Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ཕྱི་ཟླ་བཅིུས་ནང་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བཅུ་གཉིས་ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་གདན་ས་དགའ་ལྡན་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་སོགས་སུ་བཀའ་ཆོས་ཀྱི་མཛད་འཕྲིན་བསྐྱང་སླད་ཆིབས་བསྒྱུར་བཀའ་དྲིན་མཛད་གཏན་ཁེལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒྱུ་གླིང་བོད་མིའི་གཞིས་གཞིས་སྒར་དུ་༸ཞབས་སོར་འཁོད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་གྱི་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་རབ་གནས་མཛད་རྒྱུ་དང་། དེ་ཉིན་ཁུལ་དེར་འཚོགས་གཏན་ཁེལ་བའི་ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་དབུ་འཛུགས་གནང་སྟེ་ལོ་ངོ་དྲུག་འཁོར་བའི་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་འདུག མགོན་པོ་༸གང་ཉིད་མཆོག་གིས་ཚེས་ ༡༥ ནས་ ༡༧ བར་དད་ལྡན་མང་ཚོགས་རྣམས་ལ་སྔར་ལོའི་ལོ་མཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་བཀའ་དྲིན་བསྐྱངས་པའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་། དེ་བཞིན་ཚེས་ ༢༠ ནས་ ༢༢ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་དགའ་ལྡན་གྲྭ་ཚང་དགེ་ལུགས་བསྟན་པའི་སྲོལ་འབྱེད་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་༸སྐུ་ཞི་བར་གཤེགས་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་དད་ལྡན་མང་ཚོགས་ལ་བཀའ་ཆོས་དང་བཀའ་སློབ་བསྩལ་རྒྱུ། ཁུལ་དེའི་ནང་གི་མཛད་འཆར་མཐའ་མ་སྟེ་ཕྱི་ཚེས་ ༢༢ ཉིན་དགའ་ལྡན་བླ་སྤྱིར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་གྲྭ་ཚང་ཁག་ལྷན་རྒྱས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་མ་ན་ལི་གྲོང་ཁྱེར་ནང་དད་ལྡན་མང་ཚོགས་ལ་བཀའ་ཆོས་ཀྱི་མཛད་འཕྲིན་ཁག་གཅིག་སྐྱོང་བཞིན་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ ཉིན་གསུམ་རིང་གི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐེ་ལན་ཌི། ཝི་ཏི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་ཞུས་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། མདོ་ཁམས་ཆུ་སྒང་། སྤྱི་མཐུན་མཉམ་འབྲེལ། འབྲུག་སྡོད་བོད་མི། གོ་འཇོ་བཅས་ཚོ་ཁག་ལྔ་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། གཞན་ཡང་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རྨ་ས་ལར་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཉིན་གྲངས་གསུམ་རིང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ཟླ་ ༡༡ ཚེས་ ༤ ནས་ ༦ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་གསུམ་རིང་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

ངོས་ཀྱིས་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད།

དེ་རིང་ཟླ་ ༨ ཚེས་ ༡༣ ཉིན་ཧི་མཱ་ཅལ་མངའ་ཁོངས་མ་ན་ལི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འོན་མངའ་རིས་མགོན་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་གསུམ་རིང་བཀྲིན་བསྩལ་རྒྱུའི་བཀའ་ཆོས་དངོས་གཞི་དབུ་འཛུགས་བསྐྱངས་ཡོད་པ་དང་། མ་ན་ལི་གྲོང་སྡེ་ལྷན་ཚོགས་ཀྱི་སྣུམ་འཁོར་བཀག་འཇོག་ཐང་ཆེན་དུ་གོ་སྒྲིག་ཞུས་པའི་བཀའ་ཆོས་ཆེས་ཐོག་མའི་ཐོག་ས་ཁུལ་དེའི་བོད་མི་དང་། ས་གནས་ཀྱི་ནང་པའི་ཡུལ་མི། དོན་གཉེར་ཅན། ཕྱི་ནང་གི་དད་ལྡན་སེར་སྐྱ་ཁྱོན་ཆོས་ཞུ་བ་མི་གྲངས་ ༥༠༠༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་གྱི་ཐོག་མར་སངས་རྒྱས་པའི་ཆོས་ལ་དད་པ་གནང་དང་མ་གནང་དེ་སོ་སོའི་ཁམས་དང་མོས་པ་ལ་བསྟུན་དགོས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཆོས་དད་མེད་པ་རྣམས་ལ་ཆོས་གནང་དགོས་པ་དང་ཆོས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་གནང་དགོས་པའི་སྐུལ་ནམ་ཡང་གནང་གི་མེད་ཅེས་བཀའ་བསྩལ་དང་སྦྲགས། ཆོས་ལ་དད་པ་གནང་དང་མ་གནང་དེ་སོ་སོའི་རང་དབང་ཡིན་པ་དང་། ཆོས་ལུགས་ཡོད་མཁན་ཚོས་ཀྱང་ཆོས་གང་འདྲ་ཞིག་གནང་མིན་དེ་རང་ཉིད་ཀྱི་ཁམས་མོས་དང་འཚམ་པ་ཞིག་གནང་ཚེ་དགེ་མཚན་ཆེ་བ་ལྡན་ཡོད་པའི་ལམ་སྟོན་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རྗེས་ཆོས་ཉན་བཤད་སྐབས་ཀུན་སློང་རྣམ་པར་དག་པ་ཞིག་དགོས་པ་དང་། དེ་མེད་ན་ཆོས་ཆོས་སུ་འགྲོ་རྒྱུ་ལས་ཆོས་སྡིག་པར་འགྱུར་ཉེན་ཡོད་པའི་ལམ་སྟོན་སོགས་བསྩལ་བ་དང་ཆབས་ཅིག ནང་པ་ཚོས་སྐྱབས་འགྲོ་རྣམ་པར་དག་པ་ཞིག་གིས་རྩིས་ཟིན་དགོས་པ་དང་། ཐེག་ཆེན་གྱི་ཆོས་སུ་འགྲོ་བར་སེམས་བསྐྱེད་རྗེས་སུ་བཟུང་དགོས་པ་སོགས་བཀའ་བསྩལ་བ་མ་ཟད། ཆོས་ཀྱི་སྤྱི་བཤད་དང་འབྲེལ་ནང་ཆོས་ངོ་སྤྲོད་བསྩལ་སྐབས་དེང་གི་འཛམ་གླིང་ནང་ཆོས་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་གསོད་རེས་བྱས་དང་བྱེད་བཞིན་པ་སོགས་ནི་ཧ་ཅང་ཐབས་སྐྱེ་པོ་དང་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཡིན་པ་དང་། ཆོས་ཁས་བླངས་རྗེས་སྨོན་ལམ་གསུང་འདོན་གནང་བ་ཙམ་མིན་པར་ཉམས་ལེན་གནང་དགོས་པ་དང་། ལྷག་དོན་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དོན་དམ་དུ་བྱམས་བརྩེ་རྩལ་འདོན་གནང་རྒྱུའི་དམིགས་ཡུལ་མཐར་ཐུག་ཞིག་ཡིན་སྟབས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གནང་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་གིས་སང་ཉིན་དང་གནངས་ཉིན་བཅས་སུ་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་རྒྱུ་མ་ཟད། ཕྱི་ཚེས་ ༡༥ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད།

ཕྱི་ལོ་ ༡༩༦༦ ལོའི་༸གོང་ས་མཆོག་གི་ཆིབས་གྲུ་ཚོང་འགྲེམས་གནང་འཆར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་ཁྱོན་ལོ་བཅུའི་རིང་༸སྐུ་སྒེར་གྱི་ཆིབས་གྲུར་སྤྱོད་མྱོང་ཡོད་པའི་ Land Rover ཞེས་པ་དེ་རིང་མིན་ཨ་རི་ནང་རིན་སྡུར་ཚོང་སྒྱུར་གནང་རྒྱུ་རེད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ Land Rover ཞེས་པའི་ཆིབས་གྲུ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ལོ་བཅུའི་རིང་༸སྐུ་སྒེར་གྱི་ཆིབས་གྲུར་སྤྱོད་མྱོང་ཡོད་པ་དང་། ཆིབས་གྲུ་དེ་འདས་པའི་ལོ་ལྔ་བཅུའི་གོང་གི་སྲོལ་རྒྱུན་གྱི་རྣམ་པ་ལྡན་པའི་སྣུམ་འཁོར་རྩེ་ཕུད་ཀྱི་གྲས་ཤིག་ཡིན་སྟབས། ད་ལན་ཁེ་ན་ཌའི་ Ontario མངའ་ཁུལ་དུ་རྟེན་གཞི་བྱས་པའི་ RM Sotheby’s སྲོལ་རྒྱུན་གྱི་སྣུམ་འཁོར་རིན་སྡུར་ཚོང་སྒྱུར་བྱེད་མཁན་གྱི་བཟོ་ཚོང་ཁང་གིས་ཟླ་བ་འདིའི་ཚེས་ ༢༩ ནས་ཕྱི་ཟླ་ ༩ ཚེས་ ༡ བར་དེ་སྔ་མགོན་པོ་༸གང་ཉིད་མཆོག་གིས་ཆིབས་གྲུར་སྤྱོད་མྱོང་ཡོད་པའི་ Land Rover རླངས་འཁོར་དེ་ཚོང་འགྲེམས་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་མ་ཟད། སྣུམ་འཁོར་དེ་ཉོ་བློ་མཆིས་རིགས་ནས་གཉེར་ཁང་དེའི་དྲྭ་རྒྱ་བརྒྱུད་ཕྱི་ཟླ་ ༧ ནས་ཐོ་འགོད་གནང་དགོས་ཀྱི་འདུག རླངས་འཁོར་རིན་སྡུར་ཚོང་སྒྱུར་བྱེད་མཁན་གྱི་བཟོ་ཚོང་ཁང་ནས་རང་ཉིད་ཀྱི་དྲྭ་རྒྱའི་ཐོག་འགྲེལ་བརྗོད་གནང་བར་གཞིགས་ན། ༸གོང་ས་མཆོག་གིས་ཆིབས་གྲུར་སྤྱོད་མྱོང་ཡོད་པའི་སྣུམ་འཁོར་དེ་ཕྱི་ལོ་ ༡༩༦༦ ལོའི་ཟླ་ ༢ ཚེས་ ༡༠ ཉིན་གསར་བཟོ་ལེགས་གྲུབ་བྱུང་དོན་ལྟར་ཟླ་བ་དེའི་ནང་བལ་ཡུལ་ལ་སྐྱེལ་འདྲེན་གནང་ཡོད་པ་དང་། དེ་ནས་༸གོང་ས་མཆོག་གི་༸སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཆིབས་གྲུ་བཏང་ནས་རྒྱ་གར་ལ་ཕེབས་པའི་རྗེས་སུ་༸གོང་ས་མཆོག་གི་༸སྐུ་སྒེར་གྱི་མཚན་ཐོག་ལ་ཐོ་འགོད་གནང་འདུག ཕྱིས་སུ་ ༡༩༧༦ ལོར་ཆིབས་གྲུ་དེ་བསྐྱར་གསོ་སླད་ཨ་རིར་སྐྱེལ་འདྲེན་གནང་བ་ནས་བཟུང་༸སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་དེར་ཕྱི་ལོ་ ༢༠༠༥ བར་གཟིགས་རྟོག་གནང་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༠༦ ལོར་ཆིབས་གྲུ་དེའི་འཕྲུལ་འཁོར་མ་ལགས་དང་ཐོག་མའི་ཞབས་སྟེགས། དེར་ཡོད་པའི་ལོ་མདོག་ལྗང་ཁུའི་ཚོན་རྩི། དེ་བཞིན་ནང་ཆས་མ་ལག་་དང་འཁོར་ལོ་སོགས་ཡོངས་རྫོགས་བསྐྱར་གསོ་ལེགས་གྲུབ་ཀྱིས་དེ་སྔ་ ༡༩༦༦ ལོར་བཟོ་ཚོང་ཁང་གིས་གསར་འགྲེམས་གནང་བ་ལྟར་ད་ལྟའི་ཆར་ཡིད་དུ་འོང་བའི་རྣམ་པ་སླར་གསོ་ཞུས་འདུག ད་ལན་ཆིབས་གྲུ་དེ་དང་མཉམ་དུ་ཨིན་ཡུལ་གྱི་སྣུམ་འཁོར་བཟོ་ལས་ཁང་གི་ཐེབས་རྩའི་ལག་འཁྱེར་དང་ཆིབས་གྲུའི་བདག་དབང་ཡོད་པའི་༸སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་མཚན་རྟགས་འཁོད་པའི་ལག་དེབ། དེ་བཞིན་གོད་ཆག་ཉེན་སྲུང་མ་འཇོག་གི་སྲིད་བྱུས་དང་ཞལ་འདེབས་དང་འབྲེལ་བའི་ཡིག་ཆ་སོགས་མཉམ་སྦྱར་གནང་རྒྱུ་ཡིན་པ་མ་ཟད། ལྷག་དོན་དེ་སྔ་བཞུགས་སྒར་དྷ་རྨ་ས་ལར་ཐོ་འགོད་གནང་བའི་ཆིབས་གྲུའི་འགྲུལ་བཞུད་ཀྱི་ཨང་རྟགས་བྱང་བུ་དེ་རང་གནས་གནང་རྒྱུ་ཡིན་པ་ཆེད་བཀོད་གནང་འདུག ༸གོང་ས་མཆོག་གིས་ཆིབས་གྲུ་དེ་ཨ་རི་ནང་བསྐྱར་གསོ་ལེགས་གྲུབ་བྱུང་རྗེས་མཐར་ཨ་རི་California ནང་ཡོད་པའི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ལ་སྐབས་དེར་ཨ་རིར་འབྱོར་བཞིན་པའི་བོད་མི་སྐྱབས་བཅོལ་བ་དག་གི་ངལ་སེལ་སླད་དུ་མ་དངུལ་བསྡུ་རུབ་ཞུ་ཕྱིར་ཞལ་འདེབས་སུ་གསོལ་བསྩལ་མཛད་འདུག RM Sotheby’s བཟོས་ཚོང་ཁང་གིས་མུ་མཐུད་འགྲེལ་བརྗོད་གནང་གསལ་ལ་ད་རེས་ཁོང་རྣམས་ཀྱི་ཚོང་འགྲེམས་གནང་རྒྱུའི་ Land Rover སྣུམ་འཁོར་དེ་འདས་པའི་ལོ་ལྔ་བཅུའི་གོང་གི་ཐུན་མོང་མ་ཡིན་པའི་རྩེ་ཕུད་སྣུམ་འཁོར་གྲས་ཤིག་ཡིན་པ་མ་ཟད། དེར་འགྲན་ཟླ་མེད་པའི་ལོ་རྒྱུས་ཀྱི་གལ་གནད་ལྡན་ཡོད་པས་མང་ཚོགས་ལ་ཁྱད་པར་ཅན་གྱི་སྣུམ་འཁོར་དེ་བདག་ཏུ་བཟུང་རྒྱུའི་དམིགས་བསལ་གོ་སྐབས་ཞིག་ཀྱང་ཡིན་པར་དྲན་སྐུལ་གནང་འདུག རྩ་བའི་ད་ལྟའི་ཆར་བཟོ་ཚོང་ཁང་དེས་མགོན་པོ་༸གང་ཉིད་མཆོག་གི་ཆིབས་གྲུ་དེར་མགོ་སྟོད་ཀྱིས་ཚོང་སྒྱུར་བྱ་རྒྱུའི་མ་དངུལ་དེ་ཨ་སྒོར་འབུམ་གཅིག་ནས་གཅིག་དང་ཕྱེད་ཀ་བར་བཞག་ཡོད་ཀྱང་སྣུམ་འཁོར་དེར་༸གང་ཉིད་མཆོག་དང་འབྲེལ་བ་བཏགས་རྐྱེན་མ་དངུལ་དེ་ལས་མང་བ་རག་སྲིད་པར་ཚོད་དཔག་གནང་བཞིན་འདུག

༸གོང་ས་མཆོག་ནས་མ་ན་ལི་ཁུལ་དུ་བཀའ་ཆོས་བསྐྱང་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ Himachal མངའ་ཁོངས་ Manali གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་ཡོད་པ་དང་བསྟུན། སང་ཕྱི་ཚེས་ ༡༣ ནས་ ༡༥ བར་ཁུལ་དེར་བཀའ་ཆོས་ཀྱི་མཛད་འཆར་ཁག་གཅིག་བསྐྱང་གཏན་ཁེལ་འདུག ཁ་ཉིན་འོན་མངའ་རིས་གྲྭ་ཚང་གིས་ཆོས་བརྡའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་གྲྭ་ཚང་གིས་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་མཆོག་ནས་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནས་སང་ཕྱི་ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་ཀྱི་རིང་སྔ་དྲོ་ཕྱག་ཚོད་ ༩ ནས་ ༡༠༌༣༠ བར་སེར་སྐྱ་མི་མང་ཡོངས་ལ་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། དེ་བཞིན་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༥ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་འདྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག དེའང་འོན་མངའ་རིས་གྲྭ་ཚང་གིས་གོ་སྒྲིགས་འོག་མ་ན་ལི་གྲོང་ཁྱེར་ནང་རྟེན་གཞིས་བྱས་པའི་རྒྱ་གར་གཞུང་གི་སྨན་ཁང་ཉེ་འཁྲིས་མདུན་ཐང་དུ་བཀའ་ཆོས་བསྩལ་རྒྱུ་རེད་འདུག རྩ་བའི་མགོན་པོ་མཆོག་ཐེངས་འདིའི་མ་ན་ལིར་ཆིབས་བསྒྱུར་ཁྲོད་ཕྱི་ཚེས་ ༩ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་མན་ཌི་གྲོང་ཁྱེར་ནང་མཚན་གཅིག་བཞུགས་གཞག་རྗེས་ཕྱི་ཚེས་ ༡༠ ཉིན་མ་ན་ལིའི་མངའ་རིས་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། སྐབས་དེར་ས་གནས་བོད་མི་མང་ཚོགས་ནས་མེ་ཏོག་དང་བདུག་སྤོས། དཀར་གཙང་མཇལ་དར་སོགས་བསྣམས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། མངའ་རིས་གྲྭ་ཚང་གི་མཁན་པོ་སོགས་ཀྱིས་མཎྡྲལ་རྟེན་གསུམ་དང་གསོལ་ཇ་འབྲས་སིལ་སོགས་འདེགས་འབུལ་ཞུས་གནང་འདུག སྐབས་དེར་མགོན་པོ་མཆོག་གིས་འོན་མངའ་རིས་གྲྭ་ཚང་འདི་༸རྒྱལ་དབང་སྐུ་འཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པ་དང་འབྲེལ་ནས་གྲྭ་ཚང་དང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དང་། ནང་པ་སངས་པའི་ཆོས་དེ་དགེ་བཙུན་ཁོ་ནས་གནང་རྒྱུ་ཞིག་མིན་པར་སེར་སྐྱ་ཕོ་མོ་ཁྱད་མེད་ནས་སློབ་སྦྱོང་བྱེད་དགོས་གལ་ཡིན་པ་དང་། སྒོས་སུ་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བསྩལ་འདུག ཤེས་རྟོགས་བྱུང་བར་ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་བཞུགས་སྒར་ནས་མ་ན་ལིར་ཆིབས་བསྒྱུར་མཛད་སྐབས་བཞུགས་སྒར་དྷ་རྨ་ས་ལ་ནས་རྒྱང་ཐག་སྤྱི་ལེ་ ༩༢ ཙམ་གྱི་སར་ཡོད་པའི་ Hamirpur གྲོང་ཁྱེར་རུ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Prem Kumar Dhumal མཆོག་དང་མཇའ་མོལ་གནང་འདུག སྐུབས་ཞབས་ Prem kumar Dhumal མཆོག་གིས་དེ་ཉིན་རང་ཉིད་ཀྱི་ Twitter དྲྭ་གནས་ཐོག་༸གོང་ས་མཆོག་དང་མཇལ་མོལ་གྱི་སྐུ་པར་དང་ཆེད་བཞག་གིས་ད་ལན་༸གོང་ས་མཆོག་དང་མཇལ་མོལ་བྱུང་བ་དེ་ནི་ཧ་ཅང་གི་སྐལ་པ་བཟང་པོ་བྱུང་ཞེས་གསུངས་འདུག

༸གོང་ས་མཆོག་བཞུགས་སྒར་ནས་མ་ན་ལིར་ཆིབས་བསྒྱུར་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༨ ཚེས་ ༩ ཉིན་གྱི་སྔ་དྲོ་ཚོུད་ ༨༌༢༥ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་ཆིབས་གྲུ་བརྒྱུད་ཧི་མཱ་ཅལ་མངའ་སྡེ་ནང་ཡོད་པའི་མ་ན་ལིར་གཟའ་འཁོར་གཉིས་ཙམ་གྱི་རིང་ལ་༸སྐུ་ངལ་གསོ་བཞུགས་དང་བཀའ་ཆོས་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་བསྐྱང་སླད་ཆིབས་བསྒྱུར་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ན་ལིར་ཆིབས་བསྒྱུར་མཛད་པའི་ལམ་བར་དུ་དེ་རིང་དགོང་དྲོ་མཾཌཱི་གྲོང་སྡེར་མཚན་གཅིག་བཞུགས་གཞག་མཛད་རྒྱུ་ཡིན་པ་དང་། འདི་ག་རླུང་འཕྲིན་ཁང་གིས་ཞལ་དཔར་བརྒྱུད་ནས་མཾཌཱི་དང་ཀུ་ལུ་མ་ན་ལིའི་ས་གནས་འགོ་འཛིན་རྣམ་གཉིས་སོ་སོར་བཅར་འདྲི་ཞུས་པར་ད་ལྟའི་འཆར་མགོན་པོ་༸གང་ཉིད་མཆོག་ས་ཁུལ་དེ་དག་ལ་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་ལས་གཞན་མཛད་འཆར་གང་ཡང་ཐུགས་གཏན་ཁེལ་མེད་པར་གསུངས་སོང་། རྩ་བའི་༸གོང་ས་མཆོག་མ་ན་ལིར་ཆིབས་བསྒྱུར་རིང་ཁུལ་དེའི་ནང་རྟེན་གཞི་བྱས་པའི་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དུ་བཞུགས་གཞག་མཛད་རྒྱུ་ཡིན་པ་རེད་འདུག དགོན་པའི་ཕྱག་མཛོད་བློ་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། དེ་ནི་འོན་མངའ་རིས་གྲྭ་ཚང་གིས་ལོ་གསུམ་གྱི་གོང་ནས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་། ད་ལྟའི་འཆར་མགོན་པོ་མཆོག་འདི་གར་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་རིང་མིན་བཀའ་ཆོས་བསྩལ་རྒྱུའི་མཛད་འཆར་ཡོད་ཀྱང་ད་ལྟའི་འཆར་ཚེས་གྲངས་གང་ཡང་ཐུགས་གཏན་ཁེལ་མེད་པ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་གར་གྱི་རྒྱལས་་ལྡི་ལིར་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ཆེད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་མགོན་དབུ་བཞུགས་ཀྱི་མཛད་འཆར་གྲུབ་རྗེས་མ་ན་ལིར་ཆིབས་བསྒྱུར་མཛད་གཏན་ཁེལ་ཡོད་ཀྱང་། ཉེ་ལམ་༸མགོན་པོ་མཆོག་སྙུང་གཞི་ཕྲན་བུ་བཞེས་བསྟུན་དགུང་ལོའི་བབས་ཀྱི་ཆ་ནས་ཚོགས་སྐྱིད་ཁག་དང