Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་གིས་ Ethiopia སྲིད་བློན་ Abiy Ahmed Ali མཆོག་འཚམས་འདྲི་བསྩལ་བ།

ཨ་ཕི་རི་ཀའི་ Ethiopia རྒྱལ་ཁབ་ཀྱི་སྲིད་བློན་ Abiy Ahmed Ali མཆོག་ནས་ Ethiopia དང་ཁྱིམ་མཚེས་རྒྱལ་ཁབ་ Eritrea དབར་གྱི་ལོ་ངོ་བཅུ་ཕྲག་གི་རྩོད་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་ནས་འཆམ་མཐུན་གྱི་མཛའ་འབྲེལ་གསར་འཛུགས་གནང་བར་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཁོང་ལ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མགོག་གིས་དགའ་བསུའི་འཚམས་འདྲི་བསྩལ་འདུག མགོན་པོ་མཆོག་གི་འཚམས་འདྲིའི་ནང་གོང་གསལ་རྒྱལ་ཁབ་གཉིས་ཀྱི་དབར་ལ་མཛའ་འབྲེལ་གསར་འཛུགས་ཐུབ་པ་ནི་རྒྱལ་ཁབ་དེ་དག་གི་མི་སེར་ཙམ་མ་ཟད་འཛམ་གླིང་སྤྱི་ལ་མིག་ལྟོས་བཟང་པོ་ཞིག་ཡིན་པ་བཀའ་གནང་བ་དང་འབྲེལ། ཁོང་གིས་ཨ་ཕི་རི་ཀའི་ཤར་ཕྱོགས་དང་ནུབ་ཤར་གྱི་ངོས་སུའང་དེ་འབྲེལ་ཞི་བདེ་དང་འཆམ་མཐུན་ཡོང་རྒྱུའི་འབད་བརྩོན་གནང་བཞིན་པ་དེས་མགོན་པོ་མཆོག་ལ་ཐུགས་བསྐྱེད་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་སྲིད་བློན་མཆོག་ནས་ Eritrea སྲིད་འཛིན་ Isaias Afwerki མཆོག་དང་འབྲེལ་བ་གནང་ཕྱོགས་དང་། Eritrea སྲིད་འཛིན་མཆོག་ནས་ཀྱང་བཟང་ཕྱོགས་ཀྱི་ཡ་ལན་གནང་བ་དེས་འཆམ་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཡོད་པ་མ་ཟད། དེ་ནི་དྲང་བདེན་དང་། དོན་དངོས་དང་མཐུན་པའི་འགྲིག་འཇགས་ཤིག་བྱུང་བ་ནི་ཐུན་མོང་གི་གུས་བརྩིའི་རང་བཞིན་གྱི་ཐོག་ནས་འཆམ་མཐུན་ཡོང་རྒྱུ་ཡོད་པའི་བརྡ་ལན་ཞིག་ཡིན་པ་བཀའ་བསྩལ་བ་དང་སྦྲགས། སྲིད་བློན་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་རྒྱལ་ནང་ཤིང་སྣ་འདེབས་འཛུགས་གནང་བཞིན་པ་ལའང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག རྩ་བའི་ནོར་ཝེ་རྒྱལ་ས་ Oslo ནང་རྟེན་གཞི་བྱས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ Ethiopia རྒྱལ་ཁབ་ཀྱི་སྲིད་བློན་ Abiy Ahmed Ali མཆོག་ལ་འབུལ་རྒྱུའི་གསལ་བསྒྲགས་དེ་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་སྤེལ་ཡོད་པ་དང་། ལོ་ལྟར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཕྱི་ཟླ ༡༢ ཚེས་༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་གནང་གི་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ལ་ Ethiopia ཁུལ་དུ་ཞི་བདེ་དང་། རྨང་གཞི་བརྟན་པའི་གྲུབ་འབྲས་བཟང་པོ་སྨིན་རྒྱུའི་ཐུགས་སྨོན་མཛད་པ་དང་ཆབས་ཅིག གྲུབ་འབྲས་དེའི་རྐྱེན་པས་རྒྱལ་ཁབ་དེ་དག་གི་གཅེན་གཅུང་དང་མི་སེར་ཙམ་མ་ཟད་གླིང་ཆེན་ཡོངས་ལ་ཡར་རྒྱས་གོང་འཕེལ་ཡོང་ངེས་ཡིན་པ་བཀའ་བསྩལ་འདུག

གཞོན་ནུའི་ཚོགས་གཙོ་གཙོས་པའི་ལས་འགུལ་བ་བཅིུས་ཙམ་འཛིན་བཟུང་།

དེ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་ Mamallapuram གྲོང་ཁྱེར་དུ་མ་འབྱོར་བའི་ཆུ་ཚོད་ཁ་ཤས་ཀྱི་སྔོན་ཚུད་དུ་རྒྱ་གར་ཉེན་རྟོག་པས་ཁོ་པའི་སྡོ་གནས་མགྲོན་ཁང་གི་སྒོ་འགྲམ་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་ལས་འགུལ་བ་ལྔ་འཛིན་བཟུང་བྱས་པ་མ་ཟད། དེ་བཞིན་ Chennai གནམ་ཐང་ནས་བོད་མི་ལས་འགུལ་བ་དྲུག་བཅས་ཁྱོན་མི་ ༡༢ ཙམ་འཛིན་བཟུང་བྱས་འདུག དེ་རིང་འཛིན་བཟུང་བྱས་པའི་ལས་འགུལ་བ་དེ་དག་དང་ད་བར་རྒྱ་གར་ཉེན་རྟོག་པས་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་རྣམ་པའི་མཇལ་འཕྲད་སྔ་རྗེས་སུ་བོད་མི་ཁྱོན་ ༢༨ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཤེས་རྟོགས་བྱུང་བར་མངའ་སྡེ་ནང་གི་མཐོ་སློབ་ནང་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་རྣམས་ཉིན་ཤས་སྔོན་ནས་ཉེན་རྟོག་ཁང་དུ་བསྐོངས་ཏེ་འགོ་ཁྲིད་མཇལ་འཕྲད་སྐབས་ལས་འགུལ་རིགས་སྤེལ་རྒྱུ་མིན་པའི་གན་ཡིག་ཐོག་མཚན་རྟགས་བཀོད་བཅུག་པ་དང་། དེ་རིང་སྔ་དྲོ་ནས་ཁུལ་དེའི་ནང་གི་བོད་པའི་སློབ་ཕྲུག་ཡོད་སའི་མཐོ་སློབ་ཀྱི་ཉལ་ཁང་དང་གཞན་ཕྱི་ལ་ཁང་པ་གླས་ནས་སྡོད་མཁན་རྣམ་པའི་སྡོད་ཁང་དུ་ཉེན་རྟོག་པ་ཆེད་མངགས་བྱས་ཡོད་སྟབས། ཕྱིར་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་བཟང་བཙོན་ལྟ་བུའི་གནས་སྟངས་འོག་ལྷུང་ཡོད་པ་རེད། དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ གཞོན་ནུ་ཚོགས་གཙོ་དང་ལྷན་དུ་འཛིན་བཟུང་བྱས་པའི་ལས་འགུལ་བ་གཞན་རྣམས་ Bangalore ས་གནས་གཞོན་ནུའི་ཚོགས་མི་ཡིན་སྐོར་གསུངས་སོང། དེ་བཞིན་ Tamil Nadu རྒྱལ་ས་ Chennai ནང་དུ་རྟེན་གཞིས་བྱས་པའི་ TSAM སློབ་ཕྲུག་ཚོགས་པའི་ཚོགས་མི་དབྱང་ཅན་སྒྲོལ་དཀར་ལགས་ཀྱིས་ དེ་རིང་སྔ་དྲོ་ཁོང་གི་སྡོད་ཁང་གཙོས་བོད་ཕྲུག་སྡོད་སའི་ས་ཚིགས་སུ་ཉེན་རྟོག་པ་སླེབས་ཏེ་ཕྱིར་ཐོན་མི་ཆོག་པའི་བཀའ་རྒྱ་བཏང་སྐོར་ངོ་སྤྲོད་གནང་ཡོད། རྩ་བའི་ Chennai