Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཨ་ཉག་སེང་སྒྲ་ལགས་སུ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས།

ཁ་སང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་དེ་རིང་མགོ་ལོག་དགའ་བདེ་ཁུལ་གྱི་བོད་ཀྱི་ཁོར་ཡུག་གི་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་ལགས་སུ་ལོ་བདུན་གྱི་ཁྲིམས་ཐག་བཅད་པའི་ཐོག་ནས་ཁྲིམས་བཤེར་བྱེད་ཀྱི་ཡོད་པར་བརྟེན་རྒྱ་ནག་སྲིད་གཞུང་གིས་ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་པའི་རེ་སྐུལ་གནང་འདུག མགོ་ལོག་དགའ་བདེ་ཁུལ་ནས་ཡིན་པའི་ཨ་ཉག་སང་སྒྲ་ལགས་ཀྱིས་སྲིད་གཞུང་གིས་ལྐོག་ཟ་རུལ་སུངས་དང་རྒྱ་ནག་གི་ཁྲིམས་དང་མི་མཐུན་པའི་གཏེར་ཁ་སྔོག་འདོན་བྱས་ཏེ་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཐེབས་བཞིན་ཡོད་ལུགས་ཕྱིར་བསྒྲགས་བྱས་ཡོད་པ་ལྟར་རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༡༢ ནང་ཁོང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་དང་ཁོར་ཡུག་སྲུང་སྐྱོབ་ཞེས་པའི་སྐད་འཕྲིན་གྱི་ཚོགས་པ་གཉིས་བཙུགས་ནས་མི་མང་བསྡུ་སྐོང་བརྒྱུད་སྲིད་གཞུང་གི་བཀའ་རྒྱ་ལ་གཏོར་བཤིག་དང་དེ་བཞིན་མང་ཚོགས་ཁྲོད་དཀྲོག་རྐྱེན་བཟོས་པའི་ཉེས་མིང་གི་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་རྒྱ་ནག་གཞུང་གིས་ཁོང་ལ་འཛུགས་པའི་ཉེས་འཛུགས་དེ་དག་ནི་དུས་རྒྱུན་ནས་བོད་མིའི་ལས་འགུལ་བ་དང་ཁོར་ཡུག་སྲུང་སྐྱོབ་པ་རྣམས་ལ་འབུར་འཇོམས་གཏོང་ཆེད་བེད་སྤྱོད་བྱེད་སྲོལ་ཡོད་པ་མངོན་གསལ་གནང་བ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ལྔས་རྒྱ་ནག་གིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་མཐུན་གྱི་བྱེད་ལས་དེ་ནག་ཉེས་ཅན་དུ་བསྒྱུར་བར་སྐྱོན་བརྗོད་ཀྱིས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་བརྩི་སྲུང་བྱས་པའི་ཐོག་ཁོང་ལ་ཉེས་འདོགས་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་ལུགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཁོང་གི་འཕྲོད་བསྟེན་གྱི་གནས་བབ་ཧ་ཅང་ཞན་པོ་ཡོད་པར་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་པ་རེད།རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བློ་བཟང་གཡང་མཚོ་ལགས་ཀྱིས་རྒྱ་ནག་གིས་དུས་རྒྱུན་ལས་གཡོ་བྱུས་ལྡན་ཐོག་གཞིས་ལུས་བོད་མི་རྣམས་ལ་ཉེས་འཛུགས་བྱེད་ཀྱི་ཡོད་ལུགས་དང་། དམིགས་བསལ་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་གྱི་བོད་མི་མང་པོ་ཉེས་འཛུགས་སྣ་མང་འོག་འཛིན་བཟུང་བྱེད་ཆོག་པའི་ཁྲིམས་སྒྲིག་ཅིག་ལག་བསྟར་བྱས་པ་དངསྔ་ལོར་རྒྱ་ནག་གིས་ནག་ཉེས་ཀྱི་དཔང་རྟགས་གཅིག་ཀྱང་སྟོན་རྒྱུ་མེད་པར་བོད་མི་ ༤༠༠ ལྷག་འཛིན་བཟུང་བྱས་པའི་ཁྲོད་ནས་ཨ་ཉག་སེང་སྒྲ་ལགས་ཡོད་པར་ཕྱིར་བསྒྲགས་གནང་འདུག དེ་བཞིན་ཁོང་གིས་རྒྱ་ནག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ པ་ནས་བཟུང་བོད་ཁུལ་དུ་ནག་ཚོགས་གཙང་བཟོ་ཟེར་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར་ནག་ཚོགས་ཞེས་པའི་ནང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་དང་རྒྱ་ནག་སྲིད་གཞུང་དང་ལྟ་བ་མི་མཐུན་མཁན། དེ་བཞིན་བོད་མིའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སྲུང་སྐྱོབ་པ་ཚང་མ་ཚུད་ཡོད་པ་ཡང་ཕྱིར་བསྒྲགས་གནང་ཡོད། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free TIbet ཞེས་པའི་བོད་དོན་ལས་འགུལ་ཁང་གི་དྲིལ་བསྒྲགས་དོ་དམ་པ་སྐུ་ཞབས་ John Jones ལགས་ཀྱིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་དང་འབྲེལ་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ད་ཆ་བོད་ནི་དྲང་བདེན་གྱིས་སྟོང་བའི་གནས་བབ་ཅིག་ཏུ་ལྷག་ཡོད་སྐོར་བསྒྲགས་པ་དང་འབྲེལ། རྒྱ་ནག་གིས་བོད་ཁུལ་དུ་ཁོར་ཡུག་གཏོར་བཅོམ་དང་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་ཨ་ཉག་སེང་སྒྲ་ལགས་ལ་གཞི་རྩ་གང་ཡང་མེད་པར་འཛིན་བཟུང་བྱས་པ་དེ་ནི་ངོ་ཚ་དགོས་བ་ཞིག་ཡིན་པར་མངོན་གསལ་གནང་བ་དང་། ཆབས་ཅིག་ཏུ་ཨ་ཉག་སེང་སྒྲ་ལགས་འཕྲལ་དུ་གློད་བཀྲོལ་བཏང་ནས་ཁོང་ཉིད་སྔར་འཇིགས་སྣང་མེད་པའི་ཐོག་ནས་རང་གི་སྤྱི་ཚོགས་ཀྱི་ཕྱག་ལས་དེར་འཇུག་ཐུབ་པ་བཟོ་དགོས་པའི་འབོད་སྐུལ་གནང་འདུག གཞི་རྩའི་ཨ་ཉག་སེང་སྒྲ་ལགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པ་དང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་རྒྱ་ནག་སྲིད་གཞུང་གིས་ཁོང་གིས་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་སྤྱོད་མཚམས་འཇོག་དགོས་པའི་ལས་འགུལ་དབུ་འཛུགས།

