཀའ་བསྩལ་བ་དང་འབྲེལ། སེམས་ཀྱི་འཕྲོད་བསྟེན་དེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་སྤྱོད་པ་འཚེ་བ་མེད་པ་དང་བྱམས་བརྩེ་སོགས་དང་འབྲེལ་བའི་སེམས་ཁམས་རིག་པའི་ལྟ་བ་ཁོ་ནས་ཁ་གསབ་ཐུབ་པ་ལས་དེང་དུས་ཀྱི་རིག་གཞུང་ལས་ཡོང་ཐབས་མེད་སྟབས་དེར་དོ་སྣང་བྱེད་དགོས་གལ་ཡིན་པར་བཀའ་བསྩལ་ཡོད། མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་ཆོས་ལུགས་ཀུན་ལ་ལྟ་སྤྱོད་གཉིས་ཡོད་པ་ལྟར་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ལའང་ལྟ་བ་དང་སྤྱོད་པ་གཉིས་ཡོད་པ་དང་། ལྟ་བ་དེ་ཚན་རིག་དང་འབྲེལ་བའི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་ཞེས་བརྗོད་སྐབས་འཛམ་གླིང་གི་ཞི་བདེ་དང་འབྲེལ་ནས་སྤྱོད་པ་འཚེ་བ་མེད་པ་ཞེས་གཉིས་ཡོད་པ་སློབ་ཕྲུག་ཚོས་ངེས་པར་དུ་ཤེས་དགོས་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ན་ལེནྡཱའི་ཆོས་བརྒྱུད་ནི་རིག་པའི་ལམ་ནས་གཏན་ལ་དབབ་ནས་བཤད་རྒྱུ་ཡོད་པ་མ་ཟད་ཚན་རིག་དང་མཉམ་དུ་འགྲོ་རྒྱུ་ཡོད་པ་ཞིག་ཡིན་པ་བཀའ་བསྩལ་བ་དང་སྦྲགས། དེ་ནི་བོད་པའི་ཐུན་མིན་གྱི་རིག་གཞུང་ཞིག་ཡིན་པ་དང་། དཔལ་ན་ལེནྡཱའི་ཆོས་བརྒྱུད་ཀྱི་གཞུང་ཆེན་དག་ལ་ཆེད་གཉེར་གནང་དགོས་བྱུང་ཚེ་བོད་པའི་སྐད་ཡིག་འདི་མེད་དུ་མི་རུང་བ་ཅིག་ཆགས་ཡོད་སྟབས། ན་ལེནྡཱའི་རིག་གཞུང་ནི་བོད་པའི་རིག་གཞུང་ཞིག་ཡིན་པ་བཀའ་བསྩལ་སོང་བ་དང་ཆབས་ཅིག རིག་གཞུང་འདི་བརྒྱུད་ནས་མ་འོངས་པར་རྒྱ་ནག་དང་མཉམ་དུ་འཆམ་མཐུན་ངང་སྡོད་རྒྱུ་བྱུང་ཚེ་རྒྱ་ནག་གི་ནང་པ་ཚོ་ལའང་ཞབས་འདེགས་ཞུ་ཐུབ་ངེས་ཡིན་པ་བཀའ་བསྩལ་སོང་།

བྱང་ཨར་ལན་ཌི་ཁུལ་དུ་ཞི་བདེ་སྐྲུན་མཁན་སྐུ་ཞབས་ John Hume མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་མཛད་འདུག

