Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བཞུགས་སྒར་དུ་སྲིད་བློན་མོ་དཱི་མཆོག་དབུ་བཞུགས་ཐོག་གོ་ལའི་མ་འཛུགས་ཚོགས་ཆེན་དབུ་འཛུགས།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་བཞུགས་སྒར་དྷ་ཤོད་ཀ་ཆཱ་རིའི་དམག་སྒར་རྩེད་ཐང་དུ་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ नरेंद्र मोदी མཆོག་དབུས་བཞུགས་ཐོག་ཧི་མཱ་ཅལ་མངའ་སྡེའི་ནང་ཚོང་ལས་འཛུགས་སྐྲུན་དང་འཕྲོད་བསྟེན་ལས་གཞི། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་རྒྱ་སྐྱེད་གཏང་རྒྱུ་སོགས་དང་འབྲེལ་བའི་ Global Investors Meet ཞེས་གོ་ལའི་མ་འཛུགས་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་སོང་།  ཚོགས་ཆེན་ཐོག་སྲིད་བློན་མཆོག་གིས་དབུས་པའི་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Bandaru Dattatreya མཆོག་དང་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག དེ་བཞིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག་བཅས་ཀྱིས་གཙོས་པའི་རྒྱ་གར་དབུས་དང་མངའ་སྡེ་གཞན་ཁག་གི་གཞུང་འབྲེལ་གནད་ཡོད་མི་སྣ། ཚོགས་ཆེན་འདིའི་དམིགས་བསལ་སྐུ་ཚབ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོད་པ་ལྕམ་ Yami Gautam ལགས། དེ་བཞིན་འཇར་མ་ནི། ནི་ཐར་ལན་ཌི། སིངྒ་པུར། ཝི་ཏི་ནམ། ཨུ་རུ་སུ། མ་ལེ་ཤེ་ཡ། དབུས་ཤར་རྒྱལ་ཁབ་ Arab སོགས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་གཞུང་འབྲེལ་སྐུ་ཚབ་དང་ཚོང་གཉེར་བ་ཆེན་མོ་བརྒྱ་ལྷག་གཙོས་རྒྱ་གར་རྒྱལ་ཡོངས་ཚོང་པ་ཚོགས་པའི་ཁྱབ་ཁོངས་སུ་གཏོགས་པའི་ཚོང་ལས་ཁང་ཆེ་འབྲིང་ཆུང་གསུམ་གྱི་ཚོང་གཉེར་བ་དང་ལས་བྱེད། ཚོང་དང་མ་འཛུགས་ལས་གཞིའི་ཐོག་དོ་སྣང་དང་འབྲེལ་ཡོད་མི་སྣ་བཅས་ཁྱོན་མང་ཚོགས་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་འདུག སྐབས་དེར་སྲིད་བློན་མོ་དཱི་མཆོག་ནས་ད་རེས་ཧི་མཱ་ཅལ་མངའ་སྡེ་གཞུང་ནས་གོ་ལའི་མ་འཛུགས་ཚོགས་ཆེན་གོ་སྒྲིག་ཞུ་ཐུབ་པ་དེ་ནི་རྒྱ་གར་གྱི་མངའ་སྡེ་གཞན་ཚོ་ལ་དམིགས་དཔེ་བཟང་པོ་ཞིག་བསྟན་ཐུབ་ཡོད་པ་དང་། ལས་གཞི་འདི་བརྒྱུད་དེ་རྒྱ་གར་ཙམ་མ་ཟད་རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་ལའང་ཁེ་ཕན་ཆེན་པོ་འཐོབ་རྒྱུ་ཡིན་སོགས་འགྲེལ་བརྗོད་དང་སྦྲགས་ཏེ་མངའ་སྡེ་གཞུང་དང་འབྲེལ་ཡོད་ཡོངས་ལ་ཡི་རངས་བསྔགས་བརྗོད་གནང་སོང་།  སྲིད་བློན་མཆོག་གིས་ད་དུང་རྒྱ་གར་རྒྱལ་ཁབ་འདི་ནི་འཛམ་གླིང་ཐོག་ཚོང་འབྲེལ་གྱི་ཁྲལ་འབབ་ཉུང་ཤོས་གནང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་ཚོང་ལས་འཛུགས་སྐྲུན་གྱི་ཆ་ནས་ཁོར་ཡུག་བཟང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྟབས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ཚོང་གཉེར་བ་རྣམས་ནས་རྒྱ་གར་ནང་དུ་མ་འཛུགས་གནང་ཐུབ་དགོས་པའི་སྐུལ་མ་གནང་སོང་བ་མ་ཟད། ལྷག་པར་དུ་ཐེངས་འདིའི་ཧི་མཱ་ཅལ་མངའ་སྡེའི་མ་འཛུགས་ཚོགས་ཆེན་བརྒྱུད་མངའ་སྡེའི་ནང་རྒྱ་ལམ་གསར་རྒྱག་དང་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས། དེ་བཞིན་འཕྲོད་བསྟེན་དང་ཤེས་ཡོན་གྱི་ལྟེ་གནས་གོང་འཕེལ་ཐུབ་རྒྱུ་སོགས་འགྲེལ་བརྗོད་དང་སྦྲགས། མ་འཛུགས་ཀྱི་ལས་གཞི་འདི་ནི་རྒྱ་གར་ནང་དུ་ཚོང་གསར་འགོ་བཙུགས་ཡོད་པ་ལྟར་རེད་ཅེས་སོགས་གསུངས་སོང་། དེ་བཞིན་སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ནང་སོ་ནམ་ཐོན་ཁུངས་དང་འཕྲོད་བསྟེན། སྡོད་ཁང་འཛུགས་སྐྲུན་གྱི་ཚོང་ལས་སོགས་རྒྱ་སྐྱེད་གཏང་རྒྱུའི་ནུས་པ་ཆེན་པོ་ལྡན་ཡོད་པ་ལྟར། རྒྱ་གར་གྱིས་གཙོས་པའི་རྒྱལ་སྤྱིའི་ཚོང་པ་དང་འཕྲོད་བསྟེན་སྡེ་ཚན་སོགས་ནས་དོ་འཁུར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་ཆབས་ཅིག ཐེངས་འདིའི་མ་འཛུགས་ཚོགས་ཆེན་འགོ་འཛུགས་དང་འབྲེལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཧི་མཱ་ཅལ་མངའ་སྡེའི་བཟོ་ལས་སྡེ་ཚན་དང་། ཡུལ་སྐོར་སྤྲོ་འཆམ་སྡེ་ཚན། གློག་ཁང་གསར་རྒྱག་སྡེ་ཚན། དེ་བཞིན་ཁང་ལས་སྡེ་ཚན་སོགས་སུ་ཁྱོན་མ་འཛུགས་ཧིན་སྒོར་བྱེ་བ་དགུ་ཁྲི་ཉི་སྟོང་བྱུང་ཡོད་པ་གསུངས་ཡོད། ཧི་མཱ་ཅལ་མངའ་སྡེའི་ནང་ཚོང་ལས་འཛུགས་སྐྲུན་སོགས་ལ་དམིགས་པའི་མ་འཛུགས་ཚོགས་ཆེན་འདི་ནི་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་འཚོགས་གཏན་ཁེལ་ཡོད་པ་དང་། ཤེས་རྟོགས་བྱུང་བར་སང་ཉིན་ཚོགས་བཅར་བ་ཁག་གཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་བར་ཆེད་བཅར་གནང་གི་ཡོད་པ་རེད་འདུག གཞི་རྩའི་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ Vijay Singh Makotia ལགས་ཀྱིས་དྷ་གཤོད་ Yatri Niwas མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་ཁོང་ནས་ཕྱི་ཚེས ༡༤ ཉིན་སྲིད་བློན་མོ་དཱི་མཆོག་ལ་ཕྱག་ཡིག་ཞིག་ཕུལ་ཏེ་དྷ་རྨ་ས་ལ་ཞེས་རྒྱལ་སྤྱིའི་ས་ཁྲ་སྟེང་དུ་ཡོངས་ཁྱབ་བྱུང་བ་ནི་༸གོང་ས་མཆོག་གི་བཞུགས་གནས་ཤིག་དང་༸སྐུའི་མཛད་འཕྲིན་ལས་བྱུང་བ་ཞིག་ཡིན་སྟབས་འདི་ལོར་རྒྱ་གར་གྱི་ས་ཚིགས་གང་སར་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༡༥༠ འཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད་ International Gandhi Peace Prize འམ་རྒྱལ་སྤྱིའི་གྷཱཾ་དྷཱིའི་ཞི་བདེའི་གཟེངས་རྟགས་དེ་༸གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུ་ལས་འོས་བབས་གཞན་ཞིག་མ་མཆིས་པས་རྒྱ་གར་གཞུང་ནས་ལྷན་ཚོགས་དེ་མ་འཚོགས་གོང་དུ་༸གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུའི་གསལ་བསྒྲགས་བསྐྱང་དགོས་པ་དང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་གདན་ཞུ་ཕུལ་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ།

ཁ་སང་ཕྱི་དྲོ་བོད་མིའི་སྒྲིགས་འཛུགས་བཀའ་ཤག་གིས་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག་དང་ཁོང་གི་སྐུ་འཁོར་རྣམ་པར་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་འབྲེལ་བའི་རྐང་བྲོ་གླུ་གཞས་གཟིགས་འབུལ་དང་འབྲེལ་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། སྐུ་ཞབས་ PS Tamang མཆོག་ནི་འདི་ལོའི་ཕྱི་ཟླ་ ༥པའི་ནང་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོའི་སྐབས་མང་མོས་ཀྱི་རྒྱབ་སྐྱོར་ཐོག་ནས་མངའ་སྡེའི་བློན་ཆེན་དུ་བསྐོ་གཞག་བྱུང་བ་ཞིག་ཡིན་པ་དང་། ཁོང་བཞུགས་སྒར་དུ་གཙོ་བོ་དེ་རིང་ནས་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་ཚོང་འབྲེལ་ལྷན་ཚོགས་ཀྱི་ཚོགས་བཅར་སླད་ཆེད་ཕེབས་གནང་བ་ཞིག་རེད་འདུག བོད་མིའི་སྒྲིགས་འཛུགས་བཀའ་ཤག་གིས་ཁ་སང་ཕྱི་དྲོ་བཞུགས་སྒར་དྷརྨ་སཱ་ལཱའི་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུའི་ཚོགས་ཁང་གསར་པར་སྐུ་ཞབས་ PS Tamang མཆོག་དང་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ BS Pant མཆོག་རྣམ་གཉིས་ཀྱིས་དབུས་པའི་སྐུ་འཁོར་རྣམ་པ་བཅས་ལ་བོད་ཀྱི་ཐོུང་མ་ཡིན་པའི་རྐང་བྲོ་གླུ་གཞས་ཁག་གཅིག་གཟིགས་འབུལ་དང་། དེ་རྗེས་དགོང་དྲོའི་གསོལ་སྟོན་འདེགས་འབུལ་ཞུས་ཐོག་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང། སྣེ་ལེན་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱག་སྦྲེལ་བཀའ་བློན་རྣམ་པ་བཅས་ཀྱང་ཆེད་ཕེབས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་རང་ཉིད་རྡོ་རྗེ་གླིང་ནས་ཡིན་པའི་ཆ་ནས་ད་རེས་ཁྱིམ་མཚེས་མངའ་སྡེ་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་བསུ་ཞུ་རྒྱུའི་སྐལ་བཟང་གི་སྐབས་བྱུང་བར་དམིགས་བསལ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་འབྲེལ། འབྲས་ལྗོངས་མངའ་སྡེའི་གཞུང་གིས་ད་བར་ཁུལ་དེའི་ས་གནས་ཀྱི་བོད་མི་རྣམས་ལ་ཉེར་མཁོའི་མཐུན་འགྱུར་རོགས་རམ་གང་ཐུབ་གནང་བར་ཐུགས་ཆེ་རྗེ་ཞུས་པ་མ་ཟད། བློན་ཆེན་མཆོག་ནི་ནང་པའི་རྗེས་འབྲང་པ་ཞིག་ཡིན་སྟབས་ཁོང་གི་དབུ་ཁྲིད་བཟང་པོའི་འོག་འབྲས་ལྗོངས་མངའ་སྡེའི་ནང་དུ་ནང་པའི་བསྟན་པ་དང་ཕྱག་སྲོལ་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་པ་དང་སྒོས་ས་གནས་ཀྱི་བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡོད་པ་རེད། གཞི་རྩའི་སྐུ་ཞབས་ Prem Singh Tamang མཆོག་ནི་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆེན་པོ་མཆོག་གིས་ནུབ་བྷང་གྷལ་མངའ་སྡེའི་ས་ལུ་ག་རའི་ཁུལ་དུ་༸དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དབང་བསྩལ་སྐབས་བློན་ཆེན་གྱི་ངོ་བོའི་ཐོག་ནས་སྔ་རྗེས་བར་གསུམ་དུ་ཐུགས་འགན་འཐུས་ཚང་བཞེས་མྱོང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་ཁོང་ཉེ་ལམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འོས་བདམས་བྱུང་སྐབས་བོད་མི་རྣམས་ལ་དམིགས་བསལ་གྱི་དགའ་ཚོར་བྱུང་སྐོར་འགྲེལ་བརྗོད་དང་འབྲེལ། ཁོང་ གི་དབུ་ཁྲིད་ལམ་སྟོན་འོག་འབྲས་ལྗོངས་དེ་མུ་མཐུད་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་མདུན་བསྐྱོད་ཐུབ་པའི་ཡིད་ཆེས་ཡོད་པ་བཅས་གསུངས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཁ་སང་སྔ་དྲོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་མཆོག་དང་མཇལ་མོལ་གནང་སྟེ་མངའ་སྡེ་གཉིས་དབར་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་དང་ཁོར་ཡུག་སྲུང་སྐྱོབ་དང་མཐུན་པའི་ཚོང་ལས་གོང་འཕེལ་གྱི་ལས་གཞི་རྒྱ་སྐྱེད་གནང་རྒྱུ་སོགས་ཀྱི་གནད་དོན་འདྲ་མིན་ཁག་གཅིག་གི་ཐོག་བཀའ་བསྡུར་གནང་འདུག འབྲེལ་ཡོད་པར་ཁག་གཅིག་བོད་མིའི་སྒྲིག་འཛུགས།