ནང་དུ་བོད་པའི་སློབ་ཕྲུག་མང་དག་ཅིག་ལ་ཞི་བའི་ལས་འགུལ་སོགས་གང་ཡང་སྤེལ་མ་གཅུག་པར་ཉེན་རྟོག་པས་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་དང་འབྲེལ། ཁ་སང་ཁུལ་དེའི་རྒྱ་གར་གྱི་སློབ་ཕྲུག་ཁག་གཅིག་གིས་བོད་རིགས་སློབ་མ་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ཐེངས་འདིའི་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་ཁྲོད་ཁ་སང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ངོས་ནས་སྲིད་བློན་མོ་དཱི་མཆོག་ལ་ད་ལན་ཞི་ཅིན་ཕིང་ལྷན་དུ་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་སྐོར་ངེས་པ་དུ་གླེང་དགོས་པའི་འབོད་སྐུལ་ཞུས་འདུག བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ RK Khirmey ལགས་ཀྱིས་ད་བར་སེལ་མ་ཐུབ་པའི་བོད་ཀྱི་གནད་དོན་འདི་བཞིན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཙམ་མ་ཟད་རྒྱ་གར་གཙོས་པའི་འཛམ་གླིང་སྤྱིའི་སེམས་འཚབ་ཅིག་ཡིན་པ་དང། བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༣ ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེས་རྒྱ་ནག་གི་དབང་འཛིན་འོག་བོད་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆགས་ཡོད་པ་མངོན་གསལ་གནང་གི་ཡོད་པ་ལྟར། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་བཏང་སྟེ་བོད་ནང་བོད་མིའི་ཆོས་དང་རིག་གཞུང་ལ་དམ་དྲག་རིག་མཚམས་འཇོག་བྱེད་དགོས་པ་མ་ཟད། ཕྱི་ལོ་ ༢༠༡༠ ནས་ཆད་པའི་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབར་གྱི་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ་མ་ཟད་བོད་མཐོ་སྒང་གི་ཁོར་ཡུག་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་ནས་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་རྒྱུ་མེད་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག ཁོང་གིས་ད་དུང་ Tamil Nadu མངའ་སྡེའི་ཉེན་རྟོག་པས་བོད་པའི་སློབ་ཕྲུག་དང་ལས་འགུལ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་ཐོག་སྐྱོན་བརྗོད་དང་འབྲེལ། རྒྱ་གར་གྱི་རྩ་ཁྲིམས་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པ་འཁོད་ཡོད་སྟབས་བོད་མི་དེ་དག་དོན་མེད་འཛིན་བཟུང་བྱས་པ་ཞིག་ཆགས་ཡོད་སྟབས་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག དེའི་བར་ན་ཁ་སང་རྒྱ་གར་གྱི་ Congress ཕྱོགས་འགལ་་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Manish Tewari ལགས་ཀྱིས་རང་ཉིད་ཀྱི་ Twitter དྲྭ་གནས་བརྒྱུད་སྲིད་བློན་མོ་དཱི་མཆོག་ལ་རྒྱ་ནག་གི་ངོས་ནས་ Jammu Kashmir གྱི་གནད་དོན་ཐོག་ལ་རྒྱ་གར་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད་རྒྱ་ནག་གི་ངོས་ནས་རྒྱ་གར་གྱི་བྱེད་ཕྱོགས་ལ་བལྟས་ནས་བསྡད་ཡོད་ཀྱང་། སྲིད་བློན་མོ་དཱི་མཆོག་གིས་རྒྱ་ནག་ལ་ཧོང་ཀོང་གི་གནས་སྟངས་དང་བོད། ཤིན་ཅིང་ནང་དུ་དྲག་གནོན་དང་འགྲོ་བ་མའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་བྱ་སྤྱོད་ལ་བལྟས་ནས་བསྡད་ཡོད་པ་སོགས་གང་ཡང་གསུངས་མེད་པ་ཐེར་འདོན་གནང་སྟེ་རྒྱ་ནག་འགོ་ཁྲིད་དང་ལྷན་དུ་དེ་ལྟར་གནང་དགོས་པའི་སྐུལ་མ་སྤེལ་འདུག

རྒྱ་དཀར་ནག་གི་འགོ་ཁྲིད་གཉིས་ནས་བོད་ཀྱི་གནད་དོན་ཐོག་བཀའ་མོལ་གནང་རྒྱུར་རེ་སྐུལ།

དེ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་ Mamallapuram གྲོང་ཁྱེར་དུ་འབྱོར་ཡོད་པ་དང་ཕྱི་ཚེས་ ༡༣ བར་ཁུལ་དེར་རྒྱ་གར་གྱི་སྲིད་བློན་ Narender Modi མཆོག་དང་ལྷན་དུ་ནང་མོལ་ཚོགས་འདུ་ཐེངས་གཉིས་པ་དེ་གནང་གི་ཡོད་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་དཀར་ནག་གཉིས་ཞི་བདེེ་ལྷིང་འཇགས་དང་མཛའ་འབྲེལ་བྱུང་ཐུབ་ཚེ་བོད་ཀྱི་གནད་དོན་སེལ་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་དང་འབྲེལ། བོད་མིའི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་ཞི་བའི་འཐབ་རྩོད་གནང་བཞིན་པ་ལྟར་རྒྱ་དཀར་ནག་ཉིས་ཀྱི་འགོ་ཁྲིད་ནས་ཐེངས་འདིའི་མཇལ་འཕྲད་ཁྲོད་བོད་ཀྱི་གནད་དོན་སེལ་བར་བཀའ་མོལ་གནང་རྒྱུའི་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་པ་གསུངས་སོང་། རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་དམིགས་ཏེ་སྔ་ལོ་ཐེངས་དང་པོ་རྒྱ་ནག་གི་ Wuhan གྲོང་ཁྱེར་ནང་དང། ད་རེས་ཐེངས་གཉིས་པ་རྒྱ་གར་གྱི་ Mamallapuram