Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸དཔལ་ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།

དེ་རིང་རྒྱ་གར་བྱང་ཕྱོགས་ Uttarakhand མངའ་སྡེའི་སྡེ་ར་ལྡུན་༸དཔལ་ས་སྐྱ་བཙུན་མའི་མཐོ་སློབ་ཏུ་ཚོགས་མགོན་གྱི་གཙོ་བོ་༸དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཐོ་སློབ་དེའི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་དང་རྒྱལ་ཡོངས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོ་ཚོགས་འདུག ༸དཔལ་ས་སྐྱ་བཙུན་མའི་མཐོ་སློབ་ནས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་དེ་རིང་སྔ་དྲོ་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་སྐབས་དང་པོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་པ་གཙོས་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་རྣམ་པ་དང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་སློབ་དཔོན་རྣམ་པ་དང་དགོན་ཁག་གི་དབུ་འཛིན་སྐུ་ཚབ་རྣམ་པ། དེ་བཞིན་སློབ་དཔོན་མ་དང་དགེ་བཤེས་མ། བོད་ཀྱི་བཙུན་མའི་ལས་འཆར་གྱི་ཐོག་མའི་དབུ་འཛིན་དང་ད་ལྟའི་དབུ་འཛིན་ལས་ཐོག མཐོ་སློབ་དེའི་ངེས་སྟོན་པ་དང་སློབ་སྤྱི་གཙོས་དགེ་ལས་སློབ་གཉེར་བ་བཅས་ལྷན་འཛོམས་ཀྱིས་༸དཔལ་ས་སྐྱ་ཁྲི་འཛིན་ར་ཏྣ་བཛྲ་རིན་པོ་ཆེ་མཆོག་གིས་བསླབ་པ་མཐར་སོན་གྱི་བཙུན་མ་བདུན་ལ་བཀའ་བཅུ་པའི་ཕྱག་འཁྱེར་གསོལ་བསྩལ་མཛད་འདུག ༸སྐྱབས་མགོན་༸གོང་ས་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐབས་དེར་བསླབ་པ་མཐར་སོན་གྱི་བཙུན་མ་རྣམ་པར་དགའ་བསུའི་འཚམས་འདྲི་མཛད་པ་དང་འབྲེལ་ཏེ་ཕྱག་འཁྱེར་གསོལ་བསྩལ་གནང་རྗེས་བཙུན་མའི་མཐོ་སློབ་དེའི་ངོས་ནས་མཐོ་སློབ་ཀྱི་ངེས་སྟོན་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གི་བཀའ་དགོངས་བཞིན་སློབ་གཉེར་གནང་རྒྱུར་དམིགས་བསལ་གྱིས་འབད་བརྩོན་གནང་དགོས་པ་མ་ཟད་ལྷག་དོན་ནང་པའི་གཞུང་ལུགས་དག་ལ་སློབ་གཉེར་གནང་སྐབས་གཙོ་བོ་སེམས་རྒྱུད་འདུལ་ཐབས་གནང་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་བསྩལ་འདུག དེ་རིང་སྔ་དྲོ་ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་གྲུབ་བསྟུན་མཐོ་སློབ་དེའི་ནང་ཚད་མ་རྣམ་འགྲེལ་ལེའུ་དང་པོའི་ཐོག་ཉིན་གསུམ་གྱི་རིང་རྒྱལ་ཡོངས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བགྲོ་གླེང་ཆེན་མོ་ཞིག་ཀྱང་དབུ་འཛུགས་གནང་འདུག རྩ་བའི་༸དཔལ་ས་སྐྱ་བཙུན་མའི་མཐོ་སློབ་དེ་ནི་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༩ ཚེས་ ༢༦ ཉིན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་དེའི་ནང་ས་སྐྱ་མཐོ་སློབ་ཀྱི་སློབ་ཚན་གཞིར་བཟུང་ནང་དོན་རིག་པ་གཙོ་གྱུར་བོད་ཡིག་དང་དབྱིན་ཡིག་བཅས་ཀྱི་སློབ་ཁྲིད་གནང་མུས་ཡིན་པ་མ་ཟད་ད་ལྟའི་ཆར་མཐོ་སློབ་དེའི་ནང་ཁྱོན་བཙུན་མ་དྲུག་ཅུ་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་མོལ་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རུ་ཁག་ནས་ཨོ་སི་ཊོ་ལི་ཡ་ནང་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་གཏུག་གནང་བཞིན་འདུག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱི་སྣེ་ཁྲིད་པའི་འོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཟླ་ ༡༡ ཚེས་ ༨ ཉིན་ཨོ་སི་ཊོ་ལི་ཡ་ནང་གི་ Brisbane གྲོང་ཁྱེར་ནས་དབུ་འཛུགས་ཀྱིས་ཡུལ་དེའི་གྲོང་ཁྱེར་ཆེ་གྲས་ ༤ ཙམ་གྱི་ནང་དུ་བོད་དོན་ཞུ་གཏུག་གི་སྐོར་སྐྱོད་གནང་བཞིན་པའི་ཁྲོད་ཚེས་ ༨ ཉིན་ Brisbane གྲོང་ཁྱེར་ནང་དུ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་དང་ལྗང་ཁུ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Senator Larissa Waters  མཆོག་དང་ Brisbane གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་  Jonathan Sri ལགས། ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ Malcolm Roberts ལགས་ཀྱི་སློབ་སྟོན་པ་བགྲེས་པ་ H. Carter ལགས་བཅས་དང་མཇལ་འཕྲད་གནང་སྟེ་ད་ལྟའི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འོག བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་ཇི་ལྟར་རྩ་མེད་གཏོང་བཞིན་པ། བོད་ནང་ཡོད་པའི་བོད་མི་རྣམས་ལ་འགྲོ་འདུག་དང་སྨྲ་བརྗོད་རང་དབང་མེད་པ། ཁོར་ཡུག་གཏོར་བཤིག འབྲོག་པ་གནས་སྤོས་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་སོགས་བོད་དོན་ཞུ་སྐུལ་གནང་འདུག སྐབས་དེར་ལྕམ་སྐུ་ Larrisa Waters ལགས་ཀྱི་མ་འོངས་པར་ཨོ་གླིང་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་བ་དང་དེ་བཞིན་ Jonathan Sri ལགས་དང་ Carter