ཡོ་རོབ་རྒྱལ་ཁབ་ ༣༠ ནང་དུ་བོད་རྒྱ་འབྲེལ་མོལ་ཞུ་གཏུག་སྐོར་སྐྱོད་ལེགས་གྲུབ།  

འདི་ལོའི་བོད་མིའི་མང་གཙོའི་དུས་ཆེན་ཉིན་སེ་པན་གྱི་གྲོང་ཁྱེར་སྦར་སི་ལོ་ན་ཡ་ནས་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་ཁོང་གི་ཕྱག་རོགས་སེ་པན་ཡིན་པ་སྐུ་ཞབས་ Javier Nogue ལགས། དེ་བཞིན་སྐུ་ཞབས་ Pau Nubiolaལགས་བཅས་ཀྱིས་བོད་རྒྱ་གྲོས་མོལ་གང་མགྱོགས་ཡོང་ཕྱིར་ཡོ་རོབ་རྒྱལ་ཁབ་༣༠ ནང་དུ་ཟླ་བ་གཉིས་ལྷག་རིང་སྤྱི་ལེ་ ༢༥༠༠༠ ལྷག་སྣུམ་འཁོར་བཏང་སྟེ་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་གནད་ཡོད་མི་སྣར་བོད་དོན་ཞུ་གཏུག་གི་སྐོར་སྐྱོད་ལས་འགུལ་སྤེལ་བ་ལྟར་ཁ་སང་ཕྱི་ཚེས་ ༦ རེས་གཟའ་ལྷག་པའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་མདུན་ངོས་སུ་རྒྱལ་ཁའི་ངང་ལེགས་པར་མཇུག་སྒྲིལ་གནང་སོང་། ཐེངས་དེའི་ལས་འགུལ་མཇུག་སྒྲིལ་མ་གནང་གོང་དུ་ཁ་ཉིན་ཕྱི་ཚེས་ ༥ ཉིན་ཁོང་རྣམས་ནས་སུད་སིའི་རྒྱལ་ས་Bern དུ་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ཁག་ལ་མཇལ་ཕྲད་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་སྙན་སེང་དང་དེ་བཞིན་བོད་རྒྱ་གཉིས་དབར་གྲོས་མོལ་གང་མགྱོགས་ཡོང་བར་ཤུགས་སྣོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག་པ་མ་ཟད། དེ་བཞིན་ཁ་སང་ཕྱི་ཚེས་ ༦ ཉིན་རྒྱབ་ཁོང་རྣམ་ནས་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་སྐུ་ཚབ་དང་མཇལ་མོལ་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐང་གི་གནས་སྟངས་སོགས་སྙན་སེང་ཞུས་ཡོད་པ་རེད་འདུག ལྷག་པར་དུ་ལས་འགུལ་འདིའི་ཁྲོད་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་ཆེན་ལགས་དང་ལྷན་དུ་སྐོར་སྐྱོད་ཐོག་མཉམ་དུ་ཕེབས་མཁན་སེ་པན་ནས་ཡིན་པ་དང་སྐུ་ཞབས་ Javier Nogue ལགས། དེ་བཞིན་སྐུ་ཞབས་ Pau Nubiola ལགས་གཉིས་ནས་སྐོར་སྐྱོད་གནང་བཞིན་པའི་ལམ་བར་དུ་བླངས་པའི་སྤུན་ཟླ་ཚོ་ཆིག་སྒྲིལ་བགྱིས་ཞེས་པའི་གླུ་གཞས་དང་། དེ་བཞིན་ཁ་སང་རེས་གཟའ་ལྷག་པ་སྟེ་༸རྒྱལ་བའི་༸སྐུ་བླ་གཟའ་ལྷག་དཀར་ཉིན་ ཁོང་རྣམ་པས་སུད་སི་རྒྱལ་ས་ Bern ནས་ཇི་ནི་ཝའི་གྲོང་ཁྱེར་བར་ཕེབས་པའི་ལམ་བར་བླངས་པའི་ན་གཟའ་དམར་པོ་ཞེས་པའི་༸གོང་ས་མཆོག་ལ་བསྟོད་དབྱངས་ཕུལ་བའི་གླུ་གཞས་གཉིས་ལ་ད་ལྟའི་ཆར་ངོ་དེབ་ཐོག་འཛམ་གླིང་གི་ས་གནས་གང་སར་གནས་པའི་བོད་མི་ཚོས་ཧ་ཅང་དགའ་མོས་དང་། དེ་བཞིན་བོད་མི་ཚོས་ད་བར་ཁོང་གཉིས་ནས་བོད་དོན་ལ་ཐུགས་ཁུར་གྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པའི་མཆན་ཧ་ཅང་མང་པོ་བཀོད་འདུག སྤྱིར་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ནས་དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་ཡོ་རོབ་རྒྱལ་ཁབ་ ༢༤ ནང་དུ་ཁོང་གི་ཕྱག་རོགས་ Javier ལགས་ལྷན་དུ་སྣུམ་འཁོར་བཏང་ནས་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་མྱོང་ཡོད་པ་དང་། ད་རེས་ཡོ་རོབ་རྒྱལ་ཁབ་ ༣༠ ནང་དུ་བོད་དོན་ཞུ་གཏུག་སྐོར་སྐྱོད་ཀྱི་ལས་འགུལ་ཟླ་བ་གཉིས་ལྷག་རིང་ལ་སྤེལ་བའི་ཁྲོད་དུ་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་། རྒྱ་ནག་གཞུང་ཚབ་ཁང་ཁག་གི་སྒོ་རྡུང་བཞིན་བོད་རྒྱ་འབྲེལ་མོལ་བསྐྱར་གསོའི་ཡོང་བའི་ཞུ་སྙན་སོགས་ཕུལ་བ་མ་ཟད་ས་གནས་སོ་སོའི་གསར་ཁང་ཁག་ཏུ་བོད་དོན་བཅར་འདྲི་དང་ལེན་བཅས་གནང་ཡོད་པ་རེད། ཁ་སང་ཁོང་རྣམ་པའི་ཡོ་རོབ་སྐོར་སྐྱོད་ལས་འགུལ་ལེགས་གྲུབ་གྱི་མཇུག་སྒྲིལ་དང་འབྲེལ་ཏེ་ཁ་སང་ཕྱི་དྲོ་འདི་ག་ཇི་ནི་ཝའི་བོད་རིགས་མི་མང་ཚོགས་ཆུང་ནས་བོད་དོན་ཞུ་གཏུག་སྐོར་སྐྱོད་གནང་མཁན་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་ཁོང་གི་ཕྱག་རོགས་གཉིས་བཅས་ལ་ཐུགས་རྗེ་ལེགས་གསོལ་གྱི་མཛད་སྒོ་ཞིག་ཚོགས་གནང་བ་དང་། མཛད་སྒོའི་ཐོག་སུད་སི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Rene longet ལགས་དང་ ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Anrein Zoller ལགས། ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་སི་སྐུ་ཚབ་དོན་གཅོད་འཆེ་མེད་རིག་འཛིན་ལགས། དེ་བཞིན་ཇི་ནི་ཝའི་བོད་རིགས་མི་མང་ཚོགས་ཆུང་གི་རྒྱུན་ལས་དང་ཚོགས་མི་བཅས་འདུ་འཛོམས་བྱུང་ཡོད་པ་རེད།

དབྱིན་ཡུལ་གྱི་ཤེས་ཡོན་སློབ་གསོའི་རང་དབང་ལ་དོ་ཕོག་གཏོང་བཞིན་པར་སྐྱོན་བརྗོད།

