Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཧོང་ཀོང་མང་གཙོའི་ལས་འགུལ་ལ་ཕྱི་ལོ་ ༢༠༢༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་དགོས།

ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ནོར་ཝེ་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་བཅས་ཀྱིས་ཧོང་ཀོང་མང་གཙོའི་ལས་འགུལ་ལ་ཕྱི་ལོ་ ༢༠༢༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་དགོས་པ་གསུངས་འདུག གཟའ་འཁོར་སྔོན་མའི་ཕྱི་ཚེས་ ༣༡ ཉིན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་མཚན་རྟགས་བསྐྱོན་ཐོག་ནོར་ཝེ་ནང་རྟེན་གཞི་བྱས་པའི་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Berit Reiss-Andersen ལགས་གཙོས་ཚོགས་མི་རྣམས་ལ་ཕྱི་ལོ་ ༢༠༢༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་གནང་སྐྱོང་ཡོང་བའི་སྙན་སེང་ཞུས་འདུག ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཕུལ་བའི་སྙན་ཞུ་ནང་འདི་ལོར་ཧོང་ཀོང་གི་ཞི་རྒོལ་བ་རྣམས་ནས་ཧོང་ཀོང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང། དེ་བཞིན་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཡིག་ཁག་ལ་སྲུང་སྐྱོབ་གནང་བར་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཀྱིས་ངོས་འཛིན་གནང་དགོས་པ་དང་ལས་འགུལ་བའི་ཁྲོད་སློབ་ཕྲུག་དང་དགེ་རྒན། ཁྲིམས་རྩོད་པ། སྤྱི་ཚོགས་ཞབས་ཞུ་བ། དེ་བཞིན་སྨན་ཞབས། ཚོང་པ་སོགས་མི་གྲངས་འབུམ་མང་པོས་རང་ཉིད་ཀྱི་འཕྲོད་བསྟེན་དང་བདེ་འཇགས། ལས་སྣེ་དང་ཤེས་ཡོན་སོགས་ལ་བལྟོས་མེད་ཀྱིས་སླད་མར་ཧོང་ཀོང་གི་བདེ་དོན་ལ་ཆེད་དམིགས་ཀྱིས་རྒྱུན་སྲིང་སྟེ་རྣམ་པ་འདྲ་མིན་ཐོག་ལས་འགུལ་རྒྱ་ཆེ་སྤེལ་ཁག་རྣམས་ངོ་སྤྲོད་དང་སྦྲགས། ཞི་རྒོལ་དེའི་ཁྲོད་མི་སྒེར་དང་ཚོགས་པ་སྒེར་གཅིག་ངོ་སྤྲོད་གནང་བ་ལས་ཧོང་ཀོང་ནང་གི་མི་མང་ས་ཡ་མང་པོས་རྒྱལ་སྤྱི་ཁྱོན་ཡོངས་ལ་མིག་སྟོས་བཟང་པོ་བསྟན་པའི་ཧོང་ཀོང་གི་མང་གཙོ་ལས་འགུལ་ངོ་སྤྲོད་གནང་རྒྱུ་འོས་ཆོས་སུ་གཟིགས་སྐོར་བརྗོད་འདུག དེ་བཞིན་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་ཆེད་སྐུ་ལས་སྐྱོན་མཁན་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་ཡོད་པ་དང་ལྷག་དོན་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་གནང་རྒྱུ་ལས་དེ་མིན་འོས་ཆོས་གཞན་གང་ཡང་མེད་པ་གསུངས་ཡོད་པ་རེད། ཁ་སང་རེས་གཟའ་མིག་དམར་ཉིན་ནོར་ཝེ་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Guri Melby ལགས་ཀྱིས་ཀྱང་རང་ཉིད་ཀྱི་འཕྲུལ་བྱ་ཐོག་སྨྲ་བརྗོད་རང་དབང་དང་མང་གཙོའི་ལམ་ལུགས་སླད་དུ་རང་ཉིད་ཉེན་ཁའི་ཁྲོད་ལས་འགུལ་སྤེལ་མཁན་ནི་ཧོང་ཀོང་གི་ཞི་རྒོལ་བ་རྣམས་ཆགས་ཡོད་སྐོར་དང་། སྙིང་སྟོབས་དང་ལྡན་པའི་ལས་འགུལ་དེ་དག་ལ་ངོས་འཛིན་གནང་ཐོག་ཕྱི་ལོ་ ༢༠༢༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་དགོས་པ་གསུངས་འདུག གཞི་རྩའི་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཨ་ཕི་རི་ཀའི་ Ethiopia དང་ཁྱིམ་མཚེས་རྒྱལ་ཁབ་ Eritrea དབར་གྱི་ལོ་ངོ་བཅུ་ཕྲག་གི་རྩོད་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་ཏེ་འཆམ་མཐུན་གྱི་མཛའ་འབྲེལ་གསར་འཛུགས་གནང་མཁན་ཨ་ཕི་རི་ཀའི་ Ethiopia རྒྱལ་ཁབ་ཀྱི་སྲིད་བློན་ Abiy Ahmed Ali མཆོག་ལ་འབུལ་བཞེས་གནང་ཡོད།

དབྱིན་གཞུང་གིས་རྒྱ་ནག་གི་འཕྲུལ་ལས་བཟོ་ཚོང་ཁང་དང་འབྲེལ་བ་བྱེད་རྒྱུའི་ཐག་གཅོད་ལ་བློ་འགྱོད་ཀྱི་ཉེན་བརྡ།

རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱིས་དབྱིན་ཡུལ་གཞུང་ནས་ཡུལ་དེའི་ནང་གི་ 5G དྲྭ་རྒྱའི་ཚོང་ལས་ཐད་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཆེ་ཤོས་ Huawei དང་འབྲེལ་བ་བྱེད་རྒྱུའི་ཐག་གཅོད་དེར་ཉིན་ཞིག་བློ་འགྱོད་བྱ་ངེས་ཀྱི་ཉེན་བརྡ་བཏང་འདུག འདས་པའི་ཟླ་ཤས་ནས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་གཙོ་གྱུར་ཨ་རི་སོགས་ནས་དབྱིན་ཡུལ་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་གི་ Huawei བཟོ་ལས་ཁང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་སྐུལ་གནང་མིན་ལ་བལྟོས་མེད་གཟའ་འཁོར་སྔོན་མར་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Boris Johnson མཆོག་གི་སྲིད་གཞུང་ནས་རྒྱ་ནག་གི་བཟོ་ཚོང་ཁང་ལ་ཡུལ་དེའི་ 5G དྲྭ་རྒྱའི་ཚོང་ལས་ཀྱི་ཆ་ཤས་ཤིག་གནང་རྒྱུར་ཐག་བཅད་ཡོད་པ་རེད། དབྱིན་ཡུལ་གྱི་དྲྭ་རྒྱ་བདེ་འཇགས་མི་སྣས་ Huawei བཟོ་ཚོང་ལ་ཡིད་ཆེས་གནང་གི་མེད་པ་ངོས་ལེན་གནང་ཡོད་ཀྱང་བཟོ་ལས་ཁང་དེའི་འཕྲུལ་ལས་བརྒྱུད་དེ་དྲྭ་རྒྱའི་བདེ་འཇགས་ཀྱི་ཉེན་ཁར་སྟངས་འཛིན་གནང་ཐུབ་རྒྱུ་ཡོད་པར་གསུངས་པ་མ་ཟད་ཡུལ་དེའི་བཟོ་ལས་མཁས་པ་ཁག་གཅིག་གིས་དབྱིན་གཞུང་གི་ཐག་བཅད་པར་དགའ་བསུ་གནང་འདུག འོན་ཀྱང་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱིས་ཉེ་ཆར་ BBC Radio 5 Live གྱི་བཅར་འདྲིར་ཐེངས་འདིའི་དབྱིན་གཞུང་གིས་འཕྲལ་སེལ་ཁེ་ཕན་ཙམ་ལ་དམིགས་ཏེ་རྒྱལ་ཁབ་དེའི་ནང་ Huawei བཟོ་ཚོང་ཁང་གི་འཕྲུལ་ལས་མ་ལག་བརྒྱུད་དེ་ཡོང་རྒྱུའི་ཉེན་ཁར་སྣང་མེད་གཏོང་བཞིན་པར་སྐྱོན་བརྗོད་གནང་བ་དང་། དེང་སྐབས་རྒྱ་ནག་དེ་ཚད་མཐོའི་འཕྲུལ་རིགས་བཀོལ་སྤྱོད་ཐོག་མང་ཚོགས་ལ་དྲག་གནོན་དང་ལྟ་སྲུང་ན་པོས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་བཏང་མཁན་གྱི་རྒྱལ་ཁབ་ཆེ་སྡུག་ཤོས་གྲས་སུ་ཐེར་འདོན་གནང་ཡོད་པར་མ་ཟད། ད་ཆ་རྒྱ་གཞུང་གིས་དམ་དྲག་ཇེ་ཆེ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་དག་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྟབས། དེར་དབྱིན་ཡུལ་ཁོ་ན་མིན་པར་འཛམ་གླིང་རྒྱལ་ཁབ་གཞན་ཚོས་ཀྱང་དོགས་ཟོན་གནང་དགོས་གལ་ཡིན་པ་གསུངས་འདུག སྐབས་དེར་གསར་འགོད་པས་སྐུ་ཞབས་ Ai WeiWei ལགས་སུ་ཐེངས་འདིའི་ཐག་གཅོད་བརྒྱུད་དེ་དབྱིན་གཞུང་གིས་རྒྱ་ནག་གི་ཉེན་ཁ་ལ་མཐོང་ཆུང་གནང་བ་ཞིག་མཚོན་གྱི་ཡོད་དམ་ཞེས་དྲིས་པར་ཁོང་ནས་དབྱིན་ཡུལ་གྱི་ཐག་བཅད་པ་དེས་དོན་དངོས་ཐོག་རྒྱ་ནག་གི་ཉེན་ཁང་མཐོང་ཆུང་བྱས་པ་ཞིག་ཡིན་མིན་ཚོད་དཔག་གནང་དཀའ་ནའང་ཐག་བཅད་དེས་ཡུལ་དེའི་གཞུང་གིས་རང་ཉིད་ཀྱི་གཞི་རྩའི་རིན་ཐང་ལ་དགོངས་བཞེད་གནང་བཞིན་དུ་ཕམ་ཉེས་གཏང་བར་ངོས་འཛིན་གནང་སྲིད་པ་རེད་ཅེས་ལན་འདེབས་གནང་འདུག དེ་བཞིན་ཁོང་གིས་ནུབ་རྒྱལ་ཁབ་ཁག་གི་གཞུང་འཛིན་པ་རྣམས་ཀྱིས་རྒྱ་ནག་ལྟ་བུའི་ཐ་ཤལ་གྱི་རྒྱལ་ཁབ་དང་འབྲེལ་བ་བཞག་ནས་སྔར་ལྷག་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུར་རམས་འདེམས་གནང་ཚེ་དེ་འབྲེལ་གྱི་ནུབ་ཕྱོགས་རྒྱལ་ཁབ་རྣམས་མགོ་གཉིས་ཅན་གྱི་རྒྱལ་ཁབ་ལ་ངོས་འཛིན་ཆོག་པར་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད། རྩ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཆེ་ཤོས་ Huawei བཟོ་ཚོང་ཁང་ནི་རྒྱ་ནག་སྲིད་གཞུང་ལ་འབྲེལ་བ་ཆེན་པོ་ཡོད་པའི་ཁར་བཟོ་ཚོང་ཁང་དེས་རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་གནས་ཚུལ་རྐུ་འཁྱེར་བྱེད་བཞིན་པར་དོགས་སློང་མང་པོ་གནང་ཡོད་པ་མ་ཟད། བཟོ་ཚོང་ཁང་གཞན་གྱི་ཐོན་གསར་གྱི་མ་ལག་སྒྲིག་སྦྱོར་གྱི་བསམ་བློ་སོགས་ཀྱང་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་མང་པོ་བྱས་ཡོད་པར་བརྟེན་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། ཉི་ཧོང་སོགས་ཀྱིས་རྒྱ་ནག་གི་ Huawei བཟོ་ཚོང་ལ་ཚོང་འབྲེལ་གནང་རྒྱུ་མཚམས་འཇོག་གནང་ཡོད་པ་རེད།

སྐུ་འབུམ་བྱམས་པ་གླིང་གིས་ཝུ་ཧན་རིམས་ནད་གནོད་ཁུལ་ལ་རྒྱ་སྒོར་འབུམ་བཅུ་ཞལ་འདེབས་ཕུལ་བ།  

