Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

འདི་ལོའི་རྒྱ་ནག་གི་མང་གཙོའི་ཚད་གཞི་དེ་དམའ་ཤོས་ཀྱི་ཁོངས་སུ་མིང་འདོན་གནང་འདུག 

འདི་ལོའི་རྒྱ་ནག་གི་མང་གཙོའི་ཚད་གཞི་དེ་རྒྱལ་སྤྱའི་ཁྲོད་ནས་ཚད་དམའ་ཤོས་བཅུ་བཞི་པའི་ཁོངས་སུ་ལྷུང་འདུག  དབྱིན་ཡུལ་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་ The Economist intelligence unit ཚོགས་པས་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཁབ་༡༦༧ གྱི་ལོ་འཁོར་གྱི་མང་གཙོའི་ཚད་གཞི་མཚུངས་བསྡུར་བྱས་ཏེ་གཙོ་བོ་འོས་བསྡུའི་རིམ་པ་དང་སྲིད་གཞུང་གི་བྱེད་ལས། ཆབ་སྲིད་ཀྱི་ལས་དོན་ནང་མང་ཚོགས་འཛུལ་ཞུགས། ཆབ་སྲིད་ཀྱི་རིག་གཞུང་དང་སྤྱི་དམངས་ཀྱི་རང་དབང་སོགས་ཀྱི་རྨང་གཞིའི་ཐོག་ནས་ཞིབ་འཇུག་བྱས་པའི་ཁྲོད་ལོ་འདིའི་ནང་རྒྱལ་སྤྱིའི་སྤྱི་ཡོངས་ཀྱི་མང་གཙོའི་ཚད་གཞི་དེ་ཉམས་དམས་སུ་སོང་ཡོད་པར་ཡོངས་གྲགས་གནང་འདུག དེ་ཡང་ཚོགས་པ་དེས་འདོན་སྤེལ་གནང་བའི་ལོ་འཁོར་སྙན་ཐོར་གཞིགས་ན། རྒྱལ་ཁབ་༡༦༧ ཁྲོད་ནས་རྒྱ་ནག་ནང་གི་དམངས་གཙོའི་གནས་བབ་ཀྱི་ཚད་གཞི་དེ་ནི། བརྒྱ་ཆ་བཅུ་ནས་བརྒྱ་ཆ་ ༢.༢༦ མ་གཏོགས་ཐོབ་མེད་པ་བཅས་ཚད་གཞི་དམའ་ཤོས་ ༡༥༣ བར་ལྷུང་ཡོད་པ་དང་། དེ་ནི་སྔ་ལོའི་ཚད་གཞི་ལས་མར་ཉམས་སྨད་དུ་སོང་ཡོད་པར་ཡོངས་གྲགས་གནང་ཡོད་པ་རེད། སྙན་ཐོའི་ནང་གསལ་བའི་རྒྱ་ནག་གི་ཚན་པའི་ནང་རྒྱ་ནག་ནང་དུ་མང་གཙོ་ཉམས་སྨད་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོའི་གྲོས་སུ་གཙོ་བོ་ཡུ་གུར་མི་རིགས་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་རྣམས་ལ་དབྱེ་འབྱེད་ཀྱི་སྲིད་བྱུས་སྤེལ་བ་དང་འཕྲུལ་རིགས་བེད་སྤྱོད་ཀྱིས་མི་མང་ལ་བཀག་སྡོམ་བྱས་ཏེ་སྤྱི་དམངས་ཀྱི་ཁྲིམས་སྲོལ་ལ་རྩིས་མེད་བཏང་བ། དེ་བཞིན་ཧོང་ཀོང་ནང་གི་གནས་སྟངས་བཅས་ལུང་འདྲེན་གནང་བ་མ་ཟད། སྤྱིར་རྒྱ་ནག་གི་མང་ཚོགས་ཁྲོད་མང་གཙོའི་སྐོར་ལ་གོ་རྟོགས་མེད་པའི་རྐྱེན་གྱིས་མང་གཙོའི་རིན་ཐང་ལ་རྒྱབ་སྐྱོར་དེ་ཙམ་མེད་པར་འགྲེལ་བརྗོད་ཀྱང་གནང་འདུག རྩ་བའི་དབྱིན་ཡུལ་ནང་གི་ཚོགས་པ་དེས་ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་ལོ་ལྟར་རྒྱལ་སྤྱིའི་མང་གཙོའི་ཚད་གཞི་མཐོ་ཤོས་དེ་བརྒྱ་ཆ་བཅུ་ནས་ཀླད་ཀོར་བར་དུ་གཏན་འབེབས་ཀྱིས་ཞིབ་འཇུག་བྱས་པའི་ཁྲོད་འདི་ལོའི་སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་མང་གཙོའི་ཆ་སྙོམས་ཀྱི་བརྒྱ་ཆ་ ༥.༤༤% ཆགས་ནས་ཚད་གཞི་དམའ་ཤོས་སུ་ལྷུང་ཡོད་པར་ཡོངས་གྲགས་གནང་བ་མ་ཟད། འཛམ་གླིང་གི་བརྒྱ་ཆ་གསུམ་ལས་གཅིག་ལྷག་ད་དུང་སྲིད་དབང་སྒེར་གཅོད་ཀྱི་འོག་ཏུ་གནས་མུས་ཡིན་པའང་ཡོངས་གྲགས་གནང་ཡོད་པ་རེད། འདི་ལོའི་མང་གཙོའི་ཚད་གཞི་མཐོ་ཤོས་དེ་ནོར་ཝེ་རྒྱལ་ཁབ་དང་དམའ་ཤོས་ཏེ་བྱང་ཀོ་རི་ཡ་རེད་འདུག

དབྱིན་ཡུལ་གྲོས་ཚོགས་སུ་རྒྱ་ནག་གི་ཧཱོ་བཱེ་བཟོ་ཚོང་ཁང་གིས་སོ་ཉུལ་གྱི་ལས་ཀ་བྱེད་བཞིན་པར་སྐྱོན་བརྗོད།   

དབྱིན་ཡུལ་གཞུང་གིས་དེ་རིང་ཡུལ་དེའི་ནང་གི་ 5G དྲྭ་རྒྱའི་ཚོང་ལས་ཐད་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཆེ་ཤོས་ Huawei བཟོ་ཚོང་ཁང་དང་འབྲེལ་བ་འཇོག་མིན་ཐོག་ཐག་གཅོད་གནང་གི་ཡོད་པ་དང་བསྟུན། ཁ་སང་དབྱིན་ཡུལ་གྲོས་ཚོགས་ནང་གནད་དོན་དེའི་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་བ་དང་སྦྲགས། ཧཱོ་བཱེ་བཟོ་ཚོང་ཁང་གིས་སོ་ཉུལ་གྱི་ལས་ཀ་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་Tim Loughton ལགས་ཀྱིས་རང་ཉིད་ཀྱི་ Twitter དྲྭ་གནས་སྟེང་བརྙན་པར་ཞིག་བཞག་པར་གཞིགས་ན་ཁོང་གིས་སྐབས་དེར་གྲོས་ཚོགས་སུ་རྒྱ་ནག་གི Huawei བཟོ་ཚོང་ཁང་གིས་བོད་དང་ཤིན་ཅང་སོགས་སུ་གསང་ཉུལ་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་མ་ཟད། ཧོང་ཀོང་དང་ཨ་ཕི་རི་ཀ་སོགས་སུ་བཟོ་ལས་ཁང་དེའི་འཕྲུལ་ལས་བརྒྱུད་ནས་སོ་ཉུལ་དང་དྲྭ་འབྲེལ་ལ་གཏོར་བཅོམ་གཏོང་གི་ཡོད་པ་སོགས་ལ་སྐྱོན་གནང་སྟེ་དབྱིན་ཡུལ་གྱི་ཕྱོགས་མཐུན་གྱི་རྒྱལ་ཁབ་ཁག་གཅིག་གིས་བཟོ་ཚོང་ཁང་དེའི་འཕྲུལ་ལས་དང་འབྲེལ་ཐག་བཅད་ཡོད་པ་ལྟར་དབྱིན་ཡུལ་གཞུང་གིས་ཀྱང་བཟོ་ལས་ཁང་དེ་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་སྐུལ་གནང་བ་དང་ཆབས་ཅིག དྲྭ་རྒྱའི་བདེ་འཇགས་ལ་ཐུག་དུས་དབྱིན་ཡུལ་གྱིས་ཕུགས་རྒྱང་རིང་པོའི་མཇུག་འབྲས་ལ་དགོངས་བཞེས་གནང་གལ་ཡིན་པར་གསུངས་འདུག རྩ་བའི་རྒྱལ་སྤྱའི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཆེ་ཤོས་ Huawei བཟོ་ཚོང་ཁང་ནི་རྒྱ་ནག་སྲིད་གཞུང་ལ་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད་བཟོ་ཚོང་ཁང་དེས་རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་དོགས་སློང་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད། བཟོ་ཁང་གཞན་གྱི་ཐོན་གསར་གྱི་མ་ལག་སྒྲིག་སྦྱོར་གྱི་བསམ་བློ་སོགས་ཀྱང་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་མང་པོ་བྱུང་ཡོད་པར་བརྟེན་ཨ་རི་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་ཁེ་ན་ཌ། ཉི་ཧོང་སོགས་ཀྱིས་རྒྱ་ནག་གི་ Huawei བཟོ་ཚོང་ལ་ཚོང་འབྲེལ་བྱེད་རྒྱུ་མཚམས་འཇོག་གནང་ཡོད་པ་རེད། གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཨ་རི་ངོས་ནས་དབྱིན་ཡུལ་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་གི་བཟོ་ལས་ཁང་དེ་དང་འབྲེལ་ཐག་གཅོད་རྒྱུའི་ཞུ་སྐུལ་གནང་ཡོད་ཀྱང་། ཁ་སང་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས Boris Johnson མཆོག་གིས་ཀྱང་གསར་ལམ་ཁག་ལ་གནད་དོན་དེའི་སྐོར་གསུངས་པར་དབྱིན་ཡུལ་གཞུང་གིས་ཡུལ་དེའི་བདེ་འཇགས་དང་མང་ཚོགས་ཀྱི་དྲྭ་རྒྱའི་དགོས་མཁོ་བཅས་ཕྱོགས་གཉིས་ཀ་གཞིར་བཞག་ཐོག་ཐག་གཅོད་བྱ་རྒྱའི་འགྲེལ་བརྗོད་གནང་ཡོད་པ་ལྟར། དཔྱད་ཞིབ་པ་རྣམ་པས་དབྱིན་ཡུལ་གཞུང་གིས་ཕལ་ཆེར་ Huawei བཟོ་ཚོང་ཁང་ལ་ཡུལ་དེའི་ནང་གི་5G དྲྭ་རྒྱའི་ཚོང་ལས་ཀྱི་ཆ་ཤས་ཤིག་ཕུལ་རྒྱུར་ཚོད་དཔག་གནང་བཞིན་ཡོད་པ་རེད་འདུག གཞི་རྩའི་ཕྱི་ལོ་ ༢༠༡༩ ཟླ ༥ ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཕྱིར་ཨ་རིས་བཟོ་ཚོང་ཁང་ཁག་ཅིག་དང་ལྷན་དུ་འབྲེལ་བ་གནང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ་དང་སྦྲགས། ཨ་རི་སྲིད་གཞུང་གི་ལས་ཁུངས་ཁག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་འཕྲུལ་ལས་ཀྱི་རིགས་བེད་སྤྱོད་གཏོང་མི་ཆོག་པའི་བཀའ་རྒྱ་བཏང་བར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བཟོ་ཚོང་ཁང་དེ་ནི་རྒྱ་ནག་གི་ Huawei བཟོ་ཚོང་ཁང་ཡིན་པར་བསྒྲགས་ཡོད་པ་ལྟར་གྷུ་གྷལ་བཟོ་ཚོང་ཁང་གིས་ཀྱང་རྒྱ་ནག་གི་ Huawei བཟོ་ཚོང་ཁང་དང་འབྲེལ་ཐག་བཅད་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ Huawei བཟོ་ཚོང་ཁང་དེ་རྒྱ་ནག་སྲིད་གཞུང་དང་འབྲེལ་ཐག་དམ་པོ་ཡོད་པའི་ཐོག་བཟོ་ཚོང་ཁང་དེས་ཁ་པར་སོགས་རྒྱ་ནག་སྲིད་གཞུང་གིས་སོ་ཉུལ་བྱེད་རྒྱུར་བེད་སྤྱོད་གཏོང་གི་ཡོད་པར་དོགས་གཞི་དེ་ནི།   བཟོ་ཚོང་ཁང་དེ་ཕྱི་ལོ་ ༡༩༨༧ ལོར་རྒྱ་རིགས་ Ren Zhengfei ཟེར་བ་ཞིག་གིས་གསར་དུ་བཙུགས་ཡོད་པ་ཞིག་ཡིན་པ་དང་། ཁོ་པ་ནི་སྔོན་ཆད་སྲིད་གཞུང་དང་འབྲེལ་བ་དམ་ཟམ་ཡོད་པའི་མི་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་བཅིངས་བཀྲོལ་དམག་མིའི་འཕྲུལ་ལས་ཀྱི་ལས་ཀ་གཉེར་མྱོང་མཁན་ཞིག་ཡིན་པ་ཡོངས་གྲགས་ཆགས་ཡོད་པ་རེད།    དེ་བཞིན་བཟོ་ཚོང་ཁང་དེའི་ལས་ཁུངས་ཀྱི་འགན་གཙོ་བོ་ཁྱེར་མཁན་དང་  Ren Zhengfei ཡི་བུ་མོ་  Meng Wanzhou  ཡིས་བཟོ་ལས་ཀྱི་ལམ་ནས་དངུལ་ཁང་གཏོང་བཅོམ་བཏང་བའི་ཉེས་འཛུགས་ཀྱི་འོག་ཁེ་ན་ཌའི་སྲིད་གཞུང་གིས་ཁོ་མོ་འཛིན་བཟུང་བྱས་ཡོད་པ་རེད།

ནད་ཡམས་རྐྱེན་པས་བོད་ནང་གི་དགོན་སྡེ་ཁག་གཅིག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མཚམས་བཞག་འདུག

རྒྱ་ནག་གི་ Wuhan གྲོང་ཁྱེར་ནས་ Coronavirus ཞེས་པའི་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་དེ་ཁྱབ་བརྡལ་བྱུང་སྟེ་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་སླེབས་ཡོད་པའི་གནས་ཚུལ་རིམ་པ་འཐོན་བཞིན་པའི་ཁྲོད་བོད་ནང་དུ་ནད་གཞི་སྔོན་འགོག་དང་ཁྱབ་བརྡལ་མི་ཡོང་བའི་ཕྱིར་ལྷ་ས་ནང་གི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་ཀྱིས་གཙོས་པའི་བོད་ཀྱི་ས་ཁུལ་གང་སར་དགོན་པ་མང་དག་ཅིག་དེ་རིང་ནས་སྒོ་བརྒྱབ་པ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཡོངས་རྫོགས་སྤེལ་མཚམས་འཇོག་བཞིན་འདུག དེ་ཡང་ཕྱི་ཟླ་ ༡༢ ཀྱི་ཟླ་མཇུག་ནས་ཁྱབ་བརྡལ་བྱུང་བའི་ནད་གཞི་དེ་ཉིན་རེ་བཞིན་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་ད་བར་ Wuhan གྲོང་ཁྱེར་དུ་ནད་གཞི་དེ་ཕོག་ཟིན་པ་མི་གྲངས་ ༢༧༠༠ ལྷག་ཡོད་པ་དང། མི་ ༨༠ ལྷག་རྐྱེན་འདས་སུ་ཕྱིན་པ་མ་ཟད། ཨ་རི་ནང་དུ་དེ་སྔ་ནད་གཞི་དེ་ཕོག་པ་མི་གཅིག་ལས་མེད་ཀྱང་ད་ཆ་མི་ ༤ ལ་ཕོག་པ་ར་འཕྲོད་བྱུང་བ་བཅས་ད་ལྟའི་ཆར་རྒྱལ་གཞན་ཁག་ཏུའང་ནད་རིམས་དེ་རིམ་པས་ཁྱབ་བརྡལ་འགྲོ་བཞིན་པའི་གནས་ཚུལ་འཐོན་བཞིན་འདུག བོད་ལ་མཚོན་ན་ད་ལྟའི་ཆར་ནད་རིམས་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་སླེབས་མེད་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ཉེ་ཆར་དཀར་མཛེས་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལས་ཚན་ཐོག་གནས་ཚུལ་ར་སྤྲོད་བྱུང་བར་གཞིགས་ན། ཁུལ་དེའི་ནང་ནད་གཞི་དེ་ཕོག་པའི་མི་གཅིག་སླེབས་པ་བརྒྱུད་ནས་གཞན་གཉིས་ལ་ནད་གཞི་འགོས་ཏེ་སྨན་ཁང་དུ་སྨན་བཅོས་བྱེད་མུས་རེད་འདུག