ད་ཆ་རྒྱ་ནག་སྲིད་གཞུང་གིས་ཏོག་དབྱིབས་རིམས་ནད་འདི་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་བཏང་སྟེ་མི་སེར་མང་པོའི་ཚེ་སྲོག་འཕྲོག་དང་འཕྲོག་བཞིན་པ་མ་ཟད་རྒྱལ་ཁབ་སོ་སོའི་དཔལ་འབྱོར་དང་མི་མང་གི་འཚོ་ཐབས་ལ་དོ་ཕོག་ཤུགས་ཆེན་པོ་གཏོང་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་རྒྱལ་ཁབ་དང་མང་ཚོགས་མང་པོས་རྒྱ་ནག་གཞུང་ལ་ངོ་རྒལ་གྱི་རྣམ་འགྱུར་ཆེས་བཏོན་གནང་བཞིན་པའི་ཁྲོད་འདིར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་གནང་མཚམས་འཇོག་དགོས་པའི་རྒྱལ་སྤྱིའི་ལས་འགུལ་འགོ་འཛུགས་གནང་སོང་།དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དྷ་ས་མེག་ལོཊ་ཁྲོམ་གཞུང་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་རྣམ་པ་དང་ས་གནས་མི་མང་ཁག་ཅིག་མཉམ་ཞུགས་ཐོག་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་འཇོག་དགོས་པའི་རྒྱལ་སྤྱིའི་ལས་འགུལ་དབུ་འཛུགས་གནང་བ་་དང་སྦྲགས་མང་ཚོགས་དང་ས་གནས་ཀྱི་ཡུལ་མི་ཁག་ནས་རྒྱ་ནག་གི་ཅ་དངོས་བེད་སྤྱོད་གནང་མཚམས་འཇོག་རྒྱུའི་མཚན་རྟགས་ཆེད་བཀོད་གནང་སོང་བ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དགོན་པོ་དོན་གྲུབ་ལགས་ཀྱིས་སྤྱིར་ལས་འགུལ་འདི་སྤེལ་དགོས་པའི་རྒྱུ་མཚན་མང་དག་ཅིག་ཡོད་ཀྱང་རྒྱུ་མཚན་གཙོ་བོ་གསུམ་ཡོད་པ་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་དམག་དོན་གྱི་གོ་མཚོན་རྒྱ་སྐྱེད་བཏང་སྟེ་རྩོད་རྙོག་ཡོད་པའི་ས་མཚམས་ཁག་ཏུ་འཇིགས་སྐུལ་གྱི་དམག་སྦྱོང་བྱས་པ། དེ་བཞིན་རྒྱ་ནག་གཞུང་གིས་ཐོག་མ་ཉིད་ནས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གནས་ཚུལ་སྦས་གསང་བྱས་ཏེ་ད་ཆ་རྒྱལ་སྤྱིའི་ཡུལ་གྲུ་གང་སར་དཀའ་ངལ་ཆེན་པོ་བཟོས་པ་བཅས་ཀྱི་བྱ་སྤྱོད་ལ་གཞིགས་ཏེ་ཐེངས་འདིའི་ལས་འགུལ་བརྒྱུད་དེ་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་སྤྲོད་ཐུབ་པ་གནང་རྒྱུ་དེ་ཡིན་ཞེས་གསུངས་སོང་།   དེ་བཞིན་ལས་འགུལ་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ནང་ད་ཆ་འཛམ་གླིང་ཐོག་ནད་ཡམས་དང་འབྲེལ་བའི་དཀའ་ངལ་ཆེན་པོ་བཟོས་པའི་ནག་ཉེས་དང་འགན་ཆ་ཚང་རྒྱ་ནག་གཞུང་ནས་ཁུར་དགོས་པ་དང་རྒྱལ་སྤྱིའི་མི་མང་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བློ་འགེལ་བྱེད་མི་རུང་བ། དེ་བཞིན་རྒྱ་ནག་གཞུང་ནས་འཛམ་གླིང་མི་མང་ལ་གྱོང་གུད་དང་དཀའ་ངལ་སྤྲད་པའི་འགན་ཁུར་དང་ལེན་ཐོག་གུན་གསབ་ངེས་པར་དུ་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་བཏོན་གནང་ཡོད།   རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་ཏོགས་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་ཁྲོད་ཟླ་ ༥ ཚེས་ ༢༣ ནས་དབུ་འཛུགས་གནང་སྟེ་ཉིན་གྲངས་བཅུའི་རིང་དྲྭ་ཐོག་བརྒྱུད་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེས་ཆེར་སོང་བའི་ནག་ཉེས་དང་དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་ཁུར་དགོས་པའི་ལས་འགུལ་ཀྱང་སྤེལ་ཡོད་པ་རེད།ད་ལྟའི་ཆར་ཚོར་བ་རྣོ་བའི་ཛ་དྲག་དུས་སྐབས་འདིར་བོད་པ་ཙམ་མ་ཟད་རྒྱ་གར་ལ་དྭགས་ནས་ཡིན་པ་ཤེས་ཡོན་སློབ་གསོ་བ་དང་ཁོར་ཡུལ་སྲུང་སྐྱོབ་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ Boycott China ཞེས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་ཞེས་པའི་འབོད་སྐུལ་གྱི་ལས་འགུལ་དེར་རྒྱ་གར་མང་ཚོགས་མང་དག་ཅིག་གིས་ཚོར་ཤུགས་ཆེན་པོས་མཉམ་ཞུགས་གནང་བཞིན་ཡོད་པ་རེད།

ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གནང་ནས་ལོ་གཅིག་འཁོར་བར་བོད་མི་མཉམ་ཞུགས།

འདས་ལོར་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གྱིས་རྩོད་རྙོག་ཅན་གྱི་ཉེས་ཅན་རྩིས་སྤྲོིད་ཀྱི་ཁྲིམས་འཆར་འདོན་སྤེལ་བྱས་པ་དང་སྦྲགས་ཏེ་ཧོང་ཀོང་མང་ཚོགས་སྟོང་ཕྲག་མང་པོས་ཟླ་ཤས་རིང་དེར་ངོ་རྒོལ་གནང་བ་དང་ཕྱིས་སུ་ཁྲིམས་འཆར་དེ་ཕྱིར་འཐེན་བྱས་ཡོད་ཀྱང་། མང་ཚོགས་ཀྱིས་བསྟུད་མར་དགོས་འདུན་ཁག་ཅིག་ཆེད་འདོན་གྱིས་གཞུང་ལ་ངོ་རྒོལ་གནང་ཡོད་པ་རེད།ཉེ་ལམ་ཟླ་ ༦ ཚེས་ ༡༢ ཉིན་ཁྲིམས་འཆར་དེ་འདོན་སྤེལ་དང་མང་ཚོགས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་ངོ་རྒོལ་གནང་ནས་ལོ་འཁོར་མོ་གཅིག་འཁོར་བར་ཧོང་ཀོང་མང་ཚོགས་ཀྱིས་དུས་ཚིགས་དེ་རྗེས་དྲན་ཞུས་པའི་ཐོག་བོད་མི་རྣམས་ཀྱིས་ལས་འགུལ་དེར་མཉམ་ཞུགས་གནང་འདུག ཕྱི་ཚེས་ ༡༢ ཉིན་ཧོང་ཀོང་གི་ Mong Kok ཁྲོམ་ར་དང་ Causeway Bay ཁུལ་དེ་བཞིན་ས་ཁུལ་གཞན་ཁག་ཏུ་དགོང་མོ་མང་ཚོགས་སྟོང་ཕྲག་འདུ་འཛོམས་ཀྱིས་ངོ་རྒོལ་གྱི་གླུ་གྱེར་ནས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འདོན་སྤེལ་བྱས་ཏེ་ལོ་འཁོར་མོ་འཁོར་བའི་དུས་ཚིགས་དྲན་གསོ་ཞུས་ཡོད་པ་མ་ཟད། ལས་འགུལ་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འབོད་སྒྲ་སྣ་མིན་འཁོད་པའི་སྦྱར་པང་བསྣམས་ཏེ་ངོ་རྒོལ་གནང་ཡོད་ཀྱང་། ཉེན་རྟོག་པས་འདུ་འཛོམས་དེ་ཁྲིམས་འགལ་ཡིན་པར་ཉེན་བརྡ་བཏང་བ་དང་ཆབས་ཅིག་ལས་འགུལ་བ་ ༣༥ ལྷག་འཛིན་བཟུང་བྱས་འདུག དེ་ཉིན་ཉིན་དགུང་ཙམ་ལ་མི་བརྒྱ་ལྷག་འདུ་འཛོམས་ཀྱིས་ཧོང་ཀོང་ལ་རང་བཙན་དགོས་ཞེས་པའི་དར་ཆ་བསྣམས་འདུག་པ་དང་མང་ཚོགས་ནས་འཆི་རྒྱུར་ཞེད་སྣང་མེད་པས་གཞུང་ནས་དེ་འབྲེལ་གྱི་འཇིགས་སྐུལ་ཅི་ཕྱིར་བྱེད་ཀྱི་ཡོད་ཅེས་པའི་འཕྲེད་དར་སོགས་བསྣམས་ཏེ་ངོ་རྒོལ་བྱས་ཡོད་པ་རེད། གཞི་རྩའི་ཧོང་ཀོང་གི་ལས་འགུལ་ལ་བོད་མི་གཙོས་པའི་ཐེ་ཝན་དང་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱ་གཞུང་ལ་སྐྱོན་བརྗོད་དང་འབྲེལ། ཧོང་ཀོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་ཡོད་པ་དང་ཉེ་ལམ་ཡང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འདོན་སྤེལ་གྱིས་ལོ་གཅིག་འཁོར་བའི་དུས་ཚིགས་སུ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་བོད་མི་གཙོས་ཚོགས་པ་འདྲ་མིན་ནས་ཉིན་མོ་དེ་རྗེས་དྲན་ཞུས་ཡོད་པ་དང་། ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མིས་བོད་ཀྱི་རྒྱལ་དར་བསྣམས་ཏེ་བོད་དང་ཤིན་ཅང་། ཧོང་ཀོང་། དེ་བཞིན་རྒྱ་ནག་ལ་རང་དབང་དགོས་ཞེས་པའི་སྦྱར་པང་སོགས་བསྣམས་འདུག  