དབྱིན་ཡུལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྙན་ཐོ་ཞིག་འདོན་སྤེལ་བའི་ནང་དུ་དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཁག་གི་ནང་དུ་རྒྱ་ནག་གི་གནོད་ཤུགས་ཆེན་པོ་ཡོད་པར་བརྟེན་གཙུག་ལག་སློབ་ཁང་གི་ཤེས་ཡོན་སློབ་གསོའི་རང་དབང་ལ་རྡོག་རོལ་ཐེབས་ཀྱི་ཡོད་པར་འགྲེལ་བརྗོད་དང་འབྲེལ། Russell གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ཅིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་འོག་གཙུག་ལག་སློབ་ཁང་གི་ལས་རིམ་ཞིག་གི་སྐབས་སུ་གཏམ་བཤད་པ་ཞིག་བཀག་འགོག་བྱས་ཡོད་པ་ཐེར་འདོན་བྱས་འདུག སྙན་ཐོའི་ནང་དུ་གཙུག་ལག་སློབ་ཁང་གཞན་ཞིག་གི་ཉེ་བའི་རིགས་བདག་གཞན་ཞིག་གིས་ཀྱང་སློབ་གྲྭའི་སློབ་དཔོན་ཆེན་མོ་ཞིག་ལ་རྒྱ་ནག་གིས་གནོད་ཤུགས་སྤྲོད་བཞིན་པར་བརྟེན་རྒྱ་ནག་དང་འབྲེལ་བའི་ཆབ་སྲིད་ཀྱི་གླེང་མོལ་གང་ཡང་མ་གནང་རོགས་ཞེས་རེ་སྐུལ་བྱས་པར་སྐྱོན་བརྗོད་གནང་བ་མ་ཟད་རྒྱ་གཞུང་གི་རྒྱབ་སྐྱོར་ཡོད་པའི་རྒྱ་རིགས་སློབ་མའི་མཐུན་ཚོགས་དང་རྒྱ་རིགས་མཁས་དབང་མཐུན་ཚོགས་སོགས་ཀྱིས་དབྱིན་ཡུལ་གྱི་གཙུག་ལག་སློབ་ཁང་ཁག་གི་སློབ་མ་མང་པོར་ལྟ་སྲུང་ནན་པོ་བྱེད་བཞིན་པའང་སྐྱོན་བརྗོད་གནང་འདུག ད་དུང་དབྱིན་ཡུལ་ནང་གི་རང་དབང་སློབ་སྦྱོང་གི་ཁོར་ཡུག་བརླག་ཉེན་དེ་ནི་རྒྱ་ནག་གི་གཞུང་ཚབ་ཁང་གཅིག་པོའི་ཤུགས་རྐྱེན་ཙམ་དུ་མ་ཟད་རྒྱ་ནག་གིས་རྒྱབ་རྟེན་བྱས་པའི་སློབ་ཕྲུག་མང་པོ་དང་མཁས་དབང་གི་ཚོགས་པ་ཁག་གིས་མངོན་སུམ་གྱིས་ཐེ་བྱུས་བྱེད་ཀྱི་ཡོད་པའི་དཔང་རྟགས་ཡོད་པར་འཁོད་པ་མ་ཟད། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཁ་ཆེ་སློབ་མ་ཞིག་གིས་མོ་རང་ཆབ་སྲིད་རང་བཞིན་གྱི་ཐོག་ནས་ཧུར་པོ་ཡིན་སྟབས་རྒྱ་ནག་གིས་མོ་རང་ལ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་ནང་དུ་ལུས་པའི་ཁོང་གི་ནང་མི་རྣམས་ལའང་སུན་གཙེར་བཟོ་ཡི་ཡོད་པ་ཡོངས་གྲགས་གནང་འདུག་མ་ཟད་སློབ་ཕྲུག་གི་ཚོགས་འདུ་ཞིག་གི་སྐབས་སུ་ཐེ་ཝན་དང་འབྲེལ་བའི་ཡིག་ཆ་རྣམས་རྒྱ་ནག་གཞུང་འབྲེལ་གྱི་ཁུང་ཙི་སློབ་གླིང་གིས་བཙན་འཕྲོག་བྱས་ཡོད་པ་མངོན་གསལ་གནང་འདུག རྩ་བའི་དབྱིན་ཡུལ་གྱི་གཙུག་ལག་སློབ་ཁང་འདྲ་མིན་གྱི་ནང་དུ་རྒྱ་རིགས་ཀྱི་སློབ་མ་ནི་རྒྱལ་སྤྱིའི་སློབ་མ་གྲངས་མང་ཤོས་དེ་ཆགས་ཀྱི་ཡོད་པ་དང་། སློབ་མ་དེ་དག་གིས་གཙུག་ལག་སློབ་ཁང་ཁག་ལ་ལོ་རེ་རེ་ཡོ་སྒོར་ཁྲི་བཞི་རེ་ཕུལ་གྱི་ཡོད་པ་མ་ཟད་དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཁག་དང་རྒྱ་ནག་གི་སྒྲིག་འཛུགས་འདྲ་མིན་དབར་དེ་མིན་གྱི་འབྲེལ་བ་གཞན་ཡང་ཡོད་པ་གསུངས་འདུག དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ངོས་ནས་སྙན་ཐོ་དེ་བརྒྱུད་ནས་སྤྱིར་ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་སུ་རྒྱ་ནག་གི་ཤུགས་རྐྱེན་འོག་རྒྱལ་ཁབ་དེ་དག་ནང་གི་ཤེས་ཡོན་སློབ་གསོའི་རང་དབང་ལྡན་པའི་ཁོར་ཡུག་ལ་ཉེན་ཁ་འཕྲད་ཀྱི་ཡོད་པའི་གནད་དོན་ཐོག་གླེང་མོལ་ཤུགས་ཆེ་གནང་བཞིན་ཡོད་ཀྱང་། དབྱིན་ཡུལ་གཞུང་ནས་དཀའ་ངལ་དེའི་ཐོག་དེ་གའི་གཙུག་ལག་སློབ་ཁང་རྣམས་ལ་རྩ་འཛིན་ལམ་སྟོན་སོགས་གང་ཡང་མེད་པར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག   སློབ་ཁང་དེ་དག་གིས་རྒྱ་ནག་གི་གནོད་ཤུགས་འོག་ཆེད་མཁས་པའི་རྣམ་དཔྱོད་དང་ཞིབ་འཇུག་གི་རྒྱུ་ཆ་སོགས་ལ་སྟངས་འཛིན་བྱས་ནས་ཞིབ་འཇུག་གི་གྲུབ་དོན་ལ་འགྲེལ་ལོག་རྒྱག་གི་ཡོད་པ་དེ་ནི་ཉེན་འཚབ་ཆེ་བའི་གནད་དོན་ཞིག་རེད་ཅེས་སྐྱོན་བརྗོད་ཚ་ནན་བྱས་འདུག གྲོས་ཚོགས་འཐུས་མི་དེ་དག་གིས་ད་དུང་དབྱིན་ཡུལ་གྱི་ཕྱི་འབྲེལ་ལས་ཁུངས་དང་གཙུག་ལམ་སློབ་ཁང་དེ་དག་ལ་འབོད་སྐུལ་ཞུས་ཏེ་ཐབས་བྱུས་རང་བཞིན་གྱི་ཐོག་ནས་དཀའ་ངལ་དེ་སེལ་ཐབས་དགོས་པ་མ་ཟད། ཚོང་རའི་སྐུལ་སློང་གི་ཁེ་འབབ་དེས་སློབ་སྦྱོང་གི་རང་དབང་དེ་ཉམས་དམས་སུ་གཏོང་སྲིད་པར་རྒྱུས་ལོན་བྱེད་དགོས་པའི་འབོད་བརྡ་བཏང་འདུག

བླ་མས་ཐུགས་འགན་གང་བཞེས་པ་བཞིན་སློབ་མས་གཞན་ལ་རོགས་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡ་གཙོས་པའི་ཕྱི་ནང་གི་དད་ལྡན་སྟོང་ཕྲག་བརྒལ་བར་ཁ་སང་ཤེས་རབ་སྙིང་པོ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་ལེགས་གྲུབ་མཛད་དེ་དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མར་བྱང་ཆུབ་སེམས་བསྐྱེད་ཀྱི་ལྗགས་ལུང་བཀའ་དྲིན་བསྩལ་ནས་ཆོས་འབྲེལ་མཇུག་སྒྲིལ་མཛད་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བྱང་ཆུབ་སེམས་བསྐྱེད་ཀྱི་ལྗགས་ལུང་མ་བསྩལ་གོང་སྤྱིར་འཛམ་བུ་གླིང་འདིའི་ནང་ཆོས་ལུགས་མང་དག་ཞིག་ཡོད་པ་དང་། ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་ནས་འགྲོ་བ་སྤྱི་ལ་ཕན་བཏགས་ཀྱི་ཡོད་པ་བཀའ་གནང་བ་དང་འབྲེལ། ཁྱད་པར་དུ་ཨེ་ཤ་ཡའི་ཡུལ་ལུང་ཕལ་མོ་ཆེ་ནི་སྟོན་པའི་རྗེས་འཇུག་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཁུལ་དེ་དག་ལ་ནང་པའི་ཆོས་དེ་གསར་དུ་དར་བ་ཞིག་མིན་པར་ལོ་ངོ་སྟོང་ཕྲག་ནས་ཡོད་པ་ཞིག་ཡིན་སྟབས། སངས་རྒྱས་བཅོམ་ལྡན་འདས་ནི་ཨེ་ཤ་ཡའི་ཉི་མ་ལྟ་བུ་ཡིན་པ་བཀའ་གནང་བ་དང་སྦྲགས། ཕ་མེས་ནས་སརྒྱས་པའི་ཆོས་ལ་རྗེས་སུ་འཇུག་མཁན་ཞིག་ཡིན་པ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པ་དང་། སརྒྱས་པའི་ཆོས་ཀྱི་ཁྱད་ཆོས་དེ་གཙོ་བོ་ལྟ་གྲུབ་ཀྱི་ཐོག་ནས་བཤད་ཀྱི་ཡོད་སྟབས། སྡོམ་པ་འདོན་རྒྱུ་གཅིག་པོས་ནམ་འཕང་གཅད་རྒྱུ་ཤིན་ཏུ་ནས་དཀའ་བ་ཞིག་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་དུས་རྟག་ཏུ་ཆོས་ལ་སློབ་སྦྱོང་གནང་གི་ཡོད་ཅེས་གསུངས་ནས་ད་རེ་གསུང་ཆོས་ལ་དངོས་སུ་བཅར་མཁན་ཚོས་ཆོས་ལ་སློབ་སྦྱོང་བྱ་དགོས་པ་མ་ཟད། ཕྱིར་རང་ཡུལ་ལོག་པའི་རྗེས་སུ་གཞན་ལའང་ཆོས་ལ་སློབ་སྦྱོང་བྱ་དགོས་པ་སྐུལ་མ་གནང་དགོས་པར་བཀའ་བསྩལ་སོང་། དེ་བཞིན་མགོན་པོ་མཆོག་གིས་མ་འོངས་རང་ཉིད་གང་འདྲ་ཞིག་ཆགས་མིན་ནི་རང་ཉིད་ཀྱི་ལུས་དང་སེམས་ཀྱི་བྱ་སྤྱོད་ལ་རག་ལས་ཀྱི་ཡོད་ནའང་། ཐར་པ་དང་ཐམས་ཅད་མཁྱེན་པ་གྲུབ་རྒྱུའི་ནུས་པ་མཐར་ཐུག་དེ་སེམས་ཅན་ཚང་མའི་རང་བརྒྱུད་ལ་ཡོད་པ་དང་། ནུས་པ་དེ་བདེ་སྤྱོད་བྱེད་དང་མི་བྱེད་ནི་སོ་སོར་རག་ལས་པ་ཞིག་ཡིན་སྟབས། སརྒྱས་པའི་ཆོས་ཀྱི་གྲུབ་བྱ་གཙོ་བོ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་གྲུབ་རྒྱུ་དེ་ཡིན་པ་བཀའ་གནང་བ་དང་འབྲེལ། མགོན་པོ་མཆོག་ནས་དུས་རྟག་ཏུ་ཐེག་ཆེན་དང་ཐེན་དམན་ཞེས་པ་ནི་མཆོག་དམན་ཀྱི་གནས་སུ་འགྱུར་བཞིན་ཡོད་སྐོར་བཀའ་གནང་གི་ཡོད་པ་གསུང་ནས་ཐེག་ཆེན་དང་ཐེག་དམན་ཞེས་མི་བརྗོད་པར་ལེགས་སྦྱར་བའི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་བརྗོད་དགོས་པ་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་སེམས་བསྐྱེད་ཀྱི་ལྗགས་ལུང་གནང་གྲུབ་མཚམས་སུ་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞི་པོ་ངོ་སྤྲོད་མཛད་དེ་ཐུགས་བསྐྱེད་དམ་བཅའ་གསུམ་པ་སྟེ། བོད་དང་འབྲེལ་ནས་བོད་ལ་དར་བའི་༸དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དེ་བོད་པའི་བདག་གཉེར་བྱས་ནས་ད་བར་ཡོད་བསྡད་པ་ཡོད་པ་དང་། དེ་ལྟ་བུའི་ཆོས་བརྒྱུད་ནི་འཛམ་བུ་གླིང་སྤྱིའི་གཅེས་ནོར་ཞིག་ཡིན་སྟབས་རྩ་ཆེ་བའི་བོད་ཀྱི་ཆོས་དང་རིག་གཞུང་དེ་དར་སྤེལ་གནང་དགོས་པ་དང་། ལྷག་པར་དུ་ཆོས་ཞུ་བ་ཚང་མ་མགོན་པོ་མཆོག་གི་ཆོས་གྲོགས་སམ་སློབ་མར་གྱུར་ནས་ཡོད་སྟབས། བླ་མས་ཐུགས་འགན་གང་བཞེས་པ་བཞིན་སློབ་མས་སེམས་ལ་བཞག་ནས་གཞན་ལ་རོགས་བྱ་དགོས་པ་བཀའ་བསྩལ་སོང་།

ནག་ཆུ་རྟར་ཆེན་གྲོང་ནས་བོད་མི་ཞིག་འཛིན་བཟུང་བཙན་ཁྲིད།

ཉེ་ལམ་ཕྱི་ཟླ་ ༡༠ ནང་དུ་བོད་ཁམས་ཤག་རོང་པོ་རྟར་ཆེན་ཡུལ་ཚོ་ནས་ཡིན་པའི་བོད་མི་ལྷ་དར་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ཁོང་འཛིན་བཟུང་བྱས་དོན་གཙོ་བོ་ནི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་ཡིན་པར་ཚོད་དཔག་གནང་བཞིན་འདུག མཚན་གསུང་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བར་རང་ལོ་ ༣༦ ཙམ་ལ་ཕེབས་པའི་ལྷ་དར་ལགས་ནི་རྒྱུན་དུ་རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་ལས་དོན་དང་བོད་མིའི་འགྲོ་སྐྱོད་ཐོག་ལ་སུན་གཙེར་བཟོས་པ་སོགས་ལ་མི་དགའ་བའི་རྣམ་འགྱུར་བསྟན་མཁན་དང་༸གོང་ས་མཆོག་གི་གསེར་གཞལ་མཇལ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་པ་མངོན་གསལ་དོད་པོ་གནང་མཁན་ཞིག་ཡིན་པ་སོགས་ལ་བརྟེན་ནས་སྲིད་གཞུང་མི་སྣས་དམིགས་བཀར་གྱིས་རྗེས་འདེད་བྱ་ཡུལ་ཞིག་དང་། ལྷག་པར་ཕྱི་ལོ་༢༠༡༣ ལོར་ཤག་རོང་པོ་དགོན་པར་རྒྱ་ནག་གཞུང་གི་དམ་དྲག་འོག་དགོན་པར་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་བཞག་ནས་སྒོ་རྒྱབ་སྐབས་སྲིད་གཞུང་གི་མི་སྣ་དང་རྩོད་གཞི་བྱུང་བའི་ཡུལ་མི་མང་དག་ཅིག་དང་མཉམ་དུ་ཁོང་ཡང་བཀག་ཉར་དང་རྡུང་འདེག་བྱས་ཏེ་རྗེས་སུ་ཀློད་བཀྲོལ་བཏང་ཡོད་ཀྱང་དེ་ནས་བཟུང་ཡར་མར་འགྲོ་སྐྱོད་ལ་དཀའ་ངལ་བཟོ་བཞིན་ཡོད་པའི་ནང་གི་མི་སྣ་གཅིག་ཡིན་པ་རེད་འདུག འདི་ལོའི་ཕྱི་ཟླ་དགུ་པའི་ནང་སྲིད་གཞུང་ནས་ཁ་པར་བཏང་ནས་ཁོང་གང་སར་འགྲོ་སྐྱོད་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད་ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༨ ནས་ ༩ ཡས་མས་ལ་གློ་བུར་འཛིན་བཟུང་གིས་ད་ལྟའི་ཆར་ཤེས་རྟོགས་མེད་པར་གྱུར་འདུག ས་གནས་སུ་དྲྭ་རྒྱ་བཀག་སྡོམ་སོགས་ཀྱི་གནས་སྟངས་རྐྱེན་པས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཡོང་རྒྱུར་ཧ་ཅང་ཁག་པོ་ཡོད་པ་དང་སྤྱིར་ས་གནས་སུ་རྒྱ་ནག་གི་རྒྱལ་སྟོན་ཉིན་མོའི་སྔ་རྗེས་སུ་གནས་ཚུལ་འདྲ་མིན་ལ་ཁ་གཡར་ནས་མི་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་རེད་འདུག