ལགས་གཉིས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་མཁྱེན་རྟོགས་ཡོད་པ་མ་ཟད་མ་འོངས་པར་བོད་དོན་དང་འབྲེལ་བའི་ལས་དོན་ཐོག་ནུས་པ་གང་ཡོད་འབད་སྤུངས་གནང་རྒྱུའི་ཞལ་བཞེས་གནང་འདུག དེ་རྗེས་ཕྱི་ཚེས་ ༡༠ ཉིན་ Melbourne གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་ཀྱི་གཡག་གསོལ་མགྲོན་ཁང་དུ་ཝིག་ཊོར་རི་ཡའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག Australia བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ Hal Young མཆོག་གིས་གཙོས་པའི་ལོ་མང་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་མི་ཁག་གཅིག་དང་ལྷན་དུ་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་གནས་སྟངས། མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་འདུག ཕྱི་ཚེས་ ༡༡ ཉིན་ Melbourne གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ Sam Hibbins ལགས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྙན་གསེང་དང་ཡིག་ཆ་ཁག་འགོ་འབུལ་ཞུས་པར་ཁོང་གིས་མེལ་བྷོན་གནས་སྡོད་ས་གནས་བོད་རིགས་མི་མང་ལ་དུས་ཆེན་ཁག་བཞི་ལ་ཚོགས་ཁང་རིན་མེད་གཡར་བཞིན་ཡོད་པ་མ་ཟད་རྗེས་སུ་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག དེ་བཞིན་དེ་རིང་སྤྱི་འཐུས་རྣམས་ནས་རྒྱལ་ས་ Canberra ནང་དུ་ཡུལ་དེའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Louise Pratt ལགས་དང་ Kimberly Kitching ལགས་དེ་བཞིན་ཚོགས་པ་དེའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Alicia Payne ལགས། གུ་ཡངས་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ James Paterson ལགས་དང། ལྗང་ཁུ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་Janet Rice ལགས་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གང་ལེགས་གནང་འདུག ད་ལན་སྤྱི་འཐུས་རྣམ་པ་ཨོ་སི་ཊོ་ལི་ཡ་ནང་དུ་ཕེབས་པ་དང་བསྟུན་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་དང་། ཝིག་ཊོར་རི་ཡ་བོད་རྒྱ་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་སྤྱི་འཐུས་རྣམ་པ་བཞི་དང་མེལ་བྷོན་གྲོང་ཁྱེར་དུ་གནས་སྡོད་རྒྱ་རིགས་ཝིག་ཊོར་རི་ཡ་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི། བོད་རྒྱ་དམངས་ཁྲོད་འབྲེལ་ལམ་སྐུལ་སྤེལ་ཚོགས་པ་གཉིས་ཀྱི་ཚོགས་མི། དེ་བཞིན་ཧོང་ཀོང་གི་འཐུས་ཚབ་བཅས་ཚོགས་མི་ ༢༠ ཙམ་གྱི་ལྷན་དུ་བོད་ཀྱི་གནས་སྟངས། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ད་ལྟའི་གནས་བབ། མ་འོངས་པར་དབུ་མའི་ལམ་གྱི་མདུན་ལམ་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཀྱང་གནང་འདུག ལྷག་དོན་ཡུལ་དེའི་ ABC གསར་ཁང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་ཡོད་པ་རེད། སྤྱི་འཐུས་རྣམས་ནས་ Brisbane དང་ Melborne བཅས་ཀྱི་ནང་དུ་ས་གནས་བོད་རིག་མང་ཚོགས་དང་མཇལ་འཕྲད་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་ངོ་སྤྲོད་དང་། དབུ་མའི་ལམ་གྱི་སྲིད་བྱུས། ༸གོང་ས་མཆོག་གི་མཛད་འཕྲིན། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ལ་གཏམ་བཤད་དང་མི་མང་གི་དྲི་བ་དང་དགོངས་ཚུལ་ཁག་ལ་ལན་འདེབས་སོགས་གནང་འདུག

གཏོང་ལེན་སློབ་གྲྭས་འཛམ་གླིང་གི་བྱམས་བརྩེ་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་སྔ་དྲོ་ཚོུད་ ༩ ཐོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་གཏོང་ལེན་སློབ་གྲྭའི་གོ་སྒྲིག་འོག་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་སྲུང་བརྩི་ཞུས་ཏེ་དྷ་སའི་གཡས་གཡོན་གྱི་སློབ་གྲྭ་ཁག་ལ་ཆེད་བཅར་གྱིས་བྱམས་བརྩེ་དེ་གལ་ཆེན་པོ་ཡིན་པ་དང་དྷ་ས་འདི་བྱམས་བརྩེའི་གྲོང་ཁྱེར་ཞིག་ཏུ་བསྒྱུར་ཐབས་ལ་འབད་དགོས་པའི་གཏམ་བཤད་གནང་འདུག རྒན་བློ་བཟང་འཇམ་དབྱངས་ལགས་ཀྱིས་གཙོས་པའི་རྒྱ་གར་གྱི་སློབ་གྲྭ་བཅུ་ཙམ་གྱི་འཐུས་ཚབ་ཀྱི་དགེ་ལས་སུམ་བརྒྱ་ཙམ་གྱིས་བྱམས་བརྩེ་ནི་འོན་པས་གོ་ཐུབ་པ་དང་ཞ་རས་མཐོང་ཐུབ་པའི་སྐད་ཡིག་དེ་ཡིན་ཞེས་བྲིས་པའི་སྦྱར་ཡིག་བསྣམས་ཏེ་ང་ཚོ་ཚང་མར་བྱམས་བརྩེ་མཁོ་ཞེས་པའི་འབོད་སྒྲའི་འོག་དྷ་ཤོད་ནས་ཀ་ཆཱ་རི་བར་དུ་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་སོང་། གསར་འགོད་པས་གཏོང་ལེན་སློབ་གྲྭའི་འགན་འཛིན་བློ་བཟང་འཇམ་དབྱངས་ལགས་སུ་མཛད་སྒོ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས་ཕྲུ་གུ་ཆུང་ཆུང་ནས་སེམས་རྒྱུད་ལ་བྱམས་བརྩེ་སྤེལ་དགོས་པ་དེ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཁྲོད་ཀྱི་གཅིག་ཡིན་སྟབས་དེ་རིང་གི་ཉིན་མོ་འདི་བརྒྱུད་ནས་བྱམས་བརྩེའི་གལ་ཆེན་རང་བཞིན་དེ་ཁྱབ་སྤེལ་གཏོང་རྒྱུ་