རྒྱ་ནག་ནང་དུ་ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཁྱབ་བརྡལ་བྱུང་བའི་ཆེས་ཛ་དྲག་གི་གནས་སྟངས་འོག་ཝུ་ཧན་གྲོང་ཁྱེར་གཙོ་གྱུར་རྒྱ་ནག་རྒྱལ་ཡོངས་སུ་ད་བར་མི་གྲངས་ ༢༠༤༣༨ ཙམ་ལ་རིམས་ནད་དེ་ཕོག་ཡོད་པ་དང་མི་གྲངས་ ༤༢༠ ལྷག་འདས་གྲོངས་སུ་གྱུར་བ། དེའི་ཁྲོད་ད་ལྟའི་ཆར་ཝུ་ཧན་དུ་ནད་གཞི་མངོན་འགོག་ཆེད་ཁ་རས་དང་མིག་ཤེལ་སོགས་མི་འདང་བའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་ལྟར་ཁ་སང་ སྐུ་འབུམ་བྱམས་པ་གླིང་གིས་ཝུ་ཧན་རིམས་ནད་གནོད་ཁུལ་ལ་རྒྱ་སྒོར་འབུམ་བཅུ་ཞལ་འདེབས་ཕུལ་ནས་གནོད་ཁུལ་མང་ཚོགས་དག་དཀའ་ངལ་ལས་ཐར་བར་རོགས་རམ་གནང་ཡོད་རེད། དེ་རིང་རྒྱ་ནག་ནང་གི་བོད་སྐད་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཏུ་ཆགས་པའི་སྐུ་འབུམ་བྱམས་པ་གླིང་དགོན་པས་ཝུ་ཧན་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་དང་རོགས་སྐྱོར་ཆེད་དངུལ་ཞལ་འདེབས་གནང་ཡོད་པར་ས་གནས་སྲིང་གཞུང་དང་མང་ཚོགས་གཉིས་ནས་ཡི་རངས་བསྔགས་བརྗོད་ཞུས་འདུག དེ་བཞིན་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འདྲ་པར་དང་གནས་ཚུལ་ཐོན་པར་མཚོ་སྔོན་ཞིང་ཆེན། མདོ་སྨད་རེབ་གོང་ཁུལ་གྱི་བོད་པའི་དབྱར་རྩ་དགུན་འབུའི་ལས་རིགས་ཚོགས་པས་ཝུ་ཧན་གྲོང་ཁྱེར་ལ་རྩ་ཆེའི་སྨན་རྫས་དང་ཆེས་རིན་ཐང་དང་རིན་གོང་ཆེ་བའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་གནང་འདུག་པར་མ་ཟད། རེབ་གོང་རོང་པོ་དགོན་ཆེན་ནས་ལོ་གྱོན་མའི་རིལ་བུ་སྒྲུབ་སྦྱོར་གནང་སྟེ་མང་ཚོགས་ལ་རིན་མེད་ཐོག་འགྲེམས་སྤེལ་གནང་ཡོད་པ་རེད་འདུག བོད་ནང་གི་སེ་ར་ཐེག་ཆེན་གླིང་གྲྭ་མང་ནས་ཀྱང་རིམས་ནད་ཕོག་ཁུལ་དུ་གསོལ་འདེབས་སྨོན་ལམ་དང་ཞལ་འདེབས་སོགས་གནང་མུས་རེད་འདུག རྩ་བའི་ཉེ་ཆར་འཛམ་གླིང་འཕྲོད་བསྟན་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་དེའི་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པ་སོགས་ལ་གཞིགས་ཏེ་རིམས་ནད་དེ་རྒྱལ་སྤྱིར་ཛ་དྲག་རང་བཞིན་གྱི་རིམས་ནད་ཞིག་ཏུ་ངོས་འཛིན་གནང་བའི་ཁྲོད། དེ་རིང་བར་ཝུ་ཧན་གྲོང་ཁྱེར་གཙོ་བོར་གྱུར་པའི་རྒྱ་ནག་ཁྱོན་ཡོངས་སུ་ནད་ཕོག་པ་ཁྲི་གཉིས་ལྷག་བྱུང་ཡོད་པ་དང་། མི་གྲངས་ ༤༢༠ ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད། དེའི་ཁྲོད་ད་བར་བོད་ཀྱི་ས་ཁུལ་ཁག་ཏུ་རིམས་ནད་ཕོག་པའི་གནད་དོན་ཁག་ཅིག་བྱུང་བའི་གནས་ཚུལ་རིམ་པ་ཐོན་ཡོད་པ་དང་། ལྷ་ས་ནང་ ༡ དང་མཚོ་སྔོན་ཁུལ་དུ་ ༡༥ དེ་བཞིན་དཀར་མཛེས་ནང་ ༦ དང་། ཀན་སུའུ་ཞིང་ཆེན་ཁུལ་དུ་  ༥༡ བཅས་ཐོན་ཡོད་པ་རེད།

བོད་ཀྱི་གནད་དོན་དེ་རྒྱ་གར་ལ་ཇི་ཙམ་གལ་གནད་ཆེ་ཚུལ་ཞེས་པའི་ལྷན་ཚོགས་གནང་བ།

དེ་རིང་ཕྱི་ཟླ་ ༢ ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་ Puducherry མངའ་སྡེར་རྟེན་གཞི་བྱས་པའི་ Sri Aravindar Engineering College འམ་ཤྲི་ཨར་ཝིན་དྷར་བཟོ་སྐྲུན་རིག་པའི་མཐོ་སློབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དེ་གའི་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག་བོད་ཀྱི་གནད་དོན་དེ་རྒྱ་གར་ལ་ཇི་ཙམ་གལ་གནད་ཆེ་ཚུལ་ཞེས་པའི་བརྗོད་གཞི་གཙོ་བཟུང་ཐོག་རྒྱ་གར་གྱི་སྲུང་སྐྱོབ་དེ་བོད་ལ་འབྲེལ་བ་ཇི་ཆགས་དང་རྒྱ་གར་གྱི་ཕྱི་སྲིད་དེ་བཞིན་བོད་དོན་ལ་འབྲེལ་བ་ཇི་ལྟར་ཆགས་ཚུལ། བོད་ཀྱི་རིག་གཞུང་དང་བོད་ཀྱི་ཁོར་ཡུག་དེ་རྒྱ་གར་ལ་ཇི་ཙམ་གནད་འགག་ཆགས་མིན་བཅས་ཀྱི་བརྗོད་གཞི་བཞིའི་ཐོག་ལྷན་ཚོགས་ཤིག་ཚོགས་འདུག ལྷན་ཚོགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་བཅས་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་ས་དམག་གི་དམག་སྤྱི་གཉིས་པ་སྐུ་ཞབས་ N S Malik ལགས་དང་ཨནདྷྲ་མཐོ་སློབ་ཀྱི་དཔོན་ཟུར་པ་སྐུ་ཞབས་ J S Murthi ལགས། དེ་བཞིན་རྒྱ་ནག་རིག་པ་སྨྲ་བ་སྐུ་ཞབས་ Claude Arbi ལགས། བོད་ཀྱི་སྲིད་བྱུས་ཉམས་ཞི་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་ནས་གཏམ་བཤད་གནང་འདུག་པ་མ་ཟད། ལྷན་ཚོགས་ཐོག་རྒྱ་གར་གྱི་མཐོ་རིམ་སློབ་མ་དང་བོད་རིགས་བཅས་ཁྱོན་མི་གྲངས་ ༢༥༠ ཙམ་ལྷན་འཛོམས་གནང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མཐོ་རིམ་མི་སྣ་དང་ཤེས་ཡོན་གྱི་བསྟི་གནས་ཁག་ཏུ་བོད་ཀྱི་རིག་གཞུང་དང་གནས་སྟངས་སོགས་ངོ་སྤྲོད་གནང་གལ་ཡིན་པའི་བཀའ་སློབ་རིམ་ཕེབས་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༦ ནས་བཟུང་ད་བར་ལྷན་ཚོགས་ཐེངས་བཞི་གོ་སྒྲིག་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་ རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་ IIC ལ་ལྷན་ཚོགས་ཐེངས་དང་པོ་གོ་སྒྲིག་གནང་རྗེས་ཕྱི་ལོ་ ༢༠༡༨ ལོར་ lucknow དང་དེ་ནས་འདས་ལོར་ Vijawada བཅས་ལ་གོ་སྒྲིག་གནང་ཡོད་པ་རེད།

རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༡ པ་མཇུག་སྒྲིལ།

རྒྱ་གར་མངའ་སྡེ་བྷི་ཧཱར་གྱི་གྷ་ཡ་རྫོང་དུ་ཆགས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཉེ་ལམ་ཟླ་ ༡ ཚེས་ ༢༦ ནས་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༡ པ་དབུ་འཛུགས་གནང་ཡོད་པ་དང་དེ་རིང་སྨོན་ལམ་མཇུག་སྒྲིལ་གནང་ཡོད་པ་རེད། ཐེངས་འདིའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༡ པའི་ཐོག་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག སྨན་གླིང་མཁན་ཆེན་རིན་པོ་ཆེ་མཆོག དེ་བཞིན་གྱང་ཁང་རིན་པོ་ཆེ་མཆོག རི་མགོ་སྤྲུལ་སྐུ་མཆོག་སོགས་མཁན་བླ་སྤྲུལ་རྣམ་པ་དབུ་བཞུགས་ཀྱིས་རྒྱ་བལ་འབྲུག་གསུམ་གཙོས་པའི་གྲྭ་བཙུན་ ༩༠༠༠ ལྷག་དང་དེ་བཞིན་ཕྱི་རྒྱལ་གནས་བཞུགས་དད་ལྡན་པ་སོགས་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་ལྷན་འཛོམས་གནང་སྟེ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་སྒོས་༸དཔལ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་དེ་དག་གི་བསྟན་པ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ཡོང་བ་སོགས་ལ་དམིགས་ཏེ་ཉིན་གྲངས་བཅུའི་རིང་སྨོན་ལམ་ཚོགས་ཡོད་པ་དང་། དེ་རིང་བོད་ལུགས་ཀྱི་ཚེས་ ༡༠ དང་བསྟུན་གུ་རུའི་ཚོགས་མཆོད་གནང་སྟེ་སྨོན་ལམ་རེ་ཞིག་མཇུག་སྒྲིལ་ཡོད་པ་རེད། རླུང་འཕྲིན་ཁང་ལ་རྡོར་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་རིང་འགན་འཛིན་ཚོགས་པའི་དྲུང་ཡིག་མཁན་པོ་ཆོས་དབང་ལགས་ཀྱིས་འཛམ་གླིང་སྤྱི་ལ་ཞི་བདེའི་ཡོང་སླད་སྐྱབས་འགྲོ་སེམས་བསྐྱེད་དང་ཐུབ་མཆོག་བྱིན་རླབས་མ་ སྒྲོལ་མཆོག འཇམ་དཔལ་མཚན་བརྗོད། དེ་བཞིན་བཟང་སྤྱོད་སོགས་ཀྱི་ཆོ་ག་གསུང་འདོན་གནང་བ་དང་ཆབས་ཅིག  ཐེངས་འདིའི་སྨོན་ལམ་སྤྱི་ཡོངས་ལ་འགེགས་བར་གང་ཡང་མེད་པར་ཞི་འཇམ་དང་ཚགས་ཚུད་བྱུང་ཡོད་པ་སོགས་གསུངས་སོང་། གཞི་རྩའི་ཁ་སང་སྨོན་ལམ་ཆེན་མོའི་སྐབས་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་ལ་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པའི་ཐུགས་འགན་བཞེས་རྒྱུའི་གསོལ་འདེབས་ཞུས་ཀྱང་རིན་པོ་ཆེ་མཆོག་གིས་བཀའ་བཞེས་སྨིན་བསྩལ་གནང་མེད་པ་དང་། སླད་མར་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུར་ཐུགས་ཐག་བཅད་ཡོད་པ་རེད། དེ་བཞིན་རྡོར་གདན་དུ་ཟླ་ ༡ ཚེས་ ༢༨ ནས་དབུ་འཛུགས་གནང་བའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༧ པ་འཚོགས་བཞིན་ཡོད་པ་དང་། ཁུལ་དེར་ཕྱག་བཏབ་པའི་གཏེར་སྒར་དགོན་གྱི་ཚོགས་རར་སྨོན་ལམ་ཚོགས་པ་མ་ཟད་སྨོན་ལམ་ཐོག་༸སྐྱབས་རྗེ་རྒྱལ་ཚབ་བཀྭན་ཏིང་གཽ་ཤྲི་ཆེན་པོ་མཆོག་དང་། ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག འབོ་དཀར་རིན་པོ་ཆེ་མཆོག་སོགས་མཁན་བླ་སྤྲུལ་དབུ་བཞུགས་ཐོག་དགེ་བཙུན་གཙོས་ཕྱི་ནང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་ཁྱིམ་པ་ཕོ་མོ་སྟོང་ཕྲག་ལྷག་ཅིག་ཕེབས་ཡོད་པ་རེད། སྨོན་ལམ་གྱི་མཛད་རིམ་ལྟར་ན་སྔོན་འགྲོའི་གསུང་ཆོས་ཐོག་མི་ཡོངས་དགེ་འགྱུར་རིན་པོ་ཆེ་མཆོག་ནས་སྒོམ་ཁྲིད་གནང་ཡོད་པ་དང་། སྨོན་ལམ་དངོས་གཞིར་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཁ་རག་སྒོམ་ཆུང་གིས་མཛད་པའི་བློ་སྦྱོང་སྐོར་གསུང་ཆོས་གནང་བཞིན་ཡོད་པ་རེད། ཕྱོགས་མཚུངས་སྨོན་ལམ་སྐབས་བསྟན་སྲིད་ཞབས་རིམ་གསོག་སྒྲུབ་དང་དེ་བཞིན་བཤད་གྲྭ་བ་རྣམས་ནས་རྟགས་བསལ་གཏང་རྒྱུ་སོགས་ཉིན་རེའི་མཛད་རིམ་བང་སྒྲིག་ཡོད་པ་རེད། རྩ་བའི་ལོ་རྒྱུས་ལྟར་ན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བདུན་པའི་སྐབས་ཐོག་མར་བྱུང་བ་ཞིག་ཡིན་པ་དང་བཙན་བྱོལ་དུ་ཕྱི་ལོ་ ༡༩༨༣ ལོར་༸སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་དང་འབོ་དཀར་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དུ་བསྐྱར་གསོ་གནང་ཡོད་པ་རེད།  སྤྱིར་ད་ལན་བཀའ་བརྒྱུད་སྨོན་ལམ་དེ་ཟླ་ ༢ ཚེས་ ༩ ཉིན་མཇུག་སྒྲིལ་གནང་གི་ཡོད་པ་དང་ད་ལན་བཀའ་བརྒྱུད་དང་རྙིང་མའི་སྨོན་ལམ་གཉིས་ཀར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཆེད་བཅར་གནང་སྟེ་ཆོས་བརྒྱུད་གཉིས་ཀྱི་བླ་ཆེན་རྣམས་དང་མཇལ་འཕྲད་གནང་བ་མ་ཟད་སྨོན་ལམ་ཐོག་ལྷན་ཞུགས་གནང་ཡོད་པ་རེད།