གྲོང་ཁྱེར་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབུ་ཁྲིད་ནང་མོལ་མཇལ་འཕྲད་གནང་གི་ཡོད་པ་དང་འབྲེལ་ནས་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཀའ་འདྲི་ཞུས་པར་སྤྱིར་བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་དེར་དགའ་བསུ་ཞུ་བཞིན་ཡོད་པ་དང། རྒྱ་དཀར་ནག་གཉིས་དབར་ཞི་བདེ་ལྷིང་འཇགས་དང་མཛའ་འབྲེལ་ཡོང་ཐུབ་ཚེ་བོད་ཀྱི་གནད་དོན་སེལ་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྟབས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་སེལ་རྒྱུར་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་སོང་། ད་རེས་ཕན་ཚུན་དབར་རྩོད་རྙོག་རིགས་མང་དག་ཅིག་ཡོད་པ་དེ་ལྟར་ཡང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་དམིགས་ཏེ་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་མཇལ་འཕྲད་འདིའི་ཐོག་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཁྲོད་བཙན་བྱོལ་བོད་མི་རྣམས་ནས་ཀྱང་དོ་སྣང་ཆེན་པོ་དང་བཅས་ཁག་ཅིག་གིས་ད་བར་ཕྱོགས་གཉིས་ཀྱི་འབྲེལ་ལམ་མང་པོ་བྱུང་ཟིན་པའི་ཐོག་བོད་ཀྱི་གནད་དོན་ལ་དོན་ཕན་ལྡན་པའི་གླེང་སློང་གང་ཡང་གནང་མེད་སྟབས་རེ་བ་དེ་ཙམ་མེད་སྐོར་གསུངས་པ་དང་ཡང་ལ་ལས་བོད་དོན་གླེང་སློང་གནང་རྒྱུར་རེ་བ་ཆེན་པོ་གནང་བཞིན་འདུག རྩ་བའི་ད་རེས་ Mamallapuram ནང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་མཇལ་འཕྲད་དང་འབྲེལ་ཞི་ཅིན་ཕིང་ཁུལ་དེར་མ་འབྱོར་བའི་སྔོན་ཚུད་ནས་ཁ་སང་བར་བསྟན་འཛིན་བརྩོ་འགྲུས་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་ངེས་བསྟོན་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གཙོས་པའི་བོད་མི་ལས་འགུལ་བ་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༦ ཙམ་མངའ་སྡེའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད་དེ་རིང་མུ་མཐུད་དེ་འབྲེལ་གནས་ཚུལ་འཐོན་བཞིན་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གར་རྒྱལ་ཁབ་འདི་ནི་མང་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས་ཞི་བའི་ལས་འགུལ་སྤེལ་མཁན་བོད་མིའི་ཐོག་གནང་བའི་བྱ་སྤྱོད་དེར་བློ་འཚབ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་སིལ་སྤོལ་འགྲན་ཚོགས་ཀྱི་སྟེང་དུ་ཧོང་ཀོང་དང་བོད་དོན་ལས་འགུལ་སྤེལ་འདུག  

ཁ་ཉིན་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ནང་འཚོགས་པའི་གྲགས་ཅན་ NBA ཡི་སིལ་སྤོལ་རྩེད་འགྲན་ཞིག་གི་སྐབས་ལྟད་མོ་བའི་ཁྲོད་དུ་ཀོང་ཧོང་དང་བོད་ལ་རང་དབང་སྤྲོད་དགོས་བའི་སྦྱར་ཡིག་བསྣམས་ནས་ངོ་རྒོལ་བྱེད་མཁན་བྱུང་འདུག ཨ་རིའི་རྒྱལ་ས་ Washington DC ཁུལ་གྱི་ Capital one arena ཚོགས་ཁང་ནང་དུ་ཁུལ་དེའི་སིལ་སྤོལ་རུ་ཁག་ Wizards དང་རྒྱ་ནག་གི་ Guangzhou Loong-Lions རུ་ཁག་གཉིས་ཀྱི་བར་རྩེད་འགྲན་གནང་སྐབས་སུ་ལྟད་མོ་བའི་ཁྲོད་ནས་བོད་དང་ཧོང་ཀོང་ལ་རང་དབང་སྤྲོད་དགོས་ཞེས་པའི་སྦྱར་ཡིག་བསྣམས་མཁན་བྱུང་བར་བརྟེན་ཨ་རིའི་རྒྱལ་ཡོངས་སིལ་སྦོལ་ལྷན་ཚོགས་ NBA འི་ཉེན་སྲུང་བས་ཆབ་སྲིད་དང་འབྲེལ་བའི་ལས་རིགས་དེ་དག་རྩེད་ཐང་གི་ཚོགས་ཁང་ནང་དུ་སྟོན་མི་ཆོག་པར་བརྗོད་དེ་སྦྱར་ཡིག་རྣམས་འཕྲོག་ཡོད་སྟབས་མི་མང་གིས་ཁ་རྡུང་དང་ཟུར་ཟ་བྱེད་མཁན་མང་པོ་བྱུང་འདུག   བོད་དོན་ལས་འགུལ་སྤེལ་མཁན་ཨ་རིའི་མི་ཟེར་ཡིན་པའི་བོད་རིགས་ Tenzing Barshe ལགས་དང་ཁོང་གི་གྲོགས་པོ་ James San Mateo གཉིས་ཀྱིས་སྐབས་དེར་རྩེད་འགྲན་ཁང་ནང་དུ་བོད་ལ་རང་དབང་དགོས་བའི་སྦྱར་ཡིག་བསྣམས་ཏེ་བོད་ཀྱི་རྒྱལ་དར་སོགས་འཕྱར་སྐབས། ཉེན་སྲུང་བའི་ཁོང་གཉིས་ཕྱི་ལ་ཕུད་ཡོད་པ་དང་། Tenzing Barshe ལགས་ཀྱིས་རྗེས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ཡིག་ལམ་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་ནང་དུ། ཁོང་རྣམ་པ་གཉིས་ནས་གོ་སྐབས་དེ་བརྒྱུད་ནས་བོད་ནང་གི་བོད་མི་རྣམས་ཀྱི་དཀའ་སྡུག་དེ་ཕྱི་ལ་མངོན་ཐབས་བྱས་པ་ཞིག་ཡིན་སྐོར་བྲིས་འདུག དེ་བཞིན་སྐབས་དེར་ཨ་རིའི་  American Principles Project  འམ་ཨ་མི་རི་ཀའི་རིན་ཐང་ཐང་སྲོལ་སྲུང་སྐྱོབ་གནང་མཁན་གྱི་བསམ་བློ་བའི་ཚོགས་པའི་སྲིད་བྱུས་དང་གཞུང་འབྲེལ་ལས་དོན་ཚན་པའི་འགན་འཛིན་ Jon Schweppe  ལགས་ཀྱིས་ཕྱག་རོགས་ཁག་གཅིག་དང་ལྷན་རྩེད་འགྲན་ཁྲོད་ལུས་ལ་ཧོང་ཀོང་ལ་རང་དབང་དགོས་ཅེས་བཀོད་པའི་སྟོད་ཐུང་གྱོན་པ་མ་ཟད། འབོད་ཚིག་དེ་འཁོད་པའི་འཕྲེད་དར་ཡང་འཕྱར་རྗེས། ཉེན་སྲུང་བས་ཁོང་ཚོའི་འཕྲེད་དར་བཙན་འཕྲོག་དང་དེ་གར་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་ཆོག་གི་མེད་པའི་འགྲེལ་བརྗོད་དང་འབྲེལ་དམ་དྲག་ཤུགས་ཆེ་བྱས་སྟབས། ཁོང་རྣམས་རྩེད་འགྲན་ཁང་ནས་ཕྱིར་ཐོན་བྱས་འདུག སྐུ་ཞབས་  Schweppe  ལགས་ཀྱིས་རྗེས་སུ་ཁོང་གི་སྐབས་དེའི་མྱོང་ཚོར་དང་འབྲེལ་ New York post གསར་ཤོག་ཐོག་དཔྱད་གཏམ་ཞིག་སྤེལ་ཏེ། NBA ཚོགས་པས་རྒྱ་ནག་སྒེར་གཅོད་ཚོགས་པ་དང་ལག་འབྲེལ་གྱིས། ཨ་རིའི་ས་ཐོག་ཏུ་རང་གི་མི་སེར་ལ་སྡང་འཛིན་བྱས་ཏེ་སྦྱར་ཡིག་འཕྲོག་པ་དེ་ནི་ཨ་རིའི་མི་མང་ཚང་མས་སེམས་འཁྲེལ་བྱེད་གཞིི་ཆགས་ཡོད་པར་འབྲེལ་བརྗོད་ཀྱིས།  NBA ཚོགས་པའི་ངོས་ནས་བྱེད་སྟངས་དེར་དགོངས་སེལ་ཞུ་དགོས་བར་གསུངས་འདུག