་བོད་མི་མང་ཚོགས་ནས་༸སྐུའི་མཛད་འཕྲིན་ཉུང་འཕྲི་གནང་རྒྱུ་དང་། ༸སྐུ་ངལ་མང་ཙམ་གསོ་བཞུགས་མཛད་རྒྱུའི་ཞུ་སྐུལ་ལན་མང་ཞུས་པ་ལྟར་མ་ན་ལིའི་མཛད་འཆར་དེ་དུས་ཚོད་ངེས་མེད་བར་དུ་ཕྱིར་འཐེན་གནང་ཡོད་པ་རེད། རྩ་བའི་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ཤང་དགའ་ལྡན་ཆོས་འཁོར་གླིང་དང་མདོ་ཁམས་ཆུ་སྒང་། སྤྱི་མཐུན་མཉམ་འབྲེལ། འབྲུག་སྡོད་བོད་མི། གོ་ཇོ་བཅས་ཚོགས་པ་ལྔས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བརོར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་ཡོད་ཀྱང་ད་ཆ་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་བསྟར་འབུལ་རྒྱུའི་དུས་འགྱངས་གནང་འདུག

རྒྱ་གར་ཕྱི་སྲིད་བློན་ཆེན་ཟུར་པ་ལྕམ་ Sushma Swaraj མཆོག་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ BJP ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་གྲས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་དེ་སྔ་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གནང་མྱོང་མཁན་ལྕམ་སྐུ་ Sushma Swaraj མཆོག་དགུང་གྲངས་ ༦༧ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག     ཁ་སང་དགོང་དྲོའི་ཚོུད་ ༡༠༌༣༠ མ་ཟིན་ཙམ་ལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ལྕམ་ Sushma Swaraj མཆོག་སྙིང་རྩ་དགག་པའི་ནད་གཞིའི་རྐྱེན་པས་ཆེད་ཛ་དྲག་ཐོག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་དབུས་གཞུང་གི་ AIIMS སྨན་ཁང་དུ་མྱུར་སྐྱོབ་སླད་སྨན་གཏུགས་གནང་ཡང་དྲག་སྐྱེད་མ་བྱུང་བར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། དེ་རིང་ཟླ་ ༨ ཚེས་ ༧ ཉིན་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྐུ་ཟླ་སྐུ་ཞབས་ Kaushal Swaraj ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་དེའི་ནང་༸གང་ཉིད་མཆོག་གིས་ལྕམ་སྐུ་ཁོང་དང་ཤུལ་ལུས་སྐུ་འཁོར་ལྷན་རྒྱས་ཡོངས་ལ་ད་ལྟ་ཆེས་དཀའ་ཚེགས་བའི་དུས་སྐབས་འདིར་ཐུགས་སྨོན་དང་ཐུགས་གསོ་ཡོད་ཅེས་བཀའ་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་ལྕམ་སྐུ་དམ་པ་ Sushma Swaraj མཆོག་གིས་འདས་པའི་ཕྱག་ལས་གནང་བ་རྣམས་གཞན་ཕན་དང་མཛའ་མཐུན་ རང་གཤིས་བཟང་པོའི་ཐོག་གནང་ཡོད་སྟབས། མི་མང་མང་དག་གིས་གུས་ཞབས་དང་ཆེ་མཐོང་ཞུ་ཡུལ་ཞིག་ཏུ་གྱུར་ཡོད་པར་བཀའ་འགྲེལ་དང་སྦྲགས། ལྕམ་སྐུ་དམ་པ་ཁོང་གིས་རང་ཉིད་ཀྱི་མི་ཚེ་དེ་མི་མང་གི་ཞབས་ཞུ་སླད་བློས་བཏང་གནང་སྟེ་མི་ཚེ་དོན་ལྡན་ཞིག་བསྐྱེལ་ཡོད་པ་རེད་ཅེས་བཀའ་བསྩལ་འདུག     དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ལྕམ་སྐུ་དམ་པ་ Sushma Swaraj མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའོ་གནས་ཚུལ་ཐོན་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བ་དང་སྦྲགས། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ལོར་སྲིད་སྐྱོང་མཆོག་ནས་དམ་པ་ཁོང་དང་དངོས་སུ་མཇལ་མོལ་གནང་སྐབས་དམ་པ་ཁོང་གིས་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་དང་༸གོང་ས་མཆོག་ལ་ཆེས་གུས་ཀྱི་རྣམ་པ་མངོན་གསལ་གནང་སྐོར་དྲན་གསོ་དང་འབྲེལ་ཏེ། ལྕམ་སྐུ་དམ་པ་མཆོག་ནི་རྒྱ་གར་གྱི་གྲོས་ཚོགས་ནང་དུ་བོད་ཀྱི་གནད་དོན་ཐོག་གླེང་སློང་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས། རྒྱ་གར་མང་ཚོགས་ནས་དམ་པ་ཁོང་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པའི་དུས་སྐབས་འདིར་བོད་མིའི་ངོས་ནས་ཀྱང་དེ་ལྟར་གདུང་སེམས་མཉམ་བསྐྱེད་ཞུ་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་ལྕམ་སྐུ་དམ་པ་ Sushma Swaraj མཆོག་ཕྱི་ལོ་ ༡༩༥༢ ལོར་རྒྱ་གར་གྱི་མངའ་སྡེ་ Haryana ནང་འཁྲུངས་ཡོད་པ་དང་། དགུང་ལོ་ ༢༥ ལ་ཕེབས་སྐབས་མངའ་སྡེའི་བློན་ཆེན་རིམ་པའི་ཁོངས་སུ་འདེམས་ཐོན་བྱུང་ཡོད་པ་རེད། ཕྱི་ལོ་ ༡༩༩༨ ལོར་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐབས་བདུན་བཅས་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ལོ་ནས་ ༢༠༡༩ བར་སྲིད་བློན་སྐུ་ཞབས་  Narendra Damodardas Modi མཆོག་གི་དབུ་ཁྲིད་པའི་རྒྱ་གར་གཞུང་གི་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་ཏེ་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་ཐོག་དགོས་ངེས་ཀྱི་བསྒྱུར་བཅོས་དང་། ཡུལ་མིར་འཕྲད་བཞིན་པའི་འགྲུལ་བཞུད་དང་འབྲེལ་བའི་དཀའ་ངལ་གཙང་སེལ་གནང་རྒྱུ། ལྷག་དོན་རྒྱ་གར་གྱི་ཕྱི་འབྲེལ་ལས་དོན་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་མང་པོ་གནང་མྱོང་ཡོད་པ་དང་། དམ་པ་ཁོང་ནི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་མཁན་བེུད་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

རྒྱ་གར་གྱི་གནའ་བོའི་བསམ་བློ་དེ་དག་དེང་སྐབས་སུ་དགོས་མཁོ་ཆེན་པོ་ཆགས་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བ་རྒན་གཞོན་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་སྐབས་རྒྱ་གར་གྱི་གནའ་བོའི་བསམ་བློ་དེ་དག་དེང་གི་འཛམ་གླིང་ལ་དགོས་མཁོ་ཆེན་པོ་ཆགས་ཡོད་ཅེས་ལམ་སྟོན་བསྩལ་འདུག ཁ་སང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་བ་རྒན་གཞོན་ཁག་གཅིག་ལ་དམིགས་བསལ་མང་མཇལ་བསྩལ་སྐབས་སུ་མགོན་པོ་༸གང་ཉིད་མཆོག་ནས་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཚང་མར་གུས་བརྩི་ཞུ་བཞིན་ཡོད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དཀའ་རྙོག་དང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་མང་དག་ཅིག་ཡོང་བཞིན་པའི་དུས་སྐབས་དང་། ལྷག་པར་དུ་ཆོས་ལུགས་ཁག་ཀྱང་མི་གསོད་ཁྲག་སྦྱོར་ཡོང་གཞིར་བཟོ་བཞིན་སྐབས་འདིར་རྒྱ་གར་ནང་མི་ལོ་སུམ་སྟོང་ཙམ་གྱི་གོང་ནས་དར་ཁྱབ་བྱུང་བའི་ཞི་གནས་དང་ལྷག་མཐོང་གི་རྣམ་གཞག བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་སྤྱོད་སོགས་རྒྱ་གར་གྱི་གནའ་བོའི་རིག་གནས་ནང་ཡོད་པའི་བསམ་བློའི་རྣམ་གཞག་དེ་དག་དེང་གི་འཛམ་ གླིང་ལ་ཕན་ཐོགས་དང་དགོས་མཁོ་ཆེན་པོ་ཆགས་ཡོད་ཅེས་ལམ་སྟོན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་སངས་རྒྱས་པའི་ཆོས་འདི་ནི་རྨོངས་དད་ཙམ་གྱིས་མི་འགྲིག་པར་རྒྱུ་མཚན་གྱི་ཐོག་ནས་བརྟག་དཔྱད་གནང་ཚེ་རང་གཞན་ཀུན་ལ་དགེ་མཚན་ཆེན་པོ་ཡོད་པ་དང་། དེའང་བདག་བཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་ནས་སྟོན་པ་༸གང་ཉིད་ཀྱི་རྗེས་འཇུག་གདུལ་བྱ་ཚོས་བརྟག་དཔྱད་བྱེད་དགོས་པ་གསུངས་དོན་ལྟར། དཔལ་ནཱ་ལེནྡཱའི་མཁས་དབང་སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ཟླ་བ་གྲགས་པ་སོགས་ནས་སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་ཀྱི་རྣམ་གཞག་ཕྱེས་ཏེ་དངོས་ཡོད་གནས་ཚུལ་ལ་འགལ་ཟླ་བྱུང་ཚེ་དགག་བཞག་སྤོང་གསུམ་གནང་གི་ཡོད་པ་སོགས་བཀའ་འགྲེལ་དང་འབྲེལ། ང་ཚོ་སློབ་དཔོན་ཚོའི་སྲོལ་རྒྱུན་གྱི་སློབ་ཕྲུག་ཞིག་ཡིན་པས་སངས་རྒྱས་ཀྱི་བཀའ་ལའང་དཔྱད་པ་བྱེད་བཞིན་ཡོད་སྟབས། ང་ཚོའི་བསམ་བློ་གཏོང་སྟངས་དེ་ཚན་རིག་དང་མཐུན་པ་ཞིག་ཆགས་ཡོད་ཅེས་བཀའ་བསྕལ་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ནས་༸གོང་ས་མཆོག་དང་མཇལ་མོལ།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་གནང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་མཐོའི་སྐུ་ཚབ་རྣམ་པར་འཚམས་འདྲི་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པོའི་གལ་གནད་དང་ངོ་སྤྲོད་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་དང་ཨ་རིའི་སྲིད་འཛིན་གོང་མ་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་སྐོར་སོགས་དྲན་གསོ་མཛད་འདུག སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ངོས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་༸གོང་ས་མཆོག་ལ་ཕུལ་བའི་འཚམས་འདྲིའི་ཕྱག་ཡིག་ཅིག་མགོན་པོ་༸གང་ཉིད་མཆོལ་འབུལ་ལམ་ཞུས་འདུག ༸གོང་ས་མཆོག་དང་མཇལ་མོལ་གྲུབ་མཚམས་སུ་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་ནས་གསར་འགོད་པར་ད་རེས་བཞུགས་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་མཇལ་མོལ་ཞུ་རྒྱུ་བྱུང་བ་དེ་ནི་ཉིན་ཤས་གོང་ལ་ Indonesia གཙོ་གྱུར་རྒྱལ་ཁབ་གཞན་ཁག་ཅིག་ཏུ་ཕེབས་པ་ལས་ལྷག་པ་བྱུང་སོང་བ་དང་། དེ་ཡང་གཙོ་བོ་༸གོང་ས་མཆོག་གི་༸སྐུ་ཚེའི་ལོ་རྒྱུས་དང་མགོན་པོ་༸གང་ཉིད་མཆོག་གི་དགོངས་པ་བཞེས་ཕྱོགས་སོགས་བརྒྱུད་སྐུ་ཚབ་རྣམས་ཙམ་མ་ཟད་ཨ་རིའི་མི་སེར་དང་རྒྱལ་སྤྱིར་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད་སྟབས་དམིགས་བསལ་གྱི་ཚོར་བ་བཟང་པོ་ཞིག་བྱུང་ཞེས་གསུངས་སོང་། ཁོང་སྐུ་ཚབ་རྣམ་པ་མང་གཙོ་གོང་འཕེལ་གྱི་ཐོག་ཕྱག་ལས་གནང་མཁན་ཞིག་ཡིན་སྟབས་༸གོང་ས་མཆོག་གིས་བཞུགས་སྒར་དུ་མང་གཙོའི་ལམ་སྲོལ་ལྡན་པའི་བཙན་བྱོལ་བོད་མིའི་གཞུང་གི་ལྟེ་གནས་ཤིག་ཆེད་འཛུགས་གནང་བ་དེར་དུས་རྟག་ཏུ་གུས་བརྩི་དང་ཡི་རང་ཞུ་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། ང་ཚོའི་ངོས་ནས་མུ་མཐུད་རྒྱབ་སྐྱོར་དང་དགོས་ངེས་ཀྱི་མཐུན་འགྱུར་ཁག་གནང་གི་ཡིན་ཞེས་གསུངས་སོང་།    དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་ནས་འཚམས་གཟིགས་འདི་བརྒྱུད་ཨ་རི་དང་བོད་མིའི་དབར་འབྲེལ་བ་དེ་དག་སྔར་ལྷག་གོང་འཕེལ་ཡོང་རྒྱུ་དང་། ལྷག་པར་དུ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་དྲུག་༸གོང་ས་མཆོག་དང་མཇལ་མོལ་གྱིས་མགོན་པོ་༸གང་ཉིད་མཆོག་གི་མ་འོངས་དགོངས་གཞིའི་ཐོག་གྲོས་བསྡུར་གནང་ཡོད་པ་དང་། ༸སྐུའི་དགོངས་བཞེད་ཁག་གྲུབ་ཐབས་སུ་འབད་བརྩོན་ཞུ་ཡི་ཡིན་ཞེས་གསུངས་སོང་།  ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་དང་༸གོང་ས་མཆོག་གི་མཇལ་མོལ་དེའི་སྐབས་ཆེས་མཐོའི་སྐུ་ཚབ་རྣམ་པའི་སྐུ་ཟླ་གཙོས་པའི་ནང་མི་དང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་ཆེན་པོ་དང་གཞུང་འབྲེལ་ལས་བྱེད་བཅས་ཁྱོན་མི་སྣ་སུམ་ཅུ་ཙམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་གཙོ་གྱུར་འབྲེལ་ཡོད་ལས་བྱེད་བཅས་ཕེབས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་གནང་རྗེས་མགོན་པོ་མཆོག་དང་དགུང་ཚིགས་ལྷན་བཞེས་གནང་ཡོད་པ་མ་ཟད། དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ལ་ཕེབས་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དགོང་ལོ་བགྲེས་པོར་ཕེབས་མིན་ལ་ལྟོས་མེད་བཞུགས་སྒར་དུ་ཆེད་ཕེབས་གནང་བ་འདི་ནི་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེ་མཚོན་གྱི་ཡོད་པ་གསུངས་སོང་། གཞི་རྩའི་ཆེས་མཐོའི་སྐུ་ཚབ་རྣམ་པ་དེ་རིང་སྔ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་དང་མཇལ་མོལ་གནང་ཡོད་པ་དང་སྐབས་དེར་སྐུ་ཞབས་ David Price ལགས་ནས་ཨ་རིའི་ངོས་ནས་བོད་མིའི་རང་དབང་བསྐྱར་གསོ་དང་རིག་གཞུང་སྲུང་སྐྱོབ་གནང་མཁན་གྱི་སྒྲིག་འཛུགས་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་ཡོད། ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་འཚམས་གཟིགས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ནང་མོལ་ལྷན་འཛོམས་ཤིག་གནང་ཡོད། གཞི་རྩའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་ཁ་སང་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཁོང་རྣམ་པའི་བཞུགས་གཞག་ཉིན་གཅིག་ཡོད་པའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣར་གསུང་བཤད་གནང་ཡོད་པ་རེད།    

ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཚན་རིག་པ་ཏཱ་ལའི་བླ་མ་ཞེས་པའི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ།

འདི་ལོའི་ Italy གྲོང་ཁྱེར་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ Venice International Film Festival ཐེངས་ ༧༦ ཐོག་ཚན་རིག་པ་ཏཱ་ལའི་བླ་མ་ཞེས་པའི་དངོས་བྱུང་གི་གློག་བརྙན་ཆེས་ཐོག་མ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། གློག་བརྙན་གཟིགས་འབུལ་ཐོག་ Ireland རྒྱལ་ཁབ་ནས་ཡིན་པའི་ནོ་སྤེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་༸གོང་ས་མཆོག་གི་མཛའ་གྲོགས་རྙིང་པ། ལྕམ་སྐུ་ Betty Williams ལགས་ཆེད་ཕེབས་དང་འབྲེལ་གཟིགས་མོ་བ་ཚོར་གློག་བརྙན་ངོ་སྤྲོད་གནང་རྒྱུ་རེད་འདུག ཝེ་ནི་སི་སྤྱིའི་གློག་བརྙན་ནས་དེ་རིང་གློག་བརྙན་གྱི་སྔོན་འགྲོའི་འགྲེམས་བརྡ་བརྙན་ཐུང་སྐར་ཆ་ ༩༠ ཅན་ཞིག་ཕྱིར་བསྒྲགས་གནང་བ་མ་ཟད། ཐེངས་འདིའི་དངོས་བྱུང་གི་གློག་བརྙན་བཟོ་བསྐྲུན་པའི་འགན་འཛིན་དང་འཁྲབ་གཞུང་རྩོམ་པ་པོ་གཅིག་ལྕོག་གནང་མཁན་དེ་བཞིན་རྒྱལ་སྤྱི་རིམ་པའི་གཟེགས་རྟགས་བཞེས་མྱོང་མཁན་རྒྱལ་སྤྱིའི་བུད་མེད་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ལྕམ་ Dawn Gifford Engle ལགས་ཀྱིས་ང་ཚོས་ཐེངས་འདིའི་ཝེ་ནི་སི་རྒྱལ་སྤྱིའི་དུས་སྟོན་དེར་ཚན་རིག་པ་ཏཱ་ལའི་བླ་མ་ཞེས་པའི་གློག་བརྙན་དེ་གཟིགས་འབུལ་ཞུ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་ནས་རེ་སྒུག་བྱེད་བཞིན་ཡོད། ཐེངས་འདིའི་དངོས་བྱུང་གི་གློག་བརྙན་འདིའི་ནང་དེ་སྔ་སུས་ཀྱང་ཤེས་རྟོགས་དང་མཇལ་མྱོང་མེད་པའི་གནས་ཚུལ་ཁག་གཅིག་བརྙན་པར་བརྒྱུད་གཟིགས་འབུལ་ཞུ་རྒྱུ་དང་ནང་དོན་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཚན་རིག་དབར་གྱི་གསང་བའི་གཏམ་རྒྱུད་མང་ཅག་ཅིག་ཡོད་སྐོར་འགྲེལ་བརྗོད་གནང་འདུག ཁོང་གིས་ད་དུང་དངོས་བྱུང་གི་གློག་བརྙན་ནང་སྔོན་ཆད་སུས་ཀྱང་མཐོང་མ་མྱོང་བའི་༸སྐུ་མདུན་གྱི་མི་ཆོས་རང་ལུགས་ཀྱི་མཛད་རྣམས་ཀྱི་ཆ་ཤས་མང་པོ་ཞིག་དང་། ལྷག་པར་དུ་༸སྐུ་མདུན་རང་གིས་ཚན་རིག་དང་འཕྲུལ་ཆས་ཀྱི་འཇིག་རྟེན་འགྲིམ་པའི་ཐད་ནས་ཡོངས་གྲགས་མ་ཡིན་པའི་གཏམ་རྒྱུད་མང་དག་ཅིག་ཡོད་པ་མ་ཟད།  དེར་བརྟེན་འཇིག་རྟེན་འདིར་འགྱུར་བ་འགྲོ་ཚུལ་སོགས་ཀྱི་གནས་ཚུལ་མང་པོ་ཡོད་སྐོར་གསུངས་འདུག ལས་རིམ་ལ་གཞིགས་ཚེ་གློག་བརྙན་དེ་ Venice རྒྱལ་སྤྱིའི་དུས་སྟོན་སྟེང་ཕྱི་ཟླ་ ༨ ཚེས་ ༣༡ ཕྱི་དྲོར་གཟིགས་འབུལ་ཞུ་རྒྱུ་དང་། ༸སྐུ་མདུན་དང་ཚན་རིག་དབར་གྱི་འབྲེལ་བ་མཚོན་པའི་དངོས་བྱུང་གི་གློག་བརྙན་ནང་འཛམ་གླིག་ནང་སྐད་གྲགས་ཡོད་པའི་ཚན་རིག་པ་སྐུ་ཞབས་ David Bohm ལགས་དང་ Anton Zeilinger ལགས། Paul Ekman ལགས། Aaron Beck ལགས།  Francisco Varela ལགས་དེ་བཞིན་ Richard Davidson ལགས་ Michael Meany ལགས་སོགས་ཀྱང་ཡོད་པ་རེད།    རྩ་བའི་གློག་བརྙན་དེ་ནི་ལོ་ངོ་དྲུག་གི་སྔོན་ལ་འགོ་ཚུགས་པའི་ཞི་བདེའི་བྱས་རྗེས་ཅན་གྱི་མུ་འབྲེལ་གྱི་གློག་བརྙན་བཟོ་སྐྲུན་ཐེངས་དྲུག་པ་དེ་ཆགས་ཡོད་པ་དང་། སྔོན་ཆན་༸གོང་ས་མཆོག་གི་མཛའ་གྲོགས་ཡི་ཤུ་ཆོས་དཔོན་སྐུ་ཞབས་ Desmond Tutu མཆོག་གི་སྐུ་ཚེའི་གཏམ་རྒྱུད་མཚོན་པའི་འོད་དཀར་གྱི་བྱིས་པ་ཟེར་བ་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་རེད།  གཞི་རྩའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ཕྱི་ལོ་ ༡༩༣༢ ལོར་ཡོ་རོབ་ཀྱི་རྒྱལ་ཁབ་ Italy ནང་འགོ་འཛུགས་གནང་བ་ཞིག་ཡིན་པ་དང། འདི་ལོའི་དུས་སྟོན་དེ་ཕྱི་ཟླ་ ༨  ཚེས་ ༢༨ ནས་ཟླ་ ༩ ཚེས་ ༧ བར་འཚོགས་གཏན་ཁེལ་དོན་ལྟར་དུས་སྟོན་ཐེངས་ ༧༦ པ་ཆགས་ཀྱི་ཡོད་པ་རེད།

Latest news