བྱང་ཨར་ལན་ཌི་དང་ཨིན་ཡུལ་གཞུང་གཉིས་དབར་ཞི་བའི་ཆིངས་ཡིག་བཞག་སྟེ་ཕྱོགས་གཉིས་ཀྱི་ལོ་ངོ་བཅུ་ཕྲག་འགའི་དཀའ་ངལ་རྣམས་སེལ་མཁན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ John Hume མཆོག་ཁ་སང་ཟླ་ ༨ ཚེས་ ༣ ཉིན་ སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུན་ཐོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དམ་པ་ཁོང་གི་སྐུ་ཟླ་ Patricia Hume མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུགདེའང་དགུང་གྲངས་ ༨༣ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་སྐུ་ཞབས་ John Hume མཆོག་ཡུན་རིང་ནད་མནར་རྗེས་ཁ་སང་བྱང་ Ireland ཁུལ་གྱི་ Londonderry གྲོང་ཁྱེར་གྱི་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་འདུག ཁོང་ནི་དེ་སྔ་ Ireland ཁུལ་དུ་ནང་འཁྲུག་སྐབས་སུ་གྲོས་མོལ་དང་འགྲིག་འཇགས་ཀྱི་ཐོག་ནས་ངལ་བ་དག་སེལ་མཁན་ཞིག་ཡིན་སྟབས། ཕྱི་ལོ་ ༡༩༩༨ ལོར་ Good Friday Deal ཞེས་དམ་པ་དེ་ཉིད་ནས་སྣེ་ཁྲིད་དེ་བྱང་ཨར་ལན་ཌི་དང་ཨིན་ཡུལ་གཞུང་གཉིས་དབར་ཞི་བའི་ཆིངས་ཡིག་བཞག་སྟེ་ཕྱོགས་གཉིས་ཀྱི་ལོ་ངོ་བཅུ་ཕྲག་འགའི་དཀའ་ངལ་རྣམས་སེལ་ཐུབ་པ་བྱུང་བར་བརྟེན་ལོ་དེར་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་འབུལ་བཞེས་གནང་མྱོང་ཡོད་པ་རེད། དམ་པ་ཁོང་དགོངས་པ་རྫོགས་པའི་གནས་ཚུལ་གསན་པ་དང་འབྲེལ་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་ཤུལ་ལུས་སྐུ་འཁོར་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག་པའི་ནང་།  མགོན་པོ་མཆོག་དེ་སྔ་བྱང་ Ireland ནང་དུ་ཐེངས་ཁ་ཤས་ཆིབས་བསྒྱུར་མཛད་མྱོང་ཡོད་པ་དང་། སྐབས་དེ་དུས་སྐུ་ཞབས་ John Hume དམ་པ་ཁོང་དང་མཇལ་འཕྲད་མཛད་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་བཀའ་བསྩལ་དང་སྦྲགས། ཁོང་ནི་གྲོས་མོལ་དང་འགྲིག་འཇགས་ཀྱི་ཐོག་ནས་རྩོད་རྙོག་གི་ངལ་བ་སེལ་རྒྱུའི་ནུས་པར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་དབུ་ཁྲིད་དང་གྲོས་མོལ་གྱི་ནུས་པར་ཡིད་ཆེས་ལྷད་མེད་གནང་བ་དེས་དེ་སྔ་ Good Friday Agreement ལྟ་བུའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲོས་མཐུན་དེ་འཇོག་ཐུབ་པ་བྱུང་ཡོད་སྐོར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་དམ་པ་དེ་ཉིད་ཀྱིས་དོན་དངོས་ཐོག་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པར་བཀའ་བསྩལ་བ་དང་ཁོང་གི་ཆོད་སེམས་དང་ཕྱག་ལས་གཡོ་བ་མེད་པར་གནང་བ་དེ་ང་ཚོའི་དམིག་དཔེ་འོས་པ་ཞིག་ཆགས་ཡོད་པ་མ་ཟད། དཀའ་ངལ་དང་རྙོག་གྲ་ཇི་ཙམ་ཡོད་ཀྱང་ཞི་བདེ་དང་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་ཡོད་པར་གཙིགས་ཆེར་ངོས་བཞེས་གནང་དོན་ལྟར་དེ་དག་མུ་མཐུད་ནས་གནས་རྒྱུ་ཡིན་པ་བཀའ་བསྩལ་འདུག སྐུ་ཞབས་ John Hume མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ། ཨིན་ཡུལ་གྱི་སྲིད་བློན་ལས་ཟུར་དང་ཨ་རིའི་སྲིད་འཛིན་ཟུར་སྐུ་ཞབས་པ་ Bill Clinton མཆོག་སོགས་ཨིན་ཡུལ་དང་རྒྱལ་སྤྱིའི་དབུ་ཁྲིད་མང་དག་ཅིག་ནས་ཁོང་གི་མཛད་རྗེས་ལ་ཆེ་བསྟོད་དང་འབྲེལ། སྐུ་ཚེའི་འཕེན་པ་རྫོགས་པར་ཆེས་ཐུགས་ཕམ་གནང་བཞིན་འདུག