གནས་ཚུལ་དེ་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་NBA ཚོགས་པའི་མཚན་ཐོག་ལ་ཞུ་སྐུལ་གྱི་ཡི་གེ་ཞིག་ཕུལ་ཏེ་རྒྱ་གཞུང་གི་དབང་བསྒྱུར་འོག་ཏུ་ཡོད་པའི་བོད་དང་ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་་ཐོབ་ཐང་རང་དབང་ལ་གུས་བརྩི་དགོས་བྱེད་དགོས་བའི་ལམ་སྟོན་བྱས་འདུག དེ་མཚུངས་སུ་མང་གཙོ་རྒྱལ་ཁབ་ཨ་རིའི་ནང་དུ་ཡང་རྒྱ་ནག་སྲིད་གཞུང་གི་དམ་དྲག་གི་ཤུགས་རྐྱེན་ཐེབས་ཡོད་པར་བརྗོད་མཁན་མང་པོ་བྱུང་སྟེ། NBA ཚོགས་པའི་ངོས་ནས་མི་མང་གི་སྨྲ་བརྗོད་རང་དབང་ལ་སྡང་འཛིན་བྱེད་བཞིན་པ་དེ་ནི་ངོ་གནོང་དགོས་བའི་བྱ་སྤྱོད་ཅིག་ཡིན་པར་བརྗོད་མཁན་མང་པོ་བྱུང་འདུག ཐེངས་འདིར་ཨ་རིའི་ Wizards རུ་ཁག་དང་རྒྱ་ནག་གི་ Guangzhou Loong-Lions རུ་ཁག་གཉིས་དབར་གྱི་རྩེད་འགྲན་སྐབས་བོད་དང་ཧོང་ཀོང་ལ་རང་དབང་དགོས་བའི་ངོ་རྒོལ་གྱི་བརྙན་རིས་ཁག་སྤྱི་ཚོགས་དྲ་ལམ་དུ་ཐོན་མ་ཐག མང་ཚོགས་ཀྱི་ཁྲོད་དུ་གནད་དོན་དེར་དོ་སྣང་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད་བརྒྱུད་སྤེལ་བྱེད་མཁན་ཡང་མང་པོ་བྱུང་ཡོད་པའི་ཁྲོད།  Yannis Cham ཞེས་པའི་བུད་མེད་ཅིག་གིས་སྒེར་གྱི་ Twitter དྲྭ་གནས་སུ་ཧོང་གོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་མང་རྣམས་ལ་རྒྱབ་སྐྱོར་དགོས་བར་བརྗོད་དེ། ད་ཆ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གཙོ་བྱས་པའི་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་བྱེད་ཀྱི་ཡོད་པར་བརྟེན་ཕྱི་ལོག་གི་བཟོ་ཁང་མང་པོར་དཀའ་ངལ་འཕྲད་ཀྱི་ཡོད་པར་འགྲེལ་བརྗོད་ཀྱིས་རྒྱལ་སྤྱིའི་ཐོག་ཚང་མས་མཉམ་གཅིག་ཏུ་རྒྱ་ནག་གི་བཙན་དབང་ལ་ཁ་གཏད་གཅོག་དགོས་བའི་འབོད་སྐུལ་ཞུས་འདུག  རྩ་བའི་ད་ཐཻངས་ཀྱི་རྙོག་གླིང་དེ་ནི་ NBA ཡི་ཚོགས་མི་ཡིན་པའི་ Houston Rockets རུ་ཁག་གི་འགན་འཛིན་ Daryl Morey ལགས་ཀྱིས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་རང་ཉིད་ཀྱི་ Twitter དྲ་གནས་ཐོག་ཧོང་ཀོང་ལ་རྒྱབ་སྐྱོར་གྱི་མཚོན་རྟགས་ཤིག་བརྒྱུད་སྤེལ་གནང་རྗེས་བར་རྒྱ་རིགས་མི་སེར་མང་པོས་དེར་ངོ་རྒོལ་གནང་བ་མ་ཟད། NBA ཚོགས་པའི་གཙོ་འཛིན་གྱིས་སྐུ་ཞབས་ Morey ལགས་ཀྱི་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་གནང་་ཡོད་སྟབས། རྒྱ་ནག་གཞུང་གིས་ NBA གྱི་རྩེད་འགྲན་དེ་རྒྱ་ནག་གི་ནང་དུ་རྒྱང་བསྲིང་བྱེད་རྒྱུ་བཀག་འགོག་བྱས་པ་བརྒྱུད་སྤྱི་ཚོགས་ཀྱི་ཁྲོད་དུ་ཐེངས་འདིའི་རྙོག་གླེང་དེ་འགོ་ཚུགས་པ་ཞིག་ཆགས་ཡོད་པ་རེད།

བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་བཞག་རྒྱུ་མིན་པའི་ཐག་གཅོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་ནང་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་ཉེ་དང་བསྟུན་འདས་པའི་ཉིན་ཤས་ཁྲོད་བལ་ཡུལ་གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྲིད་འཛིན་ཞི་ཅིན་ཕིང་གི་འཚམས་གཟིགས་སྐབས་བལ་ཡུལ་དང་རྒྱ་ནག་གཉིས་དབར་ཕན་ཚུན་དོགས་གཞི་ཡོད་པའི་མི་སྣ་རྩིས་སྤྲོད་བྱ་རྒྱུའི་ extradition treaty ཞེས་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་ཅིག་བཞག་སྲིད་སྐོར་གྱི་གནས་ཚུལ་མི་ཉུང་བ་ཞིག་ཐོན་ཡོད་པ་རེད། འོང་ཀྱང་དེ་རིང་ khabarhub དང་ Nepal Times སོགས་བལ་ཡུལ་གྱི་གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་སང་རེས་གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ KP Sharma Oli ནས་ཡུལ་དེའི་སྲིད་བློབ་ཟུར་པ་དང་འབྲེལ་ཡོད་ཁག་གཅིག་དང་ལྷན་དུ་སྲིད་འཛིན་ཞི་ཅིན་ཕིང་གི་གཞུང་འབྲེལ་འཚམས་གཟིགས་ཁྲོད་གླེང་སློང་གནང་རྒྱུའི་གནད་དོན་ཁག་གི་ཐོག་ཆུ་ཚོད་བཞི་ཙམ་གོ་བསྡུར་གནང་ཡོད་པ་དང་། གྲོས་བསྡུར་གྱི་ལས་རིམ་ཁག་གྲུབ་མཚམས་སུ་བལ་ཡུལ་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་ Shrestha ལགས་ནས་ཞི་ཅིན་ཕིང་གི་འཚམས་གཟིགས་ཁྲོད་བལ་ཡུལ་གཞུང་དང་རྒྱ་ནག་དབར་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་ཐོག་གླེང་སློང་གནང་གཏན་ཁེལ་ཡོད་ཀྱང་ད་རེས་དངོས་སུ་གྲོས་ཆོད་བཞག་རྒྱུ་མིན་ཞེས་གསུངས་འདུག སྐབས་དེར་བལ་ཡུལ་གྱི་སྲོད་བློན་ཟུར་པས་དབུས་པའི་འབྲེལ་ཡོད་རྣམས་ནས་རྒྱ་ནག་གཞུང་དང་གླེང་མོལ་དང་གྲོས་ཆོད་རིགས་བཞག་སྐབས་བལ་ཡུལ་གཞུང་ནས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ནམ་ཡང་བློས་བཏང་གནང་རྒྱུ་མིན་པ་དང་ལྷག་པར་དུ་དཔལ་འབྱོར་གྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གི་བུ་ལོན་འོག་མ་ཚུད་པ་ཞིག་གནང་དགོས་པའི་ལམ་སྟོན་སོགས་ཀྱང་གནང་འདུག