བཞུགས་སྒར་དུ་རྒྱལ་སྤྱིའི་འབྲས་ནད་ཀྱི་ཉིན་མོར་རིན་མེད་ཀྱི་སྨན་བཅོས་གནང་བཞིན་པ།

དེ་རིང་རྒྱལ་སྤྱིའི་འབྲས་ནད་ཀྱི་ཉིན་མོ་དང་བསྟུན། བཞུགས་སྒར་ཁུལ་དུ་བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་འབྲས་ནད་སྔོན་འགོག་གི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པ་དང་། དེ་དང་ལྷན་དུ་ལྡི་ལིར་རྟེན་གཞིི་བྱས་པའི་ནད་སྐྱོབ་དགེ་རྩ་ཚོགས་པའི་ངོས་ནས་རྒྱ་གར་གཞུང་གི་སྨན་པ་ཆེད་འགུག་གིས་ཕོ་ནད་དང་གྲུམ་ནད། དེ་བཞིན་ཁྲག་ཤེད་དང་མོ་ནད་སོགས་ཀྱི་མཚོན་པའི་ནད་རིགས་མང་པོ་ཞིག་ལ་རིན་མེད་ཀྱི་སྨན་བཅོས་བརྟག་དཔྱད་བྱེད་བཞིན་འདུག འདི་གའི་གསར་འགོད་པའི་བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་དེ་རིང་གི་འབྲས་ནད་ཉིན་མོའི་ལས་འགུལ་གྱི་རྣམ་གྲངས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས་དེང་སང་གི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འབྲས་ནད་འདི་མི་མང་གི་ཚེ་སྲོག་མང་ཤོས་འཕྲོག་མཁན་གྱི་ནད་གཞིི་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དུས།  མང་ཚོགས་ཀྱི་ནང་དུ་འབྲས་ནད་སྔོན་འགོག་གི་གོ་རྟོགས་ལུས་འགུལ་དེ་གལ་ཆེན་ཡིན་པོའི་ཐད་ནས་དེ་རིང་གི་མཚན་རྟགས་བསྡུ་རུབ་ཀྱི་ལུས་འགུལ་འདི་སྤེལ་བཞིན་ཡོད་པར་ངོ་སྤྲོད་གནང་སོང་། དེ་བཞིན་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ནང་དུ་བོད་ཀྱི་ནད་སྐྱོབ་དགེ་རྩ་ཚོགས་པའི་ངོས་ནས་རིན་མེད་ཀྱི་སྨན་བཅོས་གནང་གི་ཡོད་པ་ལྟར།   ནད་སྐྱོབས་དགེ་རྩ་ཚོགས་པའི་འགན་འཛིན་བསོད་ནམས་ལགས་ཀྱིས་གསར་འགོད་པར་དེ་རིང་གི་ལས་གཞི་དང་འབྲེལ་ནས་ངོ་སྤྲོད་གནང་སྟེ།   ཐེངས་འདིའི་ཉིན་གསུམ་གྱི་སྨན་བཅོས་ལྟ་སྐྱོང་དེ་བརྒྱུད་ནས་ར་སྤྲོད་བྱུང་བའི་ནད་པ་ཡོད་ན་ཐད་ཀར་ཚོགས་པའི་ངོས་ནས་རྒྱ་གར་གཞུང་འབྲེལ་གྱི་ཚོགས་པ་རྣམས་ལ་བསྟེན་གཏུག་བྱས་པ་ཡིན་ན་འགྲོ་སོང་བརྒྱ་ཆ་༩༨ ཙམ་གཞུང་གི་སྨན་ཁང་གིས་གཏོང་གི་ཡོད་སྟབས་བོད་མི་རྣམས་ལ་ཁེ་ཕན་ཆེན་པོ་ཡོད་པར་གསུངས་སོང་། དེ་བཞིན་འདི་ཐེངས་འདིར་ཆེད་དུ་བརྟག་དཔྱད་བྱེད་དུ་ཕེབས་པའི་རྒྱ་གར་AIIM སུ་སྨན་ཁང་གི་མོ་ནད་ཚན་ཁག་གིས་སྨན་པ་ཞིག་གིས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གཞུང་གིས་རྒྱ་ནག་གི་གློ་ཚད་རིམས་ནད་དེའི་ཐད་ནས་རྒྱ་གར་གཞུང་གིས་འགན་ཁུལ་ཆེན་པོ་བཞེས་ནས་ཕྱག་ལས་རྒྱ་ཆེར་གནང་བཞིན་པར་བརྟེན། མི་མང་གིས་དེར་སེམས་ཚབ་བྱེད་མི་དགོས་བའི་འབོད་སྐུལ་བྱས་སོང་། རྩ་བའི་བོད་ཀྱི་ནད་སྐྱོབ་དགེ་རྩ་ཚོགས་པ་ནི་སྤྱི་ལོ་༢༠༡༢ ལོར་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བླ་མ་བློ་བཟང་མཆོག་གཉིས་ཀྱི་ལམ་སྟོན་གྱི་འོག    ལྡི་ལིར་གནས་སྡོད་བྱེད་བཞིན་པའི་སྐུ་ཞབས་བསོད་ནམས་དབང་རྒྱལ་ལགས་ཀྱིས་ཐོག་མར་བཙུགས་པ་ཞིག་ཡིན་པ་དང་། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་བོད་མི་སུ་ཞིག་ཡིན་ནའང་དཔལ་འབྱོར་གྱི་རྒྱབ་རྟེན་ཡོད་མེད་ལ་མ་ལྟོས་པར་སྨན་བཅོས་ཐད་རོགས་རམ་དང་ཞབས་འདེགས་ལེགས་པོ་ཞུ་ཐུབ་པའི་ཆེད་དུ་བཙུགས་པའི་ཁེ་མེད་ཀྱི་རོགས་སྐྱོར་ཚོགས་པ་ཞིག་ཡིན་པ་རེད། དེ་བཞིན་བོད་ཀྱི་འབྲས་ནད་ཚོགས་པ་ནི་སྤྱི་ལོ་༢༠༡༤ ལོར་བོད་ཀྱི་ཐེབས་རྩ་ཁང་གི་རོགས་དངུལ་གྱི་ཐོག་ནས་ཐོག་མར་ཚུགས་ཤིང་། ༢༠༡༩ ལོར་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱིས་ངོས་འཛིན་ཐོབ་སྟེ་དེབ་སྐྱེལ་བྱས་ཡོད་པ་ཞིག་ཡིན་པ་དང་། དུས་རྒྱུན་ནས་བོད་མིའི་འབྲས་ནད་ཡོད་མཁན་རྣམས་ལ་རྒྱལ་ས་ལྡི་ལིར་བྱམས་བརྩེ་ཁང་པ་ཟེར་བ་ཞིག་ཆེད་འཛུགས་ཀྱིས་རོགས་པ་བྱེད་ཀྱི་ཡོད་པ་མ་ཟད། བོད་མིའི་གཞིས་ཆགས་ཁག་སོ་སོར་འབྲས་ནད་བརྟག་དཔྱད་དང་སྔོན་འགོག་གི་ལས་གཞི་སྤེལ་མུས་ཀྱི་ཁེ་མེད་ཚོགས་པ་ཞིག་ཆགས་ཡོད་པ་རེད།

རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུ།

ཁ་སང་ཕྱི་ཟླ་ ༢ ཚེས་ ༢ དང་བོད་ཟླ་ ༡༢ བོད་ཚེས་ ༨ ཉིན་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་ཆེན་མོར་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་བཅར་བའི་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ནས་ཕེབས་པའི་དགེ་འདུན་འདུས་མང་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་༸དཔལ་སྔ་འགྱུར་རྙིང་མའི་མཁན་བླ་སྤྲུལ་ཁག་དང་རྙིང་མའི་སྤྱི་འཐུས་རྣམ་པ། དེ་བཞིན་སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་དབུས་པའི་དགོན་སྡེ་ཁག་གི་སྐུ་ཚབ་དགེ་བསྐོས་རྣམ་པ་བཅས་ཀྱིས་སྔོན་གྱི་འགྲོ་ལུགས་གྲོས་ཆོད་གཏན་འབེབས་ལྟར་བཀའ་བསྡུར་གནང་འབྲས་སུ་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་བསྐོ་གཞག་གནང་རྒྱུར་ཐག་བཅད་པ་ལྟར་ཁ་སང་རིན་པོ་ཆེ་མཆོག་ལ་ཁྲི་རབས་བརྒྱད་པའི་ཐུགས་འགན་བཞེས་རྒྱུའི་གསོལ་འདེབས་ཞུས་ཀྱང་རིན་པོ་ཆེ་མཆོག་གིས་བཀའ་བཞེས་སྨིན་བསྩལ་གནང་མེད་སྟབས། སླད་མར་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུར་ཐུགས་ཐག་བཅད་འདུག དེའང་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པ་ཚོགས་སྐབས་བཙན་བྱོལ་ནང་གི་རྙིང་མའི་མ་དགོན་དྲུག་ནས་དང་པོ་ཀཿཐོག་དང་རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བླ་ཆེན་ཁག་རིམ་པས་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་ལོ་གསུམ་རིང་རེ་མོས་བཞེས་རྒྱུའི་ཐུགས་ཐག་བཅད་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༦ ཉིན་ཀཿ ཐོག་བླ་ཆེན་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བདམས་ཐོན་བྱུང་བའི་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཡོད་པ་རེད། འོན་ཀྱང་ ལོ་དེའི་ཕྱི་ཟླ་ ༡༡ ཕྱི་ཚེས་ ༡༩ ཉིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགུང་ལོ་ ༦༤ ཐོག་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་གྱི་ཉེ་འདབས་སུ་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་སྟབས། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༠ པའི་ཐོག་༸རྒྱལ་བ་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་བློ་གསལ་དབང་པོ་མཆོག་ལ་མོས་མཐུན་གྲོས་ཆོད་བྱུང་བ་བཞིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༨ པར་བསྐོ་གཞག་བྱུང་ཡོད་ཀྱང་།  རིན་པོ་ཆེ་མཆོག་གིས་གང་ཉིད་མཆོག་གི་སློབ་སྟོན་པའི་ལམ་སྟོན་ཕུལ་ཁག་དང་ཕྱག་མོ། དེ་བཞིན་༸སྐུའི་འཕྲོད་བཞེས་བཅས་ལ་གཞིགས་ནས་དབུ་འཛིན་གྱི་ཐུགས་འགན་བཞེས་རྒྱུ་མིན་པར་ཐུགས་ཐག་བཅད་ཡོད་སྟབས། རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༡ པ་འདིའི་ཐོག་བལ་ཡུལ་དུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་ཞེ་ཆེན་དགོན་པའི་དགོན་བདག་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་བསྐོ་གཞག་གནང་ཡོད་ཀྱང་རིན་པོ་ཆེ་མཆོགག་གིས་དེ་ལྟར་བཀའ་བཞེས་གནང་མེད་པ་དང་། དེ་བས་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་ཚོགས་པ་འདི་ཚགས་ཚུད་དང་། དེའི་ཚོགས་གཙོ་དང་རྒྱུན་ལས་བཅས་ཀྱིས་བསྟན་དོན་ཆེན་ཕྱག་ལས་གནང་རྒྱུའི་ཐོག་ཐག་གཅོད་གསར་པ་ཞིག་བྱ་ཐུབ་ཚེ་དགེ་མཚན་ཆེ་བར་དགོངས་ཚུལ་གསུངས་པར་བརྟེན། གོ་བསྡུར་རིམ་པ་བྱས་མཐར་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་དགོངས་ཚུལ་དེ་བཞིན་སྤྱི་མོས་ཐག་གཅོད་གནང་འདུག གཞི་རྩའི་དེ་སྔ་བོད་ལ་དུས་འགྱུར་མ་བྱུང་བའི་སྔོན་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ཕེབས་ཕྱོགས་ཀྱི་ལམ་སྲོལ་དམིགས་བསལ་ཞིག་མེད་ཀྱང་། བྱེས་སུ་འབྱོར་རྗེས་རྙིང་མའི་མ་དགོན་དྲུག་ནས་རེ་མོས་ཐོག་དབུ་འཛིན་ཁྲི་རབས་གནང་གི་ཡོད་པ་རེད། དེའང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་ཆེས་ཐོག་མ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་གནང་བ་དང་དེ་རྗེས་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག ༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་སོགས་ནས་ཁྲི་རབས་ཀྱི་མཚན་གནས་རིམ་པ་བཞེས་པའི་ཐོག་བསྟན་འགྲོ་སྤྱི་དང་སྒོས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ལ་ཕན་ཐོགས་རྒྱ་ཆེ་བྱུང་ཡོད་པ་རེད།

བོད་མཚོ་སྔོན་ཁུལ་དུ་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མི་གསུམ་བཀག་བསྐྱིལ།