ལས་འགུལ་གོ་སྒྲིག་གནང་མཁན་ནས་དགོས་འདུན་བཞིའི་སྒོ་ནས་གསར་འགོད་བསྒྲགས་གཏམ་སྤེལ་འདུག་པ་དང་དེ་བརྒྱུད་ཧོང་ཀོང་ནི་ཧོང་ཀོང་གི་མི་རིགས་ལ་བདག་གི་ཡོད་པས་རྒྱ་གཞུང་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས། ཐེ་ཝན་ནས་ཧོང་ཀོང་གི་ཉེན་རྟོག་པར་ཐེ་ཝན་ནང་ཡོང་རྒྱུར་བཀག་འགོག་དང་དེ་བཞིན་ཐེ་ཝན་ནས་ཧོང་ཀོང་གི་ཡུལ་མི་ཁུལ་དེར་གནས་སྤོ་སླད་ད་ལྟ་ནས་གྲ་སྒྲིག་གནང་དགོས་ཞེས་བཤད་འདུག ཨོ་གླིང་གི་བྷིར་སི་བྷན་ནང་ཧོང་ཀོང་རྒྱབ་སྐྱོར་བ་ཨོ་གླིང་གི་མི་རིགས་དང་བོད་མི། དེ་བཞིན་ཡུ་གུར། ཝེ་ཏི་ནམ་སོགས་ནས་ཉིན་མོ་དེ་དྲན་གསོ་དང་སྦྲགས། རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་གཞུང་ནས་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེ་དག་ཐད་གང་ཡང་མ་གསུང་པར་བཞུགས་ན་འགྲིག་ཐབས་མེད་པ་དང་།  ད་ཆ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་རྣམས་ངེས་པར་དུ་འགན་ཁུར་བ་ཞིག་བཟོ་དགོས་པས་དེ་འབྲེལ་ཐད་ཨོ་གླིང་ནས་ Magnitsky Act ཞེས་པའི་ཁྲིམས་འཆར་གཏན་འབེབས་གནང་དགོས་ཞེས་གསུངས་ཏེ་དགོས་འདུན་ཆེད་བཏོན་གྱིས་ལས་འགུལ་སྤེལ་འདུག རྩ་བའི་ཧོང་ཀོང་མང་ཚོགས་ནས་འདས་ལོའི་ཟླ་བ་ ༦ པའི་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གནང་སྟེ་རིམ་པས་ངོ་རྒོལ་དེ་དགོས་འདུན་བཞི་ཆེད་བཏོན་ཐོག་ངོ་རྒོལ་བསྟུད་མར་སྤེལ་ཀྱང་འདས་ལོར་ཟླ་མཇུག་ནས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ལས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་སོང་བ་དང་བསྟུན་བར་ལམ་ལས་འགུལ་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།  འོན་ཀྱང་ཉེ་ལམ་རྒྱ་ནག་གཞུང་ནས་ཧོང་ཀོང་བདེ་འཇགས་ཟེར་བའི་ཁྲིམས་འཆར་དེ་འདོན་སྤེལ་སྐབས་སླར་ཡང་ཧོང་ཀོང་ནང་མི་མང་གིས་ངོ་རྒོལ་ལས་འགུལ་དེ་དབུ་འཛུགས་གནང་ཡོད། སྤྱིར་རྒྱ་ནག་གི་ཁྲིམས་འཆར་གསར་པ་དེའི་ཐོག་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་། རྒྱ་ནག་ནས་དུས་རྟག་ཏུ་ཧོང་ཀོང་གི་གནད་དོན་དེ་རྒྱ་ནག་ནང་མོལ་གྱི་གནད་དོན་ཡིན་པས་དེར་ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་བརྗོད་ཀྱི་ཡོད་པ་རེད། དེའི་ཁྲོད་བྱེས་བཞུགས་བོད་མི་ལས་འགུལ་བ་ཁག་ཅིག་གིས་རྒྱ་གཞུང་ནས་ཏོག་དབྱིབས་གཉན་རིམས་ཀྱི་དུས་ཚིགས་དམ་འཛིན་གྱིས་ཧོང་ཀོང་ཐོག་དབང་ཆ་དྲག་ཏུ་གཏང་རྒྱུ་བྱེད་བཞིན་ཡོད་པ་གསུངས་འདུག རྒྱ་གར་དུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་རྒྱ་གཞུང་ནས་ཧོང་ཀོང་ཐོག་བཀོད་ཁྱབ་གཏོང་བའི་སྲིད་བྱུས་དེ་དག་བོད་ལྟ་བུའི་ནང་དེ་སྔ་ནས་བཀོལ་སྤྱོད་བྱས་ཡོད་པ་དང་། ད་ལྟའི་ཧོང་ཀོང་ནང་གི་གནས་སྟངས་དེ་དག་ང་ཚོའི་ངོས་ནས་ཡག་པོ་ཞིག་ཤེས་ཀྱི་ཡོད་སྟབས་ང་ཚོས་དུས་རྟག་ཏུ་ཧོང་ཀོང་གི་ལས་འགུལ་བ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་འདུགད་དུང་ཁོང་གིས་རྒྱ་གཞུང་ནས་བོད་མི་མང་གཙོ་དོན་གཉེར་བ་དང་ཁོར་ཡུག་སྲུང་སྐྱོབ་གནང་མཁན་ཡོངས་ཀྱི་འབོད་སྒྲ་ལ་སྣང་མེད་བཏང་དང་གཏོང་མུས་ཡིན་པ་དང་ཆབས་ཅིག་ཏུ་ད་ཆ་རྒྱ་གཞུང་ནས་གཉན་རིམས་ཀྱི་དུས་ཚིགས་དམ་འཛིན་གྱིས་ཧོང་ཀོང་གཙོས་བོད་དང་ཤར་ཏུར་ཀི་སི་ཏན་སོགས་ལ་དྲག་གནོན་ཇེ་ཆེར་བྱེད་བཞིན་ཡོད་པ་སོགས་གསུངས་འདུག དེ་མཚུངས་སུ་བོད་མིའི་ལས་འགུལ་ཁག་ཅིག་གིས་རྒྱ་ནག་ནས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་གཏན་འབེབས་བྱས་པ་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རིམ་བཞིན་རྒྱལ་ཁབ་གཞན་དབང་སྒྱུར་ཐབས་ཀྱི་སྲིད་བྱུས་འཛིན་པར་ངོས་འཛིན་དང་ལྷག་པར་དུ་ཐབས་བྱུས་འདི་ལྟ་བུ་ཞིག་གི་འོག་ནས་མང་གཙོ་དོན་གཉེར་བར་སྔར་ལྷག་དམ་དྲག་བྱེད་ངེས་ཡིན་པར་སེམས་ཚབས་ཆེན་པོ་གནང་བཞིན་འདུག

མཚོ་སྔོན་པོ་ཉེ་འགྲམ་གྱི་འབྲོག་པའི་རྩྭ་ས་བཙན་འཕྲོག་བྱེད་བཞིན་པ།

འདས་པའི་ལོ་འགའི་སྔོན་ནས་བཟུང་རྒྱ་ནག་གིས་རྨ་འབྲུ་རྫ་གསུམ་གྱི་མགོ་ཁུངས་སྲུང་སྐྱོབ་ཅེས་པའི་མིང་ཐོག་ནས་བོད་ཁུལ་གྱི་ཞིང་འབྲོག་མང་པོ་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་འཇུག་བཞིན་པ་ལྟར་ད་ལྟའི་ཆར་བོད་མདོ་སྨན་ཁུལ་གྱི་མཚོ་སྔོན་པའི་ཉེ་འགྲམ་གྱི་འབྲོག་ཁྱིམ་མང་པོ་ཡང་རྒྱལ་ཁབ་རིམ་པའི་བཀའ་རྒྱ་བཏང་ནས་ས་གནས་ཀྱི་ཡུལ་མི་རྣམས་མཚོ་ཁ་ནས་གནས་སྤོ་བྱེད་དུ་འཇུག་བཞིན་པ་མ་ཟད་ཡུལ་སྐོར་སྤྲོ་འཁྱམ་གྱི་གནས་སུ་གྱུར་བའི་མཚོ་སྔོན་པོའི་ཉེ་འགྲམ་གྱི་ས་ཆ་མང་པོ་ཞིག་རྒྱ་ནག་སྲིད་གཞུང་གིས་བཙན་འཕྲོག་བྱས་ཏེ་རྒྱ་ནག་གི་ཚོང་པ་ཆེ་གྲས་ཚོར་ཚོང་བསྒྱུར་བྱེད་བཞིན་པ་ཡོད་པ་རེད།རླུང་འཕྲིན་ཁང་གིས་ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་བོད་མི་ཞིག་ལ་དམིགས་བསལ་བཅར་འདྲི་ཞུས་པར་ ཁོང་གིས་ད་ལྟའི་བོད་མཚོ་སྔོན་ཁུལ་གྱི་འབྲོག་པ་རྣམས་ལ་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་བཞིན་ཡོད་པའི་ཁྲོད་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཀའ་ངལ། དཔལ་འབྱོར་གྱི་དཀའ་ངལ། ས་ཆའི་བདག་དབང་སོགས་ཀྱི་ཐད་ནས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་ངོ་སྤྲོད་དང་འབྲེལ།  ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་ས་གནས་ཀྱི་བོད་རིགས་ཡུལ་མི་རྣམས་ཀྱིས་རང་གི་ས་ཆར་བདག་གཅེས་ཀྱི་ཚོགས་པ་གསར་འཛུགས་བྱས་པར་རྒྱབ་ཁབ་ཀྱི་རྒྱབ་སྐྱོར་མེད་པ་དང་ཁུལ་དེར་རྒྱ་རིགས་མང་པོའི་ཁྲིམས་འགལ་གྱིས་ས་གནས་ཀྱི་ཉེན་རྟོག་པ་དང་ངན་པ་ལག་འབྲེལ་བྱས་ཡོད་སྟབས་བོད་རིགས་མང་ཚོགས་ཀྱིས་རྒྱ་ནག་མི་མང་ལ་རྒོལ་ལན་སློག་ཐུབ་ཀྱི་མེད་པ་དང་། གནས་ཚུལ་དེ་དང་འབྲེལ་ནས་མཚོ་སྔོན་པའི་ཆུ་ལ་འབག་བཙོག་ཤོར་བ་ཡིན་ན་རང་བཞིན་གྱིས་མཚོ་སྔོན་པོའི་ཁུལ་གྱི་རྩྭ་དང་རྩི་ཤིང་ལའང་གནོད་སྐྱོན་གྱིས་ས་བཅུད་ཉམས་ངེས་ཡིན་སྟབས། རྩྭ་ཐང་ལ་བརྟེན་པའི་ཕྱུགས་ཟོག་འཚོ་སྐྱོང་གི་ཐོག་ནས་ཀྱང་གནད་དོན་འབྱུང་གི་ཡོད་སྟབས་འབྲོག་པ་མང་ཚོགས་ལ་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་སོང་།དེ་བཞིན་ཁོང་གིས་མཚོ་སྔོན་པའི་འགྲམ་རྒྱུད་དེ་ད་ཆ་ཡུལ་སྐོར་སྤྲོ་འཁྱམ་གྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་རྐྱེན་རྒྱ་ནག་གིས་བཙན་དབང་གིས་ས་གནས་སུ་མཚོ་ངོས་ལས་ས་ཁྱོན་གང་འཚམས་ཤིག་ལ་ཕྱུགས་ཟོག་འཚོ་སྐྱོང་དང་སྒེར་གྱི་ཚོང་ལས་ཀྱི་ངོ་བོར་བསྒྱུར་མི་ཆོག་པའི་བཀའ་རྒྱ་བཏང་ནས་འབྲོག་པ་མང་ཚོགས་ཀྱི་རྩྭ་ས་བཙན་འཕྲོག་བྱས་ཏེ་མཚོ་སྔོན་པོའི་བྱ་གླིང་སོགས་ཀྱི་ས་ཚུགས་འདྲ་མིན་དུ་རྒྱ་ནག་སྲིད་གཞུང་རང་གི་ཡུལ་སྐོར་ལྟེ་གནས་གསར་འཛུགས་ཀྱིས་ཁུལ་དེར་ཡུལ་སྐོར་སྤྲོ་འཁྱམ་པ་སྟོང་ཕྲག་མང་པོ་ཉིན་རེ་བཞིན་ནང་འདྲེན་བྱས་པ་མ་ཟད། མི་གཅིག་ལ་སྒོར་ཉིས་བརྒྱ་ནས་སུམ་བརྒྱ་དང་དམིགས་བསལ་དུ་ཕྱི་གླིང་པ་རྣམས་ལ་རྒྱ་སྒོར་ལྔ་བརྒྱ་ནས་དྲུག་བརྒྱ་བྱས་ཏེ་འཛིན་བྱང་མང་པོ་བཙོང་བཞིན་ཡོད་པ་རེད་འདུག འོན་ཀྱང་བོད་མི་ས་བདག་རྣམས་ལ་དཔལ་འབྱོར་གྱི་ཐོན་ཁུངས་དེ་ལས་ཁེ་བཟང་གཅིག་ཀྱང་རག་གི་མེད་པ་དང་ས་བདག་རང་ཉིད་ཁུལ་དེར་ལྟ་སྐོར་དུ་སོང་ན་ངེས་པར་དུ་མི་གཞན་ལྟར་འཛིན་བྱང་ཉོ་དགོས་པ་མ་ཟད། གལ་ཏེ་བོད་རིགས་མང་ཚོགས་ཀྱིས་ཀྱང་ཡུལ་སྐོར་སྤྲོ་འཁྱམ་གྱི་གུར་སོགས་ཕུགས་ནས་དཔལ་འབྱོར་འཚོལ་སྒྲུབ་བྱས་པ་ཡིན་ན་ས་གནས་ཉེན་རྟོག་པས་ཡུལ་སྐོར་སྤྲོ་འཁྱམ་གྱི་འཛུགས་སྐྲུན་གྱི་ཆ་རྐྱེན་ཚང་མེད་པར་བསྙད་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་དུ་འཇུག་གི་མེད་སྟབས་ས་གནས་ཀྱི་བོད་མི་རྣམས་ཀྱིས་རང་གི་ས་ཐོག་ནས་རྟ་དང་གཡག་རེ་ཟུང་ཡུལ་སྐོར་སྤྲོ་འཁྱམ་པ་རྣམས་ལ་པར་ལེན་པ་ལྟ་བུ་ལས་རང་གི་ས་ཆའི་ཐོན་ཁུངས་དང་འབྲེལ་བའི་གནད་འགག་ཆེ་བའི་ཚོང་ལས་གཅིག་ཀྱང་གཉེར་ཐུབ་ཀྱི་མེད་པ་ངོ་སྤྲོད་གནང་སོང་། ལྷག་དོན་ས་ཆའི་བདག་དབང་དང་འབྲེལ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་ཡོད་པ་ལྟར་མཚོ་སྔོན་པོའི་ཉེ་འགྲམ་ནས་ཡུལ་སྐོར་སྤྲོ་འཁྱམ་གྱི་ལྟེ་གནས་མང་པོ་ཡོད་ནའང་བོད་མི་ཞིག་གིས་ས་ཆ་བདག་བཟུང་བྱས་ནས་ཚོང་ལས་འཛུགས་སྐྲུན་བྱེད་ན་ངེས་པར་དུ་རྒྱ་ནག་སྲིད་གཞུང་གི་ཆོག་མཆན་དགོས་པར་བརྟེན་འཛུགས་སྐྲུན་གྱི་ལས་གཞི་གཉེར་ཐུབ་ཀྱི་མེད་པ་དང་། ཡུལ་སྐོར་ལྟེ་གནས་ཀྱི་ས་ཚུགས་གལ་ཆེན་ཁག་རྒྱ་ནག་གི་ཚོང་པ་ཆེན་པོ་རྣམས་ཀྱིས་སྲིད་གཞུང་དང་མཉམ་འབྲེལ་གྱིས་ཉོས་ཟིན་སྟབས་བོད་མི་རྣམས་ཀྱིས་རང་གི་ས་ཆའི་བདག་དབང་ཡོངས་རྫོགས་ཤོར་ཟིན་པར་བརྟེན་རང་བཞིན་གྱི་མཚོ་མཐའི་ས་ཆ་རྣམས་རྒྱ་ནག་གིས་བདག་བཟུང་བྱས་ཏེ་བོད་མི་རྣམས་མཐར་བགྲོད་གཏོང་གི་ཡོད་པ་ངོ་སྤྲོད་གནང་ཡོད།ཁོང་གིས་ད་དུང་ད་ལྟའི་ཆར་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག་ནས་རྒྱ་ནག་གི་ཚོང་པ་ཆེན་པོ་རྣམས་ཀྱིས་མཚོ་ནང་དུ་གཏེར་མང་པོ་འཕེན་གྱི་ཡོད་པ་དང་། གཏེར་འཕེན་པ་དེ་ཚོང་རྫས་ཀྱི་ངོ་བོར་གྱུར་དུས་ས་རྡོ་སོགས་ཀྱིས་མཚོན་པའི་རྫས་འདྲ་མིན་ཆུ་ནང་དུ་ཤོར་གྱི་ཡོད་སྟབས་མཚོ་ལ་མི་གཙང་བ་ཆགས་ཀྱི་ཡོད་པ་དང་མཚོ་ལ་རྟེན་པའི་ཉ་རིགས་མང་པོ་ཤི་རྨས་སུ་འགྱུར་བཞིན་ཡོད་པ་མ་ཟད་མཚོ་འགྲམ་དུ་དྲི་ངན་དྲོ་བ་སོགས་ཀྱི་གནོད་པ་ཆེན་པོ་ཐེབས་བཞིན་ཡོད་པ་ངོ་སྤྲོད་གནང་སོང་།འདས་པའི་ལོ་ཤས་རིང་ནས་རྒྱ་ནག་གིས་བོད་ཁུལ་དུ་ཕྱུགས་སྐྱུར་རྩྭ་འདེབས་ཀྱི་སྲིད་བྱུས་ལག་བསྟར་གྱིས་འབྲོག་པ་མང་ཚོགས་ཀྱི་ཕྱུག་ཟོག་འཚོ་སྐྱོང་བྱེད་སའི་རྩྭ་ས་མང་པོ་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བདག་བཟུང་བྱས་ཏེ་འབྲོག་པ་མང་ཚོགས་ལ་གུབ་གསབ་ཉུང་ངུ་སྤྲད་དེ་གྲོང་བརྡལ་དུ་གནས་སྤོ་བྱེད་བཞིན་ཡོད་སྟབས། བོད་ཁུལ་སྤྱི་ཡོངས་ནས་འབྲོག་ལས་ཀྱིས་མཚོན་པའི་རིག་གནས་ཀྱི་རྒྱབ་ལྗོངས་མང་པོ་ཞིག་རང་བཞིན་གྱིས་རྩ་བརླག་ཏུ་འགྲོ་བཞིན་པ་མ་ཟད་བོད་མིའི་སྲོལ་རྒྱུན་གྱི་འཚོ་བ་དང་སེམས་ཁམས། ཐ་ན་སྐད་ཡིག་ཚུན་ཆད་ཀྱང་རྒྱ་མིའི་ངོ་བོར་འགྱུར་བཞིན་ཡོད་པ་ཚོར་ཤུགས་ཆེན་པོས་ངོ་སྤྲོད་གནང་ཡོད།

རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིག་ཚོགས་འདུའི་ཐོག་བོད་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་གླེང་བ།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་གིས་གཙོ་སྐྱོང་གནང་ཐོག་བོད་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིག་ཚོགས་འདུ་ཐེངས་གཉིས་པ་ཚོགས་ཡོད་པ་དང་། དེའི་ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བཀྲིས་ཚེ་རིང་ལགས་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་བཅས་བོད་པའི་སྐུ་ཚབ་གཉིས་ཀྱིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༣༠ ཙམ་གྱི་སྐུ་ཚབ་ནས་མཉམ་ཞུགས་གནང་འདུག རྩ་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིག་ལྷན་ཚོགས་འདི་སྐུ་ཞབས་ Sam Brownback མཆོག་གིས་སྣེ་ཁྲིད་པའི་འོག་སྔ་ལོའི་ཕྱི་ཟླ་ ༢ པའི་ནང་གསར་འཛུགས་གནང་བ་ཞིག་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་ནུས་པ་མཉམ་དཔུང་ཐོག་ཆོས་དད་རང་དབང་ལ་དམ་དྲག་བྱེད་མཁན་དག་ལ་གདོང་ལེན་དང་དྲག་རྩུབ་དང་མཉའ་གནོན་མྱོང་མཁན་རྣམས་ལ་སྲུང་སྐྱོབ་དང་འཛམ་གླིང་ཁྱོན་ཡོངས་ལ་ཆོས་དད་རང་དབང་གོང་འཕེལ་གཏང་ཕྱིར་གསར་འཛུགས་གནང་བ་ཞིག་རེད། སྔ་ལོར་མཐུན་སྒྲིགས་གསར་འཛུགས་དང་འབྲེལ་ཚོགས་འདུ་ཐེངས་དང་པོའི་ཐོག་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Mike