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཞབས་རིམ་མཇུག་སྒྲིལ།

འདི་ལོའི་ཟླ་བ་ ༧ ཚེས་ ༢༠ ནས་ཕྱི་ཟླ་ ༨ ཚེས་ ༣ སྟེ་དེ་རིང་གི་བར་དུ། ཉིན་གྲངས་ ༡༥ རིང་སྦིར་བོད་ཚོགས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་རྒྱ་ནད་ཏོག་དབྱིབས་རིམས་ནད་འདི་མྱུར་དུ་ཡལ་ཏེ་འཛམ་གླིང་སྔར་བཞིན་བདེ་སྐྱིད་ལྡན་པར་ཡོང་ཆེད་སྒྲོལ་མ་འབུམ་གསོག་གི་ཞབས་རིམ་བསྒྲུབས་གནང་འདུག སྦིར་བོད་ཚོགས་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འདི་ལོར་རྒྱ་ནད་ཀྱི་རྐྱེན་ནས་ཀྱིས་མི་མང་རང་ཁྱིམ་དུ་བཀག་སྡོམ་བྱས་ཡོད་སྟབས། ཐེངས་འདིར་ས་གནས་གཞོན་ནུའི་ཐོག་ནས་སྒྲོལ་མ་འབུམ་སྒྲུབ་ཀྱི་ལས་འགུལ་ཞིག་སྤེལ་སྐབས་རྒས་འཁོགས་རྣམས་ཀྱིས་དགའ་མོས་ཆེན་པོའི་ངང་ནས་འཛུལ་ཞུགས་བྱས་ཡོད་པར་ངོ་སྤྲོད་དང་། འདི་ལོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པར་བརྟེན་སྒྲོལ་མ་འབུམ་གསོག་གི་ལས་འགུལ་ཞིག་སྤེལ་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས་སོང་། དེ་བཞིན་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་འདི་ལོ་བོད་མི་ཡོངས་ཀྱིས་ཐུན་མོང་གི་ཐོག་ནས་༸གོང་ས་སྐྱབས་མགོན་རིན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཆོས་ཕྱོགས་ཀྱི་བྱ་བ་བསྒྲུབ་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཁག་ཅིག་ཀྱང་གྲ་སྒྲིག་གནང་ཡོད་པར་ངོ་སྤྲོད་ཀྱིས་མང་ཚོགས་སྤྱི་ཡོངས་ཀྱི་ངོས་ནས་ཀྱང་གནད་དོན་དེར་ཐུགས་བསམ་བཞེས་ཏེ་༸རྒྱལ་བ་དགྱེས་པའི་ལས་དོན་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་པའི་དྲན་སྐུལ་གནང་སོང་། གཞི་རྩའི་ཐེངས་འདིའི་སྦིར་ས་གནས་གཞོན་ནུ་ཚོགས་པའི་ལས་འཆར་ལྟར་ན། སྒྲོམ་མ་འབུམ་གཅིག་གསོག་སྒྲུབ་གནང་རྒྱུར་རེ་བ་བྱས་ཡོད་ནའང་། ས་གནས་མི་མང་གི་འཛུལ་ཞུགས་དང་རོགས་སྐྱོར་གྱི་འོག་ནས་ཐོག་མིའི་དམིགས་ཚད་ལས་བརྒལ་ཏེ་དེ་རིང་གི་བར་དུ་སྒྲོལ་མ་འབུམ་གསུམ་ལྷག་བསགས་གནང་སྟེ་དེ་རིང་བོད་ལུགས་ཀྱི་ཚེས་ ༡༥ ཉིན་ཞབས་རིམ་གྱི་ལས་འགུལ་དེ་མཇུག་སྒྲིལ་གནང་ཡོད་པ་རེད།

Latest news