བོད་མཚོ་སྔོན་ཁུལ་དུ་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མི་ ༦༩ ལ་ཁྲིམས་ལྟར་སློབ་གསོ་སྤེལ་བ་དང་མི་གསུམ་འཛིན་བཟུང་གིས་བཀག་ཉར་བྱས་འདུག ཁ་སང་རྒྱ་ནག་གི་ CNR བརྒྱུད་ལམ་ Weixin ཐོག་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཟེར་བའི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་དེའི་ཟི་ལིང་དང་རྨ་ལྷོ། ཡུལ་ཤུལ། དེ་བཞིན་འཚོ་ཤར་ས་ཁུལ་བཅས་ནས་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་རེད་འདུག་ཟེར་བའི་ཆ་འཕྲིན་ ༨༨༤ ཐག་གཅོད་བྱས་པ་དང་། སྐད་འཕྲིན་ཚོགས་པ་འདྲ་མིན་གྱི་མི་ ༦༩ ལ་ཁྲིམས་ལྟར་སློབ་གསོ་སྤེལ་བ་དང་དེ་བཞིན་མི་ ༣ འཛིན་གཟུང་གིས་ཉིན་གྲངས་ ༥ དང་ ༡༠ རིང་ལ་བཀག་ཉར་བྱས་འདུག འཛིན་བཟུང་བཀག་བསྐྱིལ་དང་ཆབ་སྲིད་སློབ་གསོ་སྤེལ་བའི་སྐད་འཕྲིན་ཚོགས་པ་ཁག་ཏུ་ས་གནས་ཁག་ལ་རིམས་ནད་ཕོག་པའི་མི་ཡོད་སྐོར་བཤད་པ། ཝུ་ཧན་གྱི་མི་རྣམས་ལ་དམའ་འབེབ་བྱས་པ། རིམས་ནད་ཁྲོད་མེ་འཁོར་འབབ་ཚུགས་སུ་འགྲུལ་པ་འགྲུལ་བཞུད་མི་རུང་བའི་དྲན་སྐུལ་བྱས་པ། གླ་འཁོར་གྱི་རིན་གོང་འཕར་བ། གྲོང་ཁྱེར་གྱི་ཚོང་ཁང་སྒོ་བརྒྱབ་གྲབས་ཡོད་སྐོར་བཤད་པ་སོགས་ཀྱི་སྐོར་ལ་གནས་ཚུལ་སྤེལ་བར་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་ཀྱིས་ཆད་པ་དེ་ལྟར་བཏང་ཡོད་པ་མ་ཟད། སྤྱི་བདེ་ལས་ཁུངས་ཀྱི་ཆུ་ཚོད་ ༢༤ རིང་དྲ་རྒྱའི་ཐོག་ལྟ་སྲུང་ནན་པོ་བྱས་ཏེ་དཀྲོག་གཏམ་ཆ་འཕྲིན་ཤེས་རྟོགས་དང་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཆབ་སྲིད་དང་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག་ཀྱང་། སྐད་འཕྲིན་ཚོགས་པ་དེ་དག་ནང་བརྗོད་པའི་གནད་དོན་རྣམས་བདེན་པ་ཡིན་མིན་རྩད་གཅོད་བྱས་ཡོད་པ་སོགས་གང་ཡང་འཁོད་མི་འདུག དེའི་བར་ན་ཁ་སང་བརྒྱུད་ལམ་དེའི་ཐོག་གནས་ཚུལ་ཐོན་པར་རྒྱ་གཞུང་གིས་དབྱེ་བའི་བོད་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁ་ཉིན་ཕྱི་ཚེས་ ༡ ཉིན་གསལ་བསྒྲགས་ཞིག་སྤེལ་བར་ཀན་སུའུ་ནང་གློ་ཚད་རིམས་ནད་ཕོག་པའི་ནད་པ་ ༥ མང་དུ་ཕྱིན་ཡོད་པ་དང་། དེའི་ཁོངས་ཀྱི་གནད་དོན་གཅིག་ཀན་ལྷོ་བོད་རིག་རང་སྐྱོང་ཁུལ་དུ་བྱུང་ཡོད་པ་དང། དེའང་ཁུལ་དེ་གཙོས་གྲོང་ཁྱེར་དུ་བཅའ་བཞུགས་རང་ལོ་ ༦༠ ཡིན་པའི་ལིང་ག་གེ་མོ་ཞུ་བ་ཞིག་ཡིན་པ་ཡོངས་གྲགས་བྱས་ཡོད། དེ་བཞིན་ཕྱི་ཟླ་ ༡ ཚེས་ ༣༡ བར་ཟི་ལིང་གྲོང་ཁྱེར་དུ་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཁྱོན་ ༩ ཆགས་ཡོད་པ་དང་། ནད་པ་ཞིག་གིས་ཁོ་པ་དང་ཁོ་པའི་བུ་གཉིས་ཟི་ལིང་གྲོང་ཁྱེར་དུ་འབྱོར་ཚེས་རྫུན་མ་བཤད་པ་དང་། རིམས་ནད་ཀྱི་ནད་རྟགས་ཐོན་རྗེས་སྨན་ཁང་ལ་བརྟག་དཔྱད་ཆེད་ལམ་སང་ཕྱིན་མེད་པ་མ་ཟད། མི་གཞན་དང་འབྲེལ་བ་བྱས་ཏེ་ཉེན་ཚབས་ཀྱི་གནས་སྟངས་བཟོས་པ་ལྟར། ཁོ་པ་དང་བུ་གཉིས་ད་ལྟའི་ཆར་ཟུར་དུ་སྨན་བཅོས་བྱེད་ཞིན་ཡོད་ཀྱང་ཁོ་པས་རྒྱལ་ཁབ་ཀྱི་ཁྲིམས་འགལ་ཏེ་གཞན་ལ་ཉེན་ཚབས་བཟོས་པའི་གནད་དོན་ལ་རྟོག་ཞིབ་ཐོག་ནས་ཁྲིམས་ལྟར་ལག་བསྟར་བྱེད་རྒྱུ་ཡིན་པར་བརྗོད་འདུག དེའི་ཁྲོད་བོད་ཀྱི་ས་ཁུལ་གང་སར་ས་གནས་མང་ཚོགས་ཀྱིས་འགན་རྐང་བཞེས་ཐོག་མང་ཚོགས་ལ་ལག་པ་ཁྲུས་སྟངས་སོགས་གཙང་སྦྲ་འཕྲོད་བསྟེན་བྱེད་དགོས་པ་དང་། དོན་མེད་ཕྱིར་སྐྱོད་གནང་རྒྱུ་མེད་པ་སོགས་ཀྱི་ལམ་སྟོན་གསལ་བསྒྲགས་སྤེལ་བ་མ་ཟད། གྲོང་ཚོ་སོ་སོའི་རྒྱལ་སྒོར་འགག་སྒོ་བཟོས་ཏེ་ཕྱི་མི་ནང་དུ་མི་གཏང་བར་རིམས་ནད་ལ་གདོང་ལེན་གནང་བཞིན་ཡོད་པ་རེད་འདུག རྒྱ་ནག་གཞུང་ཕྱོགས་ནས་ Wuhan གྲོང་ཁྱེར་ནས་རིམས་ནད་ཁྱབ་བརྡལ་བྱུང་སྟེ་ཆེས་ཛ་དྲག་གི་གནས་སྟངས་འོག་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ Wuhan གྲོང་ཁྱེར་གཙོ་བོར་གྱུར་བའི་ Hubei མངའ་སྡེའི་གྲོང་ཁྱེར་ ༩ ཙམ་སྒོ་མོ་བརྒྱབས་ཏེ་རིམས་ནད་ཁྱབ་བརྡལ་འགོག་ཐབས་བྱེད་ཞིན་པའི་རྣམ་པ་ཤུགས་ཆེ་བསྟན་ཡོད་ཀྱང་། བོད་ཀྱི་རྒྱལ་ས་ལྷ་དང་ཟི་ལིང་སོགས་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཚེས་ ༢༣ རྗེས་སུའང་གནམ་གྲུ་དང་མེ་འཁོར། དེ་བཞིན་རྒྱ་ལམ་བཅས་ཀྱི་ཐོག་ནས་མི་མང་དག་ཅིག་འབྱོར་བཞིན་པ་ཁུལ་དེའི་གཞུང་འབྲེལ་བརྒྱུད་ལམ་ལས་རྟོགས་ཐུབ་རྒྱུ་ཡོད་པའི་ཁྲོད་རྒྱག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེ་བཞིན་ཞིང་ཆེན་ཆེ་ཁག་ལྔ་ཙམ་གྱི་ནང་རིམས་ནད་ཕོག་པའི་མི་ཡོད་པ་མངོན་གསལ་བྱས་ཡོད་པ་རེད། རྩ་བའི་དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་དེ་རིང་བར་ Wuhan གྲོང་ཁྱེར་ཡོད་ས་ Hubei མངའ་སྡེ་གཙོས་རྒྱ་ནག་ཁྱོན་ཡོངས་སུ་ཏོག་གསར་རིམས་ནད་དེའི་འོག་མི་ ༣༦༡ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་ ༡༧༢༠༠ ལྷག་ལ་རིམས་ནད་ཕོག་ཡོད་པ་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༠༢་༠༣ ནང་ SARS ནད་ཡམས་ཀྱི་གྲངས་ཐོ་ལས་མང་བ་ཆགས་ཡོད་པ་རེད། ཕྱི་ཟླ་ ༡༢ ཚེས་ ༨ ཉིན་རིམས་ནད་ཁྱབ་གདལ་བྱུང་བ་ལྟར་ཚེས་ ༢༣ ཉིན་ Wuhan གྲོང་ཁྱེར་སྒོ་མོ་བརྒྱབ་པའི་བར་མི་ས་ཡ་ ༥ ཙམ་གྲོང་ཁྱེར་དེ་ནས་ཕྱིར་ཐོན་ཏེ་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་དང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་བསྐྱོད་ཟིན་ཡོད་པ་དང་འབྲེལ། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༢༠ ཙམ་གྱི་ནང་རིམས་ནད་དེ་ཕོག་པའི་མི་ ༡༣༠ ཙམ་ཡོད་པ་མ་ཟད། Philippines ནང་རིམས་ནད་དེའི་རྐྱེན་པས་མི་གཅིག་རྐྱེན་འདས་སུ་གྱུར་ཡོད་པ་རེད།