དེའི་བར་ན་རྒྱ་ནག་གཞུང་གི་བརྡ་ཁྱབ་གཞིར་བཟུང་བོད་ཀྱི་རྒྱལ་ས་ལྷ་སའི་མི་འཛོམས་ཆེ་ས་ཕོ་བྲང་པོ་ཏ་ལ་དང། ནོར་བུ་གླིང་ཁ། དེ་བཞིན་གཙུག་ལག་ཁང་གཙོ་གྱུར་བོད་ཀྱི་ས་ཁུལ་གང་སར་དགོན་སྡེ་ཁག་འདྲ་མིན་ནས་དེ་རིང་ཕྱི་ཚེས་ ༢༧ ནས་བཟུང་དུས་ཚོད་ངེས་མེད་བར་དུ་དགོན་པ་དེ་དག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་རྫོགས་མཚམས་འཇོག་རྒྱུ་ཡིན་པ་དང། མང་ཚོགས་ནས་མཆོད་མཇལ་སོགས་གནང་བར་མི་ཡོང་བའི་འབོད་སྐུལ་གནང་འདུག དེའི་ཁྲོད་ཁ་ཉིན་རྒྱ་ནག་གི་ Weixin དྲྭ་ལམ་ཐོག་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གི་སྤྱི་གསར་དུས་ཆེན་དང་བསྟུན། དད་ལྡན་པ་རྣམས་ལ་འཚམས་འཕྲིན་བསྩལ་བ་དང་འབྲེལ། མི་རྟག་པ་དང་རྒྱུ་འབྲས་ཀྱི་རྣམ་གཞག་དཔེ་མཚོན་ཐོག་ནས་ད་ལྟ་རྒྱ་ནག་ནང་དུ་ནད་ཡམས་འཚབ་ཆེན་ཞིག་ཁྱབ་བརྡལ་ཕྱིན་སྟེ་ཚང་མར་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། ད་ཆ་འཕྲིན་གཏོང་ཧ་ཅང་སྟབས་བདེ་པོ་ཡོད་པས་ང་ཚོར་ཉིན་ལྟར་ཆ་འཕྲིན་དང་གསར་གྱུར། དེ་བཞིན་གནས་ཚུལ་མང་པོ་འབྱོར་གྱི་ཡོད་པས་མི་རྣམས་སེམས་གཡེང་སླ་བ་དང་དངངས་སྐྲག་ཆེ་བ་ཡོང་གི་ཡོད་སྟབས། འགག་རྩའི་དུས་སུ་ཐག་གཅོད་ཆུང་ཆུང་ཞིག་ཀྱང་ཚེ་སྲོག་གི་བདེ་སྡུག་དང་འབྲེལ་བ་ཡོད་སྟབས། དུས་ཚོད་དེ་འདྲའི་སྐབས་སུ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་དང་སེམས་རྣལ་དུ་ཕབ་དགོས་པའི་ལམ་སྟོན་བསྩལ་བ་དང་འབྲེལ། ང་ཚོའི་ངོས་ནས་མཉམ་རུབ་ཀྱིས་འབད་ཚེ་དཀའ་ངལ་ལས་མཉམ་དུ་སྒྲོལ་ཐུབ་ངེས་ཡིན་པ་དང། ནད་གཞི་ཚོད་འཛིན་ངེས་པར་བྱེད་ཐུབ་ངེས་ཡིན་པ་མ་ཟད། མྱུར་དུ་ཐག་གཅོད་ཐུབ་རྒྱུ་ཡིན་པར་ཐུགས་རེ་ཡོད་སྐོར་བཀའ་བསྩལ་འདུག རིན་པོ་ཆེ་མཆོག་གིས་ད་དུང་ཁོང་ནས་ས་སྐྱ་ནད་བཅོས་ཞེས་པའི་ནད་མེད་པར་བཟོ་བ་དང་གནོད་འཚེ་གསལ་བའི་ཡི་གེ་ཞིག་གསར་སྤེལ་གནང་ཡོད་པ་དེ་བོད་ནང་དུ་དར་ཁྱབ་ཆེན་པོ་ཕྱིན་སྟེ་ཚང་མས་ཀློག་འདོན་གནང་གི་ཡོད་པ་དེ་གང་མང་སྐུལ་ལྕག་དང་བློ་སྟོབས་ཕྲན་བུ་སྦྱིན་པའི་ཐུགས་རེ་གནང་བཞིན་ཡོད་པ་སོགས་བཀའ་བསྩལ་ཡོད་པ་རེད། རྩ་བའི་ད་བར་རྒྱ་གར་ནང་དུ་རིམས་ནད་དེ་སླེབས་ཡོད་པའི་གནས་ཚུལ་ཐོན་མེད་ཀྱང། བཞུགས་སྒར་དུ་རྟེན་གཞིས་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་དུ་བོད་མི་མང་པོ་ཞིག་ཚང་ཁ་ཤིག་ཤིག་གིས་ནད་ཡམས་སྔོན་འགོག་ཆེད་རིམས་སྲུང་རིལ་བུ་ཉོ་ཐབས་གནང་བཞིན་འདུག་པ་མ་ཟད། ཁག་གཅིག་ནས་བོད་ནང་དུ་བཞུགས་པའི་ཁོང་རྣམ་པའི་ནང་མི་ཉེ་འབྲེལ་རྣམས་ལ་སྐུར་ཕྱིར་ཉོ་བཞིན་ཡོད་པ་གསུངས་སོང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཚན་རིག་པ་རྣམས་ཀྱིས་གློ་ཚད་ནད་ཡམས་འདི་བཞིན་མི་ནས་མིར་འགོས་རྒྱུ་ཡོད་པ་མ་ཟད་ནད་འབུ་དེ་སླེབས་པའི་རྗེས་སུ་ནད་རྟགས་མ་ཐོན་པའི་སྔོན་ལའང་ཕན་ཚུན་དབར་ནད་འགོས་རྒྱུ་ཡོད་པ་གསུང་བཞིན་འདུག ཝུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་ Zhou Xianwang ཡིས་རྒྱ་གཞུང་ནས་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུ་ཙམ་ལ་ Wuhan གྲོང་ཁྱེར་དེ་སྒོ་མོ་བརྒྱབ་ཡོད་ཀྱང། དེའི་སྔོན་ཚུད་དུ་མི་ས་ཡ་ལྔ་ཙམ་གྲོང་ཁྱེར་དེའི་ཕྱི་ཕྱོགས་སུ་བསྐྱོད་ཟིན་ཡོད་སྐོར་བརྗོད་འདུག དེ་བཞིན་རྒྱ་ནག་གི་ཕྱི་ནང་གཉིས་སུ་རྒྱ་ནག་གཞུང་གིས་ནད་གཞི་དེ་ཛ་དྲག་རང་བཞིན་ལ་ངོས་འཛིན་རྒྱུ་དང། སྔོན་འགོག་གི་ལས་གཞི་སྤེལ་རྒྱུ་ཧ་ཅང་ཕྱིས་དྲག་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་མཁན་འཐོན་བཞིན་འདུག རྒྱ་གཞུང་ནས་མང་ཚོགས་ཁྲོད་རིམས་ནད་དེའི་སྐོར་དྲྭ་རྒྱའི་ཐོག་རྫུན་གཏམ་སྤེལ་མཁན་རྣམས་ལ་དམ་དྲག་དང་ལྷག་པར་གསར་འགོད་པ་རྣམས་ལ་བསུན་གཙེར་ཤུགས་ཆེ་བཟོ་བཞིན་པའི་ཁྲོད། ནང་ཆེན་རྫོང་སྤྱི་བདེ་ལས་ཁུངས་ཀྱི་ངོས་ནས་ཏོག་དབྱིབས་གསར་པའི་ནད་དུག་རིམས་ནད་སྔོན་འགོག་བྱེད་སྐབས་ཀྱི་སྤྱི་ཚོགས་བདེ་འཇགས་དོ་དམ་བྱ་བའི་སྐོར་གྱི་གསལ་བརྡ་ཞེས་པ་ཞིག་བཏང་བར་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་རིམས་ནད་བྱུང་ཚུལ་ཤེས་རྟོགས་བྱེད་དགོས་པ་ལས། པོད་འཕྲིན་དང་གླེང་སྟེགས། སྐད་འཕྲིན་སོགས་འཕྲིན་སྤེལ་དྲྭ་ལམ་སྤྱི་རིགས་ཐོག་རིམས་ནད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་དྲང་བདེན་མིན་པ་རྣམས་ལ་ཡིད་ཆེས་དང་བརྒྱུད་སྤེལ་བྱེད་མི་རུང་བ་དང། ཆ་འཕྲིན་དྲང་བདེན་མིན་པ་དེ་བས་ཀྱང་རྫུན་བཟོ་དང་ཁྱབ་བསྒྲགས་བྱེད་མི་རུང་བ། ཅི་སྟེ་དེ་ལྟར་བྱེད་མཁན་འབྱུང་ཚེ་ཁྲིམས་ལྟར་ཉེས་ཆད་ལག་བསྟར་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