Pompeo མཆོག་ཆེད་ཕེབས་ཀྱིས་ཨ་རི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིག་དེ་འཛམ་གླིང་ཁྱོན་ཡོངས་སུ་ཆོས་དད་རང་དབང་གོང་འཕེལ་ཐད་ཧ་ཅང་གལ་ཆེན་པོ་ངོས་འཛིན་གནང་བཞིན་ཡོད་པ་སོགས་གསུངས་ཡོད་པ་རེད། སྐབས་དེར་སེར་སྨད་མཁན་པོ་དགེ་བཤེས་བཀྲིས་ཚེ་རིང་ལགས་ཀྱིས་བོད་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ། བོད་ནང་དུ་ནང་པའི་དགོན་སྡེ་ཁག་མང་དག་ཅིག་གཏོར་བཤིག་བཏང་དང་གཏོང་མུས་ལ་བོད་བརྒྱུད་ནང་བསྟན་གྱི་བསླབ་པ་སློབ་གཉེར་བྱེད་ས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་ཉན་པ་དང་༸སྐུ་པར་ཉར་བ་སོགས་ལ་ཡང་དམ་དྲག་གིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་སོགས་མངོན་གསལ་གནང་འདུག དེ་བཞིན་སྐབས་དེར་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་གས་ཀྱིས་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གཉེར་བརྒྱུད་ནས་འཛམ་གླིང་ཁྱོན་ཡོངས་ལ་བྱམས་བརྩེ་གོང་འཕེལ་གཏོང་བཞིན་སྐོར་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གིས་བོད་རྒྱུད་ནང་བསྟན་རྩ་མེད་གཏོང་བཞིན་པ་དེས་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ལ་གྱོང་གུད་ཆེན་པོ་ཕོག་བཞིན་ཡོད་པ་སོགས་མངོན་གསལ་གནང་འདུག དེ་བཞིན་ཚོགས་བཅར་བའི་དྲི་བར་རྒྱ་གཞུང་གིས་བོད་མིའི་དད་གུས་ཤུགས་ཆེ་ཞུ་སའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གུང་ལོ་ ༦ ལ་འཛིན་བཟུང་བཙོན་འཇུག་གིས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ ཙམ་འགྲོ་བཞིན་ཡོད་པ་སོགས་རྒྱ་གཞུང་ནས་བོད་ནང་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཇི་ལྟར་གཏོང་བཞིན་ཡོད་པ་སོགས་མངོན་གསལ་གནང་འདུག རྒྱལ་སྤྱིའི་ཆོས་དད་རང་དབང་མཐུན་སྒྲིག་ཚོགས་འདུ་འདི་མ་འཚོགས་པའི་ཉིན་གཅིག་གི་སྔ་རོལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུ་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མང་ཚོགས་ལ་ཆོས་དད་རང་དབང་ཡོད་པ་བཀོད་ཡོད་ཀྱང་། ཆོས་མེད་སྨྲ་བའི་རྒྱ་ནག་དམར་ཤོག་གཞུང་གིས་ བོད་མི་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་གཙོ་བོར་གྱུར་པའི་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་དྲྭ་རྒྱའི་ལྟ་སྲུང་དང་མཉེན་ཆས་སོགས་བརྒྱུད་ནས་དམ་དྲག་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ནང་བོད་པའི་དགོན་སྡེ་ཁག་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནང་ཆོས་ཞེས་ཆབ་སྲིད་སློབ་གསོ་སྤེལ་བཞིན་པ་དང་དགོན་སྡེ་ཁག་གི་བཏང་འཛིན་ཡོངས་རྫོགས་ལ་བྱུས་གཏོགས་བྱས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོ་གྱུར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་བདམ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མངོན་གསལ་གནང་ཡོད་པ་རེད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Samuel Brownback མཆོག་གིས་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་དམ་དྲག་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་མ་ཟད་རང་གི་གྲངས་ཉུང་མི་རིགས་ཐོག་ངོ་གདོང་ར་ཕྲོད་ཀྱི་འཕྲུལ་ཆས་དང་ལྟ་སྲུང་མཉེན་ཆས། དེ་བཞིན་དྲྭ་ཐོག་ Social Crediting System ཞེས་གཞུང་ལ་དགའ་ཞེན་ཇི་ཙམ་ཡོད་མེད་ལ་དཔག་པའི་འཚོ་བའི་གནས་སྟངས་ཇི་ཆགས་ཐག་གཅོད་བྱས་ཡོད་པ་སོགས། དྲག་གནོན་ཞེས་པའི་མ་འོངས་གནས་བབས་གང་ཆགས་རྒྱུ་ཡིན་པ་རྒྱ་གཞུང་གིས་ད་ལྟ་ནས་གསལ་འདོན་གནང་གི་ཡོད་པ་གསུངས་ཡོད།

ཁྱེད་རྣམས་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་ཐུགས་སྣང་གནང་ཚེ་ང་ཚེ་རིང་པོ་གནས་རྒྱུར་སེམས་ཤུགས་སྐྱེས་ས་རེད།

རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲདས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་ཁ་སང་དགོང་དྲོའི་ཆུ་ཚོད་ ༩ ཐོག་རྒྱ་གར་གྱར་གྱི་ NDTV གསར་ཁང་ཆེད་འཛུགས་གནང་མཁན་གསར་འགོད་པ་རྒན་གྲས་སྐུ་ཞབས་ Prannoy Roy ལགས་ཀྱི་མགོན་པོ་༸གང་ཉིད་མཆོག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་བསྲིངས་ཞུས་ཡོད་པ་དང་། ལེ་ཚན་དེའི་ཐོག་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་ལ་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པར་མགོན་པོ་མཆོག་ནས་ངའི་ཕྱིའི་ལུས་པོ་འདི་རྒྱ་གར་གྱི་འབྲས་དང་དྷ་ལིས་འཚར་བ་ཞིག་ཡིན་པ་མ་ཟད། ནང་གི་ཀླད་པ་དང་བསམ་བློ་དེ་དག་རྒྱ་གར་ནས་དར་བའི་དཔལ་ནཱ་ལེནྡཱའི་རིག་གཞུང་ལ་བརྟེན་ནས་འཚར་བ་ཞིག་ཡིན་སྟབས། ང་ནི་རྒྱ་གར་གྱི་བུ་ཞིག་ཡིན་ལ་དེ་ལ་སྤོབས་པ་ཡང་ཡོད་ཅེས་བཀའ་བསྩལ་ཡོད།  དེ་བཞིན་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་དུས་མང་པོའི་རིང་ལ་ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་བའི་སྐོར་མཛད་རྫེས་བསྐྱངས་པའི་ཐད་ལ་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་ནས་སྤྱིར་ཚན་རིག་གྱི་ཐོག་ནས་ཕྱི་དངོས་པའི་གནས་ལུགས་ལ་དོ་སྣང་ཆེ་བ་གནང་གི་ཡོད་ཀྱང་། དུས་རབས་ཉི་ཤུའི་མཇུག་ཙམ་ནས་ཚན་རིག་པ་མི་ཉུང་བ་ཞིག་གིས་ནང་ཆོས་ནས་གསུངས་པའི་སེམས་ཁམས་ཀྱི་རྣམ་གཞག་ཐོག་ལ་དམིགས་བསལ་གྱི་དོ་སྣང་དང་དེ་ནས་རིམ་པས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིགས་མཁས་པ་ཚོས་ཀྱང་ནང་ཆོས་ནང་གསུངས་པའི་གཞི་དངོས་པོའི་གནས་ལུགས་དང་། རྟེན་འབྲེལ་གྱི་རྣམ་གཞག་སོགས་ཀྱི་ཐད་དམིགས་བསལ་དོ་སྣང་གསར་པ་གནང་ཐུབ་པ་བྱུང་ཡོད་པར་བཀའ་བསྩལ་འདུག