ཇཱར་ཁནྡྲ་དབུས་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ཉིན་མོ་སྲུང་བརྩི།

རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ Jharkhand གྱི་རྒྱལ་ས་ Ranchi འདབས་སུ་རྟེན་གཞི་བྱས་པའི་ Jharkhand དབུས་གཙུག་ལག་སློབ་གཉེར་ཁང་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་བཅས་ཀྱི་གོ་སྒྲིག་ཐོག་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་མངའ་སྡེ་དེའི་ Jharkhand དབུས་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷཱན་དཱི་མཆོག་གི་ལྟ་གྲུབ་འཚེ་མེད་ཞི་བ་དང་། བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞེས་པའི་བརྗོད་གཞི་གཙོ་བཟུང་ཐོག་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག མཛད་སྒོའི་ཐོག་རྒྱ་གར་ཤར་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Sudesh Kumar ལགས་དང་དབུས་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གཞོན་པ་སྐུ་ཞབས་ Shivendra Prasad ལགས་དང་འཛིན་སྐྱོང་འགན་འཛིན་སློབ་དཔོན་སྐུ་ཞབས་ Ashok Sarkar ལགས་གཙོས་དབུས་གཙུག་ལག་སློབ་གཉེར་གྱི་གསར་འགོད་དང་ཆབ་སྲིད་ཚན་རིག འཛིན་སྐྱོང་དང་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་སོགས་ཀྱི་དགེ་སློབ་རྣམས་ལྷན་ཞུགས་གནང་འདུག་པ་དང་། སྐབས་དེར་སྐུ་ཞབས་ Sudesh Kumar ལགས་ནས་མང་ཚོགས་ཁྲོད་རྒྱ་གར་དང་བོད་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་ལ་གོ་རྟོགས་ཀྱི་སློབ་གསོ་སྤེལ་གལ་ཡིན་པ་སོགས་གསུང་བཤད་གནང་འདུག གཞི་རྩའི་ Jharkhand མངའ་སྡེ་དེ་ནི་ཕྱི་ལོ་ ༢༠༠༠ ལོར་གསར་འཛུགས་ཞུས་པའི་རྒྱ་གར་གྱི་མངའ་སྡེ་གསར་གྲས་ཤིག་ཡིན་ནའང་། རྒྱ་གར་གྱི་མངའ་སྡེ་གཞན་དང་མི་འདྲ་བ་བར་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་སྐད་ཡིག་སློབ་ཁྲིད་ཁོངས་སུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་གི་ཡོད་པ་དང་། སྐབས་དེའི་བོད་ཀྱི་ཉིན་མོ་སྲུང་བརྩིའི་མཛད་སྒོར་དབུས་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་སློབ་དཔོན་སྐུ་ཞབས་ Ashok Sarkar ལགས་ནས་བོད་ཀྱི་ཉིན་མོ་ཞེས་པའི་མཛད་རིམ་འདི་བཞིན་མ་འོངས་པར་རྒྱུན་འཛིན་གནང་ཐོག་བོད་ཀྱི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་དང་འཁྲབ་སྟོན་སོགས་ཀྱང་གོ་སྒྲིག་གནང་ཐུབ་པའི་རེ་བ་ཡོད་པ་སོགས་གསུངས་འདུག

Latest news