སེམས་ཀྱི་ཞི་བདེ་བསྐྲུན་པར་ནང་ཆོས་ལས་ལྷག་པ་མེད་པར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་ནང་ཆོས་ལས་ལྷག་པ་མེད་པར་བཀའ་བསྩལ་འདུག དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བལ་ཡུལ་ནས་ཆེད་བཅར་ཞུས་པའི་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་དགེ་ལས་སློབ་མ་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་སྦྲགས། དེང་གི་འཛམ་གླིང་ཐོག་ཡོད་པའི་ཤེས་ཡོན་དེ་དག་ནུབ་ཕྱོགས་ནས་དར་བ་ཞིག་ཡིན་པ་དང་། ང་ཚོས་ནུབ་ཕྱོགས་ཀྱི་ཤེས་ཡོན་དེ་དག་ཁོ་ནའི་ཐོག་མི་ཚེ་བསྐྱལ་ཚེ་ང་རྒྱལ་དང་ཕྲག་དོག འགྲན་སེམས། རང་གཅེས་འཛིན་སོགས་ཀྱི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་མི་ཚེ་སྐྱིད་པ་ཞིག་ཡོང་རྒྱུ་ཁག་པོ་ཡིན་པར་བཀའ་བསྩལ་བ་དང་ཆབས་ཅིག དཀའ་ངལ་དེ་དག་སེལ་ཐབས་སུ་ནང་པའི་གཞུང་ནས་གསུང་པའི་ལྟ་གྲུབ་དང་ཚན་རིག་གི་རྣམ་གཞག་ཐོག་སློབ་གཉེར་གནང་དགོས་པའི་ལམ་སྟོན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་མང་རིང་སྐུ་ལས་བསྐྱོན་ཏེ་ཕྱོགས་བསྒྲིགས་ཞུས་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དཔེ་ཞིག་དགེ་སློབ་ཚོར་གསོལ་བསྩལ་དང་སྦྲགས། ནང་པ་སངས་རྒྱས་པའི་གཞུང་འདི་ཆོས་ཕྱོགས་དང་ཚན་རིག དེ་བཞིན་ལྟ་གྲུབ་བཅས་སྡེ་ཚན་གསུམ་རུ་དབྱེ་ཡོད་པ་ལྟར་ཕྱག་དཔེ་ནང་གཙོ་བོ་བོད་ཀྱི་ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་ཡོད་པ་དེ་ནི་ཆོས་དད་ཡོད་མེད་ཚང་མར་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དུས་ཚོད་སྟོང་པ་ནམ་ཡིན་ལ་སློབ་མ་ཚོར་སློབ་ཁྲིད་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་དེང་གི་འཛམ་གླིང་ཐོག་ནང་པའི་ལུང་པ་མང་པོ་ཡོད་ཀྱང་ཚན་རིག་དང་མཐུན་པའི་ཐོག་གཞུང་ཆེན་ཁག་འགྲེལ་བརྗོད་གནང་ཐུབ་མཁན་བོད་པ་ཁོ་ན་ཡིན་པ་འདི་ནི་བོད་མི་རིགས་ཀྱི་སྤོབས་པ་དང་སེམས་ཤུགས་འཕར་གཞི་ཞིག་ཀྱང་ཡིན་པས་ངེས་དུ་རིག་གནས་དེ་དག་ཐོག་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། གཞི་རྩའི་༸གོང་ས་མཆོག་ཉེ་ཆར་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་གསུམ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback ལགས་ཀྱིས་ The Week ཞེས་པའི་རྒྱ་གར་གི་དུས་དེབ་ཐོག་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བ་བརྒྱུད་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་ཞུ་སྐུལ་གནང་བ་དང་ཆབས་ཅིག ཨ་རི་གཞུང་ནས་རྒྱ་ནག་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དང་མཇལ་འཕྲད་ཀྱི་གོ་སྐབས་ནམ་བྱུང་ལ་བོད་ཀྱི་གནད་དོན་གླེང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་འདུག སྐུ་ཞབས་ Sam Brownback ལགས་ཀྱིས་ཟླ་ ༡ ཚེས་ ༢༥ ཉིན་འདོན་སྤེལ་གནང་བའི་དཔྱད་རྩོམ་དེའི་ནང་ཆོས་དད་རང་དབང་ཞེས་པ་དེ་ནི་གོ་ལའི་ཁྱོན་ཡོངས་ལ་ཁྱབ་པའི་རང་དབང་ཞིག་ཡིན་པ་དང་། གང་ཟག་རང་ཉིད་ཆོས་དད་ཡོད་མེད་དང་ཆོས་གང་འདྲ་ཞིག་ཁས་བླངས་དང་མི་བླངས། དེ་བཞིན་ཆོས་ལུགས་གང་ཞིག་ཉམས་སུ་བླངས་མིན་བཅས་ཀྱི་གནད་དོན་ནི་སྒེར་གྱི་ཐོབ་ཐང་ཞིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱལ་ཁབ་སོ་སོའི་གཞུང་གི་འགན་འཁྲི་ནི་ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་གསུངས་འདུག ཁོང་གིས་འཛམ་གླིང་ནང་གི་ཆོས་ལུགས་འཛིན་མཁན་གྱི་མི་རིགས་གཞན་ལྟར་བོད་རིགས་ཚོར་ལའང་རང་དབང་ཐོག་ནས་རང་ཉིད་ཀྱི་དབུ་ཁྲིད་བདམ་རྒྱུའི་ཆོག་མཆན་གཙོ་གྱུར་ཆོས་དད་རང་དབང་ཆ་ཚང་སྤྲོད་དགོས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གཙོས་པའི་ཆོས་ཕྱོགས་དང་འབྲེལ་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ཐོབ་ཐང་དེ་༸གོང་ས་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་དབུ་འཁྲིད་རྣམ་པ། དེ་བཞིན་བོད་མི་མང་བཅས་ལ་ཡོད་པ་ལས་གཞན་སུ་གང་ལའང་ཐོབ་ཐང་དེ་ལྟར་མེད་བསྐྱར་ནན་གསུངས་འདུག ཁོང་གིས་ད་དུང་ཨ་རི་གཞུང་གིས་བོད་དོན་ཐོག་འཛིན་པའི་དམ་བཅའ་བརྟན་པོ་ཡོད་སྐོར་བསྐྱར་ནན་དང་འབྲེལ་ཏེ་རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་ཞི་མོལ་སླར་གསོ་ཡོང་ཐབས་སུ་ཨ་རི་གཞུང་གིས་ཕྱོགས་གང་ས་ནས་འབད་བརྩོན་གནང་མུས་ཡིན་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་བཅས་ལ་གུས་བརྩི་ཞུས་ཏེ་བོད་མིར་ཞེད་སྣང་དང་འཁོན་ལན་སོགས་གང་ཡང་མེད་པར་རང་དབང་ཐོག་རིག་གཞུང་སྲུང་སྐྱོབ་བྱེད་འཇུག་དགོས་པ་གསུངས་འདུག དེ་བཞིན་ International Religious Freedom Act of 1998 ཞེས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་སྒྲིག་དང་འབྲེལ་ནས་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཁྲོད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་མཁན་གྱི་ཁོངས་སུ་རྒྱ་ནག་ཐེར་འདོན་གནང་ཡོད་པ་ངོ་སྤྲོད་དང་གནང་འདུག