ལྷག་པར་དུ་སྐབས་དེའི་བཀའ་ལན་ལས་འཕྲོས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་དང་སྙིང་རྗེའི་སེམས་ཚོར་དེ་དག་ཕྱིའི་སྣང་ཚུལ་ཙམ་མིན་པར་འགྲོ་བ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་པ་དེ་ཡང་སེམས་ཀྱི་ཀུན་སློང་དང་རྒྱུ་མཚན་ཡང་དག་ལ་བརྟེན་ནས་བྱུང་གི་ཡོད་པ་དང་། ཁོང་ཁྲོ་དང་འཇིགས་སྣང་། དེ་བཞིན་ཕྲག་དོག་སོགས་སེམས་ཚོར་དྲག་པོའི་ཆ་དེ་དག་ཞིབ་ཏུ་བརྟག་ན་མིའི་བསམ་བློའི་སྒྲོ་འདོགས་ལ་བརྟེན་པ་ཞིག་ཡིན་སྟབས་དེ་ལ་གཞི་རྩ་གང་ཡང་ཡོད་མ་རེད་ཅེས་བཀའ་བསྩལ་འདུག གསར་འགོད་པས་ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་གཙོས་ཛ་དྲགས་ཀྱི་གནད་དོན་མང་པོ་ཞིག་བེུད་འགོ་ཁྲིད་ཚོས་གདོང་ལེན་བཟང་བ་གནང་བཞིན་པའི་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་ནས་ང་ཚོས་འདས་པའི་རྒྱལ་རབས་ལ་ཕྱིར་བལྟ་ཞིག་གནང་ན་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་མང་དག་ཅིག་སྐྱེས་པའི་འགོ་ཁྲིད་ཐོག་ནས་བྱུང་བ་ཞིག་ཡིན་པར་ཡོངས་གྲགས་ཡིན་པ་དང་། དོན་དངོས་ཐོག་བསམ་བློ་འཁྱེར་སྟངས་ཡང་དེང་སྐབས་ཚན་རིག་མཁས་པ་ཚོས་ཀྱང་བེུད་རྣམས་ལ་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་དང་གཞན་ཕན་གྱི་བསམ་་བློ་ཆེ་བ་ཡོད་པ་ཡོངས་གྲགས་སུ་གནང་བཞིན་པ་དང་། ང་རང་ཚོའི་མིའི་མི་ཚེའི་ནང་མཚོན་ཡང་ཨ་མ་ནི་ལྷད་མེད་བྱམས་བརྩེའི་བདག་ཉིད་ཡིན་པ་སོགས་བཀའ་འགྲེལ་དང་སྦྲགས། འཛབ་གླིང་འདིའི་ཐོག་བེུད་ཀྱི་འགོ་ཁྲིད་མང་བ་འཐོན་ཐུབ་ན་འཚེ་བ་དང་འབྲེལ་བའི་དཀའ་ངལ་རྣམས་ཉུང་དུ་གཏང་ཐུབ་ངེས་ཡིན་པ་བཀའ་བསྩལ་འདུག དེ་བཞིན་སྐབས་དེར་༸གོང་ས་མཆོག་གིས་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བཀའ་ལན་མཛད་སྐབས་འཛམ་གླིང་འདིའི་ཐོག་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ངའི་རྒྱལ་ཁབ་དང་ངའི་ཆོས་སོགས་བདག་འཛིན་གྱི་བསམ་བློ་ཆེ་དྲགས་པའི་དབང་གིས་ཡོང་གི་ཡོད་པར་བཀའ་བསྩལ་དང་ཆབས་ཅིག ང་ཚོ་ཚང་མས་བསམ་བློ་རྙིང་པ་དེ་དོར་ཏེ་འགྲོ་བ་མི་གཅིག་གྱུར་བསམ་བློ་གོང་མཐོར་གཏོང་དགོས་གལ་ཡིན་པ་དང་། ཆོས་ལུགས་མཐུན་འབྲེལ་གི་ཆ་ནས་རྒྱ་གར་འདི་འཛམས་གླིང་ཐོག་དམིགས་དཔེ་འོས་པ་ཞིག་ཡིན་རེད་ཅེས་བཀའ་བསྩལ་འདུག ༸སྐུའི་ཐུགས་བསྐྱེད་གསུམ་པ་བོད་ཀྱི་རིག་གཞུག་དང་ཁོར་ཡུལ་སྲུང་སྐྱོབས་ཀྱི་གནད་དོན་དང་འབྲེལ། བོད་འདི་འཛམ་གླིང་གི་མཐོ་སྒང་ཞེས་བཤད་སྲོལ་ཡོད་པ་ལྟར། བོད་ཀྱི་རྒྱུག་ཆུ་ཆེ་ཁག་རྣམས་རྒྱ་གར་དང་པ་ཀི་སི་ཏན། དེ་བཞིན་རྒྱ་ནག་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཆུའི་འབྱུང་ཁུངས་ཆགས་ཀྱི་ཡོད་སྟབས། བོད་ཀྱི་སྣོད་བཅུད་ཆགས་སྟངས་དང་ཁོར་ཡུག་གི་གནས་བབས་སྲུང་སྐྱོབ་ཐད་མགོན་པོ་༸གང་ཉིད་མཆོག་ནས་དམིགས་བསལ་ཐུགས་སྣང་མཛད་བཞིན་པ་ལྟར་མང་ཚོགས་རྣམས་ནས་ཀྱང་དེའི་ཐོག་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་མཛད་འདུག ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་མཛད་རྒྱུ་དེ་ནི་དེང་གི་འཛམ་གླེང་འདིར་དགོས་མཁོ་ཡོད་པ་ཞིག་ཡིན་པ་དང་། ཐུན་མོང་མ་ཡིན་པའི་རིག་གནས་དེ་དག་ཐོག་མར་རྒྱ་གར་ནས་དར་བ་ཞིག་ཡིན་ཡང་རྒྱ་གར་གྱི་མི་རབས་གསར་པ་ཚོས་དེའི་ཐོག་དེ་ཙམ་དོ་སྣང་མ་གནང་བར་ཕྱི་དངོས་པོར་དོ་སྣང་ཆེ་བ་གནང་བཞིན་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། རྒྱ་གར་གྱི་མི་རབས་གསར་པ་ཚོས་ཐུན་མོང་མ་ཡིན་པའི་རིག་གནས་དེ་ལ་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ཕྱི་རྒྱལ་ནས་དེར་བའི་རྒྱ་གར་གྱི་ཤེས་ཡོན་སློབ་གསོ་ལ་འགྱུར་བ་ཞིག་བཏང་ནས་དེང་དུས་ཀྱི་ཤེས་ཡོན་དང་གནའ་བོའི་རིག་གནས་ནང་གསུངས་པའི་སེམས་ཁམས་ཀྱི་རྣམ་གཞག་དང་བྱམས་བརྩེའི་ཉམས་ལེན་སོགས་སོགས་ཟུང་འབྲེལ་ཐོག་ནས་སློབ་ཁྲིད་གནང་ཐུབ་ན་དང་ཐོག་རྒྱ་གར་ནང་དང་དེ་ནས་རྒྱལ་སྤྱི་ལ་དམིགས་དཔེ་བསྟན་ཐུབ་ངེས་རེད་ཅེས་ལམ་སྟོན་མཛད་འདུག དེ་བཞིན་སྐབས་བཅར་འདྲིའི་ཁྲོད་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་དང་མགོན་པོ་༸གང་ཉིད་མཆོག་ཐོག་མར་བཙན་བྱོལ་དུ་ཕེབས་སྐབས་སོགས་ཀྱི་ལོ་རྒྱུས་དྲན་གསོ་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་ད་ལྟའི་ཆར་༸སྐུ་གཟུགས་གསལ་ཐང་ཡིན་པ་མ་ཟད། གཟིགས་ལམ་དང་མཚན་མ་ཁག་ལ་གཞིགས་ན་དགུང་ལོ་ ༡༡༣ བར་བཞུགས་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་བསྩལ་ཡོད་པ་དང་། སྐབས་དེར་གསར་འགོད་པ་རྒན་གྲས་སྐུ་ཞབས་ Prannoy Roy ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ ལས་མང་བ་བཞུགས་རོགས་ཞེས་གསོལ་འདེབས་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Okay ཞེས་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་པ་དང་ཆབས་ཅིག དེ་ལྟར་ཡོང་བར་རྒྱ་གར་གྱི་གྲོགས་པོ་རྣམས་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་མཛད་རྒྱུའི་དགོངས་བཞེད་ཐོག་འབད་བརྩོན་གནང་རོགས་ཞེས་ནན་སྐུལ་མཛད་ཡོད་པ་རེད། ཕྱོགས་མཚུངས་ཉེ་ཆར་དབྱིན་ཇིའི་གསར་ཁང་ BBC ཡི་ངོས་ནས་ཀྱང་བརྙན་འཕྲིན་བརྒྱུད་༸གོང་ས་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་སྲིང་ཞུས་འདུག་པ་དང་། དེའི་ནང་༸གོང་ས་མཆོག་གིས་འགྲོབ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གནང་གལ་སོགས་ཀྱི་ལམ་སྟོན་མཛད་པ་མ་ཟད། ལྷག་པར་དུ་ད་ལྟ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་དུས་སྐབས་འདིར་གོ་ལ་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་དཀའ་ངལ་ཆེ་བའི་དུས་སྐབས་འདིར་སོ་སོའི་བདེ་སྡུག་བློས་བཏང་གནང་སྟེ་གཞན་ལ་ཕན་པ་བསྒྲུབ་རྒྱུའི་བློ་རྒྱ་འཕར་མ་ཞིག་བྱུང་ཡོད་པ་སོགས་བཀའ་བསྩལ་འདུག  

སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་སྐྱོང་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་བརྒྱུད། སོག་པོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་བྷ་དྷར་དུ་ཚོགས་པའི་རྒྱལ་སྤྱིའི་ནང་པོའི་ཆོས་ཚོགས་ཀྱི་ཚོགས་བཅར་བ་དད་ལྡན་ཡོངས་ལ་བཀའ་སློབ་བཀའ་དྲིན་སྩལ་བ་དང་སྦྲགས། སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་གནང་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་ཆོས་འདི་བྱང་ནས་བྱང་དུ་དར་ཡོང་ཞེས་བཀའ་སྩལ་ཡོད་པ་ལྟར་འདས་པའི་ལོ་དུས་ནང་ལ་སོག་པོའི་ཡུལ་དུ་ཕ་མེས་རྣམས་ཀྱིས་ནང་ཆོས་ལ་དམིགས་བསལ་དོ་སྣང་གནང་སྟེ་མཁས་པ་མང་པོ་ཐོན་ཡོད་པ་མ་ཟད། མཁས་པ་དེ་དག་གིས་སངས་རྒྱས་བསྟན་པ་སྤྱི་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་་ཆོས་བརྒྱུད་ལ་ཞབས་འདེབས་རླབས་པོ་ཆེ་བསྒྲུབས་ཡོད་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་ཆར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདིར་འཛམ་གླིང་སྤྱི་ཡོངས་ནས་དོ་སྣང་གསར་པ་ཞིག་སླེབས་བཞིན་ཡོད་སྟབས། སོག་པོའི་ཆོས་གྲོགས་རྣམས་ནས་སངས་རྒྱས་ཀྱི་བསྟན་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་གནང་དགོས་པའི་ལམ་སྟོན་མཛད་པ་དང་ཆབས་ཅིག སོག་ཡུལ་དུ་ཡོད་པའི་དགོན་པ་ཁག་ཙམ་མིན་པར་མི་སྐྱ་ཕོ་མོ་ཚོས་ཀྱང་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་ཐོག་སློབ་གཉེར་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་ནང་གསུངས་བའི་བློ་རིག་དང་རྟགས་རིག་གི་རྣམ་གཞག་དེ་དག་ས་གནས་ཀྱི་སློབ་གྲྭ་ཁག་ཏུ་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་ཁྲིད་གནང་ཐུབ་ན་སློབ་མའི་མི་ཚེ་ལ་དོན་དངོས་ཀྱི་ཕན་ཐོགས་འབྱུང་ངེས་ཡིན་པ་མ་ཟད། སོག་པོ་ཧོར་གྱི་ཡུལ་ལ་ཨེ་ཤ་ཡའི་ཁུལ་དུ་ཡོད་པའི་ནང་པའི་རྒྱལ་ཁབ་དང་། དེ་ནས་རིམ་པས་རྒྱལ་སྤྱིར་ནང་ཆོས་ཀྱི་ཤེས་ཡོན་ཐོག་ནས་ཕན་ཐོགས་བསྒྲུབ་རྒྱུའི་གོ་སྐབས་ལྡན་ཡོད་སྟབས། རྒྱལ་སྤྱིའི་ནང་པོའི་ཆོས་ཚོགས་ལྟ་བུའི་ཚོགས་ཆེན་བརྒྱུད་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་སྒྲུབ་དགོས་བ་སོགས་ལམ་སྟོན་མཛད་འདུག གཞི་རྩའི་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་སོག་ཡུལ་དུ་ཚོགས་པའི་རྒྱལ་སྤྱིའི་ནང་པོའི་ཆོས་ཚོགས་ཐོག་སོག་པོའི་མཁན་རིན་པོ་ཆེ་དབུས་དད་ལྡན་མི་ཉུང་བ་ཞིག་ལྷན་ཞུགས་གནང་འདུག

རྒྱ་ནག་གིས་Twitterནང་དུ་དྲ་དམག་བཏང་སྟེ་གནས་ཚུལ་རྫུན་བསྒྲགས་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག

དེ་རིང་ Twitter བཟོ་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་དྲ་དམག་བཏང་ནས་སྤྱི་ཚོགས་དྲ་རྒྱའི་ནང་དུ་མཉམ་རུབ་ཀྱི་ཐོག་ནས་གནས་ཚུལ་རྫུན་བསྒྲགས་དང་འཁྱོགས་བརྗོད་རྒྱ་ཆེར་སྤེལ་གི་ཡོད་པ་ཤེས་རྟོགས་བྱུང་སྟེ།  བཟོ་ལས་ཁང་དེའི་ངོས་ནས་ Twitter དྲ་རྒྱུའི་ལམ་ནས་ཧོང་ཀོང་གི་ངོ་རྒོལ་དང་དམར་ཤོག་སྲིད་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་ལན་འདེབས་བྱེད་སྟངས་སོགས་ལ་རམ་འདེགས་ཀྱིས་འཁྱོགས་བརྗོད་ཀྱི་གནས་ཚུལ་སྤེལ་མཁན་༢༣༠༠༠ ལྷག་བཟོ་ལས་ཁང་དེའི་དྲ་གནས་ལས་ཕྱིར་ཕུད་བཏང་ཡོད་པ་ཡོངས་གྲགས་གནང་འདུག དེ་བཞིན་ Twitter བཟོ་ལས་ཁང་གིས།  རྒྱ་ནག་གི་དྲིལ་བསྒྲགས་བསྐྱར་སྤེལ་བྱེད་མཁན་དང་དེར་དགའ་རྟགས་གནོན་མཁན་གྱི་དྲ་དམག་གཅིག་ཁྲི་ལྔ་སྟོང་ལྷག་ཀྱང་ཕྱིར་འཐེན་གནང་ཡོད་པར་མངོན་གསལ་གནང་བ་ལྟར། ཉེ་སྔོན་ཨ་རིའི་ New York Times གསར་ཁང་གིས་ཀྱང་དྲ་རྒྱའི་སྟེང་དུ་རྒྱ་ནག་གི་དྲ་དམག་ ༤༦༠༠ ལྷག་གིས་རྒྱ་ནག་གི་གསར་གནས་ཁག་གི་གནས་ཚུལ་ཁྱབ་སྤེལ་ལ་གཞོག་འདེགས་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད་པ་ལྟར།  ཐེངས་འདིར་ Twitter བཟོ་ལས་ཁང་གིས་ཀྱང་གནས་ཚུལ་འཁྱོགས་བརྗོད་བྱེད་མཁན་གྱི་རྒྱ་ནག་གི་དྲ་དམག་མང་པོ་དངོས་སུ་ཕྱིར་ཕུད་བཏང་ཡོད་པ་རེད་འདུག དེ་བཞིན་New York Time  ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།   ཨ་རིའི་ངོས་ནས་རྒྱ་ནག་གིས་འདི་ལོའི་ཏོག་དབྱིབས་ཀྱི་ནད་དུག་དེར་ཐོག་མར་སྟངས་འཛིན་མ་ཐུབ་པར་ཁྱབ་བརྡལ་ཆེན་པོ་བྱུང་ཡོད་པར་བརྗོད་བཞིན་ཡོད་ནའང་།  རྒྱ་ནག་གི་དྲ་དམག་གིས་སྤྱི་ཚོགས་དྲ་གནས་གང་སར་ཁུངས་སྐྱེལ་གང་ཡང་མེད་པར་གནས་ཚུལ་རྫུན་སྒྲིག་གིས། ཏོག་དབྱིབས་ནད་དུག་དེ་ཐོག་མར་ཨ་རི་ནས་ཁྱབ་བརྡལ་བྱུང་ཡོད་པའི་འཁྱོགས་བརྗོད་ཀྱི་དྲིལ་བསྒྲགས་རྫུན་མ་སྤེལ་གྱི་ཡོད་པ་ཤེས་རྟོགས་བྱུང་འདུག འོན་ཀྱང་། Stanford’s Internet Observatory   ཞེས་པའི་དྲ་གནས་ཞུབ་འཇུག་ཚོགས་པས་ཤེས་རྟོགས་བྱུང་བ་ལྟར་ན།  རྒྱ་ནག་གི་དྲ་དམག་དེ་དག་གིས་རྗེས་སུ་རྒྱ་ནག་རྒྱལ་ཁབ་ཀྱིས་རིམས་ནད་སྔོན་འགོག་འཐུས་ཚང་བསྒྲུབས་ཡོད་པར་བསྙད་ནས་རྒྱ་ནག་ལ་བསྔགས་བརྗོད་བྱས་བ་དང་ལྷན་དུ།    ཨ་རིའི་ངོས་ནས་ཆབ་སྲིད་ཀྱི་དབྱེ་འབྱེད་ཀྱི་རིགས་གནས་སྐབས་སུ་ཟུར་དུ་བཞག་ནས།   