Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་ཐུགས་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ཡོ་རོབ་སྦེལ་ཇམ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Samuel Cogolati མཆོག་གིས་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པར་མགྱོགས་མྱུར་གློད་བཀྲོལ་དགོས་པའི་བརྡ་ལན་གསལ་པོ་སྤྲོད་དགོས་པ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྦེལ་ཇམ་གཞུང་གི་འགན་འཁུར་གང་འདྲ་བཞེས་ཀྱི་ཡོད་མེད་སོགས་དང་འབྲེལ་བའི་འདྲི་རྩད་ཅན་གྱི་བསྒྲགས་གཏན་ཞིག་སྤེལ་ཡོད་པ་རེད། གྲོས་ཚོགས་འཐུས་མིའི་འདྲི་རྩད་ཅན་གྱི་བསྒྲགས་གཏན་དེའི་ཐད་ཕྱི་ཚེས་ ༢༥ སྟེ་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་སྦེལ་ཇམ་ཕྱི་སྲིད་བློན་ཆེན་སྐུ་ཞབས Philippe Goffin མཆོག་གིས་ལན་འདེབས་ཤིག་གནང་བ་བརྒྱུད་ནས་སྦེལ་ཇམ་གཞུང་ནས་དུས་རྟག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་ལོ་ངོ་ ༢༥ ལྷག་གི་རིང་ལ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མའི་ཆབ་སྲིད་བཙོན་པ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ད་ལྟའི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་ཐོག་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་ཅེས་གསུངས་འདུག ཕྱི་སྲིད་བློན་ཆེན་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་ནི་བོད་མིའི་ཆོས་ཕྱོགས་དང་འབྲེལ་བ་ཡོད་སྟབས། རྒྱ་ནག་གཞུང་ནས་དེ་ལ་ཐད་བྱུས་རིགས་བྱེད་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་ནན་པོ་གནང་འདུག་པ་མ་ཟད་འདས་པའི་ལོ་དུས་ནང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཐབས་སུ་སྦེལ་ཇམ་གཞུང་གིས་རྒྱ་ནག་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་མོལ་མང་དག་ཅིག་གནང་བ་བརྒྱུད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་ཡོད་པ་མ་ཟད། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐོག་རྒྱ་ནག་གྱི་སྐུ་ཚབ་ལ་དངོས་སུ་འདྲི་རྩད་སོགས་ཀྱང་བྱེད་ཡོད་པ་ལུང་འདྲེན་དང་སྦྲགས། བོད་ཀྱི་གནད་དོན་ཐོག་བློན་ཆེན་སྐུ་སྒེར་གྱི་ངོས་ནས་མུ་མཐུད་དམིགས་བསལ་གྱི་ཐུགས་སྣང་གནང་གི་ཡིན་སྐོར་གསུངས་འདུག དེ་བཞིན་རྒྱ་ནག་གཞུང་གི་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཁག་ནས་གྲངས་ཉུང་མི་རིགས་ཀྱི་གནད་དོན་སོགས་ཀྱི་ཐད་འདྲི་རྩད་བྱས་པ་ཁག་ལ་ལན་འདེབས་གནང་སྟངས་དང་། རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་རྒྱ་ནག་དང་བོད་ཁུལ་དུ་ཕེབས་རྒྱུའི་རེ་སྐུལ་ཁག་ནར་འགྱངས་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། སྦེལ་ཇམ་གཞུང་ནས་ཡོ་རོབ་མཐུན་ཚོགས་དང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་ཟུང་འབྲེལ་ཐོག་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་གི་གནས་སྟངས་སོགས་ཀྱི་ཐད་མུ་མཐུད་ཐུགས་སྣང་གང་ཐུབ་གནང་གི་ཡིན་ཅེས་གསུངས་འདུག གཞི་རྩའི་ད་རེས་སྦེལ་ཇམ་ཕྱི་སྲིད་བློན་ཆེན་སྐུ་ཞབས Philippe Goffin མཆོག་གིས་ལན་འདེབས་འདི་མ་གནང་བའི་གོང་དུ་ཡོ་རོབ་གྲོས་ཚོགས་འཐུས་མི་ ༣༢ ཀྱིས་ཟུང་འབྲེལ་ཐོག་ཡོ་རོབ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཙོ་འཛིན་སྐུ་ཞབས་ Josep Borrel མཆོག་ལ་ཡང་ཞུ་སྙན་ཞིག་ཕུལ་ནས་རྒྱ་ནག་གཞུང་གི་ངོས་ནས་ཆ་རྐྱེན་གང་ཡང་མེད་པར་༸པཎ་ཆེན་རིན་པོ་ཆེ་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པའི་ཤུགས་གནོན་སྤྲོད་རྒྱུའི་རེ་སྐུལ་ཞུས་ཡོད་པ་རེད།

ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་འཛིན་བཟུང་བྱས་པའི་གསར་འགོད་པ་རྣམས་གློད་བཀྲོལ་དགོས།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་ད་ཆ་ཏོག་དབྱིབས་ནད་ཡམས་གནས་སྟངས་ཀྱི་ཐད་ནས་གནས་ཚུལ་བརྒྱུད་སྤེལ་བྱེད་མཁན་རྣམས་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཀྱིས་ཉེ་ཆར་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གི་གནས་ཚུལ་དང་འབྲེལ་ཏེ་གསར་འགོད་པ་ Chen Qiushi དང་ Fang Bin སོགས་ཀྱི་མི་གསུམ་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག གནས་ཚུལ་དེ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དུ་རྒྱ་ནག་ལ་ཞིབ་འཇུག་བྱེད་བཞིན་པའི་ Yaqiu Wang ཟེར་བ་ཞིག་གིས་ད་ཆ་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ནང་དུ་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱས་ནས་ལེགས་གྲུབ་བྱུང་ཡོད་པར་དྲིལ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་སྤེལ་མཁན་རྣམས་གང་བྱུང་དུ་འཛིན་བཟུང་བྱེད་ཀྱི་ཡོད་སྟབས། ཏོག་དབྱིབས་ནད་དུག་གི་དངོས་ཡོད་གནས་སྟངས་མང་པོ་ཞིག་ནམ་ཡང་ཤེས་ཐབས་མེད་པར་ལྷག་སྲིད་པར་བརྗོད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་ཟླ་བ་འདིའི་ ༡༩ ཉིན་མིང་ལ་ Cai དང་Tang ཟེར་བའི་མི་གཉིས་འཛིན་བཟུང་བྱས་ཡོད་པ་ཡོངས་གྲགས་ཀྱིས་རྒྱ་ནག་གིས་རྒྱལ་ནང་དུ་སྲིད་གཞུང་གིས་རྟོག་ཞིབ་བཀའ་རྒྱ་བཏང་ཡོད་པར་ཡ་ལན་སློག་པའི་ཉེས་འཛུགས་འོག་ཁོང་གཉིས་འཛིན་བཟུང་བྱས་ཡོད་པ་ཞིག་ཡིན་པར་བསྒྲགས་ཏེ་ད་ཆ་སྲིད་གཞུང་གིས་མི་སུ་ཞིག་གཞུང་གི་བཀའ་རྒྱའི་འོག་འཛིན་བཟུང་བྱས་པ་ཡིན་ཚེ་ཟླ་བ་དྲུག་གི་རིང་ལ་འཛིན་བཟུང་བྱས་པའི་མི་དེ་དག་གི་གནས་སྟངས་ཕྱིར་བསྒྲགས་བྱེད་མི་དགོས་པའི་ཁྲིམས་སྒྲིག་ཅིག་ལག་བསྟར་བྱེད་ཀྱི་ཡོད་པར་འཁོད་འདུག རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ལས་མི་མང་པོ་ཞིག་ནི་ཏོག་དབྱིབས་རིམས་ནད་ཐོག་ནས་གནས་ཚུལ་ཕྱིར་འདོན་བྱེད་ནཁན་གྱི་ཚོགས་པ་ Terminus 2049 ཞེས་པའི་གསང་ཚིག་བརྒྱུད་དེ་གནས་ཚུལ་མཁོ་འདོན་བྱེད་མཁན་གྱི་ཚོགས་པའི་ཚོགས་མི་ Cai Wei དང་ Chen Mei སོགས་ཡིན་ཞིང་། རྒྱ་ནག་གིས་ཚོགས་པ་དེའི་ཚོགས་མི་ཁག་ཅིག་འཛིན་བཟུང་བྱས་པར་བརྟེན་ད་ཆ་ཚོགས་པ་དེའི་གནས་ཚུལ་མཁོ་འདོན་བྱེད་ཐབས་མེད་པར་སྒོ་བརྒྱབ་ཡོད་པ་མངོན་གསལ་གནང་འདུག རྩ་བའི་རྒྱ་ནག་གིས་ཏོག་དབྱིབས་གནས་ཚུལ་ཕྱིར་བསྒྲགས་དང་འབྲེལ་ནས་མི་མང་པོ་འཛིན་བཟུང་བྱས་ཡོད་པ་ལས་གཙོ་བོ་ཁྲིམས་རྩོད་པ་དང་གསར་འགོད་པ། དེ་བཞིན་ཏོག་དབྱིབས་ནད་དུག་ཐོག་མར་ཁྱབ་སྐབས་གྲོང་ཁྱེར་ཝུ་ཧན་གྱི་སྨན་ཁང་ཁག་གི་གནས་ཚུལ་བརྙན་ལམ་ནས་ཕྱིར་བསྒྲགས་བྱེད་མཁན་གྱི་མི་སེར་དཀྱུས་མ་སོགས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་ཐེར་འདོན་གྱིས་འགྲོ་བ་ཐོབ་ཐང་གི་ཞིབ་འཇུག་པ་ Yaqiu Wang ལགས་ཀྱིས་རྒྱ་ནག་གི་ནང་དུ་གནས་ཚུལ་ཁྱབ་སྤེལ་འགྲོ་བར་རང་དབང་མེད་པར་བརྟེན་ཏོག་དབྱིབས་ནད་ཡམས་དེ་འཛམ་གླིང་དུ་ཁྱབ་ཡོད་པར་ལུང་འདྲེན་གྱིས་ད་ཆ་ཕྱི་ལོག་གི་སྲིད་གཞུང་ཁག་གིས་རྒྱ་ནག་ལ་གནོད་ཤུགས་སྤྲད་པ་བརྒྱུད་པ་ནས་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་ཉེས་མེད་ཀྱི་ཁྲིམས་རྩོད་པ་དང་གསར་འགོད་པ་མང་པོ་ཞིག་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་འདུག

ཇར་མ་ནི་གཞུང་གིས་རྒྱ་གཞུང་ནས་རིམས་ནད་འགོག་ཐབས་ཀྱི་ལས་དོན་དང་འབྲེལ་བའི་རེ་སྐུལ་ལ་ངོས་བཞེས་གནང་མེད།