རྒྱལ་སྤྱིའི་ངོས་འཛིན་གནང་བའི་ཆོས་དད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་ཕྱིར་རྒྱ་ནག་རང་ཉིད་ཀྱིས་བཞག་པའི་ཁས་ལེན་དམ་བཅའ་རྣམས་དོན་འཁྱོལ་ལག་བསྟར་བྱེད་དགོས་པ་དང་། མ་འོངས་པར་ཞི་བདེ་དང་སྤྱི་ཚོགས་སྲ་བརྟན་ཡོང་རྒྱུ་ཙམ་མ་ཟད། རྒྱ་ནག་རང་ཉིད་ཀྱི་བདེ་འཇགས་དང་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་ཡང་དེ་ལྟར་ཡོང་ངེས་ཡིན་པ་བརྗོད་འདུག གཞན་ཡང་འཛམ་གླིང་ནང་ཆོས་ལུགས་ཕན་ཚུལ་དབྱེ་འབྱེད་དང་སྐྱོན་བརྗོད། དེ་བཞིན་ཕྱི་མིར་སྡང་འཛིན་དང་གནོད་འཚེ་བྱས་པ་དེས་འཐབ་རྒོལ་དང་། སྤྱི་ཚོགས་བདེ་འཇགས་སོགས་ལ་གཏོར་བཤིག་ཙམ་མ་ཟད་གོ་ལ་སྤྱིའི་སྲ་བརྟན་ཡོང་ཐབས་ལ་འགོག་རྐྱེན་བཟོ་ཡི་ཡོད་སྟབས།  ཆོས་དད་རང་དབང་དང་འབྲེལ་ནས་བགྲོ་གླེང་བྱེད་རྒྱུ་ནི་སྤྱི་ཚོགས་བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་རྒྱུའི་ལས་དོན་གནད་ཆེ་ཞིག་ཡིན་པར་གསུངས་འདུག རྩ་བའི་སྐུ་ཞབས་ Sam Brownback ལགས་ལྟ་བུར་མཚོན་ན་དུས་དང་རྣམ་པ་ཀུན་ཏུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༡ ནང་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་མ་ཟད་སྐབས་དེར་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་སྦྲགས། བོད་མི་རྣམས་ལ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུའི་རང་དབང་ཆ་ཚང་ཡོད་སྐོར་དང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་བདག་དབང་དང་འབྲེལ་བའི་ཐག་གཅོད་ནི་བོད་མི་དང་བོད་བརྒྱུད་ནང་བསྟན་པ་རྣམས་ལ་ཡོད་པར་གསུང་བཤད་གནང་ཡོད་པ་རེད།

བོད་དོན་རྒྱབ་སྐྱོར་བ་གཉིས་ལ་རྒྱ་གར་གྱི་ཚད་མཐོའི་སྤྱི་དམངས་ཀྱི་གཟེངས་རྟགས་ཐོབ་འདུག

འདི་ལོའི་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེགས་རྟགས་མཐོ་ཤོས་གཉིས་བ། Padma Vibhushan ཞེས་པ་དེ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་བ། བོད་དོན་རྒྱ་སྐྱོར་བ། འདས་བོ་དམ་པ་སྐུ་ཞབས George Fernandes ལགས་ལ་ཕུལ་ཡོད་པ་དང་། དེ་བཞིན་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་བཞི་བ། Padma Shri ཞེས་པ་དེ། བོད་ཀྱི་ནང་དོན་རིག་པའི་མཁས་དབང་། ཨ་རིའི་བོད་ཁང་གི་འགན་འཛིན། སྐུ་ཞབས་ Robert Thurman ལགས་སུ་ཕུལ་ཡོད་པ་རེད། དེ་ཡང་ཁ་སང་རྒྱ་གར་གྱི་སྤྱི་དོན་རྒྱལ་ཁབ་དབུ་བརྙེས་བའི་ཉིན་མོ་དང་བསྟུན། ལོ་འཁོར་གྱི་བྱས་རྗེས་ཅན་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་གྲོས་འབུལ་སའི་ཆེད་མཁས་བའི་ཁོངས་སུ་བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་གི་སྒང་ལ་ལོ་མང་གི་རིང་ཕྱག་ལས་རྒྱ་ཆེར་གནང་མཁན་གྱི་སྐུ་ཞབས་ George Fernandes ལགས་དང་སྐུ་ཞབས་ Robert Thurmanལགས་གཉིས་ཀྱང་གཟེགས་རྟགས་བཞེས་མཁན་གྱི་ཁོངས་སུ་ཡོད་པར་བོད་མི་རྣམས་ཀྱིས་དགའ་སྤྲོ་ཆེན་པོ་གནང་གི་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་བ་ཁོང་གཉིས་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེགས་རྟགས་ཕུལ་བའི་གནས་ཚུལ་དང་འབྲེལ་ནས། འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཞོན། ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་ཁོང་གཉིས་བོད་དོན་དང་འབྲེལ་བ་བྱུང་སྟངས་དང་། ཐེངས་འདིའི་གཟེངས་རྟགས་དེ་ཁོང་གཉིས་ལ་ཐོབ་པར་བོད་མི་ཚོས་ངོས་འཛིན་བྱེད་ཕྱོགས་བཅས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཁོང་གཉིས་ནི་བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་གི་ཐད་ནས་ཕྱག་ལས་རྒྱ་ཆེར་གནང་མཁན་གྱི་ཕུལ་བྱུང་གི་བོད་དོན་རྒྱབ་སྐྱོར་བ་གཉིས་ཡིན་ཙང་། ཐེངས་འདིར་ཁོང་གཉིས་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་ཐོབ་པ་དེ་ནི་བོད་མི་རྣམས་ཀྱིས་དགའ་སྤོབས་སྐྱེ་འོས་བའི་གནད་དོན་ཞིག་སྐོར་དང་འགྲེལ་བརྗོད་གནང་སོང་། རྩ་བའི་ན་ནིང་སྤྱི་ལོ་ ༢༠༡༩ ལོར་སྐུ་ཞབས George Fernandes ལགས་དགོངས་པ་རྫོགས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས། ཁོང་ནི་ལོ་ངོ་ལྔ་བཅུའི་རིང་གི་གྲོགས་པོ་རྙིང་གྲས་ཤིག་ཡིན་པ་མ་ཟད། གོ་སྐབས་ནམ་ཤར་ལ་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པར་བཀའ་གནང་སྟེ། ཁོང་གི་ཤུལ་ལུས་ཀྱི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་དམ་པ་གང་མགྱོགས་སླར་ཡང་སྐུ་འཁྲུངས་རྒྱུའི་ཐུགས་སྨོན་བསྩལ་ཡོད་པ་རེད། དེ་བཞིན་སྐུ་ཞབས་ Robert Thurman ལགས་ཀྱང་སྤྱི་ནོར་༸གོང་ས་མཆོག་ལ་ཐུགས་མཉེས་བོ་གནང་མཁན་གྱི་སྐྱེ་བོ་ཞིག་ཡིན་པ་མ་ཟད། མགོན་པོ་གང་གི་ལམ་སྟོན་འོག་ནས་རབ་ཏུ་བྱུང་སྟེ་བོད་ཀྱི་ནང་དོན་རིག་པའི་སྐོར་ལ་གསན་བསམ་སློབ་གཉེར་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། སྤྱི་ལོ་ ༡༩༨༦ ལོར་མགོན་པོ་གང་གི་ལམ་སྟོན་གྱི་འོག་ནས་ཨ་རིའི་བོད་ཁང་གསར་འཛུགས་བྱས་ཏེ་རྗེས་སུ་བོད་ཁང་གི་འགན་འཛིན་ཡང་གནང་མྱོང་མཁན་གྱི་བོད་ཀྱི་ཆོས་རིགས་འཛིན་སྐྱོང་གི་ཐད་ནས་བྱས་རྗེས་ཡོད་མཁན་ཞིག་ཡིན་པ་རེད། གཞི་རྩའི་རྒྱ་གར་གྱི་པདྨ་གཟེགས་རྟགས་ཞེས་པ་འདི་ནི་སྤྱི་ལོ་ ༡༩༥༤ ལོ་ནས་རྒྱ་གར་སྲིད་གཞུང་གིས་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། གཟེགས་རྟགས་འདི་ནི་རྒྱ་གར་གཙོ་བའི་ཡུལ་ཕྱོགས་འདྲ་མིན་གྱི་ནང་དུ་ཆོས་དཔའ་རིག་གསུམ་གྱི་ཐོག་ནས་སྤྱི་ཚོགས་ནང་གཞན་དྲིང་མི་འཇོག་པའི་བྱས་རྗེས་རླབས་ཆེན་འབུལ་མཁན་གྱི་སྐྱེ་བོ་རྣམས་ལ་འབུལ་སྲོལ་ཡོད་པ་ལྟར། འདི་ལོར་། Padma Vibhushan གྱི་གཟེགས་རྟགས་བཞེས་མཁན་༧ དང་ Padma Shri གཟེགས་བཞེས་མཁན་ ༡༡༨ བྱུང་ཡོད་པ་རེད། ད་ལྟའི་བར་དུ་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་གཟེགས་རྟགས་འདི་བཞེས་མཁན་གཉིས་ལས་བྱུང་ཡོད་པ་རེད། དེ་ཡང་། སྤྱི་ལོ་ ༢༠༠༩ ལོར། ཝ་ན་བོད་ཀྱི་མཐོ་སློབ་ཀྱི་ཉེ་བའི་རིག་བདག དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་རྩོམ་རིག་གི་ཁོངས་ནས་ Padma Shri གཟེགས་རྟགས་ཐོབ་པ་དང་། སྤྱི་ལོ ༢༠༡༨ ལོར། ལྷ་རྗེ་ཞིང་གཤེགས་དམ་པ། ཡེ་ཤེས་དོན་ལྡན་ལགས་སུ་སྨན་གྱི་ཕྱོགས་ནས་སྤྱི་ཚོགས་ཞབས་ཞུ་ཞུས་པའི་མཚན་ཐོག་ནས་ Padma Shri ཞེས་པའི་གཟེངས་རྟགས་ཕུལ་ཡོད་པ་རེད།

རྒྱའི་ལོ་གསར་དང་བསྟུན་རྒྱ་རིགས་ཐོབ་ཐང་རྩོད་ལེན་པ་ཁག་གཅིག་གློད་བཀྲོལ་དགོས་པའི་ཞུ་སྐུལ།

འདས་ལོ་ ༢༠༡༩ ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་སྤྱི་དམངས་ཀྱི་རང་དབང་སྲུང་སྐྱོབ་གནང་མཁན་རྒྱ་རིགས་ཁྲིམས་རྩོད་པ་གསུམ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་གཉེར་མཁན་གཅིག་བཅས་ཁྱོན་མི་བཞི་འཛིན་བཟུང་གིས་མུ་མཐུད་བཀག་ཉར་འོག་བཞག་ཡོད་པ་ལྟར། ཉེ་ཆར་དེ་དག་གི་བཟའ་ཟླ་རྣམས་ནས་བརྙན་ཐུང་རེ་འདོན་སྤེལ་གྱིས་ཁོང་རྣམས་ཀྱི་ཟླ་བོའི་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་བསགས་མེད་སྟབས་འཕྲལ་མར་གློད་བཀྲོལ་བཏང་ནས་ཁོང་རྣམས་ནང་མི་དང་ལྷན་རྒྱའི་ལོ་གསར་གཏོང་འཇུག་དགོས་པའི་ཞུ་སྐུལ་གནང་འདུག རྩ་བའི་ཟླ་བ་སྔོན་མའི་ཚེས་ཤར་ནས་རྒྱ་གཞུང་གིས་རྒྱ་ནག་གི་ཤར་ཕྱོགས་ཞིང་ཆེན་ Fujian ཡི་མཚོ་ཁའི་གྲོང་ཁྲེར་ Xiamen ནང་གི་མང་གཙོའི་ཚོགས་འདུ་ཞིག་གི་ནང་མཉམ་ཞུགས་གནང་མཁན་རྒྱ་རིགས་ཁྲིམས་རྩོད་པ་དང་མང་གཙོ་དོན་གཉེར་བ་ཁག་གཅིག་འཛིན་བཟུང་བཀག་ཉར་བྱས་ནས་དམ་དྲག་ཤུགས་ཆེ་བྱས་ཡོད་པ་མ་ཟད། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་རྒྱ་གཞུང་གིས་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ Ding Jiaxi གཙོས་པའི་གཞན་ཁྲིམས་རྩོད་པ་ཁག་གཅིག་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཅས་མི་གྲངས་བཅུ་གཉིས་ལྷག་འཛིན་བཟུང་བཀག་ཉར་གྱིས་རྒྱལ་ཁབ་མགོ་རྟིང་སློག་པར་བརྒྱུད་སྐུལ་བྱས་པའི་ནག་ཉེས་བཙུགས་ཡོད་པ་རེད། ཉེ་ཆར་རྒྱའི་བཀག་ཉར་འོག་ཡོད་པའི་རྒྱ་རིགས་ཁྲིམས་རྩོད་པ་གསུམ་གྱི་སྐུ་ཟླ་ནས་རྒྱའི་ལོ་གསར་སླེབས་ལ་ཉེ་དུས་དང་བསྟུན་དེ་འབྲེལ་གནད་དོན་ཐོག་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་བརྒྱུད་བརྙན་ཐུང་རེ་འདོན་སྤེལ་གྱིས་རྒྱ་གཞུང་གིས་དྲང་བདེན་མིན་པར་འཛིན་བཟུང་བཀག་ཉར་འོག་བཞག་པའི་རང་ཉིད་ཀྱི་ཟླ་བོའི་གནས་སྟངས་ཐོག་སེམས་འཚབ་ཀྱིས་རྣམ་པ་ཆེད་འདོན་གནང་འདུག རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ Ding Jiaxi གཙོས་པའི་ཁྲིམས་རྩོད་པ་གཞན་གཉིས་ཀྱི་སྐུ་ཟླ་སོ་སོས་བརྙན་ཐུང་རེ་རེ་བརྒྱུད་ནས་རང་ཉིད་ཀྱི་ཟླ་བོའི་རང་བཞིན་བཟང་པོ་ཡོད་པ་དང་། རྒྱ་གཞུང་གིས་ཟླ་བོ་དེ་དག་ལ་ནག་ཉེས་གང་ཡང་བསགས་མེད་པར་ཁྲིམས་ཆད་བཏང་བ་དེར་དོགས་གཞི་ཡོད་ཅེས་གསུངས་པ་མ་ཟད་ཁོང་རྣམས་རྒྱའི་ལོ་གསར་སྐབས་རང་ཉིད་ནང་མི་དང་ལྷན་དུ་མཉམ་རོལ་བྱེད་འཇུག་དགོས་པའི་ཞུ་སྐུལ་གནང་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་ Yaqiu Wang ལགས་ཀྱིས་རྒྱ་ནག་གཞུང་ནས་རྒྱའི་ལོ་གསར་ཚེས་ཀྱི་དུས་སྐབས་སུ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་མང་དག་ཅིག་ཁྲིམས་འགལ་ཐོག་འཛིན་བཟུང་བཀག་ཉར་གྱིས་རང་གི་ནང་མི་དང་ལྷན་དུས་ཆེན་སྲུང་བརྩི་ཞུ་རྒྱུར་དམ་དྲག་བྱེད་བཞིན་པ་མ་ཟད། རྒྱ་གཞུང་གིས་ད་ཆ་སྒེར་གྱི་འདུ་འཛོམས་ཁག་ལའང་ཁྲིམས་འགལ་གྱི་བྱེད་སྒོར་ངོས་འཛིན་བྱས་དང་བྱེད་བཞིན་པའི་གནས་ཚུལ་དེ་ཇེ་མང་དུ་འགྲོ་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག ཁོང་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་གལ་ཡིན་པ་གསུངས་འདུག