བོད་ཀྱི་ཁོར་ཡུག་གནད་དོན་དེ་ཆབ་སྲིད་ཀྱི་ངོ་བོར་མ་བསྒྱུར་རོགས།

COP25 ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འཚོགས་ལ་ཉེ་བ་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་ཁོར་ཡུག་ལས་འགུལ་ཆེན་མོའི་གསལ་བསྒྲགས་གནང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་ཆབ་སྲིད་ཀྱི་ངོ་བོར་མ་བསྒྱུར་རོགས་ཞེས་འབོད་སྐུལ་གནང་སོང་། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་གྱི་སྔ་དྲོ་ཚོུད་ ༡༡༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞི་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་དབུ་བཞུགས་ཐོག་རིང་མིན་ཕྱི་ཟླ་ ༡༢ ནང་དུ་ཡུ་རོབ་རྒྱལ་ཁབ་སཱི་པན་དུ་ COP25 ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འཚོགས་ལ་ཉེ་བ་དང་བསྟུན་ Earth’s Third Pole Campaign ཞེས་བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་ཁོར་ཡུག་ལས་འགུལ་ཆེན་མོའི་གསར་འགོད་གསལ་བསྒྲགས་གནང་སོང་། སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞི་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ Earth’s Third Pole Campaign ཞེས་བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་ཁོར་ཡུག་ལས་འགུལ་ཆེན་མོའི་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་བ་དང་འབྲེལ་ཏེ། གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་འདི་འཛམ་གླིང་ལ་ཕན་གནོད་དང་འབྲེལ་བ་ཡོད་སྟབས་སའི་གོ་ལའི་སྣེ་མོ་གསུམ་པར་གྲགས་པའི་བོད་ཀྱི་ཁོར་ཡུག་གནད་དོན་དེ་ཆབ་སྲིད་ཀྱི་ངོ་བོར་མ་བསྒྱུར་རོགས་ཞེས་འབོད་སྐུལ་ནན་པོ་གནང་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བོད་མཐོ་སྒང་གི་རྒྱུག་ཆུ་དེ་དག་འཛམ་གླིང་ཁྲོད་ཀྱི་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་བཞི་བརྒྱ་ལྷག་ལ་ཕན་ཐོགས་ཀྱི་ཡོད་སྟབས་བོད་དེ་འཛམ་གླིང་གི་ལྷོ་བྱང་གཉིས་ཀྱི་སྣེ་མོ་ལས་གལ་ཆེ་བ་ཆགས་ཡོད་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་བ་ཁོར་ཡུག་ཐོག་གི་མཁས་པ་ཁག་གཅིག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་གནང་བར་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཉམས་ཞིབ་ངེས་ཅན་གནང་དགོས་པའི་ལམ་སྟོན་གནང་བ་ལུང་འདྲེན་གྱིས་རྒྱལ་ཚོགས་ལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཉམས་ཞིབ་པ་ཚན་རིག་མཁས་པ་ཚོར་གནམ་གཤིས་འགྱུར་ལྡོག་ཐོག་ཉམས་ཞིབ་གནང་ཚེ་འཁྱགས་རོམ་དང་རྒྱུག་ཆུ་ལ་སོགས་པ་དང་འབྲེལ་བའི་སའི་གོ་ལའི་སྣེ་མོ་གསུམ་པར་གྲགས་པའི་བོད་ཀྱི་ཁོར་ཡུག་གི་གལ་ཆེའི་རང་བཞིན་ཆེད་བཀོད་གནང་དགོས་པའི་རེ་སྐུལ་གནང་གི་ཡོད་ཅེས་གསུངས་སོང་། གཞན་ཡང་སྲིད་སྐྱོང་མཆོག་གིས་རྒྱལ་ཚོགས་ཀྱི་ཆུ་བགོ་བཤའ་ཡི་ཁྲིམས་གཞིར་རྒྱ་ནག་ནས་མིང་རྟགས་བཀོད་མེད་པ་དེ་ལྟར་ཡང་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་བོད་ཀྱི་ཁོར་ཡུག་གི་བདག་དབང་དེ་བོད་མི་རྣམས་ལ་ཡོད་པ་གསུངས་དགོས་གལ་ཡིན་པའི་འབོད་སྐུལ་བསྐྱར་ནན་གནང་ཡོད། རྩ་བའི་ COP25 ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འཚོགས་ལ་ཉེ་བ་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་ཁོར་ཡུག་ལས་འགུལ་ཆེན་མོའི་གསལ་བསྒྲགས་ ཤིག་སྤེལ་བའི་ནང་དུ་བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོས་པ་དང་། བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ལ་ཉམས་ཞིབ་གནད་འཕིགས་གནང་དགོས། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་ཞུ་དགོས། གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་སྤྲོ་འཆམ་ལ་སྟངས་འཛིན་ནན་པོ་བྱེད་གོས་པ་མ་ཟད། བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁོར་ཡུག་ལས་འགུལ་ཆེན་པོ་ཞིག་སྤེལ་དགོས་གལ་ཡིན་པ་སོགས་དགོས་འདུན་ལྔ་ཆེད་འདོན་གནང་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལྷན་ཚོགས་ཐེངས་ ༢༥ པའི་ཐོག་བོད་མིའི་སྐུ་ཚབ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་ཚན་ལགས་དང་བདེ་ཆེན་དཔལ་མོ་ལགས་རྣམ་གཉིས་ཕེབས་ཀྱི་འདུག་པ་དང་། COP25 ཚོགས་འདུ་འཚོགས་བཞིན་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཁས་པ་ལྔ་ཙམ་གདན་འདྲེན་ཞུས་ཏེ་ཟུར་ཚོགས་ཤིག་ཀྱང་འཚོགས་འཆར་ཡོད་པ་རེད་འདུག COP25 ཚོགས་འདུ་དེ་ཕྱི་ཟླ་ ༡༢ ཚེས་ ༢ ནས་ ༡༣ བར་སཱི་པེན་ནང་འཚོགས་ཀྱི་ཡོད་པ་རེད།  