རྩ་བའི་བལ་ཡུལ་དང་རྒྱ་ནག་དབར་ལ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་བཞག་རྒྱུ་དང་འབྲེལ་ཏེ་འདས་པའི་ཉིན་ཤས་ཁྲོད་ཕྱོགས་གཉིས་ནས་གྲོས་ཆོད་དེ་དང་འབྲེལ་བའི་ཟིན་བྲིས་ཡིག་ཆ་ཁག་གྲ་སྒྲིག་བྱས་ཡོད་པའི་གནས་སྟངས་ཤིག་ཆགས་པའི་མཚམས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་དང་བལ་ཡུལ་དབར་ལ་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་བཞག་ཚེ་བལ་ཡུལ་ནང་ཡོད་པའི་བོད་མི་སྤྱི་དང་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བལ་ཡུལ་ནང་བཞུགས་བཞིན་པའི་བོད་མི་ཚོར་ཆེས་ངལ་བ་ཆེན་པོ་འཕྲད་ངེས་ཡིན་པ་གསུངས་པ་དང་ཆབས་ཅིག་ཏུ་བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་གྲོད་ཆོས་དེ་འདྲ་བཞག་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད། གཞི་རྩའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་རིང་ནས་འགོ་འཛུགས་ཏེ་རྒྱ་གར་ནང་གི་གཞུང་འབྲེལ་འཚམས་གཟིགས་གྲུབ་རྗེས་སང་ཉིན་ཕྱི་ཚེས་ ༡༢ ཉིན་བལ་ཡུལ་ནང་སྐྱོད་གཏན་ཁེལ་ཡོད་པ་དང་། ཐེངས་འདིའི་རྒྱ་ནག་གི་སྲིད་འཛིན་བལ་ཡུལ་ནང་སྐྱོད་པ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་གི་སྲིད་འཛིན་ Jing Zemin བལ་ཡུལ་དུ་ཐེངས་དང་པོ་བསྐྱོད་པ་ནས་བཟུང་ལོ་ངོ་ ༢༣ གྱི་རྗེས་སུ་སླར་རྒྱ་ནག་གི་སྲིད་འཛིན་བལ་ཡུལ་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཡོང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་འཚམས་གཟིགས་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་གཙོ་ཆེ་ཤོས་རྒྱ་ནག་གི་རྒྱུད་ཅིག་ལམ་གཅིག་གི་སྲིད་བྱུས་དང་འབྲེལ་བལ་ཡུལ་གྱི་རྒྱལ་ས་ Kathmandu ནས་བོད་དང་རྒྱ་ནག་གི་ས་མཚམས་བར་དུ་རྒྱ་ལམ་གསར་རྒྱག ཚོང་འབྲེལ་གྱི་གནད་དོན། དེ་བཞིན་བལ་ཡུལ་དང་བོད་སྐྱིད་གྲོང་བརྒྱུད་གཞིས་ཀ་རྩེ་བར་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་སོགས་ཀྱི་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

ཕྱི་ལོ་ ༢༠༡༩ ལོའི་བོད་དོན་ཁྲིམས་འཆར་གང་མགྱོགས་གཏན་འབེབས་ཡོང་བའི་ཞུ་སྐུལ།

ཉེ་དུས་ཨ་རིའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་ཁྲིམས་འཆར་ཞེས་པ་ཞིག་ངོ་སྤྲོད་གནང་བར་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་དགའ་བསུའི་འཚམས་འདྲི་གནང་བ་དང་འབྲེལ་ཏེ་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབས་ཡོང་བའི་ཞུ་སྐུལ་གནང་འདུག ཁ་སང་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Gary Bauer ལགས་ཀྱིས་རྒྱ་ནག་ནང་གི་མང་ཚོགས་ལ་རང་ཉིད་ཀྱི་ཆོས་ཕྱོགས་དབུ་ཁྲིད་བདམ་རྒྱུའི་ཐོབ་ཐང་མེད་སྟབས། ད་རེས་ཀྱི་ཁྲིམས་འདི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་བདམ་རྒྱུའི་འགན་དབང་དེ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྣམས་ལ་ཡོད་པར་ཨ་རིའི་གཞུང་ནས་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲོད་བཞིན་ཡོད་པ་མངོན་གསལ་གནང་གི་ཡོད་པ་མ་ཟད། རྒྱ་གཞུང་གིས་༸སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་བྱ་ཚེ་དེས་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཆགས་ཀྱི་ཡོད་ཅེས་ནན་བརྗོད་གནང་འདུག ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་ཡོད་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rubio ལགས་དང་ Mcgovern ལགས་སོགས་ཆབ་སྲིད་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་ངོ་སྤྲོད་གནང་བར་དགའ་བསུའི་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག ད་རེས་བཞུགས་སྒར་དུ་ཚོགས་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ནས་༸གོང་ས་༸སྐུ་ཕྲེང་རིམ་བྱོན་ངེས་ཕེབས་ཡོང་བའི་གསོལ་འདེབས་ཞུས་པ་དང་མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་སྤྱི་སྒེར་སུས་ཀྱང་ཐེ་བྱུས་བྱ་དབང་མེད་སྐོར་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་བ་ལའང་དགའ་བསུ་ཞུས་འདུག ལྷག་དོན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ད་ཆ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཙམ་མིན་པར་རྒྱ་ནག་རྒྱལ་ནང་དུ་ཡོད་པའི་ཡུ་གུར་ཁ་ཆེ་དང་ཡི་ཤུ་པ། དེ་བཞིན་ཧྥ་ལུང་གྷོང་ཆོས་བརྒྱུད་ཉམས་ལེན་དང་སྤྱི་ཚོགས་གཞན་རྣམས་ཀྱི་ཐོག་ལའང་མུ་མཐུད་ཆོས་དད་རང་དབང་རྡོག་རོལ་གྱིས་དམ་དྲག་སྔར་ལས་ཤུགས་ཆེ་རུ་བྱེད་བཞིན་པ་སོགས་ནི་དམིགས་བསལ་བློ་འཚབ་གནང་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་འདུག ལྷན་ཚོགས་དེའི་ངོས་ནས་ཨ་རིའི་གཞུང་གི་དཔལ་འབྱོར་ལྷན་ཁང་གིས་གཟའ་འཁོར་འདིའི་ནང་རྒྱ་ནག་གི་བཟོ་ཚོང་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༨ ལ་ཨ་རིའི་བཟོ་ལས་ཀྱི་གྲུབ་ཆ་ཁག་གཅིག་འོར་འདྲེན་བྱ་རྒྱུར་བཀག་སྡོམ་བྱས་པའི་ཐག་གཅོད་དང་དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཤིན་ཅང་ནང་ལ་དབང་ཆ་ལོག་པར་སྤྱོད་མཁན་གྱི་རྒྱ་རིགས་གཞུང་འབྲེལ་མི་སྣ་ཁག་གཅིག་ལ་ཨ་རི་ནང་སྐྱོད་རྒྱུར་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་བཅས་ལ་བསྔགས་བརྗོད་ཡོད་ཅེས་ཚོར་ཤུགས་ཆེན་པོས་གསུངས་འདུག