ཁོང་གིས་ད་དུང་སྤྱིར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་འཛིན་བཟུང་བཀག་བསྐྱིལ་བྱེད་རྒྱུ་དེས་རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་བསམ་བློ་རྣམས་ཇི་ལྟར་འཇིགས་སྣང་ཆེན་པོ་ཡོད་མེད་ཀྱི་དཔེ་མཚོན་ཙམ་ཞིག་གསལ་འདོན་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། པེ་ཅིང་གཞུང་ནས་རྒྱའི་ལོ་གསར་པར་དགའ་བསུ་ཞུས་ཐོག་དོན་མེད་བཙོན་འཇུག་བྱས་པའི་རྒྱ་རིགས་མང་ཚོགས་རྣམས་གློད་བཀྲོལ་བཏང་ནས་རྒྱ་ནག་རང་དབང་ལྡན་པ་ཞིག་ཆགས་ཐབས་སླད་མདུན་བསྐྱོད་གནང་གལ་ཡིན་པ་གསུངས་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མང་གཙོའི་ཉིན་མོ་ཐེངས་ ༧༡ པ་སྲུང་བརྩི་ཞུས་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡ པོའི་ཚེས་ ༢༦ ཉིན་མོ་སྟེ་དེ་སྔ་ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་ལ་ཕབས་ཏེ་རྒྱལ་ཁབ་དེ་སྤྱི་མཐུན་མང་གཙོར་གྱུར་ནས་ལོ་ངོ་ ༧༡ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་མདུན་ཐང་དུ་བཀའ་བློན་རྣམ་པ་གཙོ་བྱས་པའི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་ལྷན་འཛོམས་ཀྱིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་ཀྱིས་རྒྱ་གར་རྒྱལ་གླུ་བླངས་བའི་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་སྦྲགས།  སྐབས་དེར་སྲིད་སྐྱོང་གི་ལས་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དེ་རིང་གི་ཉིན་མོ་དང་བསྟུན།  བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་པ་དང་འབྲེལ།  རྒྱ་གར་རྒྱལ་ཁབ་དེ་ད་ཆ་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པས་འཛམ་བུ་གླིང་གི་མང་གཙོའི་རྒྱལ་ཁབ་མིག་དཔེ་འོས་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་། དེ་བཞིན་བཀའ་བློན་མཆོག་གིས་བོད་མིར་མཚོན་ན་བཙན་བྱོལ་ནང་རང་ཉིད་ཀྱི་རྩ་དོན་མི་ཉམས་རྒྱུན་འཛིན་གནང་ཐུབ་པ་དེ་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ཡིན་པ་དང་།    བོད་མིའི་ངོས་ནས་རྒྱ་གར་གྱི་བཀའ་དྲིན་རྣམས་དྲན་པ་ཙམ་མ་ཟད།  བཀའ་དྲིན་འཇལ་རྒྱུར་བསམ་བློ་གཏང་དགོས་པ་དང་།  ལྷག་པར་དུ་ང་ཚོས་ངོས་ནས་རྒྱུ་དངོས་པོའི་ཐོག་བཀའ་དྲིན་འཇལ་ཐུབ་ཡ་མེད་ཀྱང་།  ཡང་སྒོས་དུས་རྒྱུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་པ་ལྟར།  ང་རང་ཚོའི་བོད་ཀྱི་ཐུན་མོངས་མ་ཡིན་པའི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་དེ་རྒྱ་གར་འཕགས་པའི་ཡུལ་ཆགས་ཀྱི་ཡོད་སྟབས།  དེ་འབྲེལ་གྱི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་རྒྱ་གར་ནང་སླར་གསོ་གནང་རྒྱུར་ནུས་ཤུགས་གང་ཡོད་ཀྱིས་ཆ་ཤས་ལེན་དགོས་སྐོར་གསུངས་སོང་། བཀའ་བློན་མཆོག་གིས་ད་དུང་བར་ལམ་རྒྱ་གར་གཞུང་ནས་ནང་པ་སངས་རྒྱས་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམིགས་བསལ་མཐོང་ཆེན་སྤྲོད་རྒྱུར་འགོ་འཛུགས་ཡོད་པ་དང་།  དེ་སྔ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་དེ་བཞིན་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་དམ་པ་རྣམ་གཉིས་ལ་རྒྱ་གར་གྱི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་  Padma Shri གཟེངས་རྟགས་ཕུལ་ཡོད་པ་དང་།  དེ་རིང་ཡང་གནས་ཚུལ་ཐོན་པར་གཞིགས་ན་ནེའུ་ཡོག་གི་བོད་ཁང་གི་འགན་འཛིན་དང་།  Columbia གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ།Robert Thurman ལགས་སུ་ Padma Shri གཟེངས་རྟགས་འབུལ་རྒྱུ་ཡིན་པས་ང་ཚོས་དེར་དགའ་སྒོམ་བྱེད་དགོས་ཡ་དང་སྙིང་ནས་ཐུགས་རྗེ་ཆེ་ཞུ་དགོས་བར་གསུངས་སོང་། གཞན་ཡང་རྒྱ་གར་གསར་འགོད་པས་བཀའ་བློན་མཆོག་ལ་ད་ཆ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ Coronavirus ཞེས་པའི་ནད་གཞི་སྐོར་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་ང་ཚོས་རྒྱ་གཞུང་དང་རྒྱ་རིགས་མི་མང་རྣམས་ལ་ད་ལྟ་འཕྲད་བཞིན་པའི་གནས་སྟངས་ཛ་དྲག་དེའི་འོག་ནད་གཞི་དེ་མྱུར་ནས་འགོག་ཐབས་སུ་སྐུལ་སློང་བྱེད་དགོས་པ་དང་སྒོས་རྒྱ་གཞུང་གིས་ནད་གཞི་དེའི་རིགས་ཀྱི་འབྱུང་ཁུངས་གང་ཡིན་པ་དཔྱད་ནས་དེ་འགོག་ཐབས་གནང་དགོས་སྐོར་གསུངས་སོང་། གཞི་རྩའི་ད་རེས་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཐུབ་མེད་པ་དང་།  སྲིད་སྐྱོང་མཆོག་ཉེ་ལམ་རྒྱ་གར་མངའ་སྡེ་བྷི་ཧར་གྱི་གྲོང་ཁྱེར་པཊ་ན་དང་ལྡི་ལིར་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་གནམ་གྲུ་དུས་འགྱངས་ཕྱིན་པ་དང་བསྟུན།    དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠།༣༠  ཡོལ་ཙམ་ལ་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་བྱུང་མ་ཐག   དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་ལྷན་རྡ་སའི་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་ས་གནས་གཞུང་གི་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་རེད།

རྒྱ་ནག་ཝུ་ཧེང་ནས་ཐོན་པའི་གློ་ཚད་དེ་བོད་ནང་ཁྱབ་སྲིད་པར་བློ་འཚབ་གནང་བཞིན་འདུག