བོད་སོག་གཉིས་དབར་ཆོས་དང་རིག་གཞུང་གི་བགྲོ་གླེང་ཚོགས་འདུ་ཐོག་མ་གནང་བ།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་གངས་སྐྱིད་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ TCRC ཚོགས་ཁང་དུ་སྔ་དྲོ་ཚོུད་ ༩ ཡོལ་ཙམ་ལ་བོད་སོག་གཉིས་དབར་ཆོས་དང་རིག་གཞུང་གི་བགྲོ་གླེང་ཚོགས་འདུ་ཐོག་མ་གནང་སོང་། ཚོགས་འདུའི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨ་རྱ་ཚེ་དབང་རྒྱལ་པོ་ལགས། ལྷོ་སོག་པོའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ Temtselt ལགས། རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག དོན་གཅོད་གཞན་ཁག་གཅིག བོད་མི་མང་སྤྱི་འཐུས་ཁག་གཅིག གསུང་བཤད་གནང་མཁན་གཙོས་མཁས་དབང་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་ལས་བྱེད་སོགས་མཉམ་འཛོམས་ཀྱིས་ཚོགས་འདུ་དབུ་འཛུགས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་སོག་གཉིས་ལོ་རྒྱུས་ཐད་འབྲེལ་བ་ངོ་སྤྲོད་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆ་ནས་ཀྱང་བོད་སོག་གཉིས་ཀྱི་གནས་སྟངས་གཅིག་མཚུངས་ཆགས་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་སོག་པོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བོད་ཀྱི་གནད་དོན་བཞིན་རྒྱལ་སྤྱིའི་ཁྲོད་ཁྱབ་གདལ་དུ་ཕྱིན་མེད་པ་དང་། སོག་པོའི་འབྲོག་པའི་གནས་སྟངས་དང་། གཏེར་ཁ་སྔོག་འདོན་གྱི་ཐོག་ནས་ཁོར་ཡུག་གཏོར་བཅོམ། ས་གནས་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ།   དེ་བཞིན་ཚོང་གི་བསླུ་ཁྲིད་སོགས་བྱེད་ཀྱི་ཡོད་སྟབས་དེ་འབྲེལ་ཆེས་རྫ་དྲག་གི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་པར་འབད་རྩོན་བྱེད་དགོས་པ་སྐུལ་མ་གནང་སོང་། སྲིད་སྐྱོང་མཆོག་གིས་ད་དུང་ད་ཆ་རྒྱའི་དབང་སྒྱུར་འོག་ཡོད་པའི་སོག་པོའི་གནས་སྟངས་དེ་བོད་རིགས་སྤུན་ཟླ་དང་གཅིག་མཚུངས་ཤིག་ཆགས་ཡོད་སྟབས་བོད་མི་ངོས་ནས་ཁོ་རང་ཚོར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་རྩ་ཆེ་བའི་འགན་ཡིན་པར་གསུངས་པ་དང་སྒོས་ཉེ་བའི་ཆར་སོག་པོའི་རང་དབང་ལུང་པའི་ནང་ནང་པའི་ཆོས་ཉམས་གུད་ཕྱིན་གྱི་ཡོད་པའི་གནས་ཚུན་ཐོན་སྐབས་ཕྱི་སོག་ནས་ངེས་པར་དུ་རང་དབང་གི་གོ་སྐབས་སྤྱད་ནས་དེ་འབྲེལ་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་དགོས་པའི་འགན་ཆེན་པོ་ཡོད་སྐོར་གསུངས་སོང་། བོད་སོག་གཉིས་ནང་ནང་ཆོས་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་བའི་ཁྲོད་དུ་བགྲོ་གླེང་གི་དུས་ཡུན་སྟངས་འཛིན་གནང་མཁན་རུ་སུའི་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་བོད་པའི་སྤྱི་ཚོགས་ནང་རྒྱ་གཞུང་གིས་འབོད་པའི་ནང་སོག་དང་དེ་བཞིན་ལྷོ་སོག་གི་རྫ་དྲག་གནས་སྟངས་སོགས་མཁྱེན་གྱི་ཡོད་ཀྱང་། ད་ཆ་ཁག་གཅིག་གིས་དཔྱད་རྩོམ་རིགས་བྲིས་སྐབས་གནའ་རབས་ཡིག་ཆ་ཁག་ནང་ཡོད་པའི་ཆེན་པོ་ཧོར་གྱི་ཡུལ་ཞེས་ཐ་སྙད་བེད་སྤྱོད་གཏོང་བཞིན་པ་གཟིགས་ཡོད་པ་དང་། ཆེན་པོ་ཧོར་ཟེར་བ་དེ་ད་ཆ་ཁ་གཏོར་དུ་འགྲོ་ཡོད་སྟབས་  སླད་མར་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་གཙོས་པའི་རྩོམ་ཡིག་བྲིས་མཁན་རྣམས་ནས་དེ་འབྲེལ་གནས་ཚུལ་གཏིང་ཟབ་རྟོགས་སླད་སོག་པོའི་ཡུལ་གྲུ་ཁག་ཏུ་ཕེབས་ནས་ཉམས་ཞིབ་གནང་རྒྱུ་དང་གནས་ཚུལ་དེ་དག་གསལ་པོ་མཁྱེན་དགོས་གལ་ཡིན་པའི་རེ་སྐུལ་གནང་སོང་། སྐུ་ཞབས་ Temtselt ལགས་ཀྱིས་སོག་པོ་ནས་འཐབ་རྩོད་ཁྲོད་བོད་མི་ལྟར་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ་དང་།  མཉམ་རུབ་ཀྱིས་རྒྱ་གཞུང་ལ་གདོང་ལེན་ཤུགས་ཆེ་བྱེད་ཐུབ་མེད་པ་དང་། བོད་མི་ནས་སོག་པོའི་ཆོས་དང་རིག་གཞུང་སླར་གསོ་དང་སྲུང་སྐྱོབ་སླད་ཡང་ནས་ཡང་དུ་རོགས་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་སོང་། ཨ་རྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་གཞུང་གིས་བོད་སོག་གཉིས་ཀྱི་ལོ་རྒྱུས་ཐོག་དེབ་ཕྲེང་ ༡༢ ཙམ་ཞིག་འདོན་སྤེལ་གྱིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་པ་དང་། ད་རེས་ཀྱི་ཚོགས་འདུ་བརྒྱུད་ནས་བོད་སོག་གཉིས་ཀྱི་གནའ་རབས་ནས་ཡོད་པའི་འབྲེལ་བའི་ཐོག་གླེང་སློང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལོ་རྒྱུས་ཀྱི་འཁྱོག་བཤད་དེ་བདེན་པ་མིན་པའི་ར་ཕྲོད་སླད་དེ་ལྟར་ཚོགས་ཡོད་སྐོར་གསུངས་སོང་།

གསང་སྔགས་མཁས་བའི་བགྲོ་གླེང་མཇུག་སྒྲིལ་དང་འབྲེལ་བསྟན་བདག་རྣམས་ལ་བརྟན་ཞུགས་ཕུལ་སོང་།