ཉེ་ཆར་ཡུ་རོབ་ཁུལ་གྱི་གཞུང་འབྲེལ་བརྒྱུད་ལམ་ཐོག་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ནས་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་འགོག་ཐབས་ཁྲོད་རྫུན་གཏམ་དང་གནས་ཚུལ་སྦས་བསྐུངས་བྱས་པའི་སྙན་ཐོའི་ནང་རྒྱ་གཞུང་གིས་ནོར་འཁྲུལ་དེ་ཙམ་མེད་པའི་རྣམ་པ་བསྟན་ཡོད་སྐོར་ཐོན་པ་དང་འབྲེལ་ནས་ཇར་མ་ནི་གཞུང་གིས་རྒྱ་ནག་གཞུང་ནས་ཇར་མན་གཞུང་ལ་རིམས་ནད་འགོག་ཐབས་ཐོག་གང་ཐུབ་བྱས་ཡོད་པའི་བཟང་ཕྱོགས་ཀྱི་ལྟ་ཚུལ་བཤད་དགོས་པར་སྐུལ་མ་ཞུས་ཡོད་ཀྱང་དེར་དང་ལེན་གནང་མེད་པ་གསུངས་འདུགཁ་སང་ལྷོ་རྒྱ་ནག་སྔ་དྲོའི་ཆ་འཕྲིན་གྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཇར་མ་ནི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་མཁན་གྲོས་ཚོགས་འཐུས་མི་ Margarete Bause ལགས་ཀྱི་ཡུལ་དེའི་གཞུང་ལ་དྲི་བ་ཕུལ་བ་ལྟར་ཇར་མ་ནི་ནང་སྲིད་ལྷན་ཁང་གི་ངོས་ནས་ཚེས་ ༢༢ ཉིན་གྲོས་ཚོགས་ལ་ཡིག་ཐོག་ནས་ལན་འདེབས་གནང་འདུག་པ་དང་དེའི་ནང་རྒྱ་ནག་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཏོག་དབྱིབས་རིམས་ནད་འགོག་ཐབས་ཐད་རྒྱ་ནག་གཞུང་གིས་ལས་དོན་ཚགས་ཚུད་སྤེལ་ཡོད་པའི་བཟང་ཕྱོགས་ཀྱི་ལྟ་ཚུལ་བཤད་དགོས་པར་སྐུལ་མ་ཞུས་ཡོད་ཀྱང་ཇར་མན་གཞུང་གིས་འབོད་སྐུལ་དེར་དང་ལེན་གནང་མེད་པ་གསུངས་འདུག རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་ Welt am Sonntag ཞེས་པའི་ཇར་མན་བརྒྱུད་ལམ་ཐོག་རྒྱ་ནག་གཞུང་འབྲེལ་མི་སྣས་ཇར་མ་ནི་གཞུང་ལ་དེ་ལྟར་འབོད་སྐུལ་བྱས་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་སྟབས་སྐབས་དེར་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ངོས་ནས་རིམས་ནད་ཁྱབ་བརྡལ་འགོག་ཐབས་ཐོག་རྒྱ་ནག་གཞུང་གིས་ལས་དོན་ལེགས་པོ་གཉེར་ཡོད་པ་རྒྱལ་སྤྱིའི་གཞུང་ཚོགས་ཁག་ཚང་མས་ཁས་ལེན་གྱི་ཡོད་སྟབས། བརྒྱུད་ལམ་གཅིག་གིས་དེ་འབྲེལ་གནས་ཚུལ་རྫུན་བཟོ་བྱེད་ཐུབ་ཀྱི་མ་རེད་ཅེས་བཤད་དེ Welt am Sonntag བརྒྱུད་ལམ་ཐོག་སྤེལ་བའི་གནས་ཚུལ་དེ་བདེན་པ་མིན་པ་དང་འགན་ཁུར་མེད་པའི་གནས་ཚུལ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད། འོན་ཀྱང་ཁ་ཉིན་རེས་གཟའ་ཉི་མ་ཉིན་ཇར་མན་གཞུང་གིས་གྲོས་ཚོགས་ལ་ཕུལ་བའི་ཕྱག་བྲིས་ནང་རྒྱ་ནག་གཞུང་འབྲེལ་མི་སྣས་རིམས་ནད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་སླད་ཇར་མ་ནིར་འབྲེལ་བ་ཞུས་པ་ལས་ར་ཕྲོད་བྱུང་ཡོད་པ་མ་ཟད་སྤྱིར་ཇར་མ་ནི་གཞུང་གིས་རྒྱ་ནག་གིས་ཕྱི་ཟླ་ ༡ ཚེས་ ༢༣ ནས་བཟུང་རིམས་ནད་དེ་འགོག་ཐབས་ཐོག་ལས་དོན་གཉེར་ཡོད་པ་ངོས་ལེན་གནང་ཡོད་ཀྱང་དེ་རྗེས་རྒྱལ་སྤྱི་ཐོག་ཛ་དྲག་རང་བཞིན་གྱི་ནད་ཡམས་འགོག་ཐབས་ཐོག་ཕྱི་གསལ་ནང་གསལ་གནང་གལ་ཆེ་བ་ཡིན་སྐོར་གསུངས་ཡོད་པ་རེད། ཇར་མ་ནི་ནང་རྟེན་གཞི་བྱས་པའི་ Mercator Institute of China Studies ཞེས་པའི་རྒྱ་ནག་ཐོག་གི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ཞབས་ Mikko Huotari ལགས་དང་ Global Public Policy Institute ཞེས་པའི་སྲིད་བྱུས་ཉམས་ཞིབས་ཁང་གི་འགན་འཛིན་སྐུ་ཞབས་ Thorsten Benner ལགས་གཉིས་ཀྱིས་ད་ལན་ཇར་མན་གཞུང་གིས་ལན་འདེབས་གསལ་བཤད་དེ་འདོད་བློ་ཁེངས་པ་ཞིག་གནང་མེད་པ་མ་ཟད་རྒྱ་ནག་ལ་གདོང་ལེན་བྱ་འཆར་མེད་པའི་རྣམ་པ་མངོན་རྒྱུ་ཡོད་པར་སྐྱོན་བརྗོད་བྱས་འདུག གཞི་རྩའི་བདུན་ཕྲག་སྔོན་མའི་ནང་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རིམས་ནད་ཁྱབ་བརྡལ་འགོག་ཐབས་ཐོག་རྒྱ་ནག་གིས་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བཞིན་པ་དང་འབྲེལ་བའི་སྙན་ཐོ་ཞིག་སྤེལ་ཡོད་པ་དེར་འགྱུར་ཕྲན་བཏང་ཡོད་པ་དེ་ལྟར་ཡང་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ནས་སྙན་ཐོ་དེ་སྤེལ་རྒྱུ་མེད་པའི་རེ་སྐུལ་ཤུགས་ཆེ་ཞུས་པར་ལྟོས་མེད་སྙན་ཐོ་ཕྱིར་སྤེལ་གྱིས་རྒྱ་ནག་གི་གནོན་ཤུགས་འོག་ཚུད་མེད་པར་འགྲེལ་བརྗོད་བྱས་འདུག དེའི་བར་ན་དབྱིན་ཡུལ་ནང་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྣེ་ཁྲིད་འོག་དབྱིན་ཡུལ་དང་རྒྱ་ནག་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དང་འབྲེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས་པའི་གྲོས་བསྡུར་གནང་བཞིན་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་སྔ་ལོའི་ཕྱི་ཟླ་ ༡༢ ནང་རིམས་ནད་དེ་ཁྱབ་བརྡལ་བྱུང་་ཡོད་པ་དང་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་རིམས་ནད་ཁྱབ་བརྡལ་འགོག་ཐབས་སུ་ཝུ་ཧན་གྲོང་ཁྱེར་ཡོངས་རྫོགས་ཕྱི་ལ་སྒོ་བརྒྱབ་ཡོད་པ་རེད། ཝུ་ཧན་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ཕྱི་ཟླ་ ༡༢ ནས་ཕྱི་ཟླ་ ༡ ཚེས་ ༢༣ བར་མི་ས་ཡ་ ༢ ཙམ་ཝུ་ཧན་གྲོང་ཁྱེར་ནས་ཕྱི་ལ་བསྐྱོད་ཟིན་ཡོད་པར་བརྗོད་ཡོད་པ་རེད། དེའི་ཁྲོད་ད་ལྟའི་ཆར་རིམས་ནད་དེ་འཛམ་གླིང་རྒྱལ་ཁབ་ ༢༡༣ ཙམ་གྱི་ནང་ཁྱབ་བརྡལ་ཕྱིན་པའི་འོག་མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་ནད་གཞི་དེ་ཕོག་པ་དང་མི་འབུམ་གཅིག་དང་སྟོང་ཕྲག་བརྒྱད་ཅུ་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ད་ལྟའི་ཆར་ཨ་རི་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་སི་པེན་སོགས་རྒྱལ་ཁབ་མང་དག་ཅིག་གིས་རིམས་ནད་ཁྱབ་བརྡལ་ཕྱིན་ནས་མི་རྒྱུ་གཉིས་ཀར་དཀའ་ངལ་འཕྲད་པའི་འགན་ཆ་ཚང་རྒྱ་ནག་ལ་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གི་ངོས་ནས་གནད་དོན་དེའི་གུན་གསབ་སྤྲོད་དགོས་པ་གསུང་མཁན་མང་དག་ཅིག་ཡོད་པ་རེད། ད་ལྟའི་ཆར་རྒྱལ་སྤྱིའི་གཞུང་ཚོགས་དང་ཉམས་ཞིབ་པ་མང་པོས་ཏོག་དབྱིབས་ནད་དུག་གསར་པ་དེ་རྒྱ་ནག་གིས་ཆེད་བསྐྲུན་བྱས་པ་ཞིག་ཡིན་སྐོར་གསུང་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པ་རེད།

༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་འབོད་སྐུལ།

༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་ཀྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆ་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་ཡོངས་ཁྱབ་ཀྱི་བརྙན་ཐུག་ཞིག་སྤྱི་ཚོགས་དྲྭ་ལམ་བརྒྱུད་སྤེལ་གནང་འདུགཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་ནས་སྤེལ་བའི་བརྙན་ཐུང་དེའི་ནང་སྐུ་ཞབས་ Jim Mcgovern ལགས་ཀྱིས་རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་ཡམས་དེའི་རྐྱེན་པས་ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པའི་ཁར་ནད་དུག་དེ་ཡང་མི་མང་འདུ་འཛོམས་ཀྱི་ཁྲོད་དུ་ཁྱབ་བརྡལ་ཆེན་པོ་འགྲོ་བཞིན་ཡོད་པ་ལྟར་དེ་ནི་རྒྱ་ནག་གཞུང་གི་བཀག་སྐྱིལ་ཁང་དང་བཙོན་ཁང་དག་ལ་དེ་བས་ཀྱང་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་སྟབས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་ཆབ་སྲིད་བརྩོན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་དང་། ལྷག་པར་དུ་ལོ་ངོ་དྲུག་ལ་འཛིན་བཟུང་བྱས་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུགཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་ནས་ཉིན་གསུམ་གྱི་རྗེས་སུ་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་སྟབས་མི་མང་གིས་ད་བར་ལོ་ངོ་ ༢༥ རིང་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་སྐོར་བཤད་པ་དེ་ལྟར་ཡང་ད་བར་མིག་མཐོང་རྣ་ཐོས་ཡོད་མཁན་སུ་གང་བྱུང་མྱོང་མེད་སྟབས་རྒྱ་གཞུང་གི་བཤད་པར་ཡིད་ཆེད་རྩ་བ་ནས་བྱེད་ཐབས་མེད་པར་འགྲེལ་བརྗོད་གནང་བ་དང་སྦྲགས། མི་སྣ་སུ་རུང་ཞིག་བཙན་ཁྲིད་བྱས་ནས་མི་ཚེ་ཧྲིལ་པོ་བཀག་སྐྱིལ་འོག་གནས་སུ་བཅུག་པ་ནི་རྒྱལ་སྤྱི་ཐོག་ནས་ཁྲིམས་འགལ་ཞིག་དང་ལྷག་པར་དུ་རིན་པོ་ཆེ་མཆོག་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། དེ་བཞིན་སྨྲ་བརྗོད་རང་དབང་སོགས་ནི་རང་བཞིན་ལྷན་རྒྱས་སུ་ལྡན་ཡོད་སྟབས། རང་དབང་དེ་དག་ལོངས་སུ་སྤྱོད་འཇུག་དགོས་པ་མ་ཟད་ཆུང་སྲིད་རིན་པོ་ཆེ་མཆོག་ལྟ་བུར་མཚོན་ན་ད་ཆ་སྐུ་གཞོན་པའི་དུས་སྐབས་ཤིག་ཆགས་ཀྱི་ཡོད་སྟབས་ངེས་པར་དུ་མགྱོགས་མྱུར་གློད་བཀྲོལ་དགོས་པ་གསུངས་འདུགརྩ་བའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མིའི་ཚོགས་སྒེར་ཁག་ནས་དུས་ཆེན་དེ་སྲུང་བརྩི་དང་འབྲེལ། ཐེམ་སྤང་གི་དུས་སྐབས་འདིར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་པའི་ས་གནས་གཞོན་ལྷན་ཡན་ལག་ཁག་གིས་༸སྐུའི་འཁྲུངས་སྲུང་བརྩི་རྣམ་པ་འདྲ་མིན་གྱི་བརྒྱུད་དེ་ཞུས་ཡོད་པའི་ཁྲོད་མི་ནི་སོ་ཊའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཁྱིམ་མེད་རྣམས་ལ་ཞལ་ལག་སྦྱིན་གཏོང་གནང་འདུགདབུས་བོད་ཀྱི་བེུད་ལྷན་ཚོགས་ནས་བསང་གསོལ་དང་དྷ་སའི་ཁུལ་དུ་ཡོད་པའི་བོད་མིའི་ཁྱིམ་ཚང་རྣམ་ལ་མཆོད་མར་ཞལ་འདེབས་ཕུལ་ནས་རང་ཁྱིམ་དུ་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་སུ་མཆོད་མེ་ཕུལ་དགོས་པའི་གཞེན་བསྐུལ་གནང་སོང་བ་དང་དེ་བཞིན་ས་གནས་བེུད་ལྷན་ཚོགས་རྣམས་ནས་ཀྱང་ཉིན་མོ་དེ་རྣམ་པ་འདྲ་མིན་བརྒྱུད་དེ་སྲུང་བརྩི་ཞུས་ཡོད།ཕྱོགས་མཚུངས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཆུང་སྲིད་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་བོད་རིགས་གཞོན་སྐྱེས་དང་ལྷག་པར་དུ་སློབ་ཕྲུག་རྣམས་ནས་ཀྱང་དོ་སྣང་ཆེན་པོས་རང་ནུས་གང་ལྕོགས་ཀྱིས་རང་ཁྱིམ་དུ་བགྲོ་གླེང་དང་། སྙན་ངག་གྱེར་འདོན། བསྟོད་དབྱངས་ཕུལ་བ་སོགས་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་ཞུས་པའང་མངོན་རྒྱུ་འདུག