རྒྱ་ནག་ཝུ་ཧེང་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Corona virus ཞེས་པའི་གློ་ཚད་ཀྱི་ནད་འབུ་དེ་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ཙམ་མ་ཟད་ཉི་ཧོང་། ཀོ་རི་ཡ། ཐེ་ཝན། ཐེ་ལན་ཌི། ཨ་རི་ནང་དུའང་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་འདིར་ནད་གཞི་ཁྱབ་གདལ་དང་འབྲེལ་རྒྱ་ནག་གི་ས་བཀྲར་གཞིགས་ཚེ་ད་ལྟའི་ཆར་ནད་གཞི་དེ་བོད་རང་སྐྱོང་ལྗོངས་ཟེར་བ་དང་མཚོ་སྔོན་ཞིང་ཆེན་བཅས་སུ་ཁྱབ་མེད་པར་འགྲེལ་བརྗོད་གནང་གི་ཡོད་པ་ལྟར། བོད་མི་རྣམས་ཀྱིས་ད་ཆ་གློ་ཚད་ནད་གཞི་དེ་བོད་ལ་ཁྱབ་གདལ་འགྲོ་སྲིད་པར་བློ་འཚབ་ཆེན་པོ་གནང་བཞིན་འདུག རྒྱ་ནག་གཞུང་ནས་ཝུ་ཧེང་གྲོང་ཁྱེར་དེ་ཕྱི་ཕྱོགས་ལ་སྒོ་མོ་བརྒྱབ་ཡོད་པར་འགྲེལ་བརྗོད་བྱས་ཡོད་ཀྱང་ཁ་སང་རྒྱ་རིགས་བེུད་ཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་རང་ཉིད་ཀྱི་གྲོགས་མོ་ཞིག་དང་མཉམ་དུ་བླངས་པའི་བརྙན་ཐུང་ཞིག་འདོན་སྤེལ་གྱིས་ཁོང་གི་རོགས་པ་དེ་ Wuhan གྲོང་ཁྱེར་ནས་འབྱོར་བ་ཞིག་ཡིན་པ་དང་ཕྱིར་ཁ་ལག་བཟའ་བར་འགྲོ་བཞིན་ཡོད་པ་བཅས་ཀྱི་རྣམ་པ་མངོན་རྒྱུ་འདུག དེ་རིང་བཙན་བྱོལ་བོད་མི་ཁག་གཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་མངོན་གསལ་གནང་བར་ རྒྱ་ནག་གཞུང་གིས་ནད་གཞི་དེ་ཁྱབ་གདལ་མི་འགྲོ་བར་ Wuhan གྲོང་ཁྱེར་དེ་ཡོངས་རྫོགས་སྒོ་མོ་བརྒྱབ་ཡོད་པ་དང། གྲོང་ཁྱེར་དེ་ནས་རྒྱ་ལམ་དང་མཁའ་ལམ་སོགས་གང་གི་ཐོག་ནས་ཡང་འགྲུལ་སྐྱོད་བྱེད་ཀྱི་མེད་ལུགས་བཤད་ཡོད་ཀྱང། ཁ་སང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཟི་ལིང་གྲོང་ཁྱེར་གཉིས་སུ་ Wuhan ནས་གནམ་གྲུ་བབས་ཡོད་པ་དང་འབྲེལ་ནས་སེམས་འཚབ་ཆེན་པོ་གནང་བ་མ་ཟད་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་རྒྱུན་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་དོན་དམ་གྱི་དམ་དྲག་བྱེད་དགོས་པའི་མི་རྣམས་བྱིའུ་བཞིན་རང་དབང་ཐོག་འཁྱམ་བཞིན་ཡོད་པ་གསུངས་འདུག དྲྭ་རྒྱ་ཁག་ཏུ་སྤེལ་བཞིན་པའི་བརྙན་ཐུང་གཞན་ཞིག་གི་ནང་ཝུ་ཧེང་ནས་ཡིན་པའི་ཡུལ་སྐོར་བ་ཞིག་ཉེ་ཆར་བོད་གསེར་རྟ་རུ་འབྱོར་ཡོད་པ་དང་། མི་དེས་ས་གནས་དེའི་མི་གཉིས་ལ་འགོས་ཏེ་ད་ཆ་མི་དེ་གཉིས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་འདུག དེ་བཞིན་ཁ་སང་དང་ཁ་ཉིན་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཇི་ནི་ཝར་ཛ་དྲག་གི་ཚོགས་འདུ་ཚོགས་རྗེས་གསར་འགོད་ལྷན་ཚོགས་ཐོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོས་ཀྱི་ངེས་སྟོན་པ་ Dr Tedros Adhanom Ghebreyesus ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་ནང་གི་ནད་ཡམས་དེ་རྒྱལ་སྤྱིར་ཛ་དྲག་རང་ཞིན་གྱི་ནད་ཡམས་ཤིག་ཆགས་ཡོད་སྐོར་དང་། རྒྱ་ནག་གཞུང་གི་ངོས་ནས་ནད་ཡམས་གང་ཡིན་ཤེས་རྒྱུ་དང། དེ་མི་དང་མི་ཕན་ཚུན་དབར་འགོས་རྒྱུ་ཡོད་པའི་ནད་གཞི་ཡིན་པར་ར་འཕྲོད་རྒྱུ། ནད་ཡམས་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་ཐབས་ལམ་གང་ལེགས་འཚོལ་བཞིན་ཡོད་པ་སོགས་གསུངས་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཝུ་ཧེང་གྲོང་ཁྱེར་གཙོས་པའི་ཉེ་འཁྲིས་ཀྱི་གྲོང་ཁྱེར་ ༩ ཙམ་སྒོ་མོ་བརྒྱབ་ཡོད་པར་བརྗོད་བཞིན་ཡོད་པ་རེད། དེ་རིང་བར་གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་ད་ལྟའི་ཆར་ཨིན་ཡུལ་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་Scotland  བཅས་ཀྱི་ནང་ནད་གཞི་དེ་ཕོག་པར་དོགས་གཞི་ཡོད་པ་ཁག་གཅིག་དང། ཨ་རིའི་ནང་ ༡ དང་ཉི་ཧོང་ནང་ ༢ དེ་བཞིན་ལྷོ་ Korea ནང་མི་ ༢ ལ་ནད་གཞི་དེ་ཕོག་ཡོད་པ་རེད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་ད་ལྟ་ Wuhan དུ་ནད་གཞི་དེ་ཕོག་པའི་གྲངས་འབོར་ཇེ་མང་དུ་སོང་ནས་ ༨༣༠ ཆགས་ཡོད་པ་དང་རྐྱེན་འདས་སུ་གྱུར་བ་ ༢༦ བཅས་ཆེད་བཀོད་བྱས་ཡོད་ཀྱང་། ཨིན་ཡུལ་ནང་གི་ MRC ནད་ཡམས་ཉམས་ཞིབ་ཁང་གིས་ད་ལྟའི་ཆར་ Wuhan ནང་ནད་གཞི་དེ་ཕོག་པའི་མི་ ༢༠༠༠ ལྷག་ཡོད་པ་མངོན་གསལ་གནང་ཡོད་པ་རེད། དེའི་བར་ན་ཁ་སང་ Ciaxing Global ཞེས་པའི་རྒྱ་ཡིག་དྲྭ་གནས་ཐོག་ཧོང་ཀོང་ནང་བཅའ་བཞུགས་དེ་སྔ་  SARS དང་ད་ལྟའི་ནད་ཡམས་ཐོག་ཉམས་ཞིབ་གནང་མཁན་ཚན་རིག་པ་ Guan Yi ཟེར་བར་བཅར་འདྲི་ཞུས་པའི་གནས་ཚུལ་སྤེལ་བར་ཁོང་གིས་ཐེངས་འདིའི་ Coronavirus ནད་ཡམས་འདི་བཞིན་དེ་སྔ་ཕྱི་ལོ་ ༢༠༠༢་༣ ལོར་ཁྱབ་གདལ་བྱུང་སྟེ་མི་ ༨༠༠ ཙམ་གྱི་ཚེ་སྲོག་འཕྲོག་མཁན་གྱི་ SARs ནད་གཞི་ལས་ལྡབ་བཅུའི་ཉེན་ཁ་ཆེ་བ་ཡོད་པ་དང། ད་བར་ཉམས་ཞིབ་ཁྲོད་ནད་ཡམས་མང་དག་ཅིག་མཐོང་མྱོང་ཡོད་པ་དང། དེ་དག་འགོག་ཐུབ་རྒྱུའི་གདེང་ཚོད་ཡོད་ཀྱང་། ད་རེས་ཀྱི་ནད་ཡམས་འདིར་འཇིགས་སྣང་ཡོད་སྐོར་བརྗོད་འདུག

Latest news