རྒྱ་ནག་གིས་རིམས་ནད་སྔོན་འགོག་བྱེད་སྟངས་ལ་མིག་དཔེ་བལྟ་དགོས་བ་སོགས་ཀྱི་ཟུར་ཟ་བྱས་ཡོད་པ་ཡང་མངོན་གསལ་གནང་འདུག དེ་བཞིན་རྒྱལ་སྤྱིའི་དྲ་རྒྱའི་སྲིད་བྱུས་ལྟེ་གནས་ཁང་གི་འགན་འཛིན།་སྐུ་ཞབས་ Fergus Hanson ལགས་ཀྱིས། རྒྱ་ནག་གིས་སྲིད་གཞུང་གི་དབང་ཆ་ལ་ཕྱི་ལོག་གི་ཉེན་ཁ་དང་གནོན་ཤུགས་མི་ཡོང་བའི་ཆེད་དུ་དྲ་དམག་གིས་གནས་ཚུལ་རྫུན་བསྒྲགས་ཀྱི་ལས་གཞི་སྤེལ་གྱི་ཡོད་པར་ཡོངས་གྲགས་གནང་འདུག  གཞན་ཡང་Twitter བཟོ་ལས་ཁང་གིས་གིས། རྒྱ་ནག་གི་ནང་དུ་ Twitter དྲ་གནས་དེ་བཀག་འགོག་བྱས་ཡོད་སྟབས།  རྒྱ་ནག་གི་གནས་ཚུལ་རྫུན་བསྒྲགས་བྱེད་མཁན་གྱི་དྲ་དམག་རྣམས་ཀྱིས་སྲིད་གཞུང་གི་ཆོག་མཆན་ཡོད་པའི་ཐོག་ནས་དྲ་གནས་གཅིག་བརྒྱུད་ནས་ Twitter མཉེན་ཆས་མང་པོ་དུས་གཅིག་ཏུ་སྒོ་འབྱེད་བྱེད་ཀྱི་ཡོད་ཡང་ཤེས་རྟོགས་བྱུང་འདུག གསར་ཁང་གིས། སྔོན་ཆད་ཨ་རིའི་སྲིད་འཛིན་གྱི་འོས་བསྡུས་སྐབས་སུ་ཨུ་རུ་སུས་དྲ་གནས་སུ་འཇབ་རྒོལ་བྱས་ཡོད་པ་ལྟར། ད་ཆ་རྒྱ་ནག་གིས་དྲ་དམག་མང་པོ་བཏང་ནས། སྤྱི་ཚོགས་དྲ་ལམ་གང་སར་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་གནད་དོན་དང་། དེ་བཞིན་འདི་ལོའི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་སོགས་ཀྱི་ཐད་ནས་གནས་ཚུལ་རྫུན་སྒྲིག་བྱེད་ཀྱི་ཡོད་པ་ཤེས་རྟོགས་གསལ་བོ་བྱུང་ཡོད་པ་ཕྱིར་བསྒྲགས་གནང་འདུག་

 རྒྱ་བོད་ཀྱི་ཆེད་མཁས་བས་བོད་ཁུལ་གྱི་འབྲོག་ཁྱིམ་གནས་སྤོར་སྲིད་བྱུས་ལ་རྒོལ་རྡུང་བཏང་བ།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས།   ལོ་རབས་དགུ་བཅུ་བ་ནས་བཟུང་བོད་ཁུལ་དུ་བཙན་ཤེད་ཀྱིས་༼ ཕྱུག་སྐྱུར་རྩྭ་འདེབས།༽ ༼ འབྲོག་པ་གྲོང་སྙེགས། ༽ དང་༼ ནུབ་རྒྱུད་གསར་གཏོད།༽ སོགས་ཀྱི་དྲིལ་བསྒྲགས་འདྲ་མིན་གྱི་འོག་ནས་བོད་ཁུལ་གང་སར་འདུས་སྡོད་ཀྱི་ཁང་པ་མང་པོ་གསར་རྒྱག་བྱས་ཏེ།   ཁ་འཐོར་གྱི་འབྲོག་ཁྱིམ་པང་པོ་གྲོང་བརྡལ་དུ་གནས་སྤོེར་བྱེད་ཀྱི་ཡོད་པ་རེད། གོང་གི་གནས་ཚུལ་དེ་དང་འབྲེལ་ནས། མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་ཅིག་གིས་ཁ་སང་འདི་གའི་རྒྱ་ཡིག་སྡེ་ཚན་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་།   འདི་ལོའི་ཟླ་བ་དང་པོའི་ནང་རྒྱ་ནག་གི་ཆིན་ཧཱ་སློབ་ཆེན་གྱི་ནང་དུ་བོད་ཁུལ་གྱི་༼ དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་བཅོས་སྒྱུར།༽ ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་འཚོགས་སྐབས། བོད་ཁུལ་གྱི་ཞིབ་འཇུག་པ་དང་རྒྱ་ནག་གི་ཆེད་མཁས་པ་མང་པོས་རྒྱ་ནག་གིས་བོད་ཁུལ་དུ་འབྲོག་ཁྱིམ་གནས་སྤོར་བྱེད་དུ་བཅུག་སྟེ།  བོད་ཡུལ་གྱི་འབྲོག་པའི་ཕྱུགས་འཚོ་སྟངས་རྩིས་སྤྲོད་དོ་དམ་གྱི་སྲིད་བྱུས་སྤེལ་བཞིན་པ་དེས་བོད་ཀྱི་རིག་གཞུང་རྩ་གཏོར་དང་སྣོད་བཅུད་དོ་མཉམ་མེད་པར་བཟོ་བཞིན་པའི་གཅིག་གྱུར་གྱིས་སྡོམ་རྒྱབ་ཡོད་འདུག ཡིན་ནའང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན།  ད་ལྟའི་བར་རྒྱ་ནག་གིས་ཉེ་སྔོན་ཚོགས་པའི་ཞིབ་འཇུག་གི་སྙན་ཐོ་དེ་གཞུང་འབྲེལ་གྱི་དྲ་གནས་གང་དུ་ཡང་བཀོད་མེད་པ་མ་ཟད། ད་དུང་ཡང་བོད་ཁུལ་གྱི་ས་གནས་གང་སར་འབྲོག་པ་གནས་སྤོར་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་དང་སྦྲགས།  ལས་གཞི་དེ་ནི་རྩྭ་ཐང་སྲུང་སྐྱོང་དང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད་ཡིན་པར་དྲིིལ་བསྒྲགས་བྱེད་བཞིན་ཡོད་པར་ངོ་སྤྲོད་གནང་འདུག དེ་བཞིན་ན་ནིང་རྒྱ་ནག་གི་ནང་དུ་སློབ་གྲྭ་ཆེན་མོ་འགྲིམ་བཞིན་པའི་བོད་རིགས་སློབ་མ་ཞིག་གིས་ཀྱང་འདི་ག་རླུང་འཕྲིན་ཁང་ལ་མཚོ་སྔོན་འབའ་རྫོང་གི་འབྲོག་ཁུལ་དུ་ཡང་རྒྱ་ནག་གིས་འབྲོག་ཁྱིམ་གནས་སྤོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་།   བོད་ཀྱི་འབྲོག་པ་གནས་སྤོར་གྱི་སྲིད་བྱུས་དེའི་འོག་ན་མི་མངོན་པའི་རལ་གྲི་ཞིག་སྦས་ཡོད་ཅེས་ངོ་སྤྲོད་གནང་སྟེ།  ད་ལྟའི་ཆར་བོད་ཁུལ་དུ་འབྲོག་པ་གནས་སྤོར་གྱི་སྲིད་བྱུས་ལག་བསྟར་བྱས་པ་ནས།    ཞིང་འབྲོག་མང་ཚོགས་མང་པོ་གྲོང་བརྡལ་དུ་གནས་སྤོར་བྱས་ཡོད་པ་དང་སྔོན་ཆད་རྩེད་དགའ་དང་འདུ་འཛི་ཆེ་བའི་འབྲོག་ཐང་དུ་ད་ལྟའི་ཆར་རྒན་རྒོན་འགའ་ལས་ལྷག་མེད་པར་མ་ཟད། འབྲོག་ཁུལ་གྱི་རིག་གཞུང་དང་སྔོན་ཆད་ཀྱི་འབྲེལ་འདྲིས་ཟབ་པའི་འཚོ་བ་དེ་ད་ལྟ་ཛ་དྲག་ཅན་དུ་གྱུར་ཡོད་པར་བརྗོད་པ་དང་ལྷན་དུ།  རྒྱ་ནག་གིས་འབྲོག་ཁུལ་གྱི་རྩ་སར་བདག་བཟུང་བྱས་ནས་མ་འོངས་པར་གཏེར་ཁ་སྔོག་འདོན་བྱེད་རྩིས་ཡོད་པ་དང་།   དེ་བཞིན་འབྲོག་པ་མང་ཚོགས་ཀྱི་མི་རིགས་ཀྱི་བསམ་བློར་བསྒྱུར་བཅོས་གཏོང་རྒྱུའི་དམིགས་ཡུལ་ཡོད་པར་ངོ་སྤྲོད་གནང་ཡོད། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ཀྱང་ཉེ་སྔོན་འདི་ག་རླུང་འཕྲིན་ཁང་ལ་འབྲོག་ཁྱིམ་གནས་སྤོར་དང་འབྲེལ་ནས།རྒྱ་ནག་གི་སྲིད་བྱུས་དེའི་དམིགས་འབེན་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་གནས་སྤོར་དུ་བཅུག་ནས་ཐོན་ཁུངས་སྐྱེལ་འདྲེན་དང་ཆུ་གློག་འཛུགས་སྐྲུན་སོགས་ཀྱིས་མཚོན་པའི་རྒྱ་ནག་རང་གི་ཁེ་ཕན་འབའ་ཞིག་གི་ཆེད་དུ་སྲིད་བྱུས་དེ་ལག་བསྟར་བྱེད་བཞིན་ཡོད་པ་དང་།   དམིགས་བསལ་དུ་ཉེ་བའི་ལོ་འགའི་རིང་ལ་བོད་ཁུལ་གྱི་སྙི་མོ་རྫོང་དང་ཅོ་ནེ་ཁུལ། དེ་བཞིན་འཇོ་མདའ་རྫོང་སོགས་སུ་འབྲོག་པ་གནས་སྤོར་གྱི་སྲིད་བྱུས་ལག་བསྟར་ནན་མོ་བྱས་ཡོད་པ་ཡོངས་གྲགས་ཀྱིས།    ད་སྐབས་ས་ཁུལ་དེ་དག་གི་ཞིང་འབྲོག་མི་མང་གི་མིག་སྔའི་འཚོ་གནས་ལ་དཀའ་ངལ་ཆེས་ཆེར་འཕྲད་བཞིན་ཡོད་པར་ངོ་སྤྲོད་གནང་ཡོད།

Latest news