ཁ་སང་ཕྱི་དྲོ་ཕྱག་ཚོག་གཉིས་པའི་ཐོག དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཆེན་ཀུན་དགའ་དོན་འགྲུབ་མཆོག་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན་གྱིས་གོ་སྒྲིག་བྱས་པའི་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོའི་མཇུག་སྡོམ་དང་འབྲེལ། རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་གསུམ་ལ་བརྟན་བཞུགས་འདེགས་འབུལ་ཞུས་པ་མ་ཟད། སྐབས་དྲུག་པའི་ལོ་གསུམ་རིང་གི་ལྷ་རམས་དགེ་བཤེས་བརྒྱ་སྐོར་ཞིག་གི་སྔགས་ཀྱི་རྩོད་རྒྱུགས་ཆེན་མོའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཚོགས་སོང་། སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དེ་བཞིན་དཔལ་ལྡན་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་མཆོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དེ་བཞིན་གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་དང་། ཐེངས་འདིར་ཆེད་དུ་གདན་ཞུ་གནང་བའི་གསང་སྔགས་མཁས་པའི་བགྲོ་གླེང་དུ་ཕེབས་པའི་མཁས་དབང་རྣམ་པ། ཟུར་ཉན་པ་སོགས་ལྷན་འཛོམས་ཀྱིས་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་པ་གསུམ་གྱི་སྐུ་ཚེ་རྡོ་རྗེ་བྲག་རི་བཞིན་བརྟན་ཞིང་། མཛད་འཕྲིན་དབྱར་གྱི་ཆུ་བོ་བཞིན་རྒྱས་པའི་ཆེད་དུ་མཎྡལ་འདེགས་འབུལ་ཞུས་སོང་། དེའི་རྗེས། མཛད་སྒོའི་སྐུ་མགྲོན་གཙོ་བོ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་མོ་མཆོག་གིས་བཀའ་སློབ་གནང་སྟེ། བོད་ནང་དུ་རྒྱུད་གྲྭ་སྟོད་སྨད་གཉིས་ལ་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་ཙམ་མ་གཏོགས་མོད་ཕྱོགས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་ས་དེ་འདྲ་མེད་ནའང་། ད་ཆ་ཡུན་རིང་པོ་ནས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ལམ་སྟོན་བཀའ་སློབ་འོག་ནས། མདོ་སྔགས་ཟུང་འབྲེལ་གྱི་འཆད་ཉན་ཡོངས་སུ་རྫོགས་པའི་ལྟེ་གནས་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། དགེ་བཤེས་རྣམས་ཀྱིས། ཆོ་ག་ཕྱག་ལེན་ཙམ་ཡིན་པར། དོན་དངོས་སུ་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་གནང་སོང་། དེ་བཞིན་སྐབས་དེར་དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་སྟེ། འདས་བའི་མི་ལོ་དྲུག་བཅུའི་ནང་དུ། བོད་མི་རིགས་ཀྱི་བསྟན་པའི་རྩ་བ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་རྒྱ་ཆེར་གནང་སྟེ་གྲུབ་འབྲས་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་མ་ཟད། རྒྱལ་བ་རྒྱས་པའི་མཆོད་སྤྲིན་དུ་གྱུར་ཡོད་ནའང་། ད་ཆ་གདན་ས་ཁག་ཕུད་པའི་དགོན་སྡེ་ཆུང་ཁག་རྣམས་ཀྱི་གྲྭ་རྒྱུན་གྱི་གྲངས་འབོར་གྱི་ཐད་ནས་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་ཚུལ་བཀའ་སློབ་གནང་སྟེ། གྲངས་འབོར་ཉུང་ཉུང་ཤིག་ལས་མེད་ནའང་། གྲྭ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ་དེ་གལ་ཆེན་ཡིན་པར་གསུང་སོང་། མཛད་སྒོ་དེའི་ཐོག་ལྷ་རམས་དགེ་བཤེས་རྣམས་ཀྱི་སྔགས་རམས་པའི་ཕྱག་འཁྱེར་གནང་ཡོད་པ་དང་བསྟུན། འདི་གའི་གསར་འགོད་པས་ཁ་སང་གི་སྔགས་ཀྱི་རྩོད་རྒྱུགས་ཀྱི་ཁྲོད་དུ་ཨང་དང་པོ་ཐོབ་པོ་ཐོབ་མཁན་གྱི་སེར་བྱེས་ལྷ་རམས་དགེ་བཤེས་ཐབས་མཁས་ལགས་སུ་དགེ་ལུགས་རྒྱུགས་སྤྲོད་ཀྱི་ལོ་དྲུག་གི་རིང་དུ་ཨང་དང་པོ་ཐོབ་པ་ལྟར། དེ་རིང་སྔགས་རམས་དགེ་བཤེས་ཀྱི་རྩོད་རྒྱུགས་ཁྲོད་དུའང་སླར་ཡང་ཨང་དང་པོ་ཐོབ་པར་དམིགས་བསལ་གྱི་ཚོར་བ་ཅི་འདྲ་བྱུང་བར་བཀའ་འདྲི་ཞུས་པར་ཁོང་གིས། གྲྭ་བའི་ཡིག་རྒྱུགས་དེ་མི་སྐྱ་ཕོ་མོ་རྣམས་ཀྱི་རྒྱུགས་འབྲས་ལྟར་རང་གི་འཚོ་གནས་དང་དབང་ཆ་སོགས་ལ་འབྲེལ་བ་མེད་སྟབས་དམིགས་བསལ་གྱི་ཚོར་བ་གང་ཡང་མ་བྱུང་ནའང་། རྟེན་འབྲེལ་ཡག་པོ་བྱུང་སོང་ཞེས་གསུངས་སོང་། རྩ་བའི་ཐེངས་འདིའི་རྒྱུད་སྟོད་གྲྭ་ཚང་གི་མཛད་སྒོ་དེ་ནི་དགོན་པ་དེ་ཉིད་ཕྱག་འདེབས་མཁན་གྱི་རྒྱུད་ཆེན་ཀུན་དགའ་དོན་འགྲུབ་མཆོག་འཁྲུངས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ་བརྒྱུད་ནས། ཉིན་དང་པོ་གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ་ལྟར། ཁ་སང་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་ལ་བརྟན་བཞུགས་ཕུལ་བ་དང་།མཉམ་དུ་རྒྱུད་སྟོད་གྲྭ་ཚང་གི་མཁན་དགེ་བའི་བཤེས་གཉེན་རྣམས་དང་གསང་སྔགས་མཁས་བའི་བགྲོ་གླེང་གི་འཛུལ་ཞུགས་པ་རྣམས་ལ་ཆེ་མཐོང་གི་གཟེངས་རྟགས་ཕུལ་སོང་། དེ་བཞིན་སང་ཉིན་བཀའ་བློན་ཁྲི་ཟུར། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཡང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད།

Latest news