གཞི་རྩའི་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་ཟླ་བ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གནང་སྟེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ཁྲིམས་ལུགས་ཚོགས་ཆུང་གཉིས་སུ་ཁྲིམས་འཆར་དེའི་དོན་ཚན་ཁག་གི་ཐོག་གྲོས་བསྡུར་དང་དཔྱད་ཞིབ་གནང་མུས་ཡིན་པ་རེད་། གལ་རེ་ཁྲིམས་འཆར་དེ་གཏན་འབེབས་ཐུབ་པ་ཡིན་ན་མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ཨ་རིར་བཀག་སྡོམ་གྱིས་དམ་དྲག་བྱ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་པ་དང་བོད་ཀྱི་རྒྱལ་ས་ལྷ་སར་ཨ་མི་རི་ཀའི་གཞུང་ཆབ་ཁང་ཞིག་ཆེད་འཛུགས་གནང་དགོས་པ་སོགས་ཀྱི་གནད་དོན་ཚུལ་ཡོད་པ་རེད། ཨ་རིའི་བོད་དོན་ཁྲིམས་འཆར་གསར་པའི་ནང་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། ཨ་རི་གཞུང་ནས་བོད་མིར་རོགས་སྐྱོར་མུ་མཐུད་གནང་དགོས་པ་སོགས་དོན་ཚན་ཆེ་ཁག་ལྔ་ཙམ་འཁོད་ཡོད་པ་དང་། ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་དེ་འབྲེལ་ཁྲིམས་འཆར་གྱི་དོན་ཚན་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་ཞུས་ཡོད་པ་རེད།

མ་རྡ་ར་སིའི་རྒྱ་གར་སློབ་ཕྲུག་ཚོས་བོད་ཕྲུག་སློབ་མར་གདུང་སེམས་མཉམ་བསྐྱེད་གནང་བ།

མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གར་སློབ་ཕྲུག་ཁག་གཅིག་ནས་ད་ཆ་རྒྱ་གར་གཞུང་ཉེན་རྟོག་པས་བཀག་བསྐྱིལ་འོག་ཡོད་པའི་བོད་མི་དང་ལྷག་དོན་བོད་ཕྲུག་རྣམས་ལ་རྒྱབ་སྐྱོར་མཚོན་ཕྱིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་རྒྱ་གར་ལྷོ་ཕྱོགས་མ་རྡ་ར་སི་ནས་བོད་མི་ལས་འགུལ་བ་དང་སློབ་ཕྲུག་ ༡༠ བཅས་མུ་མཐུད་འཛིན་བཟུང་གིས་བཙོན་འཇུག་བྱས་པའི་གནས་ཚུལ་འཐོན་བཞིན་པར་བོད་མི་གཙོས་པའི་རྒྱ་གར་བ་སོགས་ནས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པའི་ཁྲོད་དེ་རིང་ཟླ་ ༡༠ ཚེས་ ༡༠ ཉིན་ཚོུད་ ༡༠༌༡༥ ཙམ་ནས་མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་གྱི་རྒྱ་གར་སློབ་ཕྲུག་ ༢༠ ཙམ་གྱིས་མཐོ་སློབ་དེའི་ Chepauk Campus དུ་ང་ཚོ་བོད་པའི་སློབ་ཕྲུག་ཚོ་དང་མཉམ་དུ་ཡོད་ཅེས་པའི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ཏེ་རྒྱ་གར་ཉེན་རྟོག་པས་ཁོང་རྣམས་འཛིན་བཀག་བསྐྱིལ་དང་བསུན་བརྩེར་བྱས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་འདུག་པ་མ་ཟད། བོད་པོའི་སློབ་ཕྲུག་རྣམས་གནས་སྐབས་རིང་གློད་བཀྲོལ་མ་གནང་ཚེ་དེ་རིང་ཉིན་འཁྱོངས་རིང་ལས་འགུལ་དེ་མུ་མཐུད་སྤེལ་ངེས་ཡིན་པ་དང་སང་གང་གནང་དགོས་མིན་ཐད་ལ་གྲོས་བསྡུར་ཡང་གནང་རྒྱུ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་རྒྱ་གར་སློབ་ཕྲུག་དེ་དག་གི་ལས་འགུལ་སྣེ་ཁྲིད་གནང་མཁན་ Elakkiyan ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་ད་རེས་ཀྱི་ལས་འགུལ་དེ་ཆེད་མངགས་རྒྱ་གར་གཞུང་ཉེན་རྟོག་པས་བཀག་སྐྱིལ་འོག་ཡོད་པའི་བོད་ཕྲུག་རྣམས་ཀྱི་ཆེད་དུ་ཡིན་པ་དང་། ལྷག་དོན་ཅ་ནཡི་ས་གནས་ཉེན་རྟོག་པས་ཕྱི་ཚེས་ ༦ ཉིན་གྱི་མཚན་མོར་བོད་པའི་བེུད་གཅིག་གཙོས་ལས་འགུལ་བ་དང་སློབ་ཕྲུག་བདུན་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ད་བར་ཁྱོན་བོད་མི་བཅུ་མུ་མཐུད་བཀག་ཉར་འོག་ཡོད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད་པ་མ་ཟད། སློབ་ཕྲུག་དེ་དག་ལ་བཙན་དབང་ཐོག་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་མིང་རྟགས་བཀོད་བཅུག་པར་སྐྱོན་བརྗོད་གནང་སོང་། ཐེངས་འདིའི་ལས་འགུལ་བརྒྱུད་ Elakkiyan ལགས་ཀྱིས་འདས་པའི་ཉིན་ཤས་ནང་བོད་མི་འཛིན་བཟུང་བཀག་སྐྱིལ་བྱས་པའི་ཁོངས་ནས་ཕལ་ཆེ་བ་སློབ་ཕྲུག་ཆགས་ཀྱི་ཡོད་པ་དང་ལྷག་དོན་ཁ་སང་ནས་ཉིན་གྲངས་གསུམ་རིང་མ་རྡ་ར་སི་མཐོ་སློབ་ཁག་གི་ཡིག་རྒྱུགས་འགྲོ་བཞིན་ཡོད་སྟབས། སློབ་ཕྲུག་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་ཁོང་རྣམས་ལ་ཅ་ནཡི་ས་གནས་ཉེན་རྟོག་པས་སུན་གཙེར་དང་ཁ་སྐྱེངས་པོ་བཟོ་རྒྱུ་སོགས་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་པ་ཚོར་ཤུགས་ཆེན་པོས་གསུངས་སོང་། དེ་བཞིན་མ་རྡ་ར་སི་གཙུག་སློབ་གཉེར་ཁང་དུ་གཙུག་ལག་རབ་བྱམས་པའི་སློབ་སྦྱོང་གནང་བཞིན་པ་མ་རྡ་ར་སའི་བོད་ཕྲུག་ཚོགས་པའི་ཚོགས་མི་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་སློབ་ཕྲུག་ཁག་གཅིག་གིས་སྣེ་ཁྲིད་གནང་སྟེ་གདུང་སེམས་བསྐྱེད་ཀྱི་ལས་འགུལ་དེའི་ནང་བོད་ཕྲུག་རྣམས་མཉམ་ཞུགས་རོགས་ཞེས་གསུངས་ཡོད་ཀྱང་བོད་ཕྲུག་སློབ་མ་ ༢༥ ཙམ་ལ་ས་གནས་ཉེན་རྟོག་པས་བཙན་དབང་གིས་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་མིང་རྟགས་བཀོད་བཅུག་སྟབས་མཉམ་ཞུགས་གནང་འདོད་ཡོད་ཀྱང་དེ་ལྟར་གནང་ཆོག་གི་མེད་སྐོར་གསུངས་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྷག་དོན་བཀག་བསྐྱིལ་འོག་ཡོད་པའི་བོད་མི་བཅུ་པོ་དེ་དག་ནས་རྒྱ་གར་སྲིད་བློན་ Narendra Modi མཆོག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནང་སྟངས་ཐོག་འགན་འཁུར་བཞེས་དགོས་པའི་ཞུ་སྐུལ་གནང་བ་དང་སྦྲགས། རྒྱལ་སྤྱིའི་དབུ་ཁྲིད་ཚོས་བོད་ཀྱི་དྲང་བདེན་གྱི་ལོ་རྒྱུས་ལ་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་མགོ་སྒུར་བཅུག་དགོས་གལ་ཡིན་པ་མ་ཟད་ད་ལྟའི་ཆར་རྒྱ་གར་གཞུང་ཉེན་རྟོག་པས་བཀག་ཉར་བྱེས་པའི་བོད་མི་བརྒྱད་པོ་དེ་དག་འཕྲལ་དུ་གློད་བཀྲོལ་དགོས་པར་ནན་བརྗོད་གནང་འདུག

བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་གནང་རྒྱུའི་གྲོས་ཆོད་མ་བཞག་རོགས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡལ་ནང་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་ཉེ་དང་བསྟུན་བརྒྱུད་ལམ་ཁག་ཏུ་བལ་ཡུལ་དང་རྒྱ་ནག་གཉིས་དབར་ཕན་ཚུན་དོགས་གཞི་ཡོད་པའི་མི་སྣ་རྩིད་སྤྲོད་བྱ་རྒྱུའི་  extradition treaty ཞེས་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་ཅིག་བཞག་སྲིད་པར་ཚོད་དཔག་གནང་མཁན་འབྱུང་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་གཅིག་ཞུས་པར་རྒྱ་ནག་དང་བལ་ཡུལ་དབར་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་བཞག་པ་ཡིན་ཚེ་བལ་ཡུལ་ནང་ཡོད་པའི་བོད་མི་སྤྱི་དང་ལྷག་པར་དུ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བལ་ཡུལ་ནང་བཞུགས་བཞིན་པའི་བོད་མི་ཚོར་ངལ་བ་ཆེས་འཕྲད་ངེས་ཡིན་པ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་གྲོད་ཆོས་དེ་འདྲ་མ་བཞག་རོགས་གནང་ཞེས་འབོད་སྐུལ་གནང་སོང་།   བལ་ཡུལ་གཞུང་ནས་ཡུལ་དེའི་ས་གནས་གང་སར་ཉེན་རྟོག་མི་སྣ་དང་གསང་བའི་མི་སྣ་གང་མང་འགྲེམས་འཇོག་གིས་བཙན་བྱོལ་བོད་མིའི་ཐོག་སྔར་ལྷག་དམ་དྲག་བྱེད་བཞིན་པ་མ་ཟད་དེ་སྔ་ས་གནས་སུ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་ནང་ཞུགས་མྱོང་ཡོད་མཁན་གཙོས་པའི་བོད་མི་ཁག་གཅིག་ལ་དོགས་ཟོན་གྱིས་འདྲི་རྩད་བྱས་པའི་གནས་སྟངས་སོགས་བྱུང་འདུག བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པར་ད་ལྟའི་ཆར་བལ་ཡུལ་ཁྱོན་ཡོངས་སུ་ལྟ་སྲུང་སླད་དམག་མི་ལྔ་སྟོང་ལྷག་འགྲེམས་འཇོག་བྱས་ཡོད་པ་དང་། འདས་པའི་ཉིན་ཤས་ཁྲོད་དུ་བོད་མི་ཁག་གཅིག་ལ་འདྲི་རྩད་སོགས་བྱས་ཡོད་ཀྱང་ད་ལྟའི་ཆར་འཛིན་བཟུང་བཀག་ཉར་བྱས་པ་དངོས་སུ་ཤེས་རྟོགས་ཐུབ་མེད་ཀྱང་། བལ་ཡུལ་གྱི་ས་གནས་སྤྱི་དང་ལྷག་པར་དུ་ས་མཚམས་ཁུལ་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་གསུངས་སོང་།  རྩ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སང་ཉིན་ནས་རྒྱ་གར་ནང་གི་འཚམས་གཟིགས་གྲུབ་མཚམས་སུ་ཕྱི་ཚེས་ ༡༣ ནས་ཉིན་གྲགས་གཉིས་རིང་བལ་ཡུལ་ནང་འཚམས་གཟིགས་བྱ་གཏན་འཁེལ་བ་དང་བསྟུན་བལ་ཡུལ་ནང་གི་བོད་མི་ཚོར་དམ་དྲག་བྱས་པ་ཙམ་མ་ཟད་རྒྱ་གར་ནས་བལ་ཡུལ་ནང་གཉེན་འཕྲད་དང་གནས་སྐོར་ཆེད་འགྲོ་མཁན་བོད་མི་ཁག་གཅིག་བལ་ཡུལ་ས་མཚམས་ནས་ཕྱིར་སློག་བྱས་པའི་གནས་སྟངས་ཡང་བྱུང་ཡོད་པ་རེད། དེའི་སྐོར་ཉེ་འཆར་ཕྱི་ཚེས་ ༦ ཉིན་རྒྱ་གར་ནས་བལ་ཡུལ་དུ་གཉེན་འཕྲད་དང་གནས་སྐོར་ལ་ཕེབས་སྐབས་ས་མཚམས་ནས་ཕྱིར་སློག་བྱས་པ་བསྟན་འཛིན་རབ་བརྟན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ས་མཚམས་སུ་བལ་པོའི་ཉེན་རྟོག་པས་བཀག་སྡོམ་དང་ཕྱིར་སློག་ཇི་ལྟར་བྱས་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་ནས་ཁུལ་དེར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བོད་མིའི་གསུམ་བཅུའི་དུས་དྲན་གཙོས་པའི་བོད་དོན་དང་འབྲེལ་བའི་མཛད་སྒོ་ཁག་སྲུང་བརྩི་ཞུ་རྒྱུར་དམ་དྲག་དང་། བོད་ནས་གསར་དུ་འབྱོར་བའི་བོད་མི་མི་ཉུང་བ་ཞིག་འཛིན་བཟུང་དང་ཕྱིར་སློག་བྱས་པ་སོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་འཐོན་བཞིན་ཡོད་པ་མ་ཟད། ཡུལ་དེའི་ཆབ་སྲིད་ཚོགས་པའི་འཐུས་མི་ཁག་གཅིག་བོད་དོན་དང་འབྲེལ་བའི་ཚོགས་འདུ་སོགས་ཀྱི་ཐོག་མཉམ་ཞུགས་གནང་རྐྱེན་ལས་གནད་ནས་གནས་དབྱུང་བཏང་པ་སོགས་ཀྱི་གནས་སྟངས་བྱུང་ཡོད།