༸པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་ཞུ་སྐུལ།

ཁ་སང་ཕྱི་ཚེས་ ༢༤ ཉིན་ཡོ་རོབ་གྲོས་ཚོགས་འཐུས་མི་ ༣༢ ཀྱིས་ཟུང་འབྲེལ་ཐོག་ཡོ་རོབ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཙོ་འཛིན་སྐུ་ཞབས་ Mr Josep Borrel མཆོག་ལ་ཞུ་སྙན་ཞིག་ཕུལ་ནས་རྒྱ་ནག་གཞུང་གི་ངོས་ནས་ཆ་རྐྱེན་གང་ཡང་མེད་པར་༸པཎ་ཆེན་རིན་པོ་ཆེ་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པའི་ཤུགས་གནོན་སྤྲོད་རྒྱུའི་རེ་སྐུལ་ཞུས་འདུགདེའང་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mikulas Peksa ལགས་ཀྱིས་སྣེ་ཁྲིད་པའི་ཐོག་ཕུ་ལ་བའི་ཞུ་སྙན་དེའི་ནང་། དེ་རིང་ཕྱི་ཚེས་ ༢༥ ཉིན་༸པཎ་ཆེན་༸སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་གཙོས་པའི་སྐུ་འཁོར་ལྷན་རྒྱས་བཅས་པ་བཙན་ཁྲིད་གསང་ཉར་བྱས་ནས་ད་བར་ལོ་ངོ་ ༢༥ འགྲོ་གི་ཡོད་པ་མ་ཟད། ལྷག་དོན་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་ཁྲིད་གསང་ཉར་བྱས་སྟབས་མི་མང་གིས་ད་བར་ལོ་ངོ་ ༢༥ རིང་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸སྐུ་འཚོ་བཞུགས་ཡིན་སྐོར་བཤད་པ་དེ་ལྟར་ཡང་ད་བར་མང་ཚོགས་ཁྲོད་ནས་མིག་མཐོང་རྣ་ཐོས་ཡོད་མཁན་སུ་གང་བྱུང་མྱོང་མེད་པ་རེད། འོན་ཀྱང་རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ཡིན་པར་ཡིད་ཆེས་ཞུ་བཞིན་ཡོད་སྐོར་འཁོད་འདུག དེ་བཞིན་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ཆེད་ལས་མཁས་པའི་ཚོགས་ཆུང་ལ་ཕྱི་ལོ་ ༡༩༩༥ ལོར་༸པཎ་ཆེན་༸སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དེབ་སྐྱེལ་ཞུས་ཡོད་པ་ལྟར། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དེ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་རྙིང་གྲས་ལས་གཅིག་ཆགས་ཀྱི་ཡོད་པ་དང་རིན་པོ་ཆེ་མཆོག་ནི་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་དུས་ཡུན་རིང་ཤོས་དང་ལོ་ན་ཆུང་ཤོས་དེ་ཆགས་ཀྱི་ཡོད་པ་གསུངས་འདུགཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དེ་དག་གི་གཞན་ཡང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ཀྱི་རྨང་གཞིའི་ཐོག་ནས་བོད་ནི་འཛམ་གླིང་ནང་གི་རང་དབང་ཆེས་ཞན་ཤོས་སིརྱའི་རྗེས་སུ་ས་ཁུལ་ཨང་པ་གཉིས་པ་དེ་ཡིན་པར་མངོན་གསལ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་དམ་དྲག་ཆེས་ཆེར་བྱས་དང་བྱེད་བཞིན་ཡོད་པས་ད་ལྟའི་ཆར་བོད་འདི་ལོ་བཅུ་ཕྲག་དྲུག་ལྷག་གི་རིང་ལྕགས་ཚུར་དམ་པོ་བཅིངས་པའི་གནས་བབས་འོག་གནས་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་ད་བར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་ལ་རྩིས་མེད་རྡོག་རོལ་ཇི་ཙམ་བཏང་ཡོད་པའི་དཔེ་མཚོན་ཡག་ཤོས་ནི་༸པཎ་ཆེན་༸སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དེ་ཆགས་ཡོད་པར་མངོན་གསལ་གནང་འདུག མཐའ་མཇུག་དེར་གྲོས་ཚོགས་འཐུས་མི་དེ་དག་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་དེ་དག་འཕྲལ་མར་བཀག་སྡོམ་བྱེད་དགོས་པ་དང་། ཡོ་རོབ་མཐུན་ཚོགས་ཀྱིས་བོད་ནང་ལ་ཆོས་དད་རང་དབང་ཡོང་བར་རྒྱ་གཞུང་ནས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་རྣམ་པ་དང་དེ་བཞིན་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་ངེས་པར་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ་ནན་པོ་གནང་འདུགགཞན་ཡང་ཉེ་ཆར་ཟླ་ ༤ ཚེས་ ༨ ཉིན་སྦེལ་ཇམ་དབུས་གྲོས་ཚོགས་འོག་མིའི་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་སེ་མུལ་ཁོ་གྷོ་ལ་ཊི་ Samuel Cogolati མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༡ ལ་ཕེབས་ཀྱི་ཡོད་པའི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ སྔོན་ལ་བོད་དེ་བཙན་བཟུང་བྱས་པའི་རྗེས་སུ་བོད་ནང་ཆེས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་ཁྲོད་བོད་དེ་འཛམ་གླིང་ནང་དམ་དྲག་ཆེས་ཤོས་ཀྱི་ས་ཁུལ་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་ནས་ད་བར་ལོ་ངོ་ ༢༥ འགྲོ་གི་ཡོད་པ་གསུངས་ཡོད་པ་མ་ཟད། རྒྱ་་གཞུང་གིས་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་སྐོར་བཤད་པར་ཡིད་ཆེད་རྩ་བ་ནས་བྱེད་ཐབས་མེད་པ་བཞིན་གནད་དོན་དེ་གཙོས་པའི་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཚད་མེད་བྱེད་བཞིན་པ་དེ་དག་གི་ཐོག་གླེང་སློང་གནང་རྒྱུ་གལ་ཆིན་པོ་ཡིན་སྐོར་གསུངས་འདུག དེ་བཞིན་ཁོང་གིས་སྦེལ་ཇམ་གྲོས་ཚོགས་ནང་ཡུལ་དེའི་བདེ་སྲུང་དང་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Phillipe Goffin མཆོག་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་སྦེལ་ཇམ་གཞུང་གི་བཞེངས་ཕྱོགས་གང་འདྲ་ཡོད་དམ་ཞེས་འདྲི་བརྩད་ཀྱང་གནང་ཡོད་པ་རེད།རྩ་བའི་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་རྐྱེན་པས་ད་ཆ་རྒྱ་གར་རྒྱལ་ཡོངས་ཟླ་བ་གཅིག་ལྷག་ཐེམ་སྤང་གི་བཀག་རྒྱའི་འོག་གནས་ཡོད་པ་ལྟར། རྒྱལ་སྤྱིའི་ཁྲོན་དུ་གཞུང་དང་གཞུང་འབྲེལ་མིན་པའི་ལས་ཁུངས་ཡོངས་སུ་སྒོ་བརྒྱབ་ཏེ་མང་ཚོགས་ཀྱི་འགྲོ་འདུག་ལ་ཚད་བཀག་གནང་བའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིས་གཙོས་བོད་མི་དང་བོད་དོན་ཐོག་སེམས་ཁུར་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་སྒེར་བཅས་ནས་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་སླད་ཞུ་གཏུག་གི་ལས་འགུལ་སྤེལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་རིང་ཕྱི་ཚེས་ ༢༥ ཉིན་༸པཎ་ཆེན་༸སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་བཙན་ཁྲིད་གསང་ཉར་བྱས་སྟབས་ད་བར་ལོ་ངོ་ ༢༥ འཁོར་བའི་ཉིན་མོ་དང་བསྟུན་དྲྭ་རྒྱ་ཐོག་ནས་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་བའི་ཞུ་གཏུག་གི་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཡིན་པ་རེད།

བོད་མིར་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཀྱི་པར་སྒྲིག་གཤོམ་བྱེད་དགོས་པའི་བཙན་བཀའ་བཏང་བ།

ཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་པས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ཁུལ་མཛོད་དགེ་ཁུལ་དུ་ཞིང་འབྲོག་མང་ཚོགས་ལ་བཙན་བཀའ་བཏང་ནས་རང་ཁྱིམ་དུ་ཞི་ཅིན་ཕིང་གི་པར་སྒྲིག་གཤོམ་བྱེད་དུ་བཅུག་པའི་གནས་ཚུལ་བྱུང་འདུག དམར་ཤོག་སྲིད་གཞུང་གིས་བོད་མིར་རྣམས་ལ་བཙན་དབང་གིས་ལས་འགུལ་དེ་འདྲ་ཞིག་སྤེལ་དོན་ནི་བོད་རིགས་མི་མང་གིས་སྲིད་གཞུང་ལ་བློ་སེམས་དཀར་བའི་མཚོན་བྱེད་ཀྱི་ལས་གཞི་གསར་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག སྔོན་ཆད་རྒྱ་ནག་གི་དབུལ་སྐྱོར་མཁྲེགས་གཏོར་གྱི་སྲིད་བྱུས་ཀྱི་འོག་ན་ཡོད་པའི་ཁྱིམ་ཚང་རྣམས་ཀྱིས་ངེས་བར་དུ་རང་ཁྱིམ་དུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་རིམ་པའི་པར་སྒྲིག་གསོམ་བྱེད་དགོས་པ་ལས་བོད་ཁྱིམ་གཞན་རྣམས་ལ་ལས་གཞི་དེ་སྤེལ་མེད་ཀྱང་ད་ཆ་མཛོད་དགེ་ཁུལ་དུ་གཅིག་གྱུར་གྱིས་ཁྱིམ་ཚང་ཡོངས་ཀྱིས་དམར་ཤོག་འགོ་ཁྲིད་ཀྱི་པར་སྒྲིག་གཤོམ་བྱེད་དུ་འཇུག་གི་ཡོད་པ་ཡོངས་གྲགས་གནང་འདུག དེ་བཞིན་ Tibet watch ཞེས་པའི་བོད་གནས་ཉམས་ཞིབ་ཁང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་བོད་ཁུལ་གྱི་རྒྱ་ནག་གི་དཔོན་རིགས་ཀྱིས་ས་གནས་མི་མང་ལ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཀའ་དྲིན་དྲན་དགོས་པ་དང་། སྲིད་གཞུང་གི་ལམ་སྟོན་འོག་ཤར་སྐྱོད་བྱེད་དགོས་ལུགས་བརྗོད་ཡོད་པ་མ་ཟད་མཛོ་དགེ་ཁུལ་གྱི་དགོན་པ་དང་སློབ་གྲྭ དེ་བཞིན་ཞིང་འབྲོག་གི་ཁྱིམ་ཚང་ཡོངས་ཀྱིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་པར་སྒྲིག་གཤོམ་དགོས་པའི་བཙན་བཀའ་བཏང་ཡོད་པར་ཡོངས་གྲགས་གནང་འདུག ལས་འཆར་དེའི་འོག་ནས་རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་དུ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་པར་བཀྲམས་ནས་རང་ཁྱིམ་གྱི་མཆོད་གཤོམ་དུ་སྒྲིག་གཤོམ་དགོས་པའི་སྐུལ་མ་བཏང་བ་མ་ཟད། འབྲེལ་ཡོད་དཔོན་རིགས་ཀྱིས་ཁྱིམ་ཚང་དང་དགོན་པ། སློབ་གྲྭ་རེ་རེ་འགྲིམ་ནས་པར་སྒྲིག་གཤོམ་བྱས་ཡོད་མེད་བརྟག་མུས་ཡིན་ཡོངས་གྲགས་གནང་འདུགགཞན་ཡང་བོད་ཁུལ་དུ་ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་རྒྱ་ནག་གིས་བོད་ཁུལ་དུ་དམར་ཤོག་སྲིད་གཞུང་ལ་བློ་དཀར་དགོས་ཤིང་། རྒྱལ་གཅེས་ཀྱི་ལྟ་བ་སྤེལ་དགོས་པའི་ལས་གཞི་མང་དག་ཅིག་བོད་ཁུལ་དུ་སྤེལ་འགོ་ཚུགས་པ་ལྟར་ ༢༠༡༧ ལོ་ནས་བཟུང་རྒྱ་ནག་གིས་ཁ་བྲལ་རིང་ལུགས་པར་འཐབ་རྩོད་ཅེས་པའི་མིང་ཐོག་ནས་བོད་ཁུལ་དུ་ལས་འགུལ་སྤེལ་ཚད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་དོན་གཙོ་བོ་ནི་བོད་རིགས་མི་མང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ནང་བསྟན་ཆོས་ལུགས་ལ་བློ་སེམས་དཀར་བའི་འབྲེལ་ལམ་དེ་རྩ་གཏོར་བཏང་ནས་བོད་རིགས་མང་ཚོགས་ཀྱིས་རྒྱ་ནག་གི་སྲིད་གཞུང་ལ་བློ་སེམས་དཀར་བའི་བསམ་བློའི་རྨང་གཞིར་འགྱུར་བ་གཏོང་ཐབས་ཤིག་ཡིན་པར་འགྲེལ་བརྗོད་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གིས་ཆབ་སྲིད་ཀྱི་དབང་ཆ་བཟུང་བ་དང་ལྷན་བོད་ཁུལ་དུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་རིགས་མང་ཚོགས་ཀྱི་བློ་ཁ་སྲིད་གཞུང་གི་ཕྱོགས་སུ་བསྒྱུར་ཐབས་ལ་འབད་བཞིན་ཡོད་པར་ཡོངས་གྲངས་གནང་འདུག

ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་ཐེངས་གཉིས་པར་དྲང་བདེན་གནང་དགོས།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་ཚོགས་པ་ཁག་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་ཐེངས་གཉིས་པ་དེ་གནང་རྒྱུ་ཡིན་པ་དང་བསྟུན་རྒྱ་ནག་གཞུང་གིས་བདུན་ཕྲག་རྗེས་མར་གནང་རྒྱུའི་ཁོང་གི་ཁྲིམས་བཤེར་ཐེངས་གཉིས་པ་དེར་དྲང་བདེན་གནང་དགོས་པའི་གསར་འགོད་བསྒྲགས་གཏམ་སྤེལ་གནང་འདུག གཞི་རྩའི་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་བོད་མིའི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ནི་དེ་སྔ་ས་གནས་སྲིད་གཞུང་གི་ལས་དོན་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཕྱིར་བསྒྲགས་དང་ས་གནས་སུ་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན། དེ་བཞིན་སྟོང་ལ་ཉེ་བའི་རི་དྭགས་རྔོན་པའི་ལས་དོན་ལ་གདོང་ལེན་གནང་མཁན་གྱི་ལས་འགུལ་བ་ཞིག་ཡིན་པ་དང་། ཁོང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁས་ས་ཕྱི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གཙོས་པའི་ཚོགས་པ་ཁག་ཅིག་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨ་ཉ་སེང་སྒྲ་ལགས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྨན་པའི་ལས་འགུལ་སྤེལ་བ་དེ་ནི་བོད་ཀྱི་ཁོར་ཡུག་གི་གནས་བབས་ཀྱི་ཆ་ནས་དུས་ཀྱི་དགོས་མཁོ་ཞིག་ཡིན་པ་དང་སྒོས་ཁོང་ནག་ཉེས་ཅན་ཞིག་ལ་ངོས་འཛིན་རྒྱུ་ཚབ་ཏུ་དཔའ་བོ་ཞིག་ཏུ་ངོས་འཛིན་གནང་དགོས་པ་གསུངས་འདུག ཁོང་གིས་ད་དུང་འཛམ་གླིང་གི་ཁོར་ཡུག་ལས་འགུལ་བ་མང་པོ་ཞིག་ནས་ད་ཆ་ཁོར་ཡུག་སྲུང་སྐྱོབ་དང་སྦྲགས་ལས་དོན་སྣ་མིན་གཉེར་བཞིན་པ་དེ་ལྟར་ཡང་རྒྱ་གཞུང་གི་དབང་སྒྱུར་འོག་ཏུ་དེ་འབྲེལ་ཕྱག་ལས་གནང་མཁན་ཨ་ཉ་སེང་སྒྲ་ལགས་ལྟ་བུར་ནག་ཉེས་ཅན་ལ་ངོས་འཛིན་གྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་གསུངས་འདུག བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨ་ཉ་སེང་སྒྲ་ལགས་ནི་བོད་མིའི་ཁོར་ཡུག་ལས་འགུལ་བ་ཞིག་ཆགས་ཀྱི་ཡོད་པས་ད་རེས་ཁོར་ཡུག་གི་ཉིན་མོ་དང་བསྟུན་ཁོང་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་པ་དང་ཆབས་ཅིག་བོད་པའི་ཚོགས་པ་ཁག་ནས་རྒྱ་ནག་ནང་གཞུང་ཚབ་ལས་ཁང་ཡོད་པ་རྣམས་ལ་འབྲེལ་གཏུག་གནང་སྟེ་ཨ་ཉ་སེང་སྒྲ་ལགས་ཀྱི་གནད་དོན་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པའི་རེ་བ་ཞུས་ཡོད་པ་གསུངས་སོང་། དེ་བཞིན་ཨིན་ཡུལ་ནང་གི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཆར་འགན་འཛིན་ John Jones ལགས་ཀྱིས་རྒྱ་གཞུང་གིས་དྲག་གནོན་དང་དམ་བསྒྲགས་འོག་ད་ཆ་བོད་ནང་གི་བོད་མིར་དྲང་བདེན་མེད་པའི་ཁྲིམས་བཤེར་བྱེད་རྒྱུ་དང་ཁོར་ཡུག་གཏོར་བཅོམ་བྱེད་རྒྱུ། དེ་བཞིན་ས་གནས་སྲིད་གཞུང་གིས་དབང་ཆ་ལོག་སྤྱོད་ཐོག་བོད་མིར་གདུག་རྩུབ་གཏོང་བཞིན་པའི་གནད་དོན་དེ་དག་ལ་གདོང་ལེན་སླད་ཨ་ཉ་སེང་སྒྲ་ལགས་སུ་སྤྱི་ཚོགས་དཀྲུག་པའི་ཉེས་མིང་གིས་འཛིན་བཟུང་བཀག་ཉར་དང་། ཁྲིམས་བཤེར་རྫུན་མ་བྱས་ཡོད་པས་ད་ཆ་ཁྲིམས་ཁང་ནས་ཨ་ཉ་སེང་སྒྲ་ལགས་ཀྱི་བཅད་ཁྲ་ལ་བསྒྱུར་བ་བཏང་ནས་སྤྱི་ཚོགས་ལ་སྨན་པའི་ལས་འགུལ་མུ་མཐུད་སྤེལ་འཐུས་ཆོག་པ་བཟོ་དགོས་པ་གསུངས་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས་རྒྱ་གཞུང་ནས་བོད་མིར་ཆེད་མངགས་ནག་ཉེས་འཛུགས་པའི་སླད་རང་རྒྱལ་གྱི་ཁྲིམས་བསྒྱུར་བཅོས་གཏང་བའི་གོམས་འདྲིས་ཡོད་པས་རྒྱ་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་མི་རྣམས་རྒྱུ་མཚན་རྩ་བ་ནས་མེད་པར་འཛིན་བཟུང་བྱེད་རྒྱུའི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་བརྗོད་འདུག དེ་སྔོན་ཨ་ཉ་སེང་སྒྲ་ལགས་དང་དེ་བཞིན་བོད་མི་ ༤༠༠ ལྷག་མཉམ་དུ་ཉེས་མིང་སྣ་མིན་འོག་འཛིན་བཟུང་བྱས་ཡོད་པ་དང་འཛིན་བཟུང་བྱས་པའི་བོད་མི་རྣམས་ནས་ནག་ཉེས་བསགས་པའི་དཔང་རྟགས་གང་ཡང་མེད་པ་སོགས་གསུངས་འདུག གཞི་རྩའི་ཨ་ཉ་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བཀག་ཉར་གྱི་བརྒྱུད་རིམ་དེའི་ཁྲོད་ཁོང་ལ་ཉེས་བརྡུང་ཚད་མེད་བཏང་ཡོད་པ་མ་ཟད་ཟླ་བ་ ༡༤ ཙམ་ཁྲིམས་བཤེར་གང་ཡང་མེད་པར་བཞག་ཡོད་པ་རེད་འདུག ཁོང་གི་ཁྲིམས་རྩོད་པ་ Lin Qilei ལགས་ཀྱིས་འདི་ལོའི་ཟླ་ ༡ པོའི་ནང་མགོ་ལོག་རྨ་ཆེན་རྫོང་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་དུ་ཨ་ཉ་ལགས་དང་ཐུག་འཕྲད་དང་འབྲེལ་ཁྲིམས་བཤེར་ཐེངས་གཉིས་པ་སླད་མགོ་ལོག་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་གནང་ཡོད་པ་རེད། སྤྱིར་དེ་སྔ་ཨ་ཉ་སེང་སྒྲ་ལགས་སུ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་སྐབས་ཁོང་ནས་ནག་ཉེས་ངོས་ལེན་གནང་མེད་པ་རེད།

རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པའི་ཏོག་དབྱིབས་ནད་པའི་གྲངས་འབོར་ལས་ལྡབ་བཞི་མང་བ་ཡོད་པ་ཕྱིར་འདོན།