ནི་གནད་ཆེ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་། དེ་བཞིན་སློབ་མ་མཱམ་ཏ་ལགས་སུ་བྱམས་བརྩེའི་ལས་འགུལ་དེར་ཞུགས་དགོས་དོན་གང་ཡིན་དྲིས་པར་ཁོང་གིས་རང་ཉིད་སྔོན་ཆད་དབུལ་ཕོངས་ཀྱི་གྲོང་ཚོ་ཞིག་ནས་ཡིན་པར་བརྟེན་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རག་པར་ལུས་ཡོད་ཀྱང་། རྗེས་སུ་རྒན་བློ་བཟང་འཇམ་དབྱངས་ལག་ཀྱིས་ཁོ་མོར་བདག་སྐྱོང་གནང་སྟེ་གཏོང་ལེན་སློབ་གྲྭར་སློབ་ཞུགས་ཀྱི་གོ་སྐབས་ཐོབ་ཡོད་པར་འབྲེལ་བརྗོད་ཀྱིས་ད་ཆ་འཛིན་རིམ་བཅུ་གཉིས་ཐོན་ལ་ཉེ་བ་ཡིན་པས་སླད་མར་ཁྲིམས་རྩོད་པ་ཞིག་གནང་རྒྱུའི་ཆོད་སེམས་ཡོད་པ་གསུངས་བ་དང་འབྲེལ། བྱམས་བརྩེ་ཟེར་བ་དེ་མི་དང་མིའི་དབར་ཙམ་མིན་པར་རང་བྱུང་ཁམས་ལའང་བྱམས་བརྩེ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་ཡོད། དེ་བཞིན་གཏོང་ལེན་སློབ་གྲྭའི་སློབ་ཟུར་ནཱེ་ཤ་ལགས་ཀྱིས་ཁོང་མོ་ཡང་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པར་བརྟེན་ཆུང་དུས་གྲང་ལྟོག་གི་དཀའ་ངལ་མང་པོ་མྱངས་ཡོད་པར་འགྲེལ་བརྗོད་དང་། གཏོང་ལེན་སློབ་གྲྭའི་བྱམས་བརྩེའི་འོག་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་པ་ལྟར་དེང་ཆར་གསར་འགོད་རིག་པའི་ཐོག་ལ་ཞུགས་རྒྱུའི་སློབ་སྦྱོང་བྱེད་བཞིན་ཡོད་པ་གསུངས་སོང་བ་དང་ཆབས་ཅིག ཁོང་མི་སྒེར་ལ་བྱམས་བརྩེ་དེ་དགོས་གལ་ཡིན་པའི་ཉམས་མྱོང་མང་པོ་ཡོད་སྐོར་གསུངས་ཏེ་ཁོ་མོས་བྱམས་བརྩེ་དེ་གལ་ཆེན་དུ་བརྩི་བཞིན་ཡོད་པ་གསུངས་སོང་། གཞི་རྩའི་གཏོང་ལེན་དགེ་རྩ་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༤ ལོར་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་དྷ་ས་ཁུལ་དུ་ཡོད་པའི་རྒྱ་གར་དབུལ་ཕོངས་ཉམ་ཐག་ཕྲུ་གུ་ཚོར་ལྟ་སྐྱོང་སླད་དུ་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་།  འདས་པའི་ལོ་ངོ་བཅུ་ལྔ་ལྷག་གི་རིང་ཚོགས་པའི་ངོས་ནས་ས་གནས་རྒྱ་གར་དབུལ་ཕོངས་ཉམ་ཐག་གི་ཕྲུ་གུ་ ༣༣༣ ལྷག་དང་མི་སེར་ཚོར་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་སོགས་ཀྱི་ཐོག་རོགས་སྐྱོར་གནང་མུས་ཡིན་པ་རེད།  ཚོགས་པའི་དཔལ་འབྱོར་རྒྱབ་རྟེན་གཙོ་བོ་ནི་༸གོང་ས་མཆོག་གི་ཏཱ་ལའི་བླ་མའི་བདེ་རྩ་ཚོགས་པ་དབུས་པའི་ཨིན་ཡུལ་དང་ཕ་རན་སི་སོགས་ནང་ཡོད་པའི་ཡན་ལག་ཚོགས་པ་དང་རྒྱལ་སྤྱིའི་སྦྱིན་བདག་ཁག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་གཏོང་ལེན་དགེ་རྩ་ཚོགས་པ་ནི་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་སློབ་ཁྲིད་གནང་མཁན་རྒྱ་གར་ནང་གི་སློབ་གྲྭ་ཐོག་མའི་གྲས་ཡིན་པ་རེད།

སྲིད་སྐྱོང་མཆོག་གིས་སུད་སི་དང་བྱང་ཨ་རི་ནང་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱལ་ཁབ་གསུམ་གྱི་ནང་དུ་གཞུང་འབྲེལ་འཚམས་གཟིགས་སླད་དུ་ཕེབས་ཐོན་གནང་འདུག དེའང་བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ། སྲིད་སྐྱོང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་ ༢༠༡༩ ལོའི་ཇི་ནི་ཝ་གླེང་སྟེགས་ཐོག་མཉམ་ཞུགས་གནང་གི་ཡོད་པ་དང་། ཐེངས་འདིའི་བརྗོད་གཞི་ནི་ China’s High-Tech Repression and Freedom of Religion ཞེས་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་ཞེས་པ་དེ་ཆགས་ཀྱི་ཡོད་པ་རེད། སྲིད་སྐྱོང་མཆོག་དེ་རྗེས་ཕྱི་ཚེས་ ༡༦ ཉིན་ཛུ་རིག་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་གྲུབ་བསྟུན། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ Tibet Policy and Support Act ཞེས་པའི་ཁྲིམས་འཆར་གཏན་འབེབས་ཡོང་སླད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིའི་ཁུལ་ལ་ཕེབས་ཐོན་གནང་རྒྱུ་མ་ཟད། དེ་བཞིན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༢ ཉིན་ཁེ་ན་ཌར་ཕེབས་ཐོན་གྱིས་ཁེ་ན་ཌའི་ཧ་ལི་ཧྥག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐེངས་བཅིུག་པ་ 11th Halifax International Security Forum ཐོག་མཉམ་ཞུགས་བཅས་གནང་ཕྱིར་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག སྲིད་སྐྱོང་མཆོག་གཞུང་འབྲེལ་འཚམས་གཟིགས་གྲུབ་རྗེས་ཕྱི་ཚེས་ ༢༦ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་ཀྱི་ཡོད་པ་རེད་འདུག རྩ་བའི་འདི་ལོ་ ༢༠༡༩ ལོའི་ཇི་ནི་ཝ་གླེང་སྟེགས་ཏེ་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས་འཚོགས་རྒྱུ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་གཅིག་ཆེད་བཅར་ཞུས་ཡོད་པ་རེད།  