༸གོང་ས་མཆོག་གིས་ཝེ་ཏི་ནམ་དང་ཨིན་ཌོ་ནེ་ཤ་ཡའི་དད་ལྡན་ཁག་གཅིག་ལ་བཀའ་ཆོས་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རངི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Vietnam དང་ Indonesia དད་་ལྡན་ཁག་གཅིག་ལ་བཀའ་ཆོས་བསྩལ་འདུག དེ་རིང་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཝེ་ཏི་ནམ་དད་ལྡན་རུ་ཁག་གཅིག་རྒྱ་གར་ནང་གནས་མཇལ་དུ་ཆེད་བཅར་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་སླད་བཞུགས་སྒར་དུ་ཆེད་བཅར་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཝེ་ཏི་ནམ་དད་ལྡན་སེར་སྐྱ་ཕོ་མོ་ ༣༧ དང་གཞན་ཡང་ཨིན་ཌོ་ནེ་ཤ་ཡའི་དད་་ལྡན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་ཐུབ་པའི་མཚན་སྔགས་སོགས་བཀྲིན་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཐོག་མར་དད་ལྡན་པ་དེ་དག་ལ་འཚམས་འདྲི་དང་འབྲེལ། སྤྱིར་མགོན་པོ་༸གང་ཉིད་མཆོག་ནས་ནང་ཆོས་ཞེས་པ་དེ་ཆོས་ལུགས་ཀུན་ལས་ཡག་ཤོས་རེད་ཅེས་ནམ་ཡང་བཀའ་བསྩལ་མཛད་ཀྱི་མེད་པ་དེ་ལྟར་ཡང་ལྟ་གྲུབ་ཀྱི་ཐོག་ནས་ནང་ཆོས་དེ་ཚན་རིག་དང་ཧ་ཅང་ཐག་ཉེ་པོ་ཡོད་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ཁར་ཚན་རིག་པ་ཞིག་ཀྱང་ཡིན་ཞེས་བཀའ་བསྩལ་བ་མ་ཟད། ནང་པའི་ཆོས་ཀྱི་སྙིང་པོ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་དེ་ཚན་རིག་དང་ཧ་ཅང་མཐུན་པ་དང་འཛམ་གླིང་ཞི་བདེ་དང་དེ་བས་ཀྱང་འབྲེལ་བ་ཆེས་ཆེན་པོ་ཡོད་པ་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་དེ་རྗེས་ཝེ་ཏི་ནམ་དང་ཨིན་ཌོ་ནེ་ཤ་ཡའི་དད་་ལྡན་པ་དེ་དག་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དང་འཇམ་དཔལ་དབྱངས། སྒྲོལ་མ་སོགས་ཀྱི་མཚན་སྔགས་ལྗགས་ལུང་བསྩལ་བ་མ་ཟད། ཆོས་ཟེར་བ་དེར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཉམs་ལེན་གནང་དགོས་པ་མ་གཏོགས་དད་པ་ཁོ་ན་ཙམ་གྱིས་འགྲིག་ཐབས་མེད་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། ཆོས་འབྲེལ་ལེགས་པར་གྲུབ་མཚམས་སུ་གསར་འགོད་པས་ཝེ་ཏི་ནམ་གྱི་རྡོ་གདན་མར་མེ་མཆོད་འབུལ་ཚོགས་ཆུང་གི་གནས་སྐོར་བ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Andynoel ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་ནས་དེ་རིང་ཁོང་རྣམས་ལ་གོ་ལ་འདིའི་ཐོག་ཡོད་པའི་ཆོས་ལུགས་མི་འདྲ་ཡོད་དོ་ཅོག་འཆམ་མཐུན་ཡོང་བར་ལམ་སྟོན་མཛད་ཡོད་པའི་བཀའ་བསྩལ་བ་ངོ་སྤྲོད་གནང་སོང་བ་མ་ཟད། གཞན་ཡང་ཝེ་ཏི་ནམ་གྱི་རྡོ་གདན་་མར་མེ་མཆོད་འབུལ་ཚོགས་ཆུང་གི་ཚོགས་མི་ཡིན་པ་ཡེ་ཤེས་ལྷ་མོ་ལགས་ཀྱིས་ནང་པ་ཞིག་དང་ཉམས་ལེན་པ། དེ་བཞིན་དད་མོས་ཡོད་མཁན་ཞིག་ལ་མཚོན་ན་ཐེངས་འདིའི་བཀའ་ཆོས་དེ་ལེགས་པོ་བྱུང་སོང་བ་དང་། བཀའ་ཆོས་བསྩལ་གྲུབ་བསྟུན་༸གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་སྐབས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་དྲུང་དུ་བང་སྒྲིག་རྒྱུ་བྱུང་བ་མ་ཟད་མགོན་པོ་མཆོག་གིས་ཐད་ཀར་གཟིགས་སྐབས་ཚོར་སྣང་གང་བྱུང་བ་སོགས་དགའ་ཚོར་ཆེན་པོ་དང་བཅས་གསུངས་སོང་། རྩ་བའི་ཁོང་རྣམས་ད་ལན་རྒྱ་གར་དུ་གནས་མཆོག་རྡོ་རྗེ་གདན་དང་མཚོ་པདྨ། དེ་བཞིན་བཞུགས་སྒར་དུ་༸གོང་གི་གསེར་ཞལ་མཇལ་རྒྱུ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་རྒྱུ་སོགས་ཀྱི་ཆེད་དུ་བཅར་བ་ཞིག་ཡིན་པ་རེད། དེའི་བར་ན་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་ཤུགས་ཆེ་ཞུ་མཁན་མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་སྐུ་ཞབས་ Richard Blum ལགས་དང་ཁོང་གི་སྲས་མོ་ལྕམ་སྐུ་ Heidi ལགས་རྣམ་གཉིས་ནས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་སྦྲགས་ཏེ་བོད་མི་དང་བོད་ཐོག་རྒྱབ་སྐྱོར་གང་ཞུ་དགོས་པའི་ལམ་སྟོན་ཞུས་ཡོད་པ་རེད། གསར་འགོད་པས་སྐུ་ཞབས་ Richard Blum ལགས་སུ་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་གང་བསྩལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གིས་ནང་པའི་ལྟ་གྲུབ་ཐོག་ནས་བོད་མི་ཁོ་ན་ཙམ་མིན་པར་འཛམ་གླིང་གི་འགྲོ་བ་ཀུན་ལ་བྱམས་བརྩེའི་ཐོག་ནས་གཞན་ཕན་བསྒྲུབ་དགོས་གལ་ཡིན་པ་སོགས་ལམ་སྟོན་བསྩལ་ཡོད་པ་ངོ་སྤྲོད་གནང་སོང་། རྩ་བའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard Blum ལགས་ནི་ American Himalayan Foundation ཞེས་པའི་ཐེབས་རྩ་ཁང་གི་ཚོགས་གཙོ་ཡིན་ཞིང་། ཁོང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཕྱི་ལོ་ ༡༩༧༢ ལོར་ཆེས་ཐོག་མ་མཇལ་མོལ་བྱུང་བ་ནས་བཟུང་ཁྱོན་མི་ལོ་ ༤༦ ལྷག་གི་རིང་ཐུགས་འདྲིས་ཆེ་བ་དང་། བོད་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དོན་དམ་གྱི་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་མ་ཟད། མགོན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་ཤུགས་ཆེ་ཞུ་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ཁོང་དང་ཁོང་གི་སྐུ་ཟླ་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Dianne Feinstein ལགས་རྣམ་གཉིས་ཀྱིས་མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༧༨ ལོར་ཨ་རིའི་ San Francisco མངའ་སྡེར་གདན་འདྲེན་ཞུས་མྱོང་ཡོད་པ་རེད། ཁོང་གིས་ཧི་མཱ་ལ་ཡའི་ཁུལ་གྱི་མི་རིགས་དག་ལ་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་ཐོག་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

Latest news