དེ་རིང་ The Guardian གསར་ཁང་གིས་གནས་ཚུལ་སྤེལ་བར་ད་ལྟའི་ཨ་རི་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱིས་སྣེ་ཁྲིད་དེ་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཐོག་མ་ཕྱི་ལ་ཁྱབ་ཚུལ་ལ་ཞིབ་འཇུག་བྱེད་དགོས་པའི་སྐུལ་འདེད་གཏོང་བཞིན་ཡོད་པའི་ཁྲོད། ཧོང་ཀོང་གི་མི་མང་འཕྲོད་བསྟེན་གཙུག་ལམ་སློབ་ཁང་གིས་རྒྱ་ནག་གི་རིམས་ནད་ཁྱབ་བརྡལ་གྱི་གྲངས་ཐོ་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་དུ་ཏོག་དབྱིབས་རིམས་ནད་ཀྱི་འགོས་ཁྱབ་ཀྱི་རིམ་པ་དང་པོའི་ནང་དུ་རིམས་ནད་འགོས་པའི་ནད་པ་ཁྱོན་ ༢༣༢༠༠༠ ལྷག་ཡོད་པར་ཕྱིར་བསྒྲགས་ཀྱིས་གྲངས་ཚད་དེ་ནི་རྒྱ་ནག་སྲིད་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་ཚད་ལས་ལྡབ་བཞི་ལས་ལྷག་པ་བརྒལ་ཡོད་པར་གསལ་འདོན་གནང་འདུགརྒྱ་ནག་གིས་ཕྱི་ཟླ་ ༢ ཚེས་ ༢༠ བར་རིམས་ནད་འགོས་ཁྱབ་བྱུང་བའི་དོན་རྐྱེན་ ༥༥༠༠༠ ལས་ཕྱིར་བསྒྲགས་བྱས་མེད་ཀྱང་། ཧོང་ཀོང་གི་མི་མང་འཕྲོད་བསྟེན་གཙུག་ལག་སློབ་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན་རིམས་ཆད་འགོས་ཁྱབ་བྱུང་བའི་དོན་རྐྱེན་གྱི་གྲངས་ཚད་ནི་རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པ་ལས་ལྡབ་འགྱུར་གྱིས་མང་བ་ཡོད་པར་ཕྱིར་བསྒྲགས་བྱས་འདུག དེ་བཞིན་གསར་ཁང་གིས་རྒྱ་ནག་གིས་ད་ལྟའི་བར་དུ་རིམས་ནད་འགོས་ཁྱབ་བྱུང་བའི་མིའི་གྲངས་ཚད་དེ་ནི་ ༨༣༠༠༠ ཙམ་ཕྱིག་བསྒྲགས་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་ཁྲོད་རིམསནད་འགོས་ཁྱབ་ཀྱིས་རྐྱེན་འདས་སུ་ཕྱིན་པའི་གྲངས་ཚད་ནི་ ༡༨༤༠༠༠ ལྷག་བརྒལ་ནས་ཁྱོན་ཡོངས་མི་གྲངས་ཡ་ ༢་༦ ལྷག་ལ་གཉན་རིམས་འགོས་ཁྱབ་བྱུང་ཡོད་པར་ཡོངས་གྲགས་གནང་སྟེ་རྒྱ་ནག་གི་དངོས་བདེན་མིན་པའི་རིམས་ནད་འགོས་ཁྱབ་ཀྱི་གྲངས་ཚད་དེར་ཟུར་ཟ་གནང་འདུརྒྱ་ནག་གི་ནང་དུ་རིམས་ནད་དེ་ཐོག་མར་ངོས་འཛིན་བྱེད་ཕྱོགས་ཀྱི་རྩ་བའི་རྨང་གཞི་དེ་ནི་ཚད་གཞི་ལོང་བ་ཞིག་མིན་པར་བསྒྲགས་ཏེ་ཕྱི་ཟླ་ ༡ ཚེས་ ༡༥ ནས་ཟླ་ ༣ ཚེས་ ༣ བར་རྒྱ་ནག་གི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བསྐྱར་ཞིབ་རིམ་པ་བདུན་ལྷག་བྱས་པའི་གྲུབ་དོན་ནང་ད་ཆ་རིམས་ནད་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ལག་སོན་བྱུང་ཐུབ་པ་མ་ཟད། འཕྲུལ་རིགས་ཀྱིས་བརྟག་དཔྱད་བྱེད་རྒྱུའི་ནུས་བ་རྒྱ་སྐྱེད་ཡོད་ལུགས་ངོ་སྤྲོད་གནང་བ་དང་སྦྲགས། ཀོང་ཧོང་གིས་ཟླ་ ༢ ཚེས་ ༢༠ བར་ཞིབ་འཇུག་བྱས་པ་ལྟར་ན་རིམས་ནད་ངོས་འཛིན་གྱི་རྩ་བའི་རྒྱུ་ཆ་ལ་འགྱུར་བ་མང་པོ་ཐེབས་ཀྱི་ཡོད་ལུགས་ལུང་འདྲེན་གནང་འདུག གཞན་ཡང་ཞིབ་འཇུག་པས་གསལ་འདོན་བྱས་པར་དང་ཐོག་རྒྱ་ནག་གིས་རིམས་ནད་འགོས་ཁྱབ་ཡོད་མེད་ལ་ཞིབ་འཇུག་བྱེད་རྒྱུའི་རྒྱུ་ཆ་གཙོ་བོ་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་འབྲེལ་བ་ཡོད་མེད་དང་དེ་བཞིན་ཁུལ་དེའི་མཚོ་ཟས་ཀྱི་ཁྲོམ་ར་ལ་འབྲེལ་བ་ཡོད་མེད། ནད་པའི་དབུགས་རྔུབ་ལེན་ཙམ་ལ་བརྟག་དཔྱད་བྱེད་ཀྱི་ཡོད་ལུགས་ལུང་འདྲེན་གྱིས་ཞིབ་འཇུག་པས་རྒྱ་ནག་ནང་དུ་རིམ་བཞིན་གཉན་རིམས་འགོས་ཁྱབ་ཀྱི་འགྲེལ་བརྗོད་དང་ནད་རྟགས་སོགས་གཞི་རྒྱ་ཆེ་རུ་ཕྱིན་པ་དང་མཉམ་དུ་རིམས་ནད་འགོས་པའི་ནད་པའི་གྲངས་ཚད་ཀྱང་ལྟོས་བཅོས་ཀྱིས་ཆེ་རུ་ཕྱིན་ཡོད་ཚུལ་བརྗོད་དེ་རྒྱ་ནག་ནང་གི་རིམས་ནད་འགོས་ཁྱབ་ཀྱི་ནད་པའི་གྲངས་ཚད་དེ་རིང་ཚོད་དཔག་བྱས་པ་ལས་ཀྱང་མང་བ་ཡོད་པར་བཀོད་འདུགགསར་ཁང་གི་དེས་ད་དུང་རྒྱ་ནག་གི་ནང་རིམས་ནད་འགོས་ཁྱབ་ཀྱི་ནད་པའི་གྲངས་ཚད་ལ་ཕྱི་གསལ་ནང་གསལ་མེད་པར་གསལ་འདོན་གྱིས་བདུན་ཕྲག་སྔོན་མའི་ནང་དུ་རྒྱ་ནག་གིས་རིམས་ནད་ཐོག་མར་ཁྱབ་སའི་གྲོང་ཁྱེར་ཝུ་ཧན་གྱི་འདས་གྲོངས་སུ་ཕྱིན་པའི་ནད་པའི་གྲངས་ཚད་དེ་སྔོན་གྱི་ཕྱིར་བསྒྲགས་བྱས་པ་ལས་ལྡབ་གཅིག་གིས་སྤར་ཏེ་ཕྱིར་བསྒྲགས་བྱས་ཡོད་ལུགས་ལུང་འདྲེན་གྱིས་སྲིད་གཞུང་གིས་ངེས་གཏན་མེད་པའི་ཕྱིར་བསྒྲགས་ཀྱི་གནས་བབས་དེར་པེ་ཅིང་གི་མི་མང་གིས་སྡང་ཟུག་སྟོན་བཞིན་པ་ཕྱིར་བསྒྲགས་གནང་འདུག

ནད་ཡམས་ཁྲོད་དབྱིན་ཡུན་ནང་གི་བོད་མིའི་གནས་སྟངས་སྐོར་རྒྱུས་ལོན།

ད་ལྟའི་ཆར་ཡོ་རོབ་རྒྱལ་ཁབ་དབྱིན་ཡུལ་ནི་འཛམ་གླིང་ནང་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེ་ཤོས་ཕོག་ཡུལ་རྒྱལ་ཁབ་ཨང་ལྔ་པ་དེ་ཆགས་ཡོད་ཅིང་། ད་བར་ཁུལ་དེའི་མི་གྲངས་ ༡༣༨༠༧༨ ལྷག་ལ་ཏོག་དབྱིབས་རིམས་ནད་ཕོག་ཡོད་པ་དང་། རིམས་ནད་རྐྱེན་པས་ད་བར་མི་གྲངས་ ༡༨༧༣༨ ལྷག་རྐྱེན་འདས་སུ་གྱུར་འདུགརླུང་འཕྲིན་ཁང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་འདིར་དབྱིན་ཡུལ་ནང་གནས་སྡོད་བོད་མི་ཚོའི་གནས་སྟངས་ཇི་ཆགས་སྐོར་ལ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་ལྷ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།

Latest news