ཨ་རིའི་སྲིད་འཛིན་ཟུར་པ་མཆོག་གི་སྙུན་གཞི་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཨ་རིའི་སྲིད་འཛིན་ཟུར་པ་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐུ་ཞབས་ Jimmy Carter ལགས་སྙུང་གཞི་བཞེས་རྐྱེན་གྱིས་སྨན་ཁང་དུ་བཞུགས་དགོས་བྱུང་བར་བརྟེན་ཁོང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ་ཁོང་ཉིད་གང་མགྱོགས་དྲག་སྐྱེལ་བྱུང་ནས་རང་ཁྱིམ་དུ་ཕྱིར་ཕེབས་ཐུབ་པའི་ཐུགས་སྨོན་མཛད་འདུག  མགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་བསྩལ་བའི་ནང་དུ་སྐུ་ཉིད་མཆོག་གིས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་ཅེས་བཀའ་བསྩལ་བ་དང་སྦྲགས་ཏེ་སྐུ་ཉིད་མཆོག་ནས་ལོ་མང་རིང་མི་མང་ཉམ་ཐག་ཚོའི་ཆེད་དུ་བློས་བཏང་གིས་རླབས་ཆེ་བའི་ཕྱག་ལས་ཧུར་ཐག་གནང་བར་ཡི་རངས་དང་བསྔགས་བརྗོད་ཡོད་སྐོར་བཀའ་བསྩལ་མཛད་དེ་སྐུ་ཉིད་མཆོག་གིས་ང་ཚོ་ཡོངས་ཀྱིས་གཞན་ཕན་གྱི་ཕྱག་ལས་ཇི་ལྟར་གནང་དགོས་པའི་མིག་དཔེ་བཟང་པོ་བསྟན་ཡོད་ཅེས་བཀའ་བསྩལ་འདུག རྩ་བའི་སྐུ་ཞབས་  Jimmy Carter ལགས་ནི་ཕྱི་ལོ་ ༡༩༧༧ ནས་ ༡༩༨༡ བར་ཨ་རིའི་སྲིད་འཛིན་ ༣༩ པ་དེ་གནང་མྱོང་ཡོད་པ་མ་ཟད་ཕྱི་ལོ་ ༢༠༠༢ ལོར་ཁོང་གིས་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་ཡོད་པ་རེད། ཁོང་ཕྱི་ལོ་ ༡༩༨༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཆེས་ཐོག་མའི་མཇལ་འཕྲད་གནང་ཡོད་པ་དང་ཕྱིས་སུ་ཁོང་གིབརྙན་ལམ་བརྒྱུད་ནས་ཏཱ་ལའི་བླ་མ་ནི་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གིི་ལས་འགུལ་གྱི་དབུ་ཁྲིད་ཅིག་དང་། བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པ། དེ་བཞིན་འཛམ་གླིང་གི་ནང་པ་ཡོངས་ཀྱི་མགོན་སྐྱབས་རེད་ཅེས་ཆེས་བསྟོད་ཀྱང་གནང་མྱོང་ཡོད་པ་རེད།

སྐད་འཕྲིན་བརྒྱུད་བོད་དོན་དང་འབྲེལ་བའི་པར་རིས་བརྒྱུད་སྤེལ་གནང་རྐྱེན་བོད་མི་ཞིག་འཛིན་བཟུང་།

བོད་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་སེར་རྩ་གྲོང་སྡེའི་ཁུ་རྒྱུད་གྲོང་ཚོ་ནས་ཡིན་ཞིང་རང་ལོ་ ༢༦ ཡིན་པ་པདྨ་བསམ་གྲུབ་ལགས་འདི་ལོའི་གསུམ་བཅུ་དུས་དྲན་གྱི་ཉིན་གཅིག་སྔ་རོལ་ཕྱི་ཟླ་ ༣ པའི་ཚེས་ ༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཟ་ཁང་ཞིག་ནང་ཕྱག་ལས་གནང་བཞིན་སྐབས་སུ་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དེ་རྗེས་ལྷ་ས་ནས་རྒྱང་ཐག་སྤྱི་ལེ་ ༤༨༠ སར་ཡོད་པའི་ཆབ་མདོ་ས་ཁུལ་གྱི་མི་མང་བདེ་འཇགས་ལྷན་ཁང་ལ་རྩིས་སྤྲོད་ཀྱིས་ད་ལྟའི་ཆར་ཁོང་གར་ཡོད་ཀྱི་གནས་ཚུལ་ངེས་གཏན་ཞིག་ཤེས་རྟོགས་མེད་པར་གྱུར་འདུག བཙན་བྱོལ་དུ་ཡོད་པའི་པདྨ་བསམ་གྲུབ་ལགས་ཀྱི་ཉེ་འབྲེལ་ཞིག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན་པདྨ་བསམ་གྲུབ་ལགས་ཀྱིས་བོད་དོན་དང་འབྲེལ་བའི་པར་རིས་ཁག་གཅིག་སྐད་འཕྲིན་བརྒྱུད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པར་ཚོད་དཔག་གནང་བཞིན་པ་དང་། ཁོང་གི་ཁྱིམ་མི་སུ་ལའང་ཁོང་འཛིན་བཟུང་བྱས་པའི་བརྡ་ཐོ་སོགས་གང་ཡང་བཏང་འབྱོར་བྱུང་མེད་པ་མ་ཟད། ད་བར་ནང་མིར་ཐུག་འཕྲད་བྱེད་བཅུག་མེད་པ་དང་ལྷག་དོན་ཁོང་གི་གཅེན་པོོ་དཀོན་མཆོག་ཚེ་རྒྱལ་ལགས་ཐེན་ཆེན་རྫོང་ཉེན་རྟོག་པས་གནད་དོན་དེ་འབྲེལ་ཐོག་འདྲི་རྩད་ཀྱིས་ཐེངས་གཉིས་སྐད་བཏང་ཡོད་པ་དང་པདྨ་བསམ་གྲུབ་ལགས་ཀྱི་ཡབ་ཁོང་དང་ཐུག་འཕྲད་ཆེད་ལྷ་སར་ཆེད་བསྐྱོད་གནང་ཀྱང་རྩད་གཅོད་ཐུབ་མི་འདུག ཁོང་གི་ནང་མི་རྣམས་ཀྱིས་པདྨ་བསམ་གྲུབ་ལགས་ད་ཆ་ཆབ་མོད་བཀག་ཉར་ཁང་དུ་རྡུང་སྦྱོང་མནར་གཅོད་ཚད་མེད་འོག་ཚེ་སྲོག་ཤོར་བའི་ཉེན་ཁ་ཡོད་པའི་དངངས་སྐྲག་གནང་བཞིན་པ་དང་། གནས་ཚུལ་མཁོ་སྤྲོད་པས་ཆབ་མདོ་ཁུལ་གྱི་བཀག་ཉར་ཁང་རྣམས་རྒྱུན་ལྡན་ནས་ཆབ་སྲིད་བཙོན་པའི་ཐོག་ལ་སྡུག་རྩུབ་ཅན་གྱི་ཐབས་ལམ་འདྲ་མིན་སྤྱོད་ཀྱི་ཡོད་པའི་ཐད་ལ་ཡོངས་གྲགས་ཁས་ལེན་ཡོད་པ་ཞིག་ཆགས་ཀྱི་ཡོད་སྟབས། ཁོང་གི་སྤུན་མཆེད་པདྨ་བསམ་གྲུབ་ལགས་ཆབ་མདོ་ས་ཁུལ་གྱི་བཀག་ཉར་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་དེ་ཐོས་མ་ཐག་སེམས་ནང་ཁོང་གི་ཚེ་སྲོག་ཐོག་ལ་དམིགས་བསལ་གྱི་ཞེད་སྣང་ཆེན་པོ་ཞིག་བྱུང་ཡོད་པ་གསུངས་འདུག གཞི་རྩའི་པདྨ་བསམ་གྲུབ་ལགས་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་ནང་སྙན་གྲགས་ཡོད་པའི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུ་གཙུག་ལག་སློབ་གྲྭ་ནས་སློབ་མཐར་སོན་རྗེས་རང་ཉིད་ཀྱི་ཕ་ཡུལ་སྟེང་ཆེན་རྫོང་ནང་ཕྱག་ལས་འཚོལ་ཆེད་ཕེབས་ཡོད་ཀྱང་ཁུལ་དེར་གཏན་འཇགས་ལས་ཀ་མ་རག་པར་ལྷ་སར་བསྐྱོད་དགོས་བྱུང་འདུག ཁོང་རག་ཤི་ཚང་གི་བུ་སྤུན་བཞྀ་ཡོད་པ་ལས་ཁོང་གི་སྤུན་ཆུང་ཤོས་དེ་ཡིན་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་གི་གནས་སྟངས་ལ་ཐུགས་འཚབ་དང་འབྲེལ་ཏེ་རྒྱ་ནག་གཞུང་ནས་པདྨ་བསམ་གྲུབ་ལགས་སུ་མནར་གཅོད་གཏོང་མཚམས་འཇོག་དགོས་པ་དང་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་པ་དང། ལྷག་པར་ཁོང་གི་ལུས་སེམས་ཀྱི་བདེ་ཐང་ཐོག་ལ་ངེས་པར་དུ་འགན་ལེན་དང་སྲུང་སྐྱོབ་བྱས་ཏེ་ཁོང་རང་ཉིད་ཀྱི་ནང་མི་དང་ཐུག་འཕྲད་བྱེད་བཅུག་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་འབྲེལ་ཡོད་གནས་ཚུལ་གཞན་ཞིག་སྤེལ་བའི་ནང་གསལ་ལྟར་ན་རྒྱ་གཞུང་གིས་དེ་སྔོན་འཛིན་བཟུང་བྱས་པའི་རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་ལགས་མུ་མཐུད་བཀར་ཉར་གྱིས་ནང་མིར་ཐུག་འཕྲད་བྱེད་མ་བཅུག་པར་ཁོང་གི་ལུས་སེམས་ཀྱི་འཕྲོད་བསྟེན་བདེ་ཐང་ཐད་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པ་ཆེད་བཏོན་གནང་འདུག རྩ་བའི་རང་ལོ་ ༢༢ ཡིན་པ་གྲྭ་བསོད་ནམས་དཔལ་ལྡན་ལགས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་སྐབས་དེར་ཁོང་ས་གནས་གང་དུ་བཙོན་འཇུག་བཀག་བསྐྱིལ་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། ཡུལ་མི་རྣམས་ཀྱིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་ཡོད་པའི་ཐོག་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་ནའང་། གྲྭ་བསོད་ནམས་དཔལ་ལྡན་ལགས་ངོ་ཤེས་མཁན་ཕ་ཡུལ་གྱི་མི་ཞིག་གིས་གསུངས་པར་ཁོང་གིས་སྐད་འཕྲིན་རྒྱབ་ངོས་སུ་བོད་ཀྱི་སྐད་ཡིག་གི་ཉམ་ང་བའི་གནས་སྟངས་སོགས་ཀྱི་རྩོམ་ཐུང་རེ་བྲིས་ནས་བཞག་ཡོད་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པར་ཚོད་དཔག་གནང་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་ལ་ཉེ་ཆར་གྲྭ་བསོད་ནམས་ལགས་ཀྱི་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བའི་ནང་དུ་གྲྭ་བསོད་ནམས་ལགས་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོ་རྔ་བ་རྫོང་ཐོག་གི་སྐུ་གཟུགས་འཁྲུས་ས་ཞིག་གི་ཕྱི་ལོགས་ནས་ཐོན་སྐབས་སྤྱི་བདེ་མི་སྣས་བཙན་ཁྲིད་ཀྱིས་རྔ་བ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་དང་ཉེ་ཆར་ཟླ་བ་སྔོན་མའི་ཚེས་ ༡༡ ཉིན་ཁོང་གི་ནང་མི་ཚོ་སྔ་རྗེས་ཐེངས་གཉིས་ལ་ཐུག་འཕྲད་དུ་བཅར་ཡང་ཐུག་འཕྲད་བྱེད་དུ་བཅུག་མེད་པར་མ་ཟད། ནང་མི་ཚོར་ཁོང་ལ་དངུལ་སྤྲད་པ་ལས་ཟ་མ་དང་གོས་སོགས་གང་ཡང་སྤྲད་མི་ཆོག་པར་བཤད་འདུག ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་མི་ཚོའི་ཐོག་མནར་གཅོད་ཇི་འདྲ་གཏོང་མིན་ཐད་ཉམས་ཞིབ་གནང་སྐབས་ཁོང་རྣམས་ལ་སྡུག་སྦྱོང་མནར་གཅོད་མང་ཤོས་དེ་བཀག་ཉར་ཁང་ནང་ཡོད་སྐབས་མྱོང་གི་ཡོད་པ་ར་འཕྲོད་བྱུང་སྐོར་གསུངས་པ་དང་། གྲྭ་བསོད་ནམས་ལགས་ནང་མིར་ཐུག་འཕྲད་བྱེད་དུ་མ་བཅུག་པར་དུས་ཡུན་རིང་པོར་བཀག་ཉར་གྱིས་གསང་བའི་ཐོག་ནས་བཞག་པར་བློ་འཚབས་ཆེན་པོ་ཡོད་ཅེས་གསུངས་སོང་། རྩ་བའི་གྲྭ་བསོད་ནམས་དཔལ་ལྡན་ལགས་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་བ་དང་། ཕ་ཡུལ་རྔ་པ་རྫོང་གཅའ་ཡུལ་ཚོ་ནག་ཚང་མའི་སྡེ་བ་ནས་ཡིན་པ་རེད།    

རྒྱ་ནག་གིས་བོད་ཁུལ་དུ་ཨ་རིའི་ Yellowstone ལྟ་བུའི་སྤྱི་གླིང་འཛུགས་འཆར།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྨ་འབྲུ་རྫ་གསུམ་གྱི་འགོ་ཁུངས་སྲུང་སྐྱོབ་ཅེས་པའི་ལས་གཞིའི་འོག་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་ཐབས་བྱས་ཏེ་བོད་མཐོ་སྒང་དང་དམིགས་བསལ་གྱི་མཚོ་སྔོན་གྱི་ཁུལ་དུ་འབྲོག་པ་མང་པོ་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་བཅུག་ནས་མཐོ་སྒང་གི་ས་ཆ་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་པའི་དམིགས་འབེན་ལྟ་བུའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་དུ་བསྒྱུར་ནས་ཁུལ་དེ་ནས་ཡོང་འབབ་ཆེན་པོ་ཐོབ་ཆེད་འཛུགས་སྐྲུན་འདྲ་མིན་བྱེད་ཀྱི་ཡོད་པ་འཁོད་འདུག དེ་ཡང་ AP གསར་ཁང་གིས་སྤེལ་བར་འདི་ལོའི་ཕྱི་ཟླ་ ༨ པའི་ནང་མཚོ་སྔོན་ཞིང་ཆེན་ཟི་ལིང་ཁུལ་དུ་རྒྱ་ནག་དང་ཨ་མི་རི་ཀ་སོགས་ཀྱི་ཚན་རིག་པ་དང་འབྲེལ་ཡོད་ཆེད་མཁས་མི་སྣ་ཁག་གཅིག་ལྷན་འཛོམས་ཀྱིས་རྒྱ་ནག་ནང་རྒྱལ་ཁབ་རིམ་པའི་སྤྱི་གླིང་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུའི་ཐོག་གོ་བསྡུར་གནང་བ་ལྟར་ལས་གཞིའི་དེ་ཐོག་མར་བོད་མཐོ་སྒང་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་འཛམ་གླིང་གི་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུར་གཏན་འབེབས་བྱུང་བ་བཞིན་ཨ་མི་རི་ཀའི་ནང་གི་ Yellowstone ཞེས་པའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་གྲགས་ཅན་དེ་ལས་གཞི་དེའི་དཔེ་རིས་ལྟ་བུར་བཞག་ཡོད་པ་བཀོད་འདུག མུ་ཁྱུད་རི་བོས་ཡོངས་སུ་སྐོར་བའི་འཛམ་གླིང་གི་ཡང་རྩེ་ཞེས་པའི་བོད་མཐོ་སྒང་དེ་སྔོན་ཆད་རླུང་རྟ་དང་དང་མེ་ཏོག་གི་ཕྲེང་བས་བརྒྱན་ནས་ཡོད་ཀྱང་ད་ཆ་རི་ཚོགས་དག་རྒྱ་ནག་གིས་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་གི་འོག་ཏུ་ཚུད་ཡོད་པ་མ་ཟད་ཟམ་མ་ཆད་ཅིང་བརྩེགས་རིམ་མང་པོའི་མེ་འཁོར་ལྕགས་ལམ་གྱི་བཙན་རྫོང་ལྟ་བུ་ཞིག་ཏུ་བསྒྱུར་བཞིན་ཡོད་པར་ཐེར་འདོན་གནང་འདུག  གསར་ཁང་གིས་ད་དུང་ཨ་རིའི་ངོས་ནས་དུས་རབས་བཅུ་དགུ་བའི་ནང་དུ་ Yellowstone ཞེས་པའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་དང་པོ་དེ་འཛུགས་སྐྲུན་བྱས་པའི་ཁྲོད་དུ་ས་གནས་དེར་འཚོ་སྡོད་བྱེད་བཞིན་པའི་མི་མང་པོ་ཞིག་སྤྱི་གླིང་གི་ཕྱིར་ཕུད་ཡོད་ཀྱང་། དུས་རབས་ཉེར་གཅིག་གི་ནང་དུ་སྤྱི་གླིང་གསར་རྒྱག་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་ཁུལ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྣམས་ལས་གཞིའི་ནང་དུ་འཇུག་དགོས་གལ་ཡིན་པར་བརྗོད་དེ་ཐེངས་འདིའི་རྒྱ་ནག་གི་ Yellowstone ལྟ་བུའི་སྤྱི་གླིང་འཛུགས་སྐྲུན་གྱི་ས་ཁུལ་དུ་ཁྱོན་མི་གྲངས་ ༡༢༨༠༠༠ ཡོད་པར་བརྗོད་ཡོད་པ་ལས་མི་གྲངས་མང་ཤོས་དེ་བོད་ཀྱི་ས་གནས་ཞིང་འབྲོག་མང་ཚོགས་ཡིན་པར་འཁོད་འདུག རྩ་བའི་རྒྱ་ནག་གཞུང་གིས་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་རྣམས་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ཁུལ་གྱི་རྨ་འབྲུ་རྫ་གསུམ་གྱི་འགོ་ཁུངས་དེ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཡོད་པའི་སྤྱི་གླིང་དུ་བསྒྱུར་བཞིན་ཡོད་པར་བརྗོད་དེ་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ནི་བོད་ཁུལ་གྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཞིག་ཡིན་པར་ཕྱིར་བསྒྲགས་བྱས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ཁུལ་གྱི་འཛུགས་སྐྲུན་ལས་གཞིའི་ཉམས་ཞིབ་པ་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས་སུ་རྒྱ་ནག་གི་སྤྱི་གླིང་གསར་འཛུགས་ཀྱི་ལས་གཞི་དང་འབྲེལ་ཏེ་ ཁོར་ཡུག་གཏོར་བཅོམ་དང་ཡུལ་མི་གནས་སྤོར། རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ཁོར་གྱི་གནད་དོན་སོགས་ཀྱི་ཐད་ལ་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་ཐབས་བརྒྱ་བྱུས་སྟོང་གིས་བོད་ཁུལ་གྱི་སྤྱི་གླིང་གསར་འཛུགས་ཀྱི་ལས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་རིམ་པར་ཐོ་འགོད་ཐུབ་པ་བྱས་ནས་ས་ཆའི་བདག་དབང་དེ་རྒྱ་ནག་ལ་ཡོད་པར་སྟོན་ཐབས་བྱེད་ཀྱི་ཡོད་པ་ངོ་སྤྲོད་ཞུས་སོང་།  

༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བྱམས་བརྩེ་སྐུ་ཚབ་ལྷན་དུ་གླེང་མོལ་མཛད་པ།

དེ་རིང་སྔ་དྲོ་ཆུ་ཚོད་ ༨ པ་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་དུ་ཨ་རི་ནས་ཆེད་བཅར་ཞུས་པའི་ཕྱི་ལོ་ ༢༠༢༠ ལོའི་བྱམས་བརྩེ་སྐུ་ཚབ་ལྷན་དུ་མི་རབས་རྗེས་མའི་ནང་བྱམས་རྩེ་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ་གྱི་ཚོགས་འདུ་གནང་སོང་། གླེང་མོལ་གྱི་མཛད་རིམ་དེའི་ཐོག་ཨ་རིའི་ Washington མངའ་སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་ Cyrus Habib ལགས་ཀྱིས་དབུས་པའི་འཛིན་སྐྱོང་ལས་བྱེད་ཁག་གཅིག་དང་ཨ་རིའི་ Association of Washington Generals ཞེས་པའི་ཚོགས་པའི་གནད་ཡོད་མི་སྣ། དེ་བཞིན་ཤེས་ཡོན་དང་སྤྱི་ཚོགས་སྡེ་ཚན་ནང་ཕྱག་ལས་གནང་མཁན། ལྷག་པར་དུ་ཨ་རི་ཁྱོན་ཡོངས་ནས་ཡིག་རྒྱུགས་བརྒྱུད་འདེམས་སྒྲུག་གནང་བའི་སློབ་མ་དྲུག་བཅས་ཕེབས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཞོན་སྐྱེས་ཚོ་དང་མཇལ་མོལ་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་དང་། འགྲོ་བ་མི་རྣམས་ཐོག་མར་སྐྱེས་པའི་སྐབས་ནས་བྱམས་བརྩེའི་ས་བོན་ཡོད་པ་དེ་དག་བྱིས་པ་འཚར་ལོངས་ཀྱི་སྐབས་སུ་ཤེས་ཡོན་སློབ་གསོ་བརྒྱུད་ནས་སློབ་ཁྲིད་གནང་ཐུབ་ཚེ་རིམ་པས་གཞོན་སྐྱེས་ཚོའི་བསམ་བློའི་ནང་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་འཕེལ་རྒྱས་ཕྱིན་ཏེ་གཞོན་སྐྱེས་རང་ཉིད་གཙོས་པའི་དོ་དག་སོ་སོའི་ནང་མི་དང་སྤྱི་ཚོགས་ཁྱོན་ཡོངས་སུ་ཞི་བདེ་དང་བྱམས་བརྩེ་འཕེལ་རྒྱས་གཏོང་ཐུབ་པ་ཞིག་འགྱུར་ངེས་ཡིན་པ་དང་། སེམས་ཁམས་དང་སྤྱི་ཚོགས་ཁྱོན་ལ་ཞི་བདེ་བྱུང་ཚེ་སེམས་ཁམས་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་བསྩལ་སོང་།   ༸གོང་ས་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་ཁག་ངོ་སྤྲོད་དང་འབྲེལ། འཛམས་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མོ་འདོད་པ་གཅིག་མཚུངས་ཡིན་སྟབས་ང་དང་ངའི་ཞེས་བདག་འཛིན་གྱི་བསམ་བློ་ཁོ་ནའི་དབང་སུ་མ་འགྲོ་བར་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གཏོང་དགོས་པ་དང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་ཆ་ནས་ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་གཙོ་བོ་དེ་ནི་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་ཀྱི་མཚན་ཐོག་ནས་འཁྲུག་རྩོད་ནམ་ཡང་གནང་རྒྱུ་མེད་པ་དང་ལྷག་པར་དུ་ཨ་མི་རི་ཀའི་རྒྱལ་ཁབ་དེ་ནི་འཛམ་བུ་གླིང་གི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བཞིན་ཡོད་པ་ལྟར་ཆོས་ལུགས་མཐུན་སྒྲིལ་ཐོག་སྔར་ལྷག་ནུས་པ་སྤུངས་གལ་ཡིན་པ་ལམ་སྟོན་བསྩལ་ཡོད།     མགོན་པོ་མཆོག་གིས་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་འཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་ཐོག་ཐུགས་འགན་བཞེས་བཞིན་པར་བཀའ་བསྩལ་དང་སྦྲགས། ཚོང་དང་འཛུགས་སྐྲུན་སོགས་ཀྱི་ལས་གཞི་དེ་དག་གལ་ཆེན་པོ་ཡིན་ཡིན་ཀྱང་། ལས་གཞི་དེ་དག་སྤེལ་སྐབས་ཁོར་ཡུག་གི་བདེ་འཇགས་ལ་དགོངས་པ་བཞེས་དགོས་གལ་ལམ་སྟོན་བསྩལ་བ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པའི་ཆོས་དེ་ནི་དད་པ་ཙམ་མིན་པར་དཔྱད་པའི་ཐོག་ནས་སློབ་གཉེར་གནང་ཡོད་པ་ཞིག་ཡིན་པ་དང་། ལྷག་པར་དུ་ནང་ཆོས་ནས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་འགྲོ་བ་སྤྱི་ལ་ཕན་ཐོགས་བསྒྲུབ་ཐུབ་པ་ཞིག་ཡིན་སྟབས་དེང་སྐབས་ཚན་རིག་མཁས་པ་ཚོས་ཀྱང་དོ་སྣང་གསར་པ་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་སོགས་བཀའ་བསྩལ་ཡོད།   གཞི་རྩའི་ཐེངས་འདིའི་མཛད་རིམ་འདི་བཞིན་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་༸གོང་ས་མཆོག་ཨ་མི་རི་ཀའི་ Washington མངའ་སྡེའི་གྲོང་ཁྱེར་ Seattle དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ས་གནས་མི་མང་ཚོར་བྱམས་བརྩེ་དང་གཞན་ཕན་ཐོག་བཀའ་སློབ་སྩལ་སྐབས་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་ལྟར་རིམ་པས་ Washington མངའ་སྡེ་སྲིད་སྐྱོང་གཞོན་པའི་ལས་ཁུངས་དང་། Association of Washington Generals ཞེས་པའི་ཚོགས་པ་གཉིས་ཀྱིས་རྐང་འགན་བཞེས་ཐོག་གོ་སྒྲིག་ཞུས་པ་ཞིག་ ཡིན་པ་དང་། གླེང་མོལ་གྱི་མཛད་རིམ་ཐོག་ཨ་རིའི་ Seattle གཙུག་ལག་སློབ་གཉེར་ཁང་དང་ Washington མངའ་སྡེའི་ Whitman དང་ Evergreen མཐོ་སློབ་སོགས་ཤེས་ཡོན་དང་སྒྱུ་རྩལ་གྱི་བསྟི་གནས་ཁང་ཁག་དྲུག་ཙམ་གྱི་དགེ་ལས་སློབ་མ་ཚོས་དྲྭ་ཐོག་ནས་ལྷན་ཞུགས་གནང་འདུག ༸གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གྱི་མཛད་རིམ་གྲུབ་མཚམས་སུ་ Washington སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་ Cyrus Habib ལགས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་ཁོང་ལས་བྱེད་དང་སློབ་ཕྲུག་རྣམས་འདས་པའི་ཉིན་ཤས་ཁྲོད་བོད་མའི་སྒྲིག་འཛུགས་གཙོས་བོད་པའི་རིག་གཞུང་དང་ཤེས་ཡོན་བསྟི་གནས་ཁག་ཏུ་འཚམས་གཟིགས་གནང་སྐབས་བློ་སྐྱེད་གསར་པ་མང་པོ་རག་ཡོད་པ་དང་། ལྷག་པར་དུ་སློབ་ཕྲུག་ཚོ་ལ་བྱམས་བརྩེ་ལྡན་པའི་བོད་པའི་སྤྱི་ཚོགས་ཀྱི་རྣམ་པ་དངོས་དེ་མྱོང་ཚོར་བྱུང་ཡོད་པ་སོགས་གསུངས་སོང་བ་མ་ཟད། ༸གོང་ས་མཆོག་དང་ལྷན་དུ་གླེང་མོལ་གནང་སྐབས་ཨ་རི་འདི་བཞིན་ འཛམས་གླིང་སྣེ་ཁྲིད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བཞིན་ཡོད་པ་ལྟར་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་ཆོས་ལུགས་མཐུན་སྒྲིག་སོགས་ཀྱི་གནད་དོན་ཐད་ཐུགས་འགན་ཆེ་བཞེས་ཀྱིས་སྣེ་ཁྲིད་གནང་དགོས་པའི་ལམ་སྟོན་ཕེབས་པ་དེ་ཕྱིར་ཨ་རིར་འབྱོར་སྐབས་འབྲེལ་ཡོད་ཚོར་ཞུ་ངེས་ཡིན་པ་གསུངས་ཡོད།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ངེས་སྟོན་པ་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་མངོན་བསྟོད་ཀྱི་མཛད་སྒོ་སྲུང་བརྩི།

རྒྱ་གར་ཨུཏྲཔྲ་དེ་ཤ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ངེས་སྟོན་པ་ཟུར་པ་༸སྐྱབས་རྗེ་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། ཟླ་བ་འདིའི་ཚེས་ ༩ ཉིན་བོད་དང་ཧི་མཱ་ལ་ཡའི་ཆོས་དང་ལོ་རྒྱུས། ལེགས་བྱང་དང་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་གནང་བ་མ་ཟད་ཕྱི་ཚེས་ ༡༠ ཉིན་ཆོས་འབྲེལ་དང་། དེ་རིང་ཕྱི་ཚེས་ ༡༡ ཉིན་མངོན་བསྟོད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་པ་དང་འབྲེལ་ཏེ་རིན་པོ་ཆེ་མཆོག་ལ་བཀྲིན་རྗེས་སུ་དྲན་པ་དང་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་རིན་ཆེན་གཉིས་པ་ལས་གྲུབ་པའི་རི་དྭགས་ཆོས་འཁོར་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུག སློབ་ཁང་དེའི་སློབ་ཟུར་ཡོངས་ནས་གོ་སྒྲིག་གནང་བའི་དེ་རིང་གི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Balmiki Prasad Singh མཆོག་དང་དམིགས་བསལ་སྐུ་མགྲོན་སློབ་ཁང་གི་སློབ་ཟུར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག སློབ་ཁང་གི་སློབ་ཟུར་ཚོགས་པའི་ཚོགས་གཙོ་སློབ་ཟུར་བཀའ་ཟུར་ཐུབ་བསྟན་ལུང་རིག་མཆོག སློབ་ཁང་གི་རིགས་བདག་པདྨ་ཤྲི་དགེ་བཤེས་ངག་དབང་བསམ་གཏན་མཆོག སློབ་ཁང་གི་སློབ་ཟུར་ཁག་གཅིག་དང་དེ་བཞིན་སློབ་ཁང་གི་དགེ་ལས་སློབ་གཉེར་བ་བཅས་ལྷན་འཛོམས་གནང་འདུག སྐབས་དེར་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ངོས་རང་གཙུག་ལག་སློབ་ཁང་འདིར་ལོ་ངོ་བཅུ་ཕྲག་གསུམ་རིང་ལ་ལས་ཀ་བྱས་ནས་བསྡད་སྐབས་སྐུ་ཞབས་ Balmiki Prasad Singh མཆོག་གིས་གཟིགས་སྐྱོང་ཆེན་པོས་དབུ་ཁྲིད་ལམ་སྟོན་གནང་བར་བཀྲིན་ཆེ་ཞེས་གསུངས་སོང་བ་དང་། དུས་ཡུན་དེའི་རིང་ལ་གྲོགས་པོ་ཁག་གཅིག་གིས་སློབ་ཁང་དེ་འདྲ་ཞིག་གསར་རྒྱག་བྱེད་པར་ལོ་བཞི་ལྔ་ནང་ཚར་ངེས་ཡིན་པས་སྐྱོན་བརྗོད་གནང་བ་དང་ཡང་ལ་ལས་རིན་པོ་ཆེ་མཆོག་ནས་ཞིབ་ཚགས་པོས་ཕྱག་གནང་བར་བསྔགས་བརྗོད་གནང་མཁན་གཉིས་བྱུང་སྐོར་བཀའ་བསྩལ་བ་དང་ཆབས་ཅིག སྒྲིག་འཛུགས་གང་ཡིན་ཡང་དེ་སྲ་བརྟན་དང་ཚགས་ཚུད་ཡོང་བར་དུས་ཡུན་རིང་ཙམ་ཕྱག་ལས་གནང་གལ་གཟིགས་སྐོར་གསུངས་ཡོད་པ་རེད། སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་ Balmiki Prasad Singh མཆོག་གིས་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ངོས་རང་རྒྱ་གར་རང་དུ་ཞབས་ཞུའི་ལས་དོན་གཉེར་རྒྱུ་ལས་ཕྱི་རྒྱལ་ཁག་ལ་བཅར་མི་དགོས་པའི་བཀའ་འཁྲོལ་གསོལ་འདེབས་ཞུས་དོན་བཞིན་རིན་པོ་ཆེ་མཆོག་གིས་རྒྱ་གར་ནང་དུ་རླབས་ཆེན་གྱི་ཕྱག་ལས་མང་དག་ཅིག་གནང་བ་མ་ཟད། འཕགས་བོད་གཉིས་ཀྱི་ལེགས་བྱང་ཐོག་གཞན་འགྲན་མ་མཆིས་པའི་ཕྱག་ལས་གནང་ཡོད་པ་གསུངས་སོང་། དམིགས་བསལ་སྐུ་མགྲོན་སློབ་ཁང་གི་སློབ་ཟུར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ལེགས་སྦྱང་སློབ་གཉེར་ཁང་ནས་ལོགས་སུ་གྱེས་ཚུལ་དང་ཕྱིས་སུ་གཙུག་ལག་སློབ་གཉེར་ཁང་གི་ངོ་བོར་བསྒྱུར་ཚུལ་དང་འབྲེལ་ནས་རིགས་བདག་ཟུར་པ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་སློབ་གཉེར་ཁང་གི་ཆེད་དུ་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལག་གནང་ཁག་བཅས་ངོ་སྤྲོད་དང་བཀྲིན་ཆེ་ཞེས་ཞུས་སོང་། ཚོགས་གཙོ་མཆོག་གིས་ད་དུང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་དགོངས་བཞེད་ལྟར་དེ་སྔའི་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་སྐབས་ཕྱག་ལས་གནང་ཕྱོགས་ཀྱི་སྒྲིག་གཞི་རྩ་འཛིན་གཏན་འབེབས་གནང་ཡོད་པ་གསུངས་པ་མ་དང་བཀའ་ཁྲིའི་ཐུགས་འགན་བཞེས་སྐབས་དངུལ་རྩིས་བཏང་འཛིན་གནང་སྟངས་ཕྱི་གསལ་ནང་གསལ་མཛད་ཡོད་པ་སོགས་ཀྱི་མཛད་འཕྲིན་ཁག་གསུངས་པ་དང་ཆབས་ཅིག ཟམ་གདོང་རིན་པོ་ཆེ་མཆོག་ནི་དོན་དམ་གྱི་མཁས་པ་དང་ལམ་སྟོན་པ་ཞིག་ཀྱང་ཡིན་སྐོར་གསུངས་ཡོད། ཡང་སློབ་ཁང་གི་རིགས་བདག་པདྨ་ཤྲི་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་སྐྲུན་གནང་བར་རིན་པོ་ཆེ་མཆོག་གིས་ཐུགས་འགན་བཞེས་པར་བརྟེན་སློབ་ཁང་འདིའི་མཚན་སྙན་རྒྱས་པ་སོགས་ངོ་སྤྲོད་གནང་བ་དང་སྦྲགས། གཙུག་ལག་སློབ་གཉེར་ཁང་འདི་ནི་འཕགས་བོད་གཉིས་ཀྱི་ལེགས་བྱང་སླར་གསོ་གནང་བར་སློབ་གཉེར་ཁང་གལ་ཆེན་པོ་ཞིག་ཆགས་ཡོད་པ་སོགས་རིན་པོ་ཆེའི་༸སྐུ་ཚེའི་མཛད་རྗེས་ཁག་གཅིག་དྲན་སྐུལ་གནང་སོང་། གཞན་ཡང་དེ་རིང་༸སྐུའི་གྱ་སྟོན་དང་འབྲེལ་བའི་མངོན་བསྟོད་ཀྱི་ཉིན་གསུམ་པའི་ལས་རིམ་ཐོག་ཝཱ་ཎའི་སློབ་ཟུར་བའི་ཁོངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་དང་ལེགས་བྱང་ཐོག་ཕྱག་རྗེས་རླབས་ཆེན་འཇོག་མཁན་ཁག་གཅིག་ལ་གཟེངས་བསྟོད་ཀྱི་ཕྱག་འཁྱེར་ཕུལ་ཡོད་པ་རེད། དེ་རྗེས་སུ་མངོན་བསྟོད་ཀྱི་མཛད་སྒོའི་ཆ་ཤས་སུ་ཝཱ་ཎའི་སློབ་ཟུར་བས་ཕྱོགས་བསྒྲིགས་ཞུས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་རིགས་བདག་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་དུ་ཐོག་མར་ཕེབས་པ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་ཚུལ་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཆབ་དཔལ་རིག་གསུམ་གྱིས་གཙོས་པའི་ད་ལྟའི་ཆར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་མཛད་འགན་གལ་ཆེ་ཁག་ལ་གཟིགས་རྟོག་གནང་མུས་བཅས་ཀྱི་༸སྐུའི་མཛད་རྣམ་སྙིང་བསྡུས་ཀྱི་བརྙན་ཐུང་ཞིག་གཟིགས་འབུལ་ཡོད་པ་རེད། གཞི་རྩའི་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་༸གྱ་སྟོན་དང་འབྲེལ་ཝཱ་ཎ་དབུས་བོད་ཀྱི་གཙུལ་ལག་སློབ་གཉེར་ཁང་གིས་གཙོས་པའི་ཨ་རིའི་ནིའུ་ཡོག བཞུགས་སྒར་དྷ་ས། རྒྱལ་ས་དི་ལླཱི། དེ་བཞིན་ཁེ་ན་ཌ་ཊོ་རན་ཊོ་ལ་སོགས་པའི་བོད་མིའི་གནས་ཡུལ་ས་གནས་འདྲ་མིན་ནང་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་དུས་ཚིགས་འདི་དང་བསྟུན་ནས་ཚེས་ ༩ ཉིན་བོད་དང་ཧི་མཱ་ལ་ཡའི་ཆོས་དང་ལོ་རྒྱུས། ལེགས་བྱང་དང་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་གནང་བ་དང་ཕྱི་ཚེས་ ༡༠ ཉིན་རིན་པོ་མཆོག་གིས་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཆོས་འབྲེལ་བསྐྱངས